Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
  collapse section
   
   
   
   
   
བཤད་པའི་རྣམ་གྲངས་དྲུག་པ།
   
   
   
   
   
   
   
   
   
   
   


 
previousབཤད་པའི་རྣམ་གྲངས་དྲུག་པ།next

བཤད་པའི་རྣམ་གྲངས་དྲུག་པ།


DTG008_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ནི་མ་རིག་པས་མྱོས་པ་ཡིན་ལ། བཏུང་བ་ནི་གཞོམ་པའོ། །ཤ་ནི་ང་རྒྱལ་ཕལ་བས་དྲེགས་པ་སྟེ། དེ་ཡང་བཟའ་ཞིང་བལྡད་པར་བྱ་བའོ། །བསྡུ་བ་ནི་དམ་པ་རྣམས་དང་འཚོགས་པའོ། །འགྲོ་བ་ནི་བདེ་འགྲོའི་བྱ་བའོ། །རོ་ནི་བདག་མེད་མའི་ཆོས་རྟོགས་པའི་བྱ་བའོ། །རུས་པའི་རྒྱན་ནི་དཀའ་བའི་སྤྱོད་པས་ལུས་རུས་པའི་དྲ་བ་ཙམ་འབའ་ཞིག་ཏུ་བྱེད་པའོ། །འོང་བ་ནི་ཡུལ་ལ་མི་ལྟོས་པའོ། །རྡེའུ་ཆུང་ནི་འགྲོ་བ་འདི་དག་སྒྲ་བརྙན་ལྟ་བུར་མོས་པར་བྱ་བའོ། །སྐལ་མིན་ནི་མི་དགེ་བ་བཅུའོ། །སྐལ་ལྡན་ནི་དགེ་བ་ཡིན་ནོ། །རེག་མིན་ནི་སྟོང་པ་ཉིད་ཀྱི་བསམ་གཏན་ནོ། །ཀ་པཱ་ལ་ནི་སྐུ་གཉིས་སྐྱོང་བ་ཡིན་ཏེ། ཆོས་དང་བདེ་བ་སྲུང་བ་ཞེས་བྱ་བའོ། །བཟའ་བ་ནི་བླ་མ་ལ་གུས་པས་བསྟེན་པའོ། །ཚོད་མ་ནི་གཅིག་དང་དུ་མའི་ཆས་རང་གི་སེམས་ཡོངས་སུ་སྨིན་པའོ། །དྲི་ཆེན་ནི་རྣམ་པར་སྣང་མཛད་དོ། །གཅི་བ་ནི་མི་བསྐྱོད་པའོ། །རང་འབྱུང་ནི་རིན་ཆེན་འབྱུང་ལྡན་ནོ། །ཀཔྤཱ་ར་ནི་འོད་དཔག་མེད་དོ། །ཤ་ཆེན་ནི་དོན་ཡོད་གྲུབ་པའོ། །འདི་རྣམས་གཅིག་ཏུ་གྱུར་པའི་དངོས་པོ་ལ་བདག་ཉིད་དེའི་བདག་ཉིད་ཡིན་ནོ་ཞེས་མོས་པར་བྱ་བ་སྟེ། འདི་དག་སྙོམས་པར་ཞུགས་པར་བྱའོ། །བདུད་རྩི་བཟའ་བ་ཡང་འདི་ཉིད་ཁོ་ནའོ། །དབང་པོ་གཉིས་སྦྱོར་ནི་དབང་པོ་རྣམས་ཡིད་ཙམ་མོ་ཞེས་སྦྱར་བར་བྱའོ། །རྡོ་རྗེ་ནི་སྒྲིབ་པ་ཐམས་ཅད་ཀྱི་ངོ་བོའི་ཕྱོགས་སྟོང་པ་ཉིད་ཀྱིས་གཅོད་པའོ། །པདྨ་ནི་འཁོར་ལོ་བཞི་ལ་ཀུན་ནས་བལྟ་བ་ཡིན་ཏེ། བདག་ནི་རང་བཞིན་གྱིས་སྤྲུལ་པ་ཡིན་ནོ་ཞེས་པ་ནི། སྤྲུལ་པ་ཀུན་ནས་བལྟ་བའོ། །བདག་ནི་རང་བཞིན་གྱིས་ཆོས་སོ་ཞེས་པ་ནི་ཆོས་ལ་ཀུན་ནས་


DTG008_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བའོ། །བདག་ནི་རང་བཞིན་གྱིས་ལོངས་སྤྱོད་རྫོགས་པའོ་ཞེས་པ་ནི། ལོངས་སྤྱོད་རྫོགས་པ་ལ་ཀུན་ནས་བལྟ་བའོ། །བདག་ནི་རང་བཞིན་གྱིས་བདེ་བ་ཆེན་པོའོ་ཞེས་པ་ནི་བདེ་བ་ཆེན་པོ་ནི་ཀུན་ནས་བལྟ་བ་ཡིན་པས་འཁོར་ལོ་བཞི་ལ་ཀུན་ནས་བལྟ་བ་སྟེ། ཀུན་ནས་བལྟ་བ་འདིས་རྣལ་འབྱོར་པ་རྣམས་གནས་པར་བྱའོ་ཞེས་པ་ནི། བཤད་པའི་རྣམ་གྲངས་དྲུག་པ་ཡིན་ལ། གཞུང་དུ་བཤད་པ་ནི་བཤད་པའི་རྣམ་གྲངས་འདུན་པའོ། །དགོངས་བཤད་རྣམ་གྲངས་བདུན་པ་ནི། །ཡན་ལག་བདུན་གྱིས་ངག་སྟེར་བ། །མུ་ཏིག་ཕྲེང་བཞིན་མགྲིན་པ་ལ། །སྐྱེས་མཆོག་རྣམས་ཀྱིས་དོན་གཞོལ་བྱ། །མཁའ་འགྲོའི་དགོངས་པ་བསྟན་པ་ལ། །མཁས་པ་གང་ཞིག་ང་རྒྱལ་གྱིས། །རྨོངས་ནས་སུན་ནི་འདོན་བྱེད་པ། །དེས་སྨད་མཁའ་འགྲོ་མཁའ་འགྲོ་མ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བཤད་པ་རྣམ་གྲངས་བདུན་གྱི་ལེའུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་ཡེར་བའི་དབེན་གནས་སུ་བསྒྱུར་བའོ།།


previousབཤད་པའི་རྣམ་གྲངས་དྲུག་པ།next