Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
  expand section
   
   
   
མངོན་པར་རྟོགས་པའི་རིམ་པ།  
   
   
   
   
   
   
   
   


 
previousམངོན་པར་རྟོགས་པའི་རིམ་པ། next

མངོན་པར་རྟོགས་པའི་རིམ་པ།


DTG008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཀྲ་མ་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཨུ་ཌྱན་ནས་འོངས་པའི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རིན་པོ་ཆེའི་མངོན་པར་རྟོགས་པ་བསྟན་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའི་རྩ་རྣམས་ནི་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱི་གཙོ་མོ་ནི་གསུམ་སྟེ། བརྐྱང་མ་དང༌། རོ་མ་དང༌། ཀུན་འདར་མའོ། །བརྐྱང་མ་ནི་ཤེས་རབ་ཀྱི་རང་


DTG008_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །རོ་མ་ནི་ཐབས་ཀྱི་རང་བཞིན་ནོ། །ཀུན་འདར་མ་ནི་སྐྱེ་གནས་ཀྱི་འཁོར་ལོར་གཉིས་སུ་མེད་པའི་དེ་ཁོ་ནའི་གཟུགས་སོ། །མི་བསྐྱོད་འབབ་པ་ནི་བརྐྱང་མའོ། །ཁྲག་འབབ་པ་ནི་རོ་མའོ། །བྱང་ཆུབ་ཀྱི་སེམས་འབབ་པ་ནི་ཀུན་འདར་མའོ། །ཆོས་རྣམས་ཐམས་ཅད་ཀྱི་ཤིན་ཏུ་ཕྲ་བ་ཉིད་ནི་བརྐྱང་མའོ། །ཆོས་རྣམས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་ནི་རོ་མའོ། །མི་ཕྱེད་པའི་བདག་ཉིད་ཅན་ནི་ཀུན་འདར་མའོ། །རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་གནས་དང༌། རང་བཞིན་བརྗོད་པར་བྱ་སྟེ། རྐང་པ་གཡོན་པའི་མཐེ་བོང་ལ་མི་ཕྱེད་མ་ནི་རང་བཞིན་མེད་པའི་ཕྱིར་རོ། །བྱིན་པ་ཕྲ་གཟུགས་མ་ནི་ནམ་མཁའ་དབྱིངས་ཀྱི་རང་བཞིན་ནོ། །བརླ་གཡོན་པར་བརྩེ་བ་མ་ནི་འདོད་པ་ལྔའི་བདག་ཉིད་ཅན་གྱི་ཕྱིར་རོ། །སྐྱེ་གནས་ཀྱི་གཡོན་པའི་ངོས་ཀྱི་རྩ་ལ་གཡོན་པ་མ་ནི་བཟང་པོའི་དེ་ཁོ་ན་འཛིན་པ་ཤེས་རབ་ཀྱི་གནས་ཀྱི་ཕྱིར་རོ། །ལྟེ་བ་རུ་ཐུང་དུ་མ་ནི་རྒྱལ་ཆེན་པོའི་རྒྱུ་མཐུན་པའི་བདག་ཉིད་ཅན་ནོ། །སྙིང་གི་ཟེ་འབྲུ་ལ་གཡོན་པའི་ཆ་ལ་རུས་སྦལ་སྐྱེས་མ་ནི་སྲིད་པ་དང་མྱ་ངན་ལས་འདས་པ་ཁ་སྦྱར་གཟུགས་ཀྱི་ཕྱིར་རོ། །ནུ་མ་གཡོན་པར་བསྒོམ་པ་མ་ནི་བདེ་བ་ཆེན་པོའི་བསྒོམ་པའོ། །མགུལ་བ་གཡོན་པའི་ཆ་ལ་དབང་མ་ནི་དྲི་མ་མེད་པར་བྱེད་པའི་ཕྱིར་རོ། །ལག་པ་གཡོན་པའི་མཐིལ་དུ་སྐྱོན་མ་ནི་ཐལ་ལྕག་ལ་སོགས་པས་འགྱུར་པར་བྱེད་པའི་ཕྱིར་རོ། །ཆུ་ལ་འཇུག་མ་ནི་བདེ་བ་ཆེན་པོ་འཇུག་པའི་ཕྱིར་རོ། །མཁུར་ཚོས་སུམ་མོ་ནི་ཀུན་བཞི་མཐོང་བར་བྱེད་པའི་ཕྱིར་རོ། །མིག་གཡོན་པར་མཚན་མོ་ནི་བདེ་བ་ཆེན་པོའི་འཁྲུས་པའི་བདག་ཅན་ནོ། །རྣ་བ་གཡོན་པའི་རྩ་བར་བསིལ་སྦྱིན་མ་ནི་རླུང་རབ་ཏུ་འབྱུང་བའི་ཕྱིར་རོ། །ཀླད་པ་གཡོན་པའི་ངོས་སུ་ཚ་བ་མ་ནི་མེ་དང་ལྡན་པའི་ཕྱིར་རོ། །སྤྱི་བོར་རྡོ་རྗེ་འཛིན་པ་ཆེན་པོའི་གཡོན་ངོས་སུ་བརྐྱང་མ་ནི་རྣམ་པར་རྩེ་བའི་རང་བཞིན་གྱི་ཕྱིར་རོ། །མདུན་དུ་ཀུན་འདར་མ་ནི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །གཡས་པར་རོ་མ་ནི་མྱང་བར་འདོད་པའི་ཕྱིར་རོ། །རྒྱབ་ནས་ཚད་མ་ནི་སྐུ་ལ་སོགས་པའི་ཚད་མའི་ཕྱིར་རོ། །གླད་པའི་གཡས་ངོས་སུ་མདོག་ནག་མ་ནི་མི་བསྐྱོད་པ་གནག་པའི་ཕྱིར་རོ། །རྣ་བ་གཡས་


DTG008_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་བར་སྤྱི་མ་ནི་ཐམས་ཅད་དུ་རྗེས་སུ་འགྲོ་བའི་ཕྱིར་རོ། །མིག་གཡས་པ་ལ་རྒྱུ་སྦྱིན་མ་ནི་བྱེད་རྒྱུར་གྱུར་པའི་ཕྱིར་རོ། །མཁུར་བ་ལ་སྦྱོར་བྲལ་མ་ནི་དགའ་བ་སྤངས་པའི་ཕྱིར་རོ། །ཡ་མཆུ་ལ་སྡུ་གུ་མ་ནི་གནས་ཐམས་ཅད་ཕངས་པར་བྱེད་པའི་ཕྱིར་རོ། །ལྐོག་མ་ལ་གྲུབ་མ་ནི་ཐོག་མ་མེད་པའི་རང་བཞིན་གྱི་ཕྱིར་རོ། །ལག་པ་གཡས་པ་འཚེད་མ་ནི་སྒེག་པའི་རོ་རྒྱས་པར་བྱེད་པའི་ཕྱིར་རོ། །ནུ་མ་གཡས་པ་ལ་ཡིད་བཟང་མ་ནི་ལུས་ཀྱི་འབྲས་བུ་འབྱུང་བ་ཡིད་བཟངས་འཐོབ་པའི་ཕྱིར་རོ། །སྙིང་ག་གཡས་ངོས་སུ་སུམ་སྐོར་མ་དང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །ལྟེ་བ་གཡས་པའི་ཡུལ་དུ་འདོད་མ་ནི་འདོད་པ་ལ་སྡུག་པའི་ཕྱིར་རོ། །སྐྱེ་གནས་སུ་ཁྱིམ་མ་ནི་འབྱུང་བ་ཐམས་ཅད་ཀྱི་གནས་ཀྱི་ཕྱིར་རོ། །བརླ་ལ་གཏུམ་བདག་མ་ནི་བདེ་བ་ཆེན་པོས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །བྱིན་པ་ལ་ཀ་ཏ་ཡ་ནཱ་ནི་བགེགས་གཅོད་པར་བྱེད་པའི་ཕྱིར་རོ། །གཡས་པའི་མཐེ་བོང་ལ་བདུད་འདྲལ་མ་ནི་སྡུག་བསྔལ་ཐམས་ཅད་འཇུག་པ་མེད་པའི་ཕྱིར་རོ། །རྩ་སུམ་ཅུ་རྩ་གཉིས་པོ་ལ་གནས་ཇི་ལྟ་བར་ཡི་གེ་བཅུ་དྲུག་དང༌། ཚེས་གཅིག་ལ་སོགས་པ་ཉིན་མོ་ཡང་རིམ་པ་དང༌། རིམ་པ་ལས་བཟློག་པའི་ཕྱིར་རོ། །རྩ་དེ་རྣམས་ནི་སྲིད་པ་གསུམ་ཡོངས་སུ་གྱུར་པ། སྐུ་ལ་སོགས་པའི་རང་བཞིན་གྱིས་བདེ་བ་ཆེན་པོས་ཡོངས་སུ་གྱུར་པའོ། །ཨཱ་ལི་ནི་ཨའི་རྣམ་པ་ལ་སོགས་པའོ། །ཀཱ་ལི་ནི་ཀའི་རྣམ་པ་ལ་སོགས་པའོ། །རྡོ་རྗེ་དང་པདྨ་དང་ཐབས་ཤེས་རབ་བོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་བ་དང༌། ལྷན་ཅིག་སྐྱེས་པ་དང༌། དགའ་བྲལ་དང་མཆོག་དང༌། ཐུགས་དང་གསུང་དང༌། སྐུའོ། །ཨེ་ཝཾ་མ་ཡ་ནི། ཨེའི་རྣམ་པ་ནི་ཆོས་ཀྱི་འབྱུང་གནས་དང༌། སྟོང་པ་ཉིད་དང༌། དགའ་བ་དང་ལྷ་མོ་སྤྱན་ནོ། །ཝཾ་གྱི་རྣམ་པར་རྡོ་རྗེ་དང༌། མཚན་མ་མེད་པ་དང༌། མཆོག་ཏུ་དགའ་བ་དང༌། མཱ་མ་ཀཱིའོ། །མའི་རྣམ་པ་ནི་ཆེ་བ་དང༌། སྨོན་པ་མེད་པ་དང༌། དགའ་བྲལ་གྱི་དགའ་བ་དང༌། གོས་དཀར་མོའོ། །ཡཱའི་རྣམ་པ་ནི་གཤེར་བ་ཉིད་དང༌།


DTG008_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བར་འདུས་མ་བྱས་པ་དང༌། ལྷན་ཅིག་སྐྱེས་པ་དང༌། སྒྲོལ་མའོ། །སྐྱེ་གནས་སུ་སྦྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་ལ་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་གཉིས་པོ་རྣམས་ནི་རིམ་པ་དང་རིམ་པ་མ་ཡིན་པས་ཡི་གེ་དྲུག་ཅུ་རྩ་བཞིའོ། །པདྨ་འདབ་མ་བཞི་པོ་རེ་རེ་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་བཅུ་དྲུག་གི་ཡི་གེ་རྣམ་པར་དག་པ་སྤྱན་ལ་སོགས་པ་རང་བཞིན་གྱིས་ཡོངས་སུ་གྱུར་པ་འདབ་མ་དྲུག་ཅུ་རྩ་བཞིའི་རྣམ་པར་སྐྱེས་པ་གནས་ཀྱི་འཁོར་ལོའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པར་ཡི་གེ་བརྒྱད་དེ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་འབྱུང་བ་དང་འབྱུང་བ་ལས་གྱུར་པ། གཟུགས་ཤིན་ཏུ་ཕྲ་བའོ། །པདྨ་འདབ་མ་བརྒྱད་པའོ། །ལྐོག་མར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་ལ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ནི་ལོ་བཅུ་དྲུག་མ་ལོངས་སྤྱོད་རྫོགས་པའི་རྣམ་པའི་ཤེས་རབ་བོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་ལ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཊ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས། སྐྱེས་བུ་ཆེན་པོའི་ཆོས་ཀྱི་མཚན་རྣམ་པར་དག་པ་ནི་འདབ་མ་སུམ་རྩ་གཉིས་སོ། །འཁྲོ་ལོ་བཞི་ལ་གྲགས་ཇི་ལྟ་བས་སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བའོ། །བདེན་པ་བཞི་ནི་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །དེ་ཁོ་ན་བཞི་ནི་བདག་གི་དེ་ཁོ་ན་དང༌། སྔགས་ཀྱི་དེ་ཁོ་ན་དང༌། ལྷའི་དེ་ཁོ་ན་དང༌། ཡེ་ཤེས་ཀྱི་དེ་ཁོ་ནའོ། །དགའ་བ་བཞིན་ནི་དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བའོ། །སྡེ་པ་བཞི་ནི་གནས་བརྟན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། ཀུན་གྱིས་བཀུར་བ་དང༌། དགེ་འདུན་ཕལ་ཆེན་ནོ། །དེ་རྣམས་སྐད་ཅིག་མ་དང༌། བདེན་པ་དང༌། དེ་ཁོ་ན་དབྱེ་བ་དང༌། སྡེའི་རང་བཞིན་གྱི་ཆུང་དུ་དང༌། འབྲིང་དང་ལྷག་མ་དང༌།


DTG008_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ལྷག་པ་ཉིད་ཀྱིས་གནས་བཞི་ལ་རྣམ་པར་གནས་སོ། །ཟླ་བ་གཡོན་པ། ཉི་མ་གཡས་པ། ཨཱ་ལི་ཕྲ་བ། ཀཱ་ལི་ཕྲ་བ། ཀཱ་ལི་སྦོམ་པོའོ། །འཕོ་བ་བཅུ་དྲུག་ནི་ལུག་དང༌། བ་གླང་དང༌། འཁྲིག་པ་དང༌། ཀརྐ་ཊ་དང༌། སེང་གེ་དང༌། བུ་མོ་དང༌། སྲང་དང༌། སྡིག་པ་དང༌། གཞུ་དང༌། ཆུ་སྲིན་དང༌། བུམ་པ་དང༌། ཉ་དང༌། ཟླ་བ་གཟས་ཟིན་པ་དང༌། ཉི་མ་གཟས་ཟིན་པ་དང༌། ཐིག་ལེ་འགོག་པ་དང༌། ནམ་མཁའ་འགོག་པ་སྟེ། དེ་རྣམས་ནི་འཕོ་བ་བཅུ་དྲུག་ལ་སོགས་པ་སྤོམ་པོའོ། །ཡང་ན་ཁུ་བའི་གཡོན་སྐོར་དང༌། གཡས་སྐོར་གྱི་དབྱེ་བས་གནས་བཅུ་དྲུག་ཏུ་འཕོ་བར་གྱུར་པའོ། །མཐེ་བོང་ལ་ཚེས་གཅིག་ལ་ཨའི་རྣམ་པ་དང༌། བྱིན་པ་ལ་གཉིས་ལ་ཨཱའི་རྣམ་པ། བྲལ་ལ་གསུམ་ལ་ཨིའི་རྣམ་པ། སྐྱེ་གནས་སུ་བཞི་ལ་ཨཱའི་རྣམ་པ། ལྟེ་བར་ལྔ་ལ་ཨུའི་རྣམ་པ། སྙིང་ལ་དྲུག་ལ་ཨཱུའི་རྣམ་པ། ནུ་མ་ལ་བདུན་ལ་རྀའི་རྣམ་པ། ལྐོག་མ་ལ་བརྒྱད་ལ་རཱྀའི་རྣམ་པ། ལག་པའི་རྩེ་མོར་དགུ་ལ་ལྀའི་རྣམ་པ། མཁུར་ཚོས་ལ་བཅུ་ལ་ལཱྀའི་རྣམ་པ། མིག་ཏུ་བཅུ་གཅིག་ལ་ཨེའི་རྣམ་པ། རྣ་བའི་རྩ་བར་བཅུ་གཉིས་ལ་ཨིའི་རྣམ་པ། བཅུ་གསུམ་ལ་དཔྲལ་བར་ཨོའི་རྣམ་པ། སྤྱི་བོར་བཅུ་བཞི་ལ་ཨཽའི་རྣམ་པ། མཆན་གྱི་གཡོན་དང་གཡས་སུ་གང་བ་ལ་ཨཾ་ཨཿ་དེ་དང་དེའི་ཆང་གི་ཤིན་ཏུ་ཕྲ་བའི་རྣམ་པས་འཕོ་བར་གྱུར་པའོ། །དབྱི་གུ་དྲུག་ཅུ་རྩ་བཞི་ནི་དུས་ཀྱི་རྣམ་པའི་ཆ་ལ་རྒྱུ་སྐར་ཉི་ཤུ་བརྒྱད་དང༌། ཉིན་པར་བཅོ་ལྔ་དང༌། གཟའ་དགུ་དང༌། ཆ་བཅུ་གཉིས་དུས་ཀྱི་རྣམ་པའི་ཆ་ཡིས་དབྱི་གུ་བླང་བར་བྱའོ། །མཚན་མོ་དང༌། ཉིན་པར་དག་ལ། སྦུ་གུ་ཅན་དྲུག་ཅུ་དང༌། དེ་དག་ཉིད་ལ་ཟད་པ་དང༌། འཕེལ་བས་བཞིའོ། །དེ་ཉིད་ཀྱི་ཕྱིར་དུས་ཀྱིས་དབྱི་གུ་དྲུག་ཅུ་རྩ་བཞི་གཟུང་བར་བྱའོ། །ཡང་ན་ཤེས་རབ་དང༌། ཐབས་དག་ལ་དོན་དམ་པ་དང༌། ཀུན་རྫོབ་ཀྱི་དབྱེ་བས་དེ་དང་དེ་ལ་གནས་ཉིད་དུ་རྣམ་པར་དག་པ་འཕོ་བ་བཅུ་དྲུག་གིས་མྱོས་བྱེད་ཀྱི་དབྱེ་བས་དབྱི་གུ་གཟུང་ངོ༌། །དེ་རྣམས་ནི་རྩ་སུམ་ཅུ་རྩ་གཉིས་རྣམས་སོ། །དེ་རྣམས་ཐམས་ཅད་ནི་འཁོར་ལོ་བཞི་ལ་བསྡུ་བ་རྣམས་སོ། །ཡང་


DTG008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་ལྟེ་བར་གཏུམ་མོ་འབར་བ་ཞེས་བྱ་བ་ཕྱག་རྒྱ་ཆེན་མོར་ཐིམ་མོ། །མངོན་པར་རྟོགས་པའི་རིམ་པ་རྫོགས་སོ།།


previousམངོན་པར་རྟོགས་པའི་རིམ་པ། next