Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་པ།


   
  expand section
   
   
   
  expand section
   
   
   
   
  expand section
  expand section
   
   
   
   
   
   
   
  collapse section
ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ།  ཛཱ་ལནྡྷ་རིས་མཛད།
   
  expand section
  expand section
   
  expand section
   
  expand section
   
   
  expand section
   
   
  expand section
   
   
  expand section
   
  expand section
  expand section
   
   
  expand section
   
   
   
  expand section
  expand section


 
previousཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། ཛཱ་ལནྡྷ་རིས་མཛད།next

ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ།
ཛཱ་ལནྡྷ་རིས་མཛད།

མདོར་བསྟན་པ།


DTG009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ན་སྱ་བཛྲ་པྲ་དཱི་པ་ནཱ་མ་ཊི་པི་ཎཱི་ཤུདྡྷ། བོད་སྐད་དུ། ཀྱེ་རྡོ་རྗེའི་སྒྲུབས་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྟོག་པ་མེད་པའི་རང་བཞིན་ཅན། །ཀྱེ་ཡི་རྡོ་རྗེའི་ཞབས་ཕྱག་འཚལ། །བསྐྱེད་པའི་རིམ་པ་ལ་བརྟེན་ཏེ། །རྣམ་པར་དག་པ་གསལ་བཤད་བྱ། །དང་པོར་རེ་ཞིག་སྒྲུབ་ཐབས་ཀྱི་མདོ་བརྗོད་པར་བྱ་སྟེ། དེ་ནས་མཆོད་པའི་འཁོར་ལོ་དང༌། ཚངས་པའི་གནས་བཞི་དང༌། མཆོག་དང་ལྷན་ཅིག་སྐྱེས་པ་དང༌། །རང་གི་འདོད་པའི་ལྷ་དང༌། སྲུང་བའི་འཁོར་ལོ་དང༌། སྟོང་པ་ཉིད་དུ་ལྷག་པར་མོས་པ་དང༌། དུར་ཁྲོད་དང༌། གཞལ་ཡས་ཁང་དང༌། རྒྱུའི་དཀྱིལ་འཁོར་དང༌། ཞུ་བས་བསྐྱེད་པ་དང༌། བཞེངས་པ་དང༌། དགོད་པ་དང༌། ཞེ་སྡང་གི་བདག་ཉིད་དང༌། འབྱིན་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དང༌། དབང་བསྐུར་བ་དང༌། རྒྱས་གདབ་པ་དང༌། བདུད་རྩི་མྱང་བ་དང༌། འགྲོ་བའི་དོན་དང༌། ཡན་ལག་དྲུག་དང༌། འོད་གསལ་དང༌། ལྡང་བ་དང༌། སྔགས་བཟླས་པ་དང༌། གཏོར་མའི་དེ་ཉིད་དང༌། ཕྲ་མོའི་རྣལ་འབྱོར་དང༌། གོ་ཆ་གཉིས་དང༌། དགོད་པ་གཉིས་དང༌། འཆག་པ་དང༌། ཁ་ཟས་དང༌། སྤྱོད་ལམ་དང༌། ཉལ་བ་དང༌། སླར་ལྡང་བའོ། །སྒྲུབ་ཐབས་ཀྱི་མདོ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱིས་སྐྱེས་བུ་ཆེན་པོའི་མཚན་རྣམ་པར་དག་པའོ། །

རྒྱས་པར་བཤད་པ།

མཆོད་པའི་འཁོར་ལོ།


DTG007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རེ་ཞིག་རྣལ་འབྱོར་པ་སེམས་ཅན་གྱི་དོན་ལ་བརྩོན་པའི་བློ་གྲོས་ཅན་གྱི་ས་ཞེས་བྱ་བ་ནི་དང་པོ་ནི་ཐོག་མ་རེ་ཞིག་གོ །རྣལ་འབྱོར་འདོད་པ་གང་དེ་ནི་རྣལ་འབྱོར་རོ། །སེམས་ཅན་གྱི་ཡིད་ལ་རེ་བ་རྫོགས་པར་འདོད་པ་གང་དེ་སེམས་


DTG009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་ལ་བརྩོན་པའི་བློ་གྲོས་ཅན་གྱིས་ཤེས་པའོ། །ཡང་དག་པའི་བླ་མ་རྗེ་བཙུན་མཉེས་པར་བྱས་ནས། ཆོ་ག་ཇི་ལྟ་བར་དཔལ་ཀྱེ་རྡོ་རྗེར་གསུངས་པའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་ནས་ཞེས་པ་ནི་དེས་ཤིན་ཏུ་མཐའ་གཅིག་ལ་གནས་པར་གྱུར་པ་ལུས་ཀྱི་གཅེས་སྤྲས་ཡོངས་སུ་དོར་ཏེ། ཡང་དག་པའི་སེམས་ཀྱིས་མཉེས་པར་འགྱུར་བས་བླ་མ་མཉེས་པར་བྱ་སྟེ། ཡང་དག་པའི་བླ་མའི་གདམས་པའི་མན་ངག་ཤེས་པ་ནི་ཡང་དག་པའི་བླ་མ་རྗེ་བཙུན་ཀྱང་ངོ༌། །དེ་མཉེས་པར་གྱུར་ན་དེ་རྣམས་ཀྱིས་ཀྱེའི་རྡོ་རྗེར་གསུངས་པའི་དཀྱིལ་འཁོར་དུ་ཆོ་ག་ཇི་ལྟ་བར་རབ་ཏུ་འཛུད་པའི་ཕྱིར། དཔལ་ཀྱེ་རྡོ་རྗེ་ལས་གསུངས་པའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་ནས་སོ། །གོ་རིམས་ཇི་ལྟ་བར་དབང་བསྐུར་ཏེ་ཞེས་པ་ནི་ཆུ་ལ་སོགས་པ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མཐར་ཐུག་སྟེ། རིམ་པ་ཇི་ལྟ་བར་དབང་བསྐུར་ཏེ་ཞེས་པའོ། །ཡང་དག་པར་རྗེས་སུ་གནང་བས་ཞེས་བྱ་བ་ནི་དབང་བསྐུར་ནས་ཇི་ལྟར་གདམས་པ་ཉེ་བར་བསྟན་པས་རྒྱུད་བསྟན་ཏེ། སློབ་མ་ལ་ཕན་པ་དང་དེའི་རྗེས་སུ་སྣོད་དུ་རིག་ནས་དེ་ལས་མཆོག་གི་དགའ་བའི་མཐའ་དང༌། དགའ་བྲལ་ལ་སོགས་པའི་དེ་ཉིད་གསལ་བར་བྱ་ཞིང་ཚིག་གི་དོན་གཞན་དུ་བྱས་ནས་བསྟན་པར་བྱ་སྟེ། འདི་ནི་ཡང་དག་པར་རྗེས་སུ་གནང་བས་སོ། །དེའི་རྗེས་སུ་ཡང་དག་པར་རྗེས་སུ་གནང་བའི་སྔགས་པས་འཆད་པར་འགྱུར་བའི་རིམ་པ་གནང་བས་སྤྱད་པར་བྱ་སྟེ། ཇི་སྲིད་ཕྱག་རྒྱ་ཐོབ་པར་གྱུར་པའི་བར་དུའོ། །ཕྱག་རྒྱ་ཐོབ་པ་ཞེས་པ་ནི་ཅུང་ཞིག་ཐོབ་པར་གྱུར་པའོ། །ཤིན་ཏུ་རྣམ་པར་དག་པ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་ཅིང་ཞེས་པ་ནི་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའོ། །འོན་ཀྱང་རང་བཞིན་གྱིས་ལུས་འདིའི་རྣམ་པར་དག་པ་ཉིད་རྣམ་པར་སྤངས་ནས་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་ཤེས་པས་ན་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་ལམ་ཐོབ་པའོ། །འདི་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་ཅིང་ཞེས་པའོ། །མཚན་མ་ཐོབ་པ་དང་ཞེས་པ་ནི་བརྟགས་པའི་རྣམ་པའི་


DTG009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་སྟེ། ཤིན་ཏུ་རྣམ་པར་དག་པ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡོངས་སུ་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་སྟེ་འབྲས་བུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །དེའི་མཚན་མར་ཤེས་པས་མན་ངག་ཇི་ལྟ་བ་ལས་ཏེ་འདི་ནི་མཚན་མ་ཐོབ་པའོ། །དེའི་ཕྱིར་འདི་སྐད་དུ། ཆུ་སྐྱར་གྱིས་ནི་ཆུ་དག་དང༌། །དུ་བས་མེ་ནི་ཤེས་པ་སྟེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །མཚན་མ་རྣམས་ཀྱིས་རིག་ཅེས་སོ། །དང་གི་ཡི་གེ་ལས་ཀྱང་འདིས་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པ་དཔལ་ཀྱེ་རྡོ་རྗེ་སྒྲུབ་པར་འདོད་པས་རྩ་བར་གསུངས་པའི་རིག་མ་ཐོབ་བར་གྱུར་པ་ན་དུར་ཁྲོད་དང་ནགས་ཚལ་དུ་འགྲོ་བར་བྱའོ་ཞེས་པའོ། །དེའི་རྗེས་སུ་དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་གནས་པའི་རྣལ་འབྱོར་གྱིས་གསངས་ནས་འཆད་པར་འགྱུར་བའི་གཏོར་མ་དང་མཆོད་པ་བྱས་ནས་ཇི་ལྟར་གསུངས་པའི་ཆོ་གས་མཆོད་པའི་འཁོར་ལོ་སྤྱན་དྲངས་ནས་ཕྱི་དང་གསང་བ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རྣམས་ཀྱིས་མཆོད་ནས་བསྒོམ་པ་བརྩམ་པར་བྱའོ། །དེ་ནས་མེ་ཏོག་མ་ལ་སོགས་པ་རྣམ་པ་སྣ་ཚོགས་པས་མཆོད་པ་ནི་ཕྱི་དང༌། དེའི་འཁོར་ལོར་གནས་པའི་ལྷ་མོའི་ལག་ན་ཡོད་པ་ནི་དམ་ཚིག་གི་བརྡའི་རྫས་སྒོམ་པ་ནི་གསང་བ་དང༌། སྐུ་སྤྲོ་བ་དང་བསྡུ་བ་ནི་དེ་ཁོ་ན་ཉིད་ཀྱི་མིང་སྟེ། འདིས་གང་དེ་རང་གི་སྙིང་གར་ཉི་མ་ལ་གནས་པའི་ས་བོན་ལས་རྣམ་པར་འཐོན་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་སྤྱན་དྲངས་པའི་འཁོར་ལོ་དང་བཅས་པའི་རྗེ་བཙུན་དེ་ལ་ཡང་དག་པར་མཆོད་པར་བྱ་སྟེ། འདིས་ནི་རང་གི་སྙིང་གར་ཉི་མ་ལ་གནས་པ་ལས་བྱུང་བའི་དོན་གསལ་བར་བྱས་པའོ། །དེ་ནས་དེའི་སྤྱན་སྔར་མཆོད་པ་བླ་ན་མེད་པ་བདུན་བྱའོ། །དེ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་མཆོད་པའི་འཁོར་ལོ་གསུངས་ཏེ། བསོད་རྣམས་ཀྱི་ཚོགས་ལས་ཡེ་ཤེས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་ལས་བྱང་ཆུབ་བླ་ན་མེད་པའོ། །

ཚངས་པའི་གནས་བཞི་བསྒོམ་པ།


DTG008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བུ་གཅིག་པ་ལ་སྡུག་པའི་མཚན་ཉིད་ཀྱིས་བྱམས་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་རྟག་ཏུ་བསྐྱེད་ནས་དེ་ནས་འཁོར་བའི་རྒྱ་མཚོར་ལྷུང་བ་བལྟས་ཏེ། བཙོན་ར་ན་བུ་སྡུག་བསྔལ་བར་གྱུར་པ་ན་ཇི་ལྟར་ཉམ་ཐག་པ་དེ་ལྟར་སྐྱབས་མེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བལྟས་ནས། ཕྱི་ནས་དགའ་བ་ཆེན་པོ་ཐོབ་པའི་རྣལ་འབྱོར་པས་ཇི་ལྟར་བདག་ལ་ཡང་གྲུབ་པར་རིག་ནས་དགོད་པ་ནི་དགའ་བ་དང་ལྡན་པའི་སྔགས་པས་དགའ་བ་རྣམ་པར་བསྒོམ་པར་བྱ་ཞིང༌། འཁོར་བ་ལ་ཆགས་ཤིང་ཆེ་བའི་བདག་ཉིད་རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་ལྟོས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །

མཆོག


DTG008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གྱུར་པའི་སྔགས་པས་མཆོག་གི་སྒྲུབ་པ་བརྩམ་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཤེས། །དང་པོ་རོ་ནི་བསྒོམ་བྱས་ཏེ། །རྣལ་འབྱོར་པས་ནི་དེ་སྟེང་དུ། །གནས་ནས་ཧེ་རུ་ཀ་ཉིད་བསྒོམ། །ཤྲཱི་ཧེ་རུ་ཀ་བཛྲ། དེར་གནས་ནས་ཡི་གེ་དྲུག་གི་དོན་མངོན་དུ་བྱའོ། །དེ་ནས་དམ་པའི་གདམས་པ་ལས་ཤྲཱི་ཧེ་རུ་ཀ་ཞེས་པ་ཡི་གེ་བཞིའི་དོན་ཡེ་ཤེས་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱིས་མངོན་དུ་བྱ་ཞིང༌། དེ་བསྒོམ་པར་བྱ་སྟེ་འདི་ནི་མཆོག་གོ །

ལྷན་ཅིག་སྐྱེས་པ།


DTG008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མི་གཙང་བའི་ལུས་དོར་ནས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་རྩོམ་པ་སྟེ། སྐད་ཅིག་གིས་སངས་རྒྱས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཨེ་བཾ་གི་ཡི་གེས་གསལ་བར་བྱས་པའི་སྔོན་བཞིན་དུ་ཞལ་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་བདག་ཉིད་རྡོ་རྗེ་སེམས་དཔའ་ཞི་བ་ཆེན་པོ་རལ་པའི་ཅོད་པན་དང་ལྡན་པ་རྡོ་རྗེ་སྐྱིལ་ཀྲུང་ཅན་ཆོས་ཀྱི་ཕྱག་རྒྱས་མཚན་པ་ཕྱག་གཉིས་པ་རོའི་སྟེང་དུ་ཟླ་བ་ལ་བཞུགས་པ་བསྒོམ་པར་བྱ་ཞིང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཅན་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་བསམ་པར་བྱ་ཞེས་པའོ། །གང་གི་ཕྱིར། ཨཱ་ལི་དང་ཀཱ་ལི་དག་གིས་མཉམ་པར་སྦྱར་བ་རང་བཞིན་མེད་པའི་གོ་འཕང་མཆོག །ཅེས་བྱ་བ་ནི་རོ་ཞེས་པ་མཆོག་གི་དོན་ཏེ་རྡོ་རྗེ་སེམས་དཔའི་གདན་ནོ། །དེའི་བསྐྱེད་པ་ནི་ཧཱུྃ་ཕཊ་ཀྱི་ཡི་གེ་མི་འདོད་དེ། ཇི་ལྟར་དང་གི་ཡི་གེ་ལས་ཡི་གེ་ཞེས་པ་ནི་སྟོང་པའོ། །དེའི་


DTG009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡི་གེ་ཡིན་ན་མངོན་བརྟགས་ལས་བསྐྱེད་པས། གོང་བུ་སྟེ། དེས་ན་ཡི་གེ་བསྐྱེད་གོང་བུའི་ཞེས་སོ། །དེ་ཉིད་བརྟེན་པར་བྱེད་པའི་རྒྱུད་ཉིད་ལས་ལེའུ་བརྒྱད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའི་གདན་ཡིན་ཏེ། །ཡི་གེ་ལས་བྱུང་གོང་བུ་ཡི། །ཧཱུྃ་ཕཊ་ཡི་གེ་མི་འདོད་དོ། །སྔ་མ་བཞིན་དུ་ཞལ་དང་ཕྱག་མཚན་ལ་སོགས་པ་རྣམས་ཀྱིས་ཟླ་བ་མཛེས་པའི་ནོར་བུའི་འོད་ཅེས་པའི་ཚིག་ལས་སེམས་པའི་སྒྲས་ལྷན་ཅིག་སྐྱེས་པའི་མགོན་པོ་རྣམ་པར་བསམས་ནས་ཞེ་སྡང་རྡོ་རྗེའི་གོ་འཕང་བརྩམ་པར་བྱའོ། །

རང་གི་འདོད་པའི་ལྷ་བསྒོམ་པ།


DTG008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེ་སྡང་རྡོ་རྗེའི་གོ་འཕང་བརྗོད་དེ་རེ་ཕའི་ཉི་མ་བསྒོམས་ནས་འགྱུར་མེད་ཧཱུྃ་གི་ཡི་གེ་སྦྱོར་བས་དེའི་ཐུགས་ཀར་བསམ་མོ། །དེའི་ཐིག་ལེས་ཟླ་བ་ཉ་གང་བར་བསམ་པར་བྱའོ། །དེའི་དབུས་སུ་གནས་པ་འགྲོ་བ་སྐྱེ་བའི་ས་བོན་གསལ་བར་བྱེད་པའི་ཧཱུྃ་གི་ཡི་གེའོ། །དེ་ལྟར་སྲིད་པ་གསུམ་གྱི་དབང་ཕྱུག་ཏུ་རྣམ་པར་བསྒོམས་ནས་སོ། །དེའི་སྙིང་གར་ནི་རྡོ་རྗེ་སེམས་དཔའི་སྙིང་གར་ཞེས་པའི་དོན་ཏོ། །ཇི་ལྟར་ལྷའི་ལེའུ་གསུངས་པའི་རིམ་པ་སྟེ། རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པར་ཉིད། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ནི། །ཁ་དོག་ནག་པོ་མི་བཟད་ཆེ། །རྡོ་རྗེའི་ལྟེ་བའི་དབུས་གནས་པ། །ཧཱུཾ་གི་དེ་ཉིད་སླར་ཡང་བསྒོམ། །ཧཱུྃ་ཡིག་ཡོངས་སུ་གྱུར་པར་བལྟས། ལ་ཞེ་སྡང་གི་བདག་ཉིད་རྣམ་པར་བསྒོམ་མོ། །ཧཱུྃ་ཡིག་ཡོངས་སུ་གྱུར་པའི་སྒྲས་ནི་དེ་ཐམས་ཅད་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེའི་སྙིང་གར་བསྒོམས་ནས། གདམས་ངག་ཇི་ལྟ་བར་རྡོ་རྗེ་ཅན་ནི་ཞེ་སྡང་རྡོ་རྗེའི་བདག་ཉིད་དུ་འགྱུར་རོ། །འཆད་པར་འགྱུར་བའི་རིམ་པས་དེ་དང་མཉམ་པའི་སྐུའི་དབྱིབས་བསམ་པར་བྱ་ཞིང༌། བཞི་རྣམས་ཀྱི་དབུས་སུ་རྣལ་འབྱོར་པས་ཇི་ལྟར་མོས་པར་ཇི་ལྟར་ཉེ་བར་གདམས་པ་ལས་ཞལ་བརྒྱད་པ་ལ་སོགས་པའི་འདོད་པའི་ལྷའི་རྣམ་པ་གསུམ་གྱི་གཟུགས་ཅན་མི་བཟད་པ་ཆེན་པོ་འདི་ལྟ་བུའི་མངའ་བདག་བསྒོམ་པར་བྱ་སྟེ། སེམས་


DTG009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྐུ་ལས་ཡང་དག་བྱུང༌། །དཀྱིལ་འཁོར་དབང་ཕྱུག་རྣམ་པར་བསྒོམ་པའི་ཚིག་ལས་སོ། །

སྲུང་བའི་འཁོར་ལོ་བསྒོམ་པ།


DTG008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་གྱིས་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་རིམ་པ་ཇི་ལྟ་བས་ཁྲོ་བོའི་ཚོགས་སྤྲོ་བར་བྱ་སྟེ། ཧཱུཾ་གི་ཡི་གེ་ལས་ཡོངས་སུ་གྱུར་ཞིང་ཐམས་ཅད་འོད་ཟེར་ཆེན་པོ་འབར་བས་འཁྲུགས་པ་རྣམས་དབྱུང་སྟེ། དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་རིམ་པ་ཇི་ལྟ་བར་བསམས་ཏེ། ནག་པོ་དང༌། དཀར་པོ་དང༌། དམར་པོ་དང༌། སྔོན་པོ་རྣམས་སོ། །རྡོ་རྗེའི་ཐོ་བ་དང༌། རྡོ་རྗེའི་དབྱུག་པ་དཀར་པོ་དང༌། རྡོ་རྗེའི་ཆུ་སྐྱེས་དམར་པོ་དང༌། ཁ་གྱེས་པའི་རྡོ་རྗེ་བསྣམས་པ་རྣམས་ཏེ། ཐུང་ཞིང་གསུས་པ་འཕྱང་བ་རྣམས་རྣམ་པར་སྣང་མཛད་དང༌། རིན་ཆེན་དབང་པོ་དང༌། རྡོ་རྗེ་ཆོས་དང༌། དོན་ཡོད་གྲུབ་པས་མགོ་བོ་རྣམས་མཚན་པའོ། །དེ་ནས་དབང་ལྡན་ལ་སོགས་པའི་མཚན་རྣམས་སུ་མི་གཡོ་བ་དང༌། འདོད་པའི་རྒྱལ་པོ་དང༌། དབྱུག་པ་སྔོན་པོ་དང༌། སྟོབས་པོ་ཆེ་རྣམས་ནི་ནག་པོ་ཆེན་པོ་རལ་གྲི་དང༌། ལྕགས་ཀྱུ་དང༌། དབྱུག་པ་དང༌། མདུང་རྩེ་གསུམ་པ་བསྣམས་པའོ། །འདོད་པ་དང་ནི་མི་གཡོ་བ་དག་ནི་རོལ་ཞིང་ལྷའི་རྒྱན་གྱིས་བརྒྱན་པའོ། །དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་དག་ནི་གཤིན་རྗེ་མཐར་བྱེད་ལྟར་རྣམ་པར་འགྱུར་བའོ། །དེའི་དབུས་སུ་བསམ་ཞིང་གཞན་ཡང་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་སེར་པོ་བསྣམས་པའོ། །རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་ཐུང་ཞིང་གསུས་པ་འཕྱང་བའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ཁ་དོག་ནག་པོ་གཏུན་ཤིང་བསྣམས་ཤིང་ལྟོ་བ་འཕྱང་བའོ། །འདོད་པ་ལ་སོགས་པ་བཞི་དང་གནོད་མཛེས་རྒྱལ་པོ་ནི་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོ་བཅུ་པོ་འདི་རྣམས་ནི་གཡོན་བརྐྱང་གི་ཞབས་རྣམས་ཏེ། གཡོན་ན་སྡིགས་མཛུབ་རྡོ་རྗེའི་ཞགས་པ་བསྣམས་པ་རྣམས། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་བལྟ་བར་བྱའོ། །དེ་ལྟར་རྗེས་སུ་རིམ་པ་ཇི་ལྟ་བས་འཐོན་ནས་ཁྲོ་བོ་རྣམས་རང་རང་གི་གནས་སུ་དེར་སོང་བ་རྣམ་པར་བསམས་ཏེ་མངོན་དུ་ཕྱོགས་པར་གྱུར་ནས་གནས་ཏེ་ཐལ་མོ་སྦྱར་བ་བྱས་ནས་རྐང་པ་བརྒྱད་


DTG009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་བདག་ཅག་རྣམས་ཀྱིས་ཅི་དང་ཅི་བགྱི་ཞེས་སྨྲ་བར་བལྟ་བར་བྱའོ། །དེ་ནས་ཞི་བ་ལ་སོགས་པའི་དབྱེ་བས་ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ལ་བཀའ་ལུང་བྱིན་ནས། དེ་རྣམས་ཀྱི་བློ་དང་ལྡན་པ་རྡོ་རྗེ་འཛིན་པའི་བཀའ་ཡང་དག་པར་བཟུང་ནས་རང་གི་སྤྲུལ་པ་རང་གི་གནས་སུ་བཞག་ནས་བགེགས་ཀྱི་ཚོགས་རྣམས་མགུལ་བར་རྡོ་རྗེའི་ཞགས་པས་བཅིངས་ནས་རང་རང་གི་མཚོན་ཆས་སྐྲག་པར་བྱེད་ཅིང་བཟུང་ནས་འོངས་ནས། བགེགས་ཀྱི་ཚོགས་རྣམས་ཕྱོགས་བཅུའི་རང་རང་གི་སྤྲུལ་པ་ལ་གཏད་ནས་རྡོ་རྗེ་འཛིན་ལ་མངོན་སུམ་དུ་གྱུར་ནས་གནས་པར་བལྟའོ། །དེ་ལ་བགེགས་ཀྱི་ཚོགས་ནི་འདི་ལྟ་སྟེ། དབང་པོ་དཀར་པོ་མིག་སྟོང་པ་རིན་པོ་ཆེའི་དབུ་རྒྱན་ཅན་འགྱིང་བའི་ལུས་སོ། །གཤིན་རྗེ་ནག་པོ་སྐྲ་དམར་སེར་གྱེན་དུ་འགྲེང་བ་ཐུང་ཞིང་གསུས་པ་འཕྱང་བའོ། །ཆུ་ལྷ་དཀར་པོ་གདེངས་ཀས་མཚོན་པའི་མགོ་བོ་སྒེག་པའི་ལུས་སོ། ལུས་ངན་སེར་པོ་རིན་པོ་ཆེའི་དབུ་རྒྱན་ཅན་འགྱིང་བའི་ལུས་སོ། །དབང་ལྡན་དཀར་པོ་རལ་པའི་ཅོད་པན་ཅན་ཐུང་ཞིང་ཆེ་བའི་སྐུའོ། །མེ་ལྷ་དམར་པོ་རལ་པའི་ཅོད་པན་ཅན་དབུ་རྒྱན་གྱིས་མཚན་པའི་ལུས་སོ། །སྲིན་པོ་དུ་བའི་མདོག་ཅན་སྐྲ་གྲོལ་བ་ཐུང་བའི་ལུས་སོ། །རླུང་ལྷ་ལྗང་གུ་རིན་པོ་ཆེའི་དབུ་རྒྱན་ཅན་འགྱིང་བའི་ལུས་སོ། །སྟེང་དུ་མེས་པོ་ཆེན་པོ་སེར་པོ་ཐུང་ཞིང་གསུས་པ་འཕྱང་བ་རལ་པའི་ཅོད་པན་ཅན་ནོ། །འོག་ཏུ་སའི་ལྷ་མོ་སེར་མོ་རིན་པོ་ཆེའི་དབུ་རྒྱན་ཅན་རོལ་པའི་ལུས་ཅན་མའོ། །བགེགས་ཀྱི་རྣམ་པར་འདྲེན་པ་དེ་རྣམས་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ཀྱིས་བཟུང་བ་རྣམས་བྲེད་ཅིང་ཉམས་ཏེ་སྐྱབས་ཚོལ་བ་ལ་གཞོལ་བ་བལྟ་བར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་ལས་ཁྲོ་བོའི་མགོ་མདུང་གི་རྣམ་པ་ཁ་དོག་ནག་པོ་མི་བཟད་པ་ཆེན་པོ་བསྐལ་པ་འཇིག་པའི་མེ་ལྟར་བཟོད་པར་དཀའ་བ་སྟེང་ན་བདུད་རྩི་འཁྱིལ་པའི་རྣམ་པ་སྤྲོས་ནས་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལ་གཏད་པར་བསམས་ནས་བགེགས་ཀྱི་ཚོགས་ཀྱི་མགོ་


DTG009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣམས་སུ། དེའི་རྗེས་སུ། ཨོཾ་གྷ་གྷ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་སརྦ་དུཥྚ་བིགྷ་ནཱི། ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་འདིས་ཕུར་བུས་གདབ་པར་བྱའོ་ཞེས་པ་ནི་ཕུར་བུའི་སྔགས་སོ། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་འདིས་བརྡུང་བར་བྱ་སྟེ། ཁྲོ་བོ་ཐམས་ཅད་རང་གི་མཚན་མ་ཡོངས་སུ་གྱུར་པས་རྡོ་རྗེའི་ཐོ་བ་རྣམ་པར་བསྒོམས་ནས་སྔགས་ཀྱི་ཕུར་བུས་གདབ་པ་དང་བརྡུང་བ་སྟེ། ཇི་སྲིད་ས་ལ་སོང་བར་གྱུར་པ་དེ་སྲིད་དུ་ཕུར་བུས་གདབ་པ་དང་བརྡུང་བར་བྱའོ། །དེ་ནས་རང་རང་གི་སྤྲུལ་པ་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཞུགས་པར་བསམ་མོ། །དེའི་རྗེས་ལ་གཅིག་ཏུ་བྱེད་པའི་དུས་སུ་ཁྲོ་བོའི་མེས་ལོག་པར་འདྲེན་པ་དང་འཁོར་རྣམས་རྩ་བ་ནས་མེད་པར་བྱས་པར་བལྟའོ། །ད་ནི་རེ་ཕས་མདུན་དུ་ཉི་མ་རྣམ་པར་བསྒོམས་ནས་ཉི་མ་དེར་ཧཱུྃ་གིས་བསྐྱེད་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་དེ་ཉིད་ཀྱིས་རྭ་བ་དང་གུར་བཅིངས་པ་རྣམ་པར་བསྒོམ་སྟེ། དང་གི་ཡི་གེས་རྡོ་རྗེ་མདའི་དྲ་བའོ། །རྡོ་རྗེའི་བླ་རེ་དང་རྡོ་རྗེ་ལས་གྱུར་པའི་ས་གཞི་གསུངས་ཏེ། དབང་ཆེན་གྱི་གཞི་ལ་ཐུག་པར་བསམ་པར་བྱའོ། །བགེགས་རྣམ་པར་སེལ་བ་ཞེས་པའི་ཚིག་ལས་སྲུང་བའི་འཁོར་ལོ་བརྗོད་པ་ནི་བགེགས་ཉེ་བར་ཞི་བའི་དོན་དུའོ། །

སྟོང་པ་ཉིད་དུ་ལྷག་པར་མོས་པ།


DTG008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་དངོས་པོ་མ་ལུས་པ་བསྡུས་པ་ནི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་སྔགས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དེ་ཉིད་ཀྱིས་ནི། ཆོས་ཐམས་ཅད་རྣམ་པར་དཔྱད་པས་གང་གཟུགས་ཡིན་པ་དེ་སྙིང་པོ་སྟེ་དེ་བསྡུས་པ་ནི་དེ་སྡུད་པའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་སྔགས་སོ། །དེ་མ་ཐག་པར་སྔགས་ཀྱི་དོན་བདག་དང་ཁམས་གསུམ་པོ་དངོས་པོ་མེད་པར་མངོན་དུ་བྱས་ལ་བསྒོམ་པར་བྱའོ། །སྟོང་པ་ཉིད་དུ་ལྷག་པར་མོས་པའོ། །

དུར་ཁྲོད་བསྒོམ་པ།


DTG008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་ནམ་མཁའི་དབྱིངས་ཁྱབ་པ་ཅན་གྱི་ཤེས་རབ་ཨེའི་ཡི་གེའི་རྣམ་པ་དཀར་པོ་བསྒོམ་སྟེ་དེའི་སྟེང་དུ་ཞེས་པ་ནི་དེའི་དབུས་སུ་ནམ་མཁའི་སྟེང་དུ་ས་གཞི་ཡིན་ཏེ། ངེས་པར་རིམ་པ་འདིས་རླུང་ལ་


DTG009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་བསྡུས་པས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པར་བསམ་པར་བྱའོ། །དེ་ནས་རྗེས་སུ་རིམ་པ་ཇི་ལྟ་བའི་སྦྱོར་བས་དུར་ཁྲོད་རྣམས་བརྗོད་པར་བྱ་སྟེ། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དོ། །ཤི་རི་ཥའི་ཤིང་ལ་གླང་པོ་ཆེའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་དབང་པོ་དཀར་སེར་མིག་སྟོང་པ། །ཨཻ་ར་པ་ཏི་དཀར་པོ་ལ་གནས་པ། །ཀླུའི་རྒྱལ་པོ་ནོར་རྒྱས་སེར་པོ། །སྤྲིན་སྒྲ་སྒྲོགས་ཁ་དོག་སྣ་ཚོགས་པ། ལྷུན་པོའི་རི་རིན་པོ་ཆེ་སྣ་བཞི་ལས་གྱུར་པས། དཀར་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་དཀར་པོའོ། །ལྷོར་འཇིགས་བྱེད་ཐོད་པ་ཅན་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་ཨ་མྲའི་ཤིང་ལ་མ་ཧི་ཪྵའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་ནག་པོ། །ཕྱོགས་སྐྱོང་པའི་གཤིན་རྗེ་མ་ཧེ་ལ་ཞོན་པ་ནག་པོ་ཀླུ་པདྨ་དཀར་པོ། །སྤྲིན་ཟློག་བྱེད་ཁ་དོག་སྣ་ཚོགས་པ། མཱ་ལཱ་ཡའི་རི་དཀར་པོ། །ནག་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །ནུབ་ཏུ་འབར་བ་འཁྲུག་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཀེ་ཀེ་ལཱའི་ཤིང་ལ་ཆུ་སྲིན་གྱི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་ཆུ་ལྷ་དཀར་པོ། ཀླུ་ཀརྐོ་ཊ་དམར་པོ། །སྤྲིན་མི་བཟད་པ་ཁ་དོག་སྣ་ཚོགས་པ། ཏི་སེའི་རི་དཀར་པོ། །དམར་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བྱང་དུ་ཚང་ཚིང་འཁྲིགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཨ་ཤྭདྠའི་ཤིང་ལ་མིའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་ལུས་ངན་སེར་པོ་མིའི་བཞོན་པ་ཅན། ཀླུ་འཇོག་པོ་ནག་པོ། །སྤྲིན་འཁོར་བྱེད་ཁ་དོག་སྣ་ཚོགས་པ། མནད་རའི་རི་ལྗང་གུ། །འདུ་བྱེད་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བྱང་ཤར་དུ་ཕུན་ཚོགས་ནགས་ཚལ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། ནྱ་གྲོ་དྷའི་ཤིང་ལ་བ་ལང་གི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་དཀར་པོ་གླང་དཀར་པོའི་བཞོན་པ་ཅན། ཀླུ་དུང་སྐྱོང་སེར་པོ་སྤྲིན་གཏུམ་པོ་ཁ་དོག་སྣ་ཚོགས་པ། དབང་ཆེན་གྱི་རིའི་རྒྱལ་པོ་ནག་པོ། །སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །མེར་ཧ་ཧར་དགོད་


DTG009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཀ་རཉྫའི་ཤིང་ལ་རའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དམར་པོ། །ཕྱོགས་སྐྱོང་བ་མེ་ལྷ་དམར་པོ་རའི་གདན་ཅན། ཀླུ་པདྨ་ཆེན་པོ་ལྗང་གུ། །སྤྲིན་སྟུག་པོ་ཁ་དོག་སྣ་ཚོགས་པ། སྤོས་ངད་ལྗང་བའི་རི་སེར་པོ། །སྐུ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། བདེན་བྲལ་དུ་མུན་པ་མི་བཟད་པ་ཞེས་བྱ་བ་འམ་དུར་ཁྲོད་ཆེན་པོ། །པརྐ་ཊའི་ལྗོན་པའི་ཤིང་ལ་རོའི་གདོང་པ་ཅན། རྫུ་འཕྲུལ་ཆེན་པོ་ནག་པོ། །ཕྱོགས་ཀྱི་བདག་པོ་སྲིན་པོའི་རོའི་གདོང་ཅན་ནག་པོ། །ཀླུ་མཐའ་ཡས་དཀར་པོ། །སྤྲིན་འགེངས་བྱེད་ཁ་དོག་སྣ་ཚོགས་པ། ཁ་བའི་རི་དཀར་པོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །རླུང་དུ་ཀཱི་ལི་ཀཱི་ལི་སྒྲ་སྒྲོགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །པ་ཊ་ལིའི་ཤིང་ལ་རི་དགས་ཀྱི་གདོང་བ་ཅན་རྫུ་འཕྲུལ་ཆེ་པོ་ལྗང་གུ། ཕྱོགས་ཀྱི་བདག་པོ་རླུང་ལྷ་རི་དགས་ལ་ཞོན་པ། ཀླུ་རིགས་ལྡན་ཁྲོ་བོ། །སྤྲིན་ཆར་འབེབས་ཁ་དོག་སྣ་ཚོགས་པ། །དཔལ་གྱི་རི་སྔོན་པོ། །ཆོས་ཀྱི་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །དེའི་ནང་དུ་རྫུ་འཕྲུལ་ཆེན་པོ་རྣམས་ཀྱང་གཡོན་ན་མིའི་ཐོད་པ་ཁྲག་གིས་ཡོངས་སུ་གང་བའི་ལག་པ་ཅན། གཡས་ན་རོ་སྣ་ཚོགས་མངོན་པར་འདྲེན་པའི་ལག་པ་པདྨ་དང་ལྡན་པ་རྣམས་བསམ་པར་བྱའོ། །དེའི་རྗེས་ལ་རྩ་ལྗང་སེར་གྱི་མྱུ་གུ་འབུས་པའི་འདབ་མས་སྤྲས་པའི་སྣ་ཚོགས་པའི་མེ་ཏོག་གི་ཤིང་རྣམས་ཀྱིས་སྟུག་ཅིང༌། ཁྭ་དང༌། ཁུ་བྱུག་དང༌། འུག་པ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཐི་བ་དང༌། ཐི་བ་མོ་དང༌། བྱ་རྒོད་ལ་སོགས་པ་སྣ་ཚོགས་པའི་བྱ་རྣམས་ཀྱིས་ཉེ་བར་བརྒྱན་པ། །སེང་གེ་དང༌། སྤྱང་ཀི་དང༌། སྟག་དང༌། དོམ་དང༌། ཕག་ལ་སོགས་པ་སྣ་ཚོགས་པའི་རི་དགས་རྣམས་ཀྱིས་ཡུངས་སུ་གང་བ། སྣ་ཚོགས་པའི་དྲི་བཟང་པོ་ཅན་མི་ཏོག་ཡོངས་སུ་དྲི་ལྡང་བ་རྣམས་ཀྱིས་འཁྲུགས་པར་བྱས་པ། སྣ་ཚོགས་པའི་སྦྲུལ་གྱི་ཚོགས་ཀྱིས་གང་བ། རུས་མགོ་དང༌། ཀེང་རུས་དང༌། ཐོད་པ་དང༌། རོ་ལ་སོགས་པ་རྣམས་ཀྱིས་སྣ་ཚོགས་པའི་གནས་དང་ཕྱོགས་བརྒྱན་པ། གཞན་ཡང་སྣ་ཚོགས་པའི་ཕྱོགས་རྣམས་སུ་གནས་གཞི་དང༌། གཙུག་ལག་ཁང་དང༌། བསམ་གཏན་གྱི་ཁང་པ་དང༌། རྫིང་བུ་དང༌། རྣལ་འབྱོར་བ་དང༌། རྣལ་འབྱོར་མ་དང༌། ཀུན་


DTG009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་དང༌། ཀུན་སྤངས་མ་དང༌། བསམ་གཏན་པ་དང༌། བསམ་གཏན་མ་དང༌། གནོད་སྦྱིན་དང༌། གནོད་སྦྱིན་མོ་དང༌། ཡི་དགས་དང༌། ཡི་དགས་མོ་དང༌། སྲིན་པོ་དང་སྲིན་མོ་དང༌། གྲུལ་བུམ་དང༌། གྲུལ་བུམ་མོ་དང༌། འབྱུང་པོ་དང༌། འབྱུང་མོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། དཔའ་བོ་དང༌། དཔའ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་སྤྲས་ཤིང༌། དམ་ཚིག་གི་བརྡ་ལ་ཆགས་པའི་སེམས་དང་ལྡན་པ། རྒོད་པ་དང༌། སྒེག་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་རྣམ་པ་སྣ་ཚོགས་ལ་སོགས་པ་ཐོབ་པའི་མཁའ་འགྲོ་དང༌། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་སོ། །དེའི་རྗེས་ལ་དགའ་བའི་སེམས་ཀྱིས་ལ་ལ་རྡོ་རྗེ་གོམ་པ་རྣམས་ཀྱིས་གར་བྱེད། ལ་ལ་རྡོ་རྗེ་གླུ་རྣམས་ཀྱིས་གླུ་ལེན། །ལ་ལ་སྣ་ཚོགས་པའི་དམ་ཚིག་གི་སྤྱོད་པ་རྣམས་ཀྱིས་སྤྱོད། །ལ་ལ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཟ་བར་བྱེད། །ལ་ལ་སྣ་ཚོགས་པའི་དངོས་པོ་ཉེ་བར་སྟོབས་པར་བྱེད། ལ་ལ་སྣ་ཚོགས་པའི་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད། ལ་ལ་ཆང་རྣམས་འཐུང་བར་བལྟ་བར་བྱའོ། །གཞན་རྣམས་ཀྱིས་ཀྱང་ཁར་རྔ་དང༌། ཌ་མ་རུ་དང༌། རྔ་དང༌། རྔ་པ་ཊ་ཧ་དང༌། ཀྲྀ་བི་ཌ་དང༌། རྔ་ཁ་གཅིག་པ་དང༌། པི་ཝང་དང༌། གླིང་བུ་དང༌། ཕེག་རྡོབ་པ་ལ་སོགས་པ་སྣ་ཚོགས་པའི་རོལ་མོ་རྣམས་ཀྱིས་དཀྲོལ་བར་བྱེད། །གཞན་ཡང་གྲུབ་པ་དུ་མ་དང༌། རིག་པ་འཛིན་པ་དང༌། རིག་པ་འཛིན་མ་དང༌། ལྟོ་འཕྱེ་ཆེན་པོ་དང༌། ལྟོ་འཕྱེ་ཆེན་མོ་དང༌། མིའམ་ཅི་དང༌། མིའམ་ཅི་མོ་དང༌། དྲི་ཟ་དང༌། དྲི་ཟ་མོ་ཞེས་པ་ལ་སོགས་པ་རྣམས་དང༌། ལྷ་དང་ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་གི་ཚོགས་ཀྱིས་ཡོངས་སུ་གང་བ་རྣམས་ཀཱི་ལི་ཀཱི་ལའི་སྒྲ་སྒྲོགས་ཤིང་མི་བཟད་པ་ཚང་ཚིང་འཁྲིགས་ཤིང་འཇིགས་སུ་རུང་བ་རྣམས་ནི་གར་གྱི་རོ་དགུས་ཤིན་ཏུ་ཡིད་ཚིམ་པར་བྱེད་པ་རོ་ལངས་དང་འབྱུང་པོའི་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་གནས་པའི་དུར་ཁྲོད་བརྒྱད་རྣམས་བསམ་པར་བྱའོ། །དུར་ཁྲོད་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའོ། །རྣམ་པར་ཤེས་པ་བརྒྱད་ཅེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང༌།


DTG009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་སྟེ། མེ་ལོང་དང༌། རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྒྲ་བརྙན་དང༌། ཆུ་ཟླ་དང༌། ནམ་མཁའ་ཞེས་པའི་དཔེ་བརྒྱད་རྣམ་པར་དག་པ་དུར་ཁྲོད་བརྒྱད་དུ་ཤེས་པར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་གཟུང་བྱ་དང༌། འཛིན་པ་ལ་སོགས་པ་སྤངས་པའི་ཕྱིར་རྣམ་པར་ཤེས་པ་བརྒྱད་ཀྱི་དཔེས་དུར་ཁྲོད་བརྒྱད་རྣམས་ཤེས་པའོ། །

གཞལ་ཡས་ཁང་དུ་བརྗོད་པ།


DTG008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བརྗོད་པའི་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་བརྗོད་པར་བྱ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་སྒོ་བཞིའོ། །ཡང་དག་པར་སྤོང་བ་བཞི་རྣམས་ནི་རྟ་བབས་བཞིར་དྲན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་སྟེགས་བུ་བཞིའོ། །དབང་པོ་ལྔ་རྣམས་ནི་ལོགས་བཞི་དང་རྡོ་རྗེའི་ཐིག་གོ །སྟོབས་ལྔ་རྣམས་ནི་ཟུར་བཞི་དང་དྲ་བ་དང་དྲ་བ་ཕྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པས་ཀ་བ་བརྒྱད་རྣམས་རབ་ཏུ་བརྟགས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ནི་ཕྱོགས་ཅན་དང་མདའ་ཡབ་དང་གདུགས་དང་རྔ་ཡབ་དང་བླ་རེ་དང་དྲིལ་བུ་དང་བ་དན་རྣམས་ཏེ། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའོ། །འོད་གསལ་བ་བསྒོམ་པར་བྱ་ཞེས་པའི་སྒྲས་ནི་གཞལ་ཡས་ཁང་སྟེ། དེས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དོན་གྱི་རང་བཞིན་དུ་རང་བཞིན་ལས་སོ། །འོན་ཀྱང་བསྐྱེད་པ་ལ་སོ་སོར་བརྗོད་པ་བཞིན་དུ་རྟོགས་པར་བྱ་ཞིང༌། །རང་བཞིན་གྱིས་ནི་ས་ལ་སོགས་པའི་རིམ་པ་བསམ་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དབྱེ་བ་རྣམས་འཕགས་པ་མཚོ་སྐྱེས་ཀྱི་ཞབས་ཀྱི་སྐུ་དྲིན་ལས་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་ལུས་བསྐྱེད་པ་ནི་དེའི་ཆོས་ལས་དེའི་ཆོས་ཅན་ཐམས་ཅད་སྟོང་པ་སྟེ། དེའི་ཕྱིར་དང་པོར་ལུས་བསྐྱེད་པའོ། །རྗེས་སུའི་སྒྲས་ནི་དེའི་ངོ་བོ་མེད་པ་ནི་དེའི་ཆོས་ཀྱི་རང་བཞིན་ཏེ། ཕྱི་ནས་དེའི་ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་དྲན་ཏོ་ཞེས་བསྐྱེད་པ་མེད་པའི་ཕྱིར་སྔར་གྱི་གཟུགས་ཀྱི་དངོས་པོ་མ་ལུས་པའི་


DTG009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ནའི་རང་བཞིན་ནོ། །དེ་ལས་སེམས་ཀྱི་རང་བཞིན་ཡིན་ནོ་ཞེས་དྲན་པའི་སྒྲས་བརྗོད་ན་ནི་དེའི་ཚེ་རབ་ཏུ་སྣང་བ་ཇི་ལྟར་ཡིན་ཞེ་ན། བརྟགས་པའི་རྣམ་པ་སྟེ་དེ་ལས་གཞན་དུ་ནི་རང་བཞིན་དེ་ལྟར་མ་ཡིན་ནོ། །དེ་ཡང་མེ་ལོང་གི་གཟུགས་བརྙན་ཇི་ལྟ་བ་དེ་ལྟར་བསྐྱེད་པ་སོ་སོར་བརྟགས་པའི་རྣམ་པར་རབ་ཏུ་སྣང་བའོ། །ཉེ་བར་གཞག་པའི་སྒྲས་ནི་ཅི་ཞིག་ཅེ་ན། མཆོག་ནས་མཆོག་ཏུ་གཞག་པ་སྟེ། འདིས་ནི་ཉེ་བར་གཞག་པའོ། །མཆོག་ནི་འོད་གསལ་བ་སྟེ། དྲན་པའི་སྒྲས་བརྗོད་པའོ། །དེ་ལས་ལངས་ཤིང་གནས་པའི་རྒྱུ་ལས་ཤར་གྱི་སྒོ་དེ་ལྟར་གྱུར་པར་བརྟག་སྟེ། ལུས་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས་ཤར་གྱི་སྒོའོ། །དེ་བཞིན་དུ་ཚོར་བ་རྗེས་སུ་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས་ལྷོའི་སྒོའོ། །དེ་བཞིན་དུ་ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པར་རྣམ་པར་དག་པས་ནུབ་ཀྱི་སྒོའོ། །དེ་བཞིན་དུ་སེམས་རྗེས་སུ་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས་བྱང་གི་སྒོའོ། །དེ་ལྟར་ཡིན་ཞེས་ཇི་ལྟར་ཞེ་ན་གཟུགས་རྣམ་པར་སྤངས་ནས། ཚོར་བ་གཞན་དུ་མི་རྟོགས་ཤིང་འདུ་ཤེས་ཀྱང་དེ་ལྟར་དང་རྣམ་པར་ཤེས་པའང་དེ་བཞིན་དུ་འགྱུར་རོ། །འོན་ཀྱང་སྒྱུ་མ་དང༌། རྨི་ལམ་ཇི་ལྟ་བ་དང༌། དྲི་ཟའི་གྲོང་ཁྱེར་ཇི་ལྟ་བ་དེ་ལྟར་སྒོ་རྣམས་རབ་ཏུ་སྣང་བའོ། །དེ་བཞིན་དུ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་བསྒྲུབས་པ་སྟེ། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་སྐད་ཅིག་མའོ། །ཇི་ལྟར་ཞེ་ན། རྣམ་པར་དཔྱད་ན་མི་བཟད་པའོ། །རྣམ་པར་དཔྱད་ན་ཞེས་པ་ཅི་ཞེ་ན། ཆོས་གང་ཡིན་པ་དེ་རྣམས་ཀྱིས་རྣམ་པར་ཤེས་པ་བསྒྲུབས་པ་སྟེ། དེ་རྣམས་སྐད་ཅིག་མ་ངོ་བོ་མེད་པའོ་ཞེས་བདེན་པར་གསུངས་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་ཡང་སྐད་ཅིག་མའོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་རྣམ་པར་དཔྱད་པས་གསེར་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བརྡུངས་པའི་བུམ་པ་ལ་སོགས་པའི་ཆོས་རྣམས་སོ། །དེའི་ཆོས་མེད་པ་ནི་ཇི་ལྟར་རྫས་མེད་པ་སྟེ། དེ་ལྟར་ཆོས་ཐམས་ཅད་མེད་


DTG009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་རྣམ་པར་ཤེས་པ་མེད་པ་ཡིན་ཏེ། །དེས་ན་རྣམ་པར་ཤེས་པ་ཡང་སྐད་ཅིག་མའོ། །ཇི་ལྟར་གཟུང་བྱ་རྫས་མེད་པར་འགྱུར་ན། འཛིན་པ་པོ་མེད་པ་སྟེ། དེ་ལྟར་གཟུང་བྱ་དང་འཛིན་པ་པོ་མེད་ན་འཛིན་པ་མེད་དོ། །གཞན་ཡང་ཇི་ལྟར་གཟུང་བྱ་དམིགས་ནས་འཛིན་པ་གནས་ཤིང་དེ་དག་མེད་ན་འཛིན་པ་མེད་དོ། །ལྷག་མའི་གཟུགས་ནི་སྒོ་ཆེན་པོ་བསྐྱེད་པ་རྣམ་པར་དག་པ་ལས་གཞན་དུ་མི་ཤེས་ཏེ། དེ་ལྟར་གྱུར་པའི་སྒོ་བཞི་བསམ་པར་བྱ། སྤྲུལ་པ་སྐད་ཅིག་མའི་རང་བཞིན་ནོ། །ཡང་དག་པར་སྤོང་བ་བཞི་རྣམས་ནི་རྟ་བབས་བཞི་རྣམས་སུ་དྲན་ཏོ་ཞེས་བྱ་བ་ལ་སྡིག་པ་མ་སྐྱེས་པ་རྣམས་ཀྱི་གཉེན་པོ་དང༌། སྡིག་པ་སྐྱེས་པ་རྣམས་ཀྱི་རྣམ་པར་གཅོད་པ་དང༌། དགེ་བ་མ་སྐྱེས་པ་རྣམས་ཀྱི་བསྐྱེད་པ་དང༌། དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བ་སྟེ། གཉེན་པོ་དང་རྣམ་པར་གཅོད་པ་དང༌། བསྐྱེད་པ་དང་ཡོངས་སུ་བསྔོ་བའོ། །གང་གི་གཉེན་པོ་གང་ཡིན་ཞེ་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་གཉེན་པོ་སྟེ། དེ་ལས་མ་སྐྱེས་པ་ན་ཉོན་མོངས་པ་སྐྱེ་བར་འགྱུར་བ་ན་གནོད་པ་བྱས་པ་དེ་ནི་གཉེན་པོའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེས་པ་ཉིད་ན་ཡང་རྣམ་པར་ཉམས་པའི་ཕྱིར་འདི་བསྒོམ་པ་སྟེ་དེ་རྣམ་པར་གཅོད་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམ་པར་ཉམས་པ་ལས་འདི་རྣམས་མེད་པ་སྟེ། དེས་ན་ཉོན་མོངས་པ་མེད་པའི་གོ་འཕང་སྐྱེའོ། །སྐྱེས་པ་དེ་ནི་སེམས་ཅན་དང་ལྷག་ཅིག་ཐུན་མོང་དུ་བྱེད་པར་འདོད་པ་ཉིད་ནི་ཡོངས་སུ་བསྔོ་བ་ཞེས་པ་སྟེ། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་རྟ་བབས་རྣམས་སོ། །རྫུ་འཕྲུལ་གྱི་རྐང་བ་བཞི་རྣམ་པར་དག་པས་སྟེགས་བུ་བཞི་རྣམས་ནི་དད་པ་དང༌། །བརྩོན་འགྲུས་དང༌། དཔྱོད་པ་དང༌། སེམས་ཏེ། དད་པ་ཞེས་པ་ནི་བསམ་པ་ལ་ཤིན་ཏུ་གུས་པ་ཉིད་དོ། དེ་བཞིན་དུ་བརྩོན་འགྲུས་ཀྱང་ཤིན་ཏུ་མངོན་པར་འདོད་པ་ཉིད་རྣམ་པར་མ་ཆད་པའོ། །དེ་ཉིད་ཀྱིས་རྒྱུན་མི་འཆད་པར་རྣམ་པར་དཔྱོད་པ་ནི་དཔྱོད་པའོ། །རྣམ་པར་དཔྱོད་པ་ཞེས་བྱ་བ་ཡང་རང་བཞིན་དེ་ཉིད་ཀྱིས་རང་དང་གཞན་དེའི་རྣམ་པར་དཔྱོད་པ་ཞེས་བྱའོ། །སེམས་ཀྱི་རང་གི་གཟུགས་ཀྱི་རྣམ་པར་བསྐྱེད་པ་ནི་སེམས་ཀྱི་


DTG009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ་ཉིད་དེ། །དེའི་ཕྱིར་སེམས་ཀྱི་མཐར་ཐུག་པ་ཉིད་དངོས་སུ་བྱེད་པའོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པ་ནི་སྟེགས་བུ་བཞིའོ། །རྫུ་འཕྲུལ་བསྐྱེད་པ་ཞེས་པ་ནི་གང་དེ་སྤྲུལ་པ་རྣམ་པར་དག་པས་རྣམ་པར་དག་པའི་རྣམ་པ་སྟེ། དེའི་སྤྲོ་བ་དང་སྡུད་པའི་སྐུ་ཞེས་བྱ་བ་ཇི་ལྟར་འདོད་པས་རྫུ་འཕྲུལ་ལོ། །འདིའི་རྣམ་པ་དངོས་སུ་བྱེད་པ་ནི་བསྐྱེད་པ་སྟེ། དེའི་ཕྱིར་དེ་ལས་གཞན་དུ་ནི་རང་བཞིན་རྡོ་རྗེའི་རྣམ་པར་རབ་ཏུ་འཇུག་པ་མེད་དོ། །དབང་པོ་ལྔ་རྣམས་ནི་ལོགས་བཞི་དང་རྡོ་རྗེའི་ཐིག་ཅེས་བྱ་བ་ལ་དད་པའི་དབང་པོ་དང༌། དྲན་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་དང༌། མངོན་པར་ཡིད་ཆེས་པ་དེ་དང་པོར་རྒྱུ་ཉེ་བར་ལེན་པས་དད་པའི་སྒྲས་བརྗོད་དེ། །ཤིན་ཏུ་གུས་པའི་ཕྱིར་རོ། །བདག་ཉིད་ཀྱིས་ཤེས་པ་གཉིས་པར་འཇུག་པ་ལས་གཞན་དུ་ལྡོག་པ་རྣམ་པར་སྤངས་ནས་འཁོར་བའི་ལས་ཅན་འཁོར་བའི་བར་དུ་ཐོབ་ནས་འཇུག་པས་འཇུག་པ་སྟེ། དད་པའི་སྒྲས་བརྗོད་དོ། །ཉིན་མཚན་དུ་རྣལ་འབྱོར་གསུམ་པ་བདག་ཅེས་རྣམ་པར་མ་ཆད་པ་ལ་སེམས་འཇུག་པ་ཙམ་གྱིས་གང་གི་རྣམ་པ་མ་བྱས་པར་སྐྱེ་བ་དེ་ནི་དྲན་པའི་དབང་པོའི་སྒྲས་བརྗོད་དོ། །སེམས་རྩེ་གཅིག་པ་ནི་བཞི་པ་རྩེ་མོའི་སྒྲས་ནི་ཡང་དག་པའི་ལམ་སྟེ། དེ་དང་ལྷན་གཅིག་པ་ཉིད་ནི་སེམས་ཀྱི་རྩེ་གཅིག་པ་ཉིད་དེ་ཏིང་ངེ་འཛིན་གྱི་སྒྲས་བརྗོད་ཅིང༌། །ཨུ་ར་སའི་སྒྲས་ནི་གཞན་དུ་བརྗོད་དོ། །རྡོ་རྗེའི་ཐིག་རྣམས་ཀྱི་ཞེས་པ་ནི་རེ་ཁཱ་ལྔ་རྣམས་དང༌། ར་བ་ལྔ་རྣམས་དེ་བཞིན་གཤེགས་པ་ལྔའི་དབྱེ་བས་ཕྱེ་བ་ཡིན་ལ། །དེའི་དབུས་སུ་སངས་རྒྱས་ཀྱི་གཞལ་ཡས་ཁང་སྟེ། རྡོ་རྗེའི་སྒྲས་ནི་ཐམས་ཅད་དང་ལྷན་ཅིག་མཉམ་ཞིང་རྡོ་རྗེ་ནི་མི་ཕྱེད་པའོ། ཤེས་རབ་ཀྱི་དབང་པོའི་སྒྲས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའོ་ཞེས་གསལ་བར་བྱས་པ་ཡིན་ནོ། །དེའི་ཚེ་རབ་རྣམས་མཉམ་པར་སྟེ་དེ་བཞིན་གཤེགས་པ་རྣམས་ལ་ཕན་ཚུན་དབྱེ་བ་མེད་པའི་ཕྱིར་རོ། །གང་རྡོ་རྗེ་འཛིན་པའི་རང་བཞིན་གྱིས་ཞེས་པ་ནི་རྡོ་རྗེའི་ཐིག་རྣམས་ཀྱིས་བརྒྱན་པར་བྱས་པ་ཞེས་པ་སྟེ། ར་བ་འདི་རྣམས་ཀྱིས་བརྒྱན་པའི་བསམ་གཏན་གྱི་ཁང་པ་བསམ་པར་བྱའོ། །


DTG009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་རྣམས་དང༌། དོ་ཤལ་དང༌། དོ་ཤལ་ཕྱེད་པ་ནི་སྟོབས་རྣམས་ཞེས་བྱ་བ་ནི་དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཏེ། མངོན་པར་ཡིད་ཆེས་པ་དང་པོའི་རྒྱུད་དང༌། རྒྱུའི་ཡོངས་སུ་གང་བའི་སྟོབས་དང༌། སྟོབས་དངོས་སུ་བྱེད་པ་དེ་རྫོགས་པར་བྱེད་པས་དད་པའི་སྟོབས་ཀྱི་སྒྲས་བརྗོད་དོ། །དེའི་ཆེད་དུ་རྒྱུན་ཆད་མེད་པར་སེམས་བརྟན་པོར་བྱས་ནས་འཇུག་པས་བརྩོན་འགྲུས་ཀྱི་སྟོབས་སོ། །གཞན་ཡང་དེར་སྐད་ཅིག་ཀྱང་སེམས་ཉེ་བར་མི་དམིགས་པས་ཉིན་མཚན་དུ་རྣལ་འབྱོར་དེ་དྲན་པ་ནི་དྲན་པའི་སྟོབས་སོ། །སེམས་རྩེ་གཅིག་པ་ཉིད་དུ་ཇི་ལྟར་གྱུར་པ་ནའོ། ཇི་ལྟར་གྱུར་པའི་སྒྲས་ནི་ཆོས་ཐམས་ཅད་ཉེ་བར་མི་དམིགས་པའི་མཆོག་གི་ལམ་ཡིན་ལ་དེ་མངོན་སུམ་དུ་བྱེད་པ་སྟེ་དབྱེར་མེད་པ་དེ་དངོས་སུ་ཏིང་ངེ་འཛིན་གྱི་སྒྲས་བརྗོད་དོ། །དེ་བཞིན་དུ་སྟོབས་བཞི་རྣམ་པར་དག་པ་ཟུར་བཞི་སྟེ། དབང་པོ་བཞི་རྣམས་ཀྱིས་ཡོངས་སུ་གང་བར་བྱེད་པས་སྟོབས་བཞི་རྣམས་སོ། །གང་བའི་སྒྲས་ནི་རྗེས་སུ་དོན་གང་བར་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་དོ་ཤལ་དང་དོ་ཤལ་ཕྱེད་པ་སྟེ། སྟོབས་ནི་མངོན་དུ་བརྗོད་དོ། །ཤེས་རབ་ཀྱི་དབང་པོས་གསལ་བར་བྱས་པ་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་གང་ཡིན་པ་དེ་ཡང་དག་པར་གང་བར་བྱེད་པ་ནི་དངོས་སུ་བྱེད་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་དབྱེ་བ་མེད་པའི་བདག་ཉིད་ནི་དོ་ཤལ་དང་དོ་ཤལ་ཕྱེད་པའི་བསྒོམ་པ་སྟེ། དེས་བརྗོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམས་ཀྱིས་ཀ་བ་བརྒྱད་རྣམས་རབ་ཏུ་བརྟགས་ཏེ། ཀུན་ནས་བརྩམས་པ་ཡོངས་སུ་མི་གཏོང་བ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བའོ། །སླུ་བ་མེད་པའི་ཚིག་ཅེས་བྱ་བ་ནི་ཡང་དག་པའི་ངག་གོ །དགེ་བ་བཅུ་ལས་ཡོངས་སུ་མི་འདའ་བ་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པའོ། །སེམས་ཅན་ལ་འཚེ་བ་མེད་པའི་སེམས་ཞེས་བྱ་བ་ནི་ཡང་དག་པའི་ལས་ཀྱི་མཐའོ། །དགེ་བ་བཅུར་སེམས་གཅིག་པ་ནི་ཡང་དག་པའི་འཚོ་བའོ། །ཤིན་ཏུ་བདག་མེད་པའི་སེམས་ཞེས་བྱ་བ་ནི་ཡང་དག་པའི་རྩོལ་བའོ། །རྩོལ་བ་ཞེས་བྱ་བ་ནི་ཡོད་པ་དང་


DTG009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་རྣམ་པར་གཅོད་པའོ། །དུས་གསུམ་སྐད་ཅིག་ལ་ཤེས་པ་ནི་ཡང་དག་པའི་དྲན་པའོ། །འཇིག་རྟེན་གསུམ་ཉིད་གཅིག་པའི་སྐུ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་རྣམས་ཀྱིས་ཀ་བ་རྣམས་ཡང་དག་པར་བརྟགས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ནི་ཕྱོགས་ཅན་དང༌། མདའ་ཡབ་དང༌། གདུགས་དང་རྔ་ཡབ་དང༌། བླ་རེ་དང༌། དྲིལ་བུ་དང༌། བ་དན་ཞེས་དན་པ་རྣམས་ནི་ཐམས་ཅད་དུ་དུས་གསུམ་ཡོངས་སུ་ཤེས་པའི་དྲན་པ་ཞེས་བྱ་བ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །རྒྱུན་མི་འཆད་པར་རོ་ཆེན་པོ་ཉིད་ཁོང་དུ་ཆུད་པ་ནི་ཆོས་རབ་ཏུ་རྣམ་པར་དག་པར་བསག་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །རྣམ་པར་ཆད་པ་མེད་པར་རྣལ་འབྱོར་ཆེན་པོས་འཇུག་པ་ཞེས་བྱ་བ་ནི་བརྩོན་འགྲུས་རབ་ཏུ་རྣམ་པར་བསག་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བདག་མེད་མ་གཏོགས་པ་གཞན་ལ་དགའ་བ་མེད་པས་དགའ་བ་རབ་ཏུ་རྣམ་པར་བསག་པ་ཡང་དག་བྱང་ཆུབ་ཀྱི་ལན་ལག་གོ །ཐམས་ཅད་དུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཞེས་བྱ་བའི་རབ་ཏུ་སྦྱོར་བ་ནི་ཤིན་ཏུ་སྦྱངས་པ་རབ་ཏུ་རྣམ་པར་བསག་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཕྱིན་ཅི་མ་ལོག་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རབ་ཏུ་རྣམ་པར་བསག་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཏིང་ངེ་འཛིན་ལ་ལྷུན་གྱིས་གྲུབ་པ་འཇུག་པ་ནི་བཏང་སྙོམས་རབ་ཏུ་རྣམ་པར་བསག་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི་རྣམས་ཀྱིས་ཕྱོགས་ཅན་ལ་སོགས་པ་བརྗོད་པ་རྣམ་པར་བསམ་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གཞལ་ཡས་ཁང་བསྒོམ་པའི་མཐར་ཐུག་པ་འདིས་ནི་དང་པོ་སྟོང་པ་ཉིད་ལ་སོགས་པར་མངོན་པར་བྱང་ཆུབ་པར་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །

རྒྱུའི་དཀྱིལ་འཁོར་བསྐྱེད་པ།


DTG008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྒྱུའི་རྡོ་རྗེ་འཛིན་པའི་བསྐྱེད་པ་བརྗོད་པར་བྱ་སྟེ། གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་བདུད་བཞི་རྣམས་ཀྱིས་ཉི་མ་མནན་པ་བལྟ་བར་བྱ་སྟེ། དགྱེས་མཛད་རྡོ་རྗེ་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ལྷའི་དབང་པོ་རྣམས་


DTG009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕུང་པོ་དང༌། འཆི་བདག་དང༌། ཉོན་མོངས་པ་དང༌། ལྷའི་བུ་རྗེས་སུ་ཚངས་པ་སྟེ། ཕུང་པོ་རྣམས་ཀྱི་ཉོན་མོངས་པར་བྱེད་པ་པོ་བདུད་བཞི་པོ་རྣམས་སོ། །དེ་ནས་དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བལྟས་ནས་དེའི་སྟེང་དུ་ཨི་ཡི་གེ་ལ་སོགས་པ་དབྱངས་རྣམས་ཀྱི་ཉིས་འགྱུར་དུ་བྱས་ཏེ། ལུགས་འབྱུང་དང་ལུགས་བཟློག་གིས་བལྟས་ནས་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གསལ་བར་བྱེད་པ་མེ་ལོང་བུའི་ཡེ་ཤེས་སོ། །ཌ་ཌྷ་ད་དྷ་ཡ་ལ་ཞེས་པ་ཡི་གེ་དྲུག་བྱིན་ནས། ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཉིས་འགྱུར་དུ་བྱས་ཏེ། ལུགས་འབྱུང་དང་ལུགས་བཟློག་གིས་བལྟས་ནས་དེ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་བལྟ་སྟེ། དཔེ་བྱད་བརྒྱད་ཅུ་གསལ་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདི་དག་གི་སྟེང་དུ་ཧཱུཾ་དང་ཨོཾ་གི་ས་བོན་གཉིས་བལྟས་ནས་དེ་ལས་བྱུང་བའི་ཐོད་པའི་གྲི་གུག་བལྟས་ཏེ་ས་བོན་གཉིས་ཀྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ས་བོན་ལས་འོད་ཟེར་སྤྲོས་ཏེ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱས་ནས་བླངས་ཏེ་དེ་ཉིད་དུ་ཞུགས་ནས་ཐམས་ཅད་ཀྱང་གཅིག་ཏུ་གྱུར་པར་བསྒོམ་པར་བྱ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཐམས་ཅད་ཡོངས་སུ་གྱུར་ཏེ། སྐད་ཅིག་གིས་རང་ཉིད་དཔལ་ཧེ་དུ་ཀའི་སྐུ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ་དེས་ནི་རྣམ་པ་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཇི་ལྟར་གཟུགས་མཐོང་བ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་ལྟར་རོ་གཅིག་ཏུ་འགྱུར་ཞིང༌། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སོ་སོར་རྟོག་པ་སྟེ་དེ་ལྟར་ཡང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བྱ་བ་གང་པ་དེ་གཅིག་ཉིད་དུ་བྱེད་པ། ཤིང་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དང་ལྷན་ཅིག་གཅིག་པའི་གཟུགས་ཏེ། འདི་ནི་རྣམ་པ་ལྔ་མངོན་པར་བྱང་ཆུབ་བོ། །དེ་ནས་འཇིག་རྟེན་གསུམ་པའི་སྐུར་བརྟགས་ནས་དེ་ནས་ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་ཇི་ལྟ་བར་ཚངས་པ་དང༌། དབང་པོ་དག་དང༌། ཉེ་དབང་དང༌། དྲག་པོ་རྣམས་དང༌། དེ་བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་གཤིན་རྗེ་


DTG009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དང། ནོར་གྱི་འདྲེན་པ་དང༌། སྲིན་པོ་དང༌། ཐགས་བཟངས་རིས་རྣམས་ཏེ། དེ་ལྟར་གདན་བརྒྱད་རྣམས་རྣམ་པར་བསྒོམས་ནས་དེའི་སྟེང་དུ་ཟླ་བ་དང༌། ཉི་མ་ཁ་སྦྱར་བའི་དབུས་རྣམས་སུ་གྃ་ཙྃ་བྃ་གྷཾ་བཾ་ཤཾ་ལཾ་ནཾ་ཞེས་པ་ས་བོན་བརྒྱད་ལ་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པ་རྣམས་ནི་གཽ་རཱི་ལ་སོགས་པ་རྣམས་ཀྱི་མཚན་མ་རྣམས་ཏེ། གྲི་གུག་དང༌། ཅང་ཏེའུ་དང༌། རུས་སྦལ་དང༌། སྦྲུལ་དང༌། སེང་གེ་དང༌། དགེ་སློང་དང༌། འཁོར་ལོ་དང༌། རྡོ་རྗེ་རྣམས་བསམ་ཞིང་དེས་བྱིན་གྱིས་བརླབས་པ་དེ་རྣམས་ཐམས་ཅད་གཅིག་ཏུ་ཡོངས་སུ་གྱུར་ཏེ། གཽ་རཱི་ལ་སོགས་པ་རྫོགས་པར་བྱ་བ་བལྟ་བར་བྱ་སྟེ། དེས་ནི་བསྒོམ་བྱའི་དཀྱིལ་འཁོར་བརྗོད་དོ། །ད་ནི་འདི་རྣམས་ཀྱི་རྣམ་པར་དག་པ་དང༌། ཕྱག་མཚན་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ནས་བརྩེ་བས་སྤྱན་དག་དམར་པོ་སྟེ། བརྩེ་བ་ཞེས་པ་ནི་སེམས་ཅན་རྣམས་ལ་བུ་གཅིག་པའི་སེམས་ཉིད་བརྩེ་བ་སྟེ། དེས་ན་སྤྱན་དག་དམར་པའོ། །བྱམས་པའི་ཐུགས་ཀྱི་ཡན་ལག་གནག །བྱམས་པའི་ཐུགས་ཀྱི་ཞེས་པ་ནི་ཕུང་པོའི་ཁམས་དང་དབང་པོ་རྣམས་འགོག་པ་སྟེ། དེས་ན་བྱམས་པའི་ཐུགས་ཀྱི་ཡན་ལག་གནག་པའོ། །རྡོ་རྗེ་ཅན་སྤྱན་གསུམ་དག་པ། །ཞེས་པ་ནི་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་སྒྲིབ་པ་མེད་པ་ནི་རྡོ་རྗེ་གསུམ་མོ། །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་རྣམས་དྲན། །བསྡུ་བའི་དངོས་པོ་ཞེས་པ་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་དཔྱོད་པ་དང་དོན་མཐུན་པ་ཉིད་དེ། བསམ་བྱ་མིན་པ་ཉིད་ལ་སེམས་བསྐྲུན་པ་ཞེས་བྱ་བ་ནི་སྦྱིན་པ་སྟེ། དེ་ལ་བསམ་བྱ་མིན་པ་ལ་སེམས་བསྐྲུན་པ་ན་ཇི་ལྟར་བདེ་བ་དེ་ལྟར་དགའ་བ་སྟེ་གདམས་པ་ཇི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ། །བསྲེགས་པ་ལས་དང༌། བཅད་པ་ལས་དང༌། བདར་བ་ལས་གསེར་ཇི་ལྟ་བ་དེ་བཞིན་དུ་དེ་ཁོ་ན་དོན་མཐུན་པའི་སྒྲས་ནི་ཐམས་ཅད་རྣམས་ཀྱི་གཅིག་པའི་སྐུ་ཉིད་ཀྱི་མིང་སྟེ། དེ་ལྟར་ན་ཞབས་བཞི་རྣམས་ཀྱི་རྣམ་པར་དག་པའོ། །ཞལ་བརྒྱད་རྣམ་པར་ཐར་པ་རྣམ་པར་དག་པ་སྟེ། གཟུགས་སྟོང་པར་མཐོང་བ་དང༌། གོ་སྐབས་མེད་པ་སྟོང་པར་མཐོང་བ་དང༌། སྡུག་པ་དང་མི་སྡུག་


DTG009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་ཐོབ་པ་སྟོང་པར་མཐོང་བ་དང༌། ལྟ་བ་བྱས་པ་ཐོབ་པ་སྟོང་པར་མཐོང་བ་དང༌། ནམ་མཁའ་ཐོབ་པ་སྟོང་པར་མཐོང་བ་དང༌། ཅི་ཡང་མེད་པ་ཐོབ་པ་སྟོང་པར་མཐོང་བ་དང༌། བདག་མེད་པའི་ཤེས་པ་ཐོབ་པ་སྟོང་པར་མཐོང་བ་དང༌། ཡང་དག་པར་རིག་པ་འགོག་པ་སྟོང་པར་མཐོང་བ་སྟེ། འདི་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ཞལ་རྣམས་སོ། །རྣམ་པར་ཐར་པ་ཞེས་པ་ནི་ཉེས་པ་ཐམས་ཅད་རྣམ་པར་སྤངས་པའི་བདེ་བ་ཐོབ་པ་ཞེས་པ་སྟེ། བདེ་བ་ཆེན་པོ་རང་དང་གཞན་ཡང་དག་པར་རིག་པའི་ཤེས་པ་འགོག་པའི་ཕྱིར་རོ། །ཕྱག་རྣམས་སྟོང་པ་བཅུ་དྲུག་ཉིད། །ཅེས་པ་ནི་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། རང་བཞིན་མ་ཡིན་པ་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་དེ། འདི་ནི་སྟོང་པ་ཉིད་བཅུ་དྲུག་གོ །ད་ནི་སྟོང་པ་ཉིད་ཀྱི་དོན་བརྗོད་པར་བྱ་སྟེ། ཆོས་མཐའ་དག་གི་ནང་སྟོང་པ་ཉིད་དེ་འདི་ནི་ནང་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ཕྱི་རྣམས་དེ་ལྟ་བུ་ཉིད་ནི་ཕྱི་སྟོང་པ་ཉིད་དོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་སྦྱོར་བ་ནི་བླ་མའི་གདམས་པ་ལས་ཡིན་ཏེ། དེ་ལྟར་ཕྱི་ནང་སྟོང་པ་ཉིད་དོ། །གང་དབྱེ་བ་མེད་པའི་སྦྱོར་བ་ལས་གྱུར་པ་དེ་ནི་ཆེན་པོ་སྟོང་པ་ཉིད་ཅེས་པ་མངོན་པར་བརྗོད་དོ། །སྦྱོར་བ་ཆེན་པོ་ལས་གང་སྟོང་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དུ་བརྗོད་དོ། །དེས་ན་དོན་དམ་པ་ནི་མཆོག་ནས་མཆོག་དམ་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་རྣམས་ནི་སྟོང་པ་ཉིད་དྲུག་གོ །མངོན་པར་འདུས་བྱས་པའི་རྣམ་པ་ཐམས་ཅད་ཀྱིས་གཅིག་ཏུ་བྱས་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་ཞེས་པ་ནི་འདུ་བྱེད་ཀྱང་མེད་ཅིང་སྐྱེ་བ་རྣམ་པ་ཐམས་ཅད་གཅིག་ཏུ་ལྡན་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་


DTG009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་དབྱེ་བ་མེད་པའི་ཕྱིར་རོ། །རང་བཞིན་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་རང་བཞིན་ལྷའི་རྣམ་པ་ལས་གྱུར་པའོ། །ལྔའི་རྣམ་པ་ཞེས་པ་རྣམ་པ་སྟོང་པ་སྟེ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་མེད་པའི་རང་བཞིན་ནི་རང་བཞིན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་སྟེ་རང་བཞིན་མེད་པ་སྟོང་པ་ཉིད་དོ། །བརྟན་པ་དང་འགྲོ་བ་རྡུལ་ཕྲ་རབ་ཀྱང་ཆོས་ཐམས་ཅད་དེ། ཆོས་ཐམས་ཅད་ཀྱི་སྒྲས་བརྗོད་པའི་ཕྱིར་གང་བརྗོད་པ་དེ་ཐམས་ཅད་སྟོང་པ་སྟེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །དངོས་པོ་མེད་པ་ཞེས་པ་ཅི་ཞེ་ན། འགྲོ་བ་ཐམས་ཅད་མགལ་མེའི་འཁོར་ལོ་བཞིན་དུ་ངོ་བོ་མཐོང་བ་ནི་རང་བཞིན་ལས་ཏེ། རང་བཞིན་ངོ་བོ་གྲངས་པས་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་ཞེས་པ་ནི་རང་བཞིན་སྟོང་པ་ཉིད་དོ། །ནམ་མཁའི་ཁམས་དང་རྣམ་པར་ཤེས་པ་དག་གཅིག་ཏུ་གྱུར་པ་ན་གཟུགས་ཇི་ལྟར་གྱུར་པ་ལྟ་བུ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ་ཞེས་བརྗོད་དོ། །སྟོང་པ་ཉིད་འདི་རྣམས་ནི་ཕྱག་རྣམ་པར་དག་པར་རབ་ཏུ་བརྗོད་དོ། །དེ་ནས་ཞལ་གྱི་ཁ་དོག་གི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དང་པོའི་ཞལ་ནག་པོ་ནི་ཞེ་སྡང་གི་ལས་བསྒྲུབ་པའི་དོན་དང༌། དབང་པོ་རྣམས་སྒྲིབ་པ་མེད་པའི་ཡང་ངོ༌། །གཡོན་གྱི་ཞལ་དམར་པོ་ནི་དབང་དུ་བྱ་བ་བསྒྲུབ་པའི་དོན་ཏོ། །ལུས་དང་ངག་དང་ཡིད་གཅིག་པའི་རང་བཞིན་ཉིད་ནི་དབང་ཉིད་དོ། །གཡས་ཀྱི་ཞལ་དཀར་བ་ནི་ཞི་བའི་དོན་ཏོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ལྷ་ཉིད་ཀྱི་དག་པའི་ང་རྒྱལ་ཉིད་ཅེས་བྱ་བ་ནི་ཞི་བའོ། །སྟེང་གི་ཞལ་མཆེ་བ་གཙིགས་པ་ཅན་དུ་བའི་མདོག་ནི་ཕྱི་མའི་ཚེ་ན་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྐྱེས་པར་གྱུར་པ་ཉམས་པའི་དོན་ཏོ། །དེ་བཞིན་དུ་བདུད་བཞི་རྣམ་པར་ཉམས་པའི་དོན་དུ་བུང་བ་དང་མཚུངས་པའི་ཞལ་བཞི་རྣམས་ཏེ། ཕུང་པོ་ལ་བརྟེན་པའི་ནད་ནི་ཕུང་པོའི་བདུད་དང༌། ཕུང་པོ་རྣམས་ཀྱི་ཕུང་པོར་གྱུར་པ་ནི་འཆི་བའི་བདུད་དང༌། སེམས་ཅན་ལ་གནོད་པ་བྱེད་པ་ནི་ཉོན་མོངས་པའི་བདུད་དང༌། དེ་བཞིན་


DTG009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བུད་མེད་ལ་གཡོ་བ་ནི་ལྷའི་བུའི་བདུད་དུ་བརྗོད་དོ། །བདུད་བཞི་རྣམས་རྣམ་པར་ཉམས་པའི་དོན་དུ་བུང་བ་དང་མཚུངས་པའི་ཞལ་བཞི་རྣམས་སོ། །ཕྱག་མཚན་རྣམས་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། གླང་པོ་ཆེ་ལ་སོགས་པ་གཟུང་བ་རྣམས་ནི་ཉོན་མོངས་པ་སྣ་ཚོགས་ཉེ་བར་ཞི་བའི་ཕྱིར་རོ། །ཉོན་མོངས་པ་སྣ་ཚོགས་ཞེས་བྱ་བ་ནི་གློ་དང༌། དབུགས་མི་བདེ་བ་དང༌། དེ་བཞིན་དུ་སྨྱོ་བ་དང༌། ཁོང་སྐམས་དང༌། མཛེ་དང༌། ཕོལ་དང༌། སྐྲན་དང༌། རང་བཞིན་གླང་པོ་ལ་སོགས་པ་དེ་རྣམས་ཡོངས་སུ་བརྗོད་དོ། །འདིར་ཉོན་མོངས་པ་བརྒྱད་པོ་དེ་རྣམས་ལག་པར་གྱུར་པའི་སེམས་ཅན་རྣམས་ཏེ། སྣོད་ཀྱི་སྟེང་དུ་རྣམ་པར་བསྣམས་པ་ནི་རྣམ་པར་གཟུང་བའོ་ཞེས་པའི་དོན་ཏོ། །ས་ལ་སོགས་པ་ནས་ནོར་འཛིན་གྱི་མཐར་ཐུག་པ་གཡོན་གྱིས་བསྣམས་པའི་ཕྱག་གི་མཚན་མ་རྣམས་ནི་དབང་ཕྱུག་བརྒྱད་རབ་ཏུ་གྲུབ་པའི་དོན་ཏོ། །སྐུ་ཡི་དབང་ཕྱུག་གསུང་དབང་ཕྱུག །དེ་བཞིན་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཅན་འགྲོའི་དབང་ཕྱུག་སྟེ། །འདོད་བྱེད་ཡོན་ཏན་བརྒྱད་པའོ། །ཞེས་སོ། །སྐུ་མཐའ་ཡས་པ་ནི་སྐུའི་དབང་ཕྱུག་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་སྨྲ་བས་གསུང་གི་དབང་ཕྱུག་དང༌། སེམས་ཅན་གྱི་སེམས་ཤེས་པས་ཐུགས་ཀྱི་དབང་ཕྱུག་དང༌། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མཐོང་བས་རྫུ་འཕྲུལ་གྱི་དབང་ཕྱུག་དང༌། འཇིག་རྟེན་གསུམ་གཅིག་པའི་སྐུ་ནི་ཀུན་དུ་འགྲོ་བའི་དབང་ཕྱུག་དང༌། འདོད་པས་བདེ་བ་ཆེན་པོའི་རང་བཞིན་སེམས་ཅན་རྣམས་མངོན་པར་འདོད་པས་འདོད་པའི་དབང་ཕྱུག་སྟེ། འདོད་པའི་སྒྲས་འདོད་པ་འདོད་པ་བརྗོད་པའོ། །བྱེད་པ་པོ་ཞེས་པ་ནི་བྱེད་པ་པོ་རྡོ་རྗེ་འཛིན་པ་ཉིད་ཀྱིས་བྱེད་པའི་དབང་ཕྱུག་གོ །ཟབ་མོའི་ལྷ་ཉིད་ཀྱི་རྣམ་པ་ལས་མྱ་ངན་ལས་འདའ་བར་གཤེགས་ཤིང་མྱ་ངན་ལས་འདས་ནས་ལྷ་ཉིད་ཀྱི་རྣམ་པར་རྒྱུ་བས་ཡོན་ཏན་གྱི་དབང་ཕྱུག་སྟེ། འདིས་ནི་མཚན་མ་རྣམས་ཀྱི་རྣམ་པར་དག་པའོ། །སྣོད་རྣམས་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། སྣོད་ནི་སྙིང་རྗེའི་ཆ་ཤས་རབ་ཏུ་གསལ་བ་ཡིན་ཞིང་ཕྱག་རྣམས་སྟོང་པ་ཉིད་བཅུ་དྲུག་དག་པ་སྟེ། འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་དུ་རབ་


DTG009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསལ་བར་བྱས་པའོ། །མ་མོ་རྣམས་ཀྱི་སངས་རྒྱས་ལྔ། །ཞེས་བྱ་བ་སྟེ། མ་མོ་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཏེ་དེ་བཞིན་གཤེགས་པ་ལྔ་དག་པའོ། །ཕྱག་རྒྱ་ཞེས་པ་ནི་ཡོངས་སུ་གཡོགས་པ་སྟེ། འཁོར་ལོ་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། ལག་པ་ལ་དཔུང་རྒྱན་དང༌། སྐ་རགས་དང༌། ཐལ་བ་སྟེ། ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས་སོ། །ཕྱག་རྒྱ་ཞེས་པ་ནི་ཡང་དག་པའི་ཤེས་པའོ། །ཡང་དག་པའི་ཤེས་པ་ཞེས་པ་ནི་གང་དུ་ཤེས་པའི་ངོ་བོར་མེད་པ་ནི་གང་གཟུགས་ཡིན་པ་དེ་ཡང་དག་པར་ཤེས་པར་འགྱུར་རོ། །ཡི་གེ་ལྔ་བཅུ་ལས་བྱས་པ་ཕྲག་པ་ལ་མགོ་བོའི་ཕྲེང་བ་སྟེ། ཨཱ་ལི་དང་ཀཱ་ལི་ལྔ་བཅུའི་ཡི་གེ་དག་པས་ཟུང་དུ་འཇུག་པའི་ལམ་ཉེ་བར་སྟོན་པ་པོ་མགུལ་པར་མགོའི་ཕྲེང་བའོ། །ད་ནི་གར་གྱི་རོ་དགུ་བརྗོད་པར་བྱ་སྟེ། བདག་མེད་མ་དང་ལྷན་ཅིག་རོ་གཅིག་པ་ནི་སྒེག་པའོ། །དུར་ཁྲོད་ན་གནས་པ་ནི་དབང་པོའོ། །ཁྲོ་གཉེར་དང་མཚེ་བ་གཙིགས་པ་ནི་མི་སྡུག་པའོ། །འབར་བའི་འོད་ནི་དྲག་ཤུལ་ལོ། །རྣམ་པར་རྒྱས་པའི་ཞལ་ནི་བཞད་པའོ། །བརླན་དང་བཅས་པའི་མགོ་བོའི་ཕྲེང་བ་ཅན་ནི་འཇིགས་སུ་རུང་བའོ། །སེམས་ཅན་རྗེས་སུ་འཛིན་པའི་ཐུགས་ནི་སྙིང་རྗེའོ། །སྒྱུ་མའི་གཟུགས་ནི་ངོ་མཚར་བའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པར་རབ་ཏུ་སྤངས་པ་ཉིད་ཀྱི་ཕྱིར་ཞི་བ་སྟེ། གར་དགུ་པོ་འདི་རྣམས་དང་ལྷན་ཅིག་པའི་བཅོམ་ལྡན་འདས་རྒྱུར་གྱུར་པའི་བདག་ཉིད་དོ། །དཔྲལ་བའི་སྟེང་དུ་མགོ་བོ་སྐམ་པོ་ལྔའི་ཕྲེང་བ་རྣམས་ནི་ཕུང་པོ་ལྔ་རྣམས་རབ་ཏུ་གསལ་བའོ། །སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ་ནི་སྣ་ཚོགས་པའི་དོན་བྱེད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་གཟུགས་ཀྱི་ཕྱིར་དང༌། དུས་གསུམ་ཡོངས་སུ་མཁྱེན་པའི་ཕྱིར་ཞལ་སོ་སོ་རྣམས་ལ་སྤྱན་གསུམ་གསུམ་མོ། །འདོད་ཆགས་པ་ལ་སོགས་པའི་ཉོན་མོངས་པ་མཐའ་དག་བསྲེག་པའི་དོན་དུ་དབུ་སྐྲ་དམར་སེར་གྱེན་དུ་འགྲེང་བ་ཉིད་དུ་བསྟན་ཏོ། །ཆོས་ཐམས་ཅད་སྒྲིབ་པ་མེད་པར་རབ་ཏུ་གསལ་བའི་ཕྱིར་གཅེར་བུའོ། །བྱང་ཆུབ་ཀྱི་སེམས་ཀྱི་རྐང་པ་ཐོབ་པའི་ཕྱིར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སོ། །འཇིག་རྟེན་གསུམ་པོ་མཐའ་དག་གཅིག་


DTG009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རབ་ཏུ་གསལ་བའི་ཕྱིར་ཞབས་ཀྱི་མཐེབ་མོ་གཅིག་བསྟན་པའོ། །བཅོམ་ལྡན་འདས་ཀྱང་སྐད་ཅིག་མར་རབ་ཏུ་སྣང་བ་སྟེ། ཇི་ལྟར་བཅོམ་ལྡན་འདས་དེ་ལྟར་བཅོམ་ལྡན་འདས་མ་ལ་ཡང་སྟེ། དབྱེ་བ་ཡང་གཅིག་གི་དབྱིབས་ཀྱི་དབང་ལས་ཞལ་གཅིག་མའོ། །ཕྱག་གཡོན་ན་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པ་སྟེ། ལྷ་དང་ལྷ་མ་ཡིན་གྱི་སྒྲ་ཅི་ཞེ་ན། ལྷ་ནི་ལུས་དང་ངག་དང་ཡིད་དེ་དེའི་ཡུལ་ནི་ལྷ་མ་ཡིན་ནོ། །འདི་དག་གིས་བྱེད་པ་མེད་པ་ནི་ཆགས་པ་མེད་པར་དམིགས་པ་མེད་པར་བྱེད་པ་སྟེ། དེས་གང་བའི་ཐོད་པའོ། །ཐོད་པ་དང་ཁྲག་དག་གི་གཅིག་ཏུ་བྱེད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡོངས་སུ་གང་བར་བསྟན་ཏོ། །གཡས་ན་ཉོན་མོངས་པ་མ་ལུས་པར་གཅོད་པའི་ཕྱིར་གྲི་གུག་བསྣམས་པ་སྟེ། ལྷག་མ་གང་ཅུང་ཟད་བཅོམ་ལྡན་འདས་ཀྱི་རྣམ་པར་དག་པ་བཞིན་དུ་བཅོམ་ལྡན་འདས་མ་ལ་ཡང་རྟོགས་པར་བྱའོ། །ད་ནི་བསྒྲུབ་བྱའི་དམ་ཚིག་རྡོ་རྗེ་འཛིན་པའི་ལུས་ལ་འཁོར་ལོ་བཞི་བསམ་སྟེ། སྤྲུལ་པ་དང་པོར་བྱས་ནས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོ་སྟེ། སྐུ་བཞི་རྣམ་པར་དག་པའི་དོན་ཏོ། །ད་ནི་དཀྱིལ་འཁོར་བའི་རྣམ་པར་དག་པ་བརྗོད་པར་བྱའོ། །གཽ་རཱི་ནག་མོ་ནི་བདུད་ཀྱི་གདུལ་བྱའི་སེམས་ཅན་རབ་ཏུ་བསད་པའི་ཕྱིར་རོ། །གཡས་ཀྱི་ལག་པ་ན་ལོག་པར་ལྟ་བ་གཅོད་པའི་ཕྱིར་གྲི་གུག་གཟུང་ཞིང༌། གཡོན་ན་འཁོར་བའི་བག་ཆགས་རྣམ་པར་ཉམས་པའི་ཕྱིར་ཉ་རོ་ཧི་ཏའོ། །ཙཽ་རཱི་དམར་མོ་ནི་འདོད་ཆགས་ཀྱི་གདུལ་བྱའི་སེམས་ཅན་རབ་ཏུ་སད་པའི་ཕྱིར་གཡས་ན་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་གསལ་བའི་ཕྱིར་ཅང་ཏེའུ་དང༌། གཡོན་གཏི་མུག་རྣམ་པར་ཉམས་པའི་དོན་དུ་ཕག་པའོ། །བེཏྟཱ་ལཱི་གསེར་བཙོ་མའི་འོད་ནི་རབ་ཏུ་རྒྱས་པའི་སེམས་ཅན་རྣམ་པར་འདུལ་བའི་དོན་ཏེ་བདེ་བ་བསྐྱེད་པའི་ཕྱིར་ཞེས་པའི་དོན་ཏོ། །གཡས་སྟོང་པ་ཉིད་ཀྱི་དོན་རབ་ཏུ་གསལ་བའི་ཕྱིར་རུས་སྦལ་དང༌། གཡོན་ན་སྙིང་རྗེའི་རང་བཞིན་པདྨའི་སྣོད་དོ། །གྷསྨ་རཱི་ནི་ནོར་བུ་མ་ར་ཀ་ཏ་དང་མཚུངས་པ་ནི་ཅུང་ཟད་དམར་ཞིང་ལྗང་བའི་རྡོ་རྗེ་བསྣམས་པ་སྟེ། མངོན་སྤྱོད་རབ་ཏུ་བསྒྲུབ་པ་


DTG009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསད་པར་ལྟ་བ་ཅན་གྱི་སྐྱེ་བོ་རབ་ཏུ་སད་པར་བྱ་བའི་དོན་ཏོ། །གཡས་ན་ཞེ་སྡང་རྣམ་པར་དག་པས་སྦྲུལ་དང༌། གཡོན་ན་ཐབས་དང་ཤེས་ཀྱི་བདག་ཉིད་རྣལ་འབྱོར་གྱི་སྣོད་དོ། །པུཀྐ་སཱི་སྔོན་མོ་ནི་རེངས་པའི་དོན་བསྒྲུབ་པ་ལ། ང་རྒྱལ་ཅན་གྱི་སེམས་ཅན་རབ་ཏུ་སད་པའི་དོན་ཏོ། །གཡས་ན་བདུད་ཀྱི་སྡེ་རབ་ཏུ་འཇོམས་པའི་ཕྱིར་སེང་གེ་དང༌། གཡོན་ན་གཉིས་འཛིན་མ་ལུས་པར་གཅོད་པའི་དགྲ་སྟའོ། །ཤ་པ་རཱི་དཀར་མོ་ཞི་བའི་སེམས་ཅན་རབ་ཏུ་སད་པའི་ཕྱིར་རོ། །གཡས་ན་ཡེ་ཤེས་ལྔ་རབ་ཏུ་གསལ་བའི་དགེ་སློང་དང༌། གཡོན་ན་གཉིས་སུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་འཁར་གསིལ་ལོ། །ཙཎྜ་ལཱི་ནམ་མཁའ་ལྟར་ལྗང་གུ་རེངས་པ་ནི་དོན་བསྒྲུབ་པ་རེངས་པའི་སེམས་ཅན་རབ་ཏུ་སད་པའི་ཕྱིར་རོ། །གཡས་ན་ཅུང་ཟད་ཤེས་པ་ཙམ་ཡང་གཅོད་པའི་ཕྱིར་འཁོར་ལོ་དང༌། གཡོན་ན་མི་ཤེས་པའི་དྲི་མ་རྩ་བ་ནས་ཟློག་པའི་དོན་དུ་ཐོང་གཤོལ་ལོ། །གཡུང་མོ་ཁ་དོག་སྣ་ཚོགས་མ་སྣ་ཚོགས་ཀྱི་དོན་རབ་ཏུ་བསྒྲུབ་པ་ལ་དང༌། མ་རུངས་པའི་བསམ་པ་ཅན་གྱི་སྐྱེ་བོ་རབ་ཏུ་སད་པ་ལའོ། །མི་ཤེས་པའི་ཡེ་ཤེས་རབ་ཏུ་གསལ་བའི་ཕྱིར་གཡས་ན་རྡོ་རྗེ་དང༌། མ་རུངས་པ་མ་ལུས་པ་ལ་བསྡིགས་པའི་ཕྱིར་སྡིགས་མཛུབ་ཉིད་དྲན་ནོ། །ད་ནི་འདི་རྣམས་ཀྱི་གདན་བརྒྱད་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། ཆགས་པ་དང༌། རིག་པ་དང༌། ཐོས་པ་དང༌། འཇུངས་པ་དང༌། བཟའ་བ་དང༌། གཉིད་དང་རྟོག་པ་དང༌། དད་པ་སྟེ་ཤིན་ཏུ་མངོན་པར་ཞེན་པ་གཅོད་པའི་ཕྱིར་གདན་རྣམས་ཉེ་བར་བསྟན་ཏོ། །ཤིན་ཏུ་མངོན་པར་ཞེན་པ་ཡང་བསམ་གཏན་ལ་བྱ་སྟེ། དེ་ལྟར་གདན་རྣམས་ཀྱི་རྣམ་པར་དག་པ་བརྗོད་དོ། །འདི་རྣམས་ཐམས་ཅད་ནི་སྤྱན་གསུམ་མ། སྐྲ་དམར་སེར་གྱེན་དུ་འགྲེང་བ། །ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་གོས་དང་བྲལ་བ་ཞལ་མཆེ་བ་གཙིགས་པ། བཅོམ་ལྡན་འདས་འདོད་པའི་འདོད་པ་དང་ལྡན་པ་བསྒོམ་པར་བྱའོ། །དེའི་མཐར་ལྷའི་སྣམ་བུ་ལ་པི་ཝང་མ་ལ་སོགས་པ་རྣམས་གཙོ་བོའི་སྒོ་རྣམས་སུ་གཡས་ནས་བརྩམས་ནས་སྒོ་དང་ཟུར་གྱི་


DTG009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་སུ་ལྷ་མོ་གཉིས་གཉིས་ཏེ། མིང་གི་གཙོ་བོ་དང་པོའི་ཡི་གེ་ཟླ་བ་དང་ཐིག་ལེ་དང་ལྡན་པ་འདི་རྣམས་ཀྱི་ས་བོན་ཏེ། དེས་བསྐྱེད་པ་འདི་རྣམས་ཀྱི་མཚན་མ་ཡང་ས་བོན་དེས་མཚན་མ་ཟླ་བ་དང་ཉི་མ་དག་གི་དབུས་སུ་བལྟས་ནས་གཽ་རཱི་ལ་སོགས་པ་རྣམས་ཇི་ལྟར་རྫོགས་པ་དེ་ལྟར་པི་ཝང་མ་ལ་སོགས་པ་རྣམས་བསྐྱེད་དོ་ཞེས་བྱ་བས་བསམ་པར་བྱའོ། །འདི་ལྟ་སྟེ་པི་ཝང་མ་སེར་མོ། །གླིང་བུ་མ་དམར་མོ། །རྫ་རྔ་མ་དུ་བའི་མདོག་ཅན་མ། རྔ་ཟླུམ་མ་དཀར་མོ། །བཞད་མ་སེར་མོ། །སྒེག་མོ་དམར་མོ། །གླུ་མེད་དམར་མོ། །གར་མ་ཁ་དོག་སྣ་ཚོགས་མ། མེ་ཏོག་མ་དཀར་མོ། །བདུག་སྤོས་མ་ནག་མོ། །མར་མེ་མ་གསེར་འོད་མ། དྲི་མ་སེར་མོ། །མེ་ལོང་མ་དཀར་མོ། །རོ་མ་དམར་མོ། །རེག་བྱ་མ་ལྗང་གུ། ཆོས་མ་དཀར་མོ་སྟེ། འདི་རྣམས་ཕྱག་གཡས་ན་རང་རང་གི་ཕྱག་མཚན་རྣམ་པར་འདྲེན་ཞིང་ཞབས་རྣམས་ཟླ་བའི་གདན་ལ་གནས་པ་སྟེ། ཆ་བཅུ་དྲུག་རྣམ་པར་དག་པར་བལྟ་བར་བྱའོ། །དེས་ནི་སྣ་ཚོགས་པདྨ་དང་པོར་བྱས་ནས་རྒྱུ་རྡོ་རྗེ་འཛིན་པའི་སྐུ་རྫོགས་ཤིང་དཀྱིལ་འཁོར་པའི་མཐར་ཐུག་པས་ནི་ལམ་ཤེས་པ་ཉིད་མངོན་པར་བྱང་ཆུབ་པའོ། །

ཞུ་བས་བསྐྱེད་པ།


DTG008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ད་ནི་ཕྲ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཧོཿཡིག་དམར་པོའི་ཕྲེང་བ་གཉིས་ཀྱིས་ཡོངས་སུ་དཀྲིས་པ་བསམ་པར་བྱ་བ་ནི་གདམས་ངག་ལས། དྲི་ཟའི་སེམས་པ་བདེ་བ་ཆེན་པོའི་རང་བཞིན་ཤིན་ཏུ་ཆགས་པའི་རང་གི་འོད་ཟེར་གྱིས་བཀུག་ནས་མན་ངག་ཇི་ལྟ་བ་ལས་རབ་ཏུ་བཅུག་ནས་རབ་ཏུ་ཞུགས་པ་ཙམ་གྱིས་བཅོམ་ལྡན་འདས་ཤིན་ཏུ་མཆོག་ཏུ་བདེ་བ་ཆེན་པོར་གཅིག་པའི་རོས་རང་གི་རིག་མ་དང་བཅས་པ་ཆགས་ཤིང་རྗེས་སུ་ཆགས་པས་ཞུ་བ་ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་ཏོ། །

བཞེངས་པ།


DTG008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞི་རྣམས་ཀྱིས་བདག་ཅག་རྣམས་ཀྱི་མགོན་མེད་དོ་ཞེས་སྨྲས་ནས་ཡིད་མི་བདེ་བ་ཆེན་པོ་ཐོབ་ཅིང་ཤིན་ཏུ་ཉམ་ཐག་པའི་སེམས་དང་ལྡན་པ་རྣམས་ཀྱིས་རབ་ཏུ་སད་པར་བྱེད་པའི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་བཞེངས་སུ་གསོལ་བའོ། །འདིར་བཞེངས་པའི་ཚིགས་སུ་བཅད་པ་བཞི་པོའི་དོན་འདི་བརྗོད་བར་བྱ་སྟེ། བཞེངས་ཤིག་རྗེ་བཙུན་སྙིང་རྗེའི་ཐུགས། །ཞེས་བྱ་བ་ལ་སོགས་པ་ལ།


DTG009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཤིག་ཁྱེད་ཉིད་སྙིང་རྗེའི་ཡིད་དང་ལྡན་པ་པུཀྐ་སཱི་བདག་ལ་ཡོངས་སུ་སྐྱོབས་ཤིག །བདེ་བ་ཆེན་པོའི་སྦྱོར་བས་བདག་འདོད་པར་མཛོད་ཅིག །ཞུ་བའི་གཟུགས་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤོངས་ཞེས་པ་སྟེ། བདག་གིས་ཁྱེད་ལ་བྱམས་པ་ཆེན་པོའོ། །བྱེད་དང་བྲལ་བས་བདག་འགུམ་པ་སྟེ། སྟོང་པ་ཉིད་ཀྱི་ཀྱེ་རྡོ་རྗེ་ཁྱེད་བཞེངས་པའི་རི་ཁྲོད་མའི་དོན་གྲུབ་པར་མཛོད་ཅིག་ཅེས་པ་སྟེ། བདག་གིས་ཁྱེད་ལ་སྙིང་རྗེ་ཆེན་པོའོ། །འཇིག་རྟེན་མགྲོན་དུ་གཉེར་ནས་དགའ་བ་དེའི་གཙོ་བོ་སྟོང་པར་བཞུགས་པ་ཅི་ལགས། གཏུམ་མོ་བདག་ནི་གསོལ་བར་བགྱིད་དེ་ཁྱོད་དང་བྲལ་བས་ཕྱོགས་མི་ཤེས་པ་ནི་མི་མཐོང་བའོ་ཞེས་པ་སྟེ། དེའི་ཕྱིར་བཞེངས་ཤིག་ཅེས་པ་སྟེ། བདག་གིས་ཁྱོད་ལ་དགའ་བ་ཆེན་པོའོ། །ཀྱེ་མིག་འཕྲུལ་ཁྱེད་ཉིད་བཞེངས་ཤིག་ཁྱེད་ཀྱི་ཐུགས་ནི་བདག་གིས་འཚལ་ཏེ། གཡུང་མོ་བདག་ནི་ཤིན་ཏུ་མཛངས་ཤིང་སྒྲིན་པ་ཉམས་དགའ་བའོ། །སྙིང་རྗེ་རྣམ་པར་ཆད་པར་མ་མཛད་ཅིག་ཅེས་པ་སྟེ། བདག་གིས་ཁྱེད་ལ་བཏང་སྙོམས་ཆེན་པོའི་གནས་སོ། །འདིས་ནི་དེ་ཁོ་ན་ཉིད་བཞི་རྣམ་པར་དག་པས་ཞུ་བའི་གཟུགས་བསྟན་ཏོ། །ཁ་ཟས་ཀྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ནས་བླ་མའི་གདམས་པ་ལས། ཇི་ལྟ་བ་དེ་ལྟར་རིམ་པས་དེ་ཁོ་ན་ཉིད་བཞིའི་དོན་ཁོང་དུ་ཆུད་པར་བྱ་སྟེ། འདི་ནི་གཞུང་མངས་ཀྱིས་འཇིགས་པ་ལས་མ་བརྗོད་དོ། །དེས་ན་དེ་ཉིད་ཀྱི་གཟུགས་དང་ལྡན་པའི་བཅོམ་ལྡན་འདས་སུ་གལ་ཏེ་གྱུར་ན་དེའི་ཚེ་དེ་ཉིད་ཀྱི་གླུའི་སྦྱོར་བ་ལས་གཉིད་སད་པ་བཞིན་དུ་བཞེངས་པའོ། །དེ་ལྟ་ན་ཡང་གཞན་དག་ན་རེ་བཅོམ་ལྡན་འདས་ཤིན་ཏུ་བདག་མེད་པ་དང་ལྷན་ཅིག་པའི་སེམས་ཀྱིས་བདག་མེད་པ་ཅན་ཡིན་ན། དེའི་ཕྱིར་ནམ་མཁའི་རྨི་ལམ་མཐོང་བ་ཅི་ཞིག་ཡིན། གཉིད་སད་པ་བཞིན་དུ་བཅོམ་ལྡན་འདས་ཇི་ལྟར་བཞེངས་ཤེ་ན། འདིར་སྨྲས་པ། སེམས་ཅན་རྣམས་ཀྱིས་གཉིད་ཀྱི་གནས་སྐབས་ན་ཅུང་ཟད་ཀྱང་མི་ཤེས་ཤིང༌། དེ་ནས་ལྡང་བ་མཐོང་བ་ཇི་ལྟར་ཡིན། །དེའི་ཕྱིར་བྱ་བའི་དབང་ལས་སྐད་ཅིག་གིས་སྐྲག་པ་བཞིན་དུ་ལངས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་


DTG009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཅོམ་ལྡན་འདས་ཀྱིས་རང་དང་གཞན་རིག་པ་མི་མཁྱེན་ཏོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་གླུས་བསྐུལ་བས་སྨོན་ལམ་ཀྱི་དབང་ལས་བཞེངས་པའོ། །དེ་ལྟ་ན་ཡང་དྲི་བ་གཉིས་ཏེ། ཇི་ལྟར་སྲོག་ཆགས་རྣམས་ཀྱིས་ལུས་ཀྱི་བདེ་བ་དམིགས་ནས་དེ་རྣམས་ཀྱིས་གཉིད་ཀྱི་གནས་སྐབས་ནི། མི་ཤེས་ཏེ། འོན་ཀྱང་ལུས་ཡོད་པས་ཏེ། བཅོམ་ལྡན་འདས་ཅི་དེ་དང་མཚུངས་སམ། ཇི་ལྟར་བཞེངས། ཇི་སྟེ་ཡང་སྔགས་པས་ཐོག་མར་མི་གཙང་བའི་ལུས་གཙང་མར་བྱས་ཏེ། སྟོང་པ་ཉིད་ལ་སོགས་པ་རྣམ་པར་དག་པས་སྤྲུལ་པའི་སྐུ་ལ་མངོན་པར་ཞེན་པ་ལས་སླར་ཡང་ཅི་སྟེ་གང་གིས་ཞུ་བ་འཐོབ་སྟེ། དེས་ནི་སྤྲུལ་པ་མ་ཡིན་སྟེ་ཇི་ལྟར་རུས་པ་དང་རྐང་པ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་དྲི་བ་གཉིས་སོ། །དེ་ནས་སྨྲས་པ། དང་པོ་ཞུ་བ་ཐོབ་པ་ནི་རྒྱུ་ཡིན་ཞིང༌། འབྲས་བུ་ནི་མ་ཡིན་ནོ། །དེ་ལྟར་ཞུ་བ་ཐོབ་པ་ལ་སོགས་པ་དག་པ་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཡང་གཟུང་བ་སྟེ་དྲི་བ་གཅིག་ཐལ་ལོ། །དེ་ལྟར་གཉིས་པ་ཡང་དང་པོར་ལྷའི་རྣམ་པས་མི་གཙང་བའི་ལུས་མེད་ཅིང་མི་གཙང་བའི་ལུས་མེད་ན་དག་པའི་སྤྲུལ་པའི་ལུས་སུ་མངོན་པར་ཞེན་པ་ཙམ་སྟེ། དེ་མེད་པས་བདུད་རྩིའི་ཁུ་བ་དང༌། ཟླ་བ་བཞིན་དུ་རྨི་ལམ་སྒྱུ་མ་དང་མཚུངས་པར་རྣམ་པར་ཤེས་པའི་གཟུགས་ཀྱིས་གནས་པ་སྟེ། དེས་ན་སྒྱུ་མའི་རྣམ་པར་ཤེས་པ་སྨོན་ལམ་གྱི་རྟེན་ཡིན་ཏེ། ཇི་ལྟར་སྒྱུ་མས་རང་དང་གཞན་རིག་པ་མི་ཤེས་པ་དེ་ལྟ་ནའང་བྱ་བ་བྱེད་པ་སྟེ་དེ་ལྟར་སྒྱུ་མའི་རྣམ་པར་ཤེས་པས་རང་དང་གཞན་ཤེས་པ་ལས་གཞན་དུ་ཡུན་རིང་པོའི་སྨོན་ལམ་གྱི་དབང་ལས་ལྡང་བ་ཡིན་ནོ། །དེ་ལ་ལྡང་བའི་རིམ་པ་ནི་འདི་ཡིན་ཏེ། རྣམ་པ་ལྔའི་རྣལ་འབྱོར་ལས་སོ། །བདུད་རྩི་ཁུ་བ་ཟླ་བའི་གཟུགས། །ཞེས་པ་སྟེ། བདུད་རྩིའི་ཁུ་བ་འདི་ཡོངས་སུ་གྱུར་པས་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་ཨཱ་ལི་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཟླ་བའོ། །ཀཱ་ལི་ཡོངས་སུ་གྱུར་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉི་མའོ། །དེ་དག་གི་དབུས་སུ་སོན་པའི་ས་བོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བརྗོད་ཅིང༌། ཐམས་ཅད་རྣམས་ཀྱི་གཅིག་པ་ནི་བྱ་བ་གྲུབ་པ་སྟེ། གཟུགས་རྫོགས་པ་ནི་དག་


DTG009_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཉིད་དོ། །དེའི་ཕྱིར་ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སོ། །དེ་བཞེངས་པའི་འོད་ཟེར་རྣམས་ཀྱིས་རྒྱུ་བ་དང་མི་རྒྱུ་བར་བཅས་པ་བཀུག་ནས་དཀྱིལ་འཁོར་བ་དེ་ཉིད་དུ་རོ་གཅིག་པ་ཉིད་དུ་བྱས་ནས་སྟོན་ཀའི་ཟླ་བའི་རྣམ་པ་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱ་སྟེ། རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེའི་རྗེས་ལ་སྐད་ཅིག་གིས་གཟུགས་དེ་ཡོངས་སུ་གྱུར་ཏེ་ལྷན་ཅིག་སྐྱེས་པའི་ཀྱེ་རྡོ་རྗེ་སྟོན་ཀའི་རི་བོང་འཛིན་པའི་རྣམ་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་གསལ་བར་མཛད་པ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པ་ཡེ་ཤེས་ལྔའི་རང་བཞིན་བསམ་པར་བྱ་སྟེ། རྗེས་སུ་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །

དགོད་པ།


DTG008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་དགོད་པ་བརྩམ་པར་བྱ་སྟེ། གཟུགས་ལ་ཨཾ་གི་ཡི་གེ་དགོད་དོ། །ཚོར་བ་ལ་ཨིཾ་གི་ཡི་གེ་འདྲེན་ནོ། །འདུ་ཤེས་ལ་ཨཱིཾ་རིང་པོ་བསྒོམ་མོ། །འདུ་བྱེད་ལ་ཨུཾ་དགོད་དོ། །རྣམ་པར་ཤེས་པ་ཨཾ་གི་ཡི་གེ་དགོད་དེ། ཕུང་པོ་ལྔ་རྣམ་པར་དག་པའི་ཕྱིར་རོ། །ཤ་ལ་ཨུཾ་གྱི་ཡི་གེ་དགོད་དོ། །ཁྲག་ལ་རྀཾ་ཡང་དྲན་ཏོ། །བྱང་ཆུབ་ཀྱི་སེམས་ལ་རྀཾ་གི་ཡི་གེའོ། །རྐང་དང་ཚིལ་དག་ལ་ལྀཾ་གི་ཡི་གེ་དགོད་དེ་ཁམས་ཡང་དག་པའི་ཕྱིར་རོ། གཟུགས་ཀྱི་ཡུལ་རྣམས་ལ་ལྀཾ་ངོ༌། །སྒྲ་ལ་ཨེཾ་གི་ཡི་གེ་དགོད་དོ། །དྲིའི་ཆ་ལ་ཨཻཾ་གི་ཡི་གེ་དང༌། རོ་ལ་ཨོཾ་གྱི་ཡི་གེ་ཡང་ངོ༌། །རེག་བྱ་ལ་ཨོཾ་གྱི་ཡི་གེའོ། །ཆོས་ཀྱི་དབྱིངས་ལ་ཨོཾ་གི་ཡི་གེ་སྟེ། འདི་རྣམས་བརྟན་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ལེའུ་དགུ་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གཟུགས་ཀྱི་ཕུང་པོར་རྡོ་རྗེ་མ། །ཚོར་བ་ལ་ནི་གཽ་རཱིར་དྲན། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །རྡོ་རྗེ་མཁའ་འགྲོ་འདུ་བྱེད་ལ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །གཟུགས་ལ་གཽ་རཱིར་རྟག་ཏུ་བརྗོད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་ཟ་ཕོད་མ་དྲན་ཏོ། །རེག་ལས་སྤྱོད་མར་བརྗོད་ཅིང༌། མཁའ་སྤྱོད་མ་ནི་ཆོས་དབྱིངས་ལ། །ཤ་ལ་པུ་ཀ་སཱི་བཤད་ཅིང༌། །ཁྲག་ལ་རི་ཁྲོད་མ་རབ་གྲགས། །གཏུམ་མོ་ཁུ་བ་ཞེས་བརྗོད་ཅིང༌། །གཡུང་མོ་རྐང་དང་ཚིལ་དག་ལའོ། །འདི་ནི་རྣལ་འབྱོར་ཆེན་


DTG009_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་དགོད་པ་སྟེ། དེ་ལྟར་ཡང་དེའི་ཕྱིར་སླར་ཡང༌། དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ས་བོན་སྡུད་པའོ། །གསུམ་པ་གཟུགས་ནི་རྫོགས་པ་དང༌། །བཞི་པ་ཡི་གེ་དགོད་པའོ། །ལྟེ་བར་སྙིང་གར་མགྲིན་པར་དང༌། །དཔྲལ་བར་དེ་ལྟར་པདྨ་བཞི། །དྲུག་ཅུ་རྩ་བཞི་བརྒྱད་ཅུ་དྲུག །རིམ་པ་དེ་ལྟར་སུམ་ཅུ་གཉིས། དེ་ཕྱིར་བསྒོམ་པས་དེ་རུ་ནི། །རྒྱུ་དང་མི་རྒྱུ་བཅས་པར་བསམ། །དེ་ནས་སྔགས་ཀྱི་ལེའུར་གསུངས་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་ཀྱིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་སྟེ། ཇི་ལྟར་མན་ངག་གིས་གདམས་པ་ལས་སོ། །ཨོཾ་གྱི་ཡི་གེས་སྐུ་རྡོ་རྗེ་དང༌། ཨཱཿའི་ཡི་གེས་གསུང་རྡོ་རྗེ་དང༌། ཧཱུྃ་གི་ཡི་གེས་ཐུགས་རྡོ་རྗེ་སྟེ་རྣལ་འབྱོར་ཆེན་པོའོ། །ད་ནི་དེའི་སྟེང་དུ་ཞེས་པ་སེམས་དཔའི་སྙིང་གར་སྔར་བཤད་པའི་རིམ་པས་རང་སྒྲུབ་ཐབས་སུ་གསུངས་པའི་རིམ་པས་དེ་ལྟར་དཔལ་ཧེ་རུ་ཀའི་རྣམ་པའི་གཟུགས་ཁ་དོག་བཞི་རྣམས་ཀྱི་ནང་ནས་དཔའ་བོ་གཅིག་པའི་རང་གི་འདོད་པའི་ལྷ་འམ། བདག་མེད་མ་དང་སྙོམས་པར་ཞུགས་པ་རང་གི་རིག་མ་དང་ལྡན་པ་རྫོགས་པའི་སྐུའི་བདག་ཉིད་བལྟ་བར་བྱའོ། །དེའི་རྗེས་སུ་དམ་ཚིག་གསུམ་བརྩམ་པར་བྱ་སྟེ། རྡོ་རྗེ་འཛིན་པ་ཉིད་ནི་བདག་ཉིད་ཀྱི་དམ་ཚིག་དང༌། རང་གི་སྙིང་གར་ཉི་མ་ནི་ཡེ་ཤེས་ཀྱང་དམ་ཚིག་དང༌། དེའི་སྟེང་དུ་ཧཱུྃ་གི་ཡི་གེ་ནི་ཏིང་ངེ་འཛིན་གྱི་དམ་ཚིག་སྟེ། འཆད་པར་འགྱུར་བའི་གདམས་པ་ལས་ཡེ་ཤེས་དང་ཏིང་ངེ་འཛིན་གྱི་དམ་ཚིག་གཉིས་ཤེས་པར་བྱའོ། །དགོད་པ་ཡང་བཅོམ་ལྡན་འདས་ཅི་ལྟ་བར་དེ་ལྟར་བཅོམ་ལྡན་འདས་མ་ལ་བྱ་སྟེ། ལྷག་པ་ཡང་བཅོམ་ལྡན་འདས་མའི་རིགས་ལྔའི་ཚོགས་ཏེ་གཞན་དང་གཞན་གྱི་སྒྲུབ་ཐབས་སུ་གྲགས་སོ། །ཚོགས་ཞེས་པ་ནི་དེ་བཞིན་གཤེགས་པའི་ཚོགས་སོ། །ཨཱཿའི་ཡི་གེས་པདྨ་འདབ་མ་གསུམ་པ་སིམ་པར་བྱེད་པ་དང་བཅས་ཤིང༌། ཧཱུྃ་གི་ཡི་གེས་པདྨའི་ཟེའུ་འབྲུ་ཧཱུྃ་གི་ཡི་གེས་བསྐྱེད་པའི་རྡོ་རྗེ་སྟེ། དེའི་ནོར་བུ་ཧཱུྃ་གི་ཡི་གེ་བལྟ་ཞིང༌། ཨོཾ་མ་ཧཱ་སུ་ཁ་དྷ་ར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་ནས་མ་བཅོས་པའི་ཡི་གེ་བརྗོད་པ་སྔོན་དུ་


DTG009_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཅན་གྱི་རྡོ་རྗེ་བསྐྱོད་ནས་དགའ་བ་བརྩམ་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་ནང་ནས་གསུང་རྡོ་རྗེའི་རྒྱལ་ལས་སོ། །དང་པོར་སྟོང་པ་ཉིད་དུ་ལྷག་པར་མོས་པ་ལ་སོགས་པ་དགའ་བའི་བདེ་བའི་མཐར་ཐུག་པས་ནི་དང་པོར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །

ཞེ་སྡང་གི་བདག་ཉིད།


DTG008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཤེས་རབ་དང་ཐབས་དག་རོ་གཅིག་པའི་བདེ་བ་ཆེན་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་བྱུང་བ་ཞེས་རིག་ནས་ཡུལ་གྱི་གྲོང་ཁྱེར་གྱི་དབུས་སུ་དེ་ཉིད་གསུམ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ནམ་མཁའ་ལྡིང་གི་ཕྱག་རྒྱ་འཛིན་པའི་རྣལ་འབྱོར་པས་ལྕེས་བསྙེན་པར་བྱ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་མཆོད་པ་ནི་རྟག་ཏུ་ཡིན་ནོ། །ཕྱིར་རུ་ཡང་གལ་ཏེ་ཤེས་རབ་བཟང་མོ་ཡིན་པའམ། མ་ཡིན་ན་དེའི་ཚེ་མི་བྱ་སྟེ། རྩ་བའི་ལྟུང་བར་འགྱུར་རོ། །

འབྱིན་པ།


DTG008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་གང་ཅུང་ཟད་ཕྲ་ཞིང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་གཟེགས་མའི་གནས་པ་དེ་ཡོངས་སུ་གྱུར་པས་ལྷ་མོའི་པདྨའི་དབུས་སུ་དཀྱིལ་འཁོར་པ་དང་བཅས་པའི་མངའ་བདག་སྲུབ་པ་དང་བསྲུབ་པའི་སྦྱོར་བ་ལས་རྣམ་པར་བསམས་ནས་རྡོ་རྗེ་འཛིན་པའི་ཧཱུྃ་དང༌། བཅོམ་ལྡན་འདས་མའི་ཨཾ་དང༌། གཽ་རཱི་མའི་གཾ་དང༌། ཙཽ་རཱི་མའི་ཙཾ་དང་བེཏྟཱ་ལཱིའི་བཾ་དང༌། པུཀྐ་སཱིའི་པྃ་དང༌། ཤ་བ་རཱིའི་ཤ༵་དང༌། ཙཎྜ་ལཱིའི་ལྃ་དང༌། ཌོམྦི་ནཱའི་ཌ་རྣམས་དབྱུང་སྟེ། དེ་ལ་སོགས་པས་ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་ཇི་ལྟ་བར་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་དང་ཧཱུྃ་གི་ཡི་གེ་དང་ཨཾ་གི་ཡི་གེ་དེ་དག་གིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་ཕྱུང་ནས། བཅོམ་ལྡན་འདས་བཅོམ་ལྡན་འདས་མ་ལ་རབ་ཏུ་གཞུག་ཅིང༌། བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ལ་དེ་བཞིན་ནོ། །དྲི་ཟའི་སེམས་པ་འཇུག་པ་དང་པོར་བྱས་ནས་དཀྱིལ་འཁོར་འབྱིན་པའི་མཐར་ཐུག་པས་ན་རྣམ་པ་ཐམས་ཅད་ཤེས་པ་ཉིད་མངོན་པར་བྱང་ཆུབ་པའོ། །དེའི་རྗེས་ལ་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པར་གྱུར་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་བསྒོམ་པར་བྱའོ། །དེ་ལྟར་ཇི་ལྟར་བསྟན་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། དེར་སོན་པའི་རིག་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་ལོགས་ཁྱབ་པར་ཡང་དག་པར་རྣམ་པར་བསྒོམ་པར་བྱའོ། །

ཡེ་ཤེས་འཁོར་ལོ།


DTG008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། མཉེས་པར་བྱ་སྟེ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ཕྱུང་སྟེ། ནམ་མཁའི་ཁོངས་སུ་སྤྲོས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། མདུན་དུ་རྣམ་པར་བསམས་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡང་དག་པར་མཆོད་ནས་བསྟོད་དེ། ཛཿཧཱུཾ་བཾ་ཧོཿཞེས་པ་འདིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། ཚིམ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་བཅུག་སྟེ། ཇི་ལྟར་ལྟར་གཅིག་ཏུ་གྱུར་ནས། ལྷའི་ང་རྒྱལ་བསྐྱེད་པར་བྱ་ཞིང་སྙིང་གར་ཡེ་ཤེས་ཀྱི་ང་རྒྱལ་བསམ་ཞིང་གང་ལྟ་ན་ཡང་བདག་ཉིད་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་སྟེ། དེ་ལྟ་ན་ཡང་བཅུག་པའི་རྗེས་ལ་ཕྱག་གཉིས་པ་ཞལ་གཅིག་པ་དམར་པོ་ཤེས་རབ་དང་ལྡན་པའི་ཡེ་ཤེས་སེམས་དཔའ་ཐུགས་ཀར་བསམ་ཞིང་དེའི་ཐུགས་ཀར་ཏིང་ངེ་འཛིན་མགོན་པོའོ། །དེ་ནས་བཅོམ་ལྡན་འདས་མ་དང་པོར་བྱས་ཏེ་གཽ་རཱི་ལ་སོགས་པ་རྣམས་ཀྱང་དེ་ལྟར་བསམ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་པོར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པའི་མཐར་ཐུག་པས་ནི་རྣམ་པ་ཀུན་མངོན་པར་བྱང་ཆུབ་པའོ། །།

དབང་བསྐུར་བ།


DTG008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་ཡེ་ཤེས་ཀྱི་འཁོར་ལོ་དང༌། དམ་ཚིག་གི་འཁོར་ལོ་དག་གཅིག་ཏུ་བྱེད་པའི་ཚེ་རབ་ཏུ་འབར་བའི་འོད་ཟེར་རྣམས་ཀྱིས་སྤྱན་དྲངས་ནས་ནམ་མཁའ་ལ་དེ་བཞིན་གཤེགས་པ་ལྔ་ཧེ་རུ་ཀའི་གཟུགས་བརྙེས་པ་དཀྱིལ་འཁོར་དང་བཅས་པའི་བདག་ཉིད་ཅན་བསམས་ནས། ཨ་བྷི་ཥཉྩིནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་དོན་དུ་གཉེར་བར་བལྟ་ཞིང༌། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་རྣམ་པར་རྒྱལ་བའི་བུམ་པ་ལྔ་དང་ལྡན་པའི་ཕྱག་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཀླགས་ནས་རང་ཉིད་ལ་ཁྲུས་མཛད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗོད་དོ། །

རྒྱས་གདབ་པ།


DTG008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་གུར་གུམ་དང་ཙནྡན་དང༌། སྣ་ཚོགས་པའི་དྲི་བཟང་དྲི་དང་ལྡང་བ་དང༌། མེ་ཏོག་གི་ཆར་འབབ་པ་ཡིན་ཞིང༌། རྔའི་སྒྲ་གྲག་སྟེ་གར་དང་རོལ་མོ་དང་བསྟོད་


DTG009_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲས་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ན་ཅ་ཅོའི་སྒྲ་སྒྲོགས་ཤིང་མངོན་པར་དབང་བསྐུར་ཏེ་སྤྱི་བོར་ཐུགས་ཀྱི་དབང་ཕྱུག་ཏུ་གྱུར་ཏོ། །བཅོམ་ལྡན་འདས་མ་ལ་ཡང་ཐུགས་ཀྱིས་མཚན་པའོ། །ཐུགས་དང༌། རྟག་པ་དང༌། རིན་ཆེན་དབང་ཕྱུག་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་གཽ་རཱི་ལ་སོགས་པ་རྣམས་ལ་རྒྱས་གདབ་ཅིང༌། གཞན་ཡང་དེ་བཞིན་གཤེགས་པ་འདི་རྣམས་ཀྱིས་རིམ་པ་ཇི་ལྟ་བར་པུཀྐ་སཱི་ལ་སོགས་པ་རྣམས་ལ་མགོ་བོར་མཚན་ཏོ། །དེ་ནས་པི་ཝང་མ་ལ་སོགས་པ་རྣམས་ཀྱིས་རང་གི་ཡུལ་གྱི་མངའ་བདག་ལ་མཆོད་པ་བྱེད་ཅིང༌། མེ་ལོང་དང༌། པི་ཝང་དང༌། དྲིའི་དུང་དང༌། རོ་སྣ་ཚོགས་ཀྱིས་གང་བའི་སྣོད་དང༌། རེག་བྱའི་དངོས་པོ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བའི་ཆོས་འབྱུང་སྟེ། དེ་རྣམས་བཟུང་ནས་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱེད་པའོ། །ཁྱོད་ནི་རྣལ་འབྱོར་མ་ཚོགས་རྣམས་ཀྱིས་ཡོངས་བསྐོར་ཞིང༌། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་དང་རབ་བརྙེས་ནས། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་མཐའ་དག་ཡང་དག་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་རྣམ་པར་བསྒྲུབས་པ་སྟེ། ཧེ་རུ་ཀ་དཔལ་རྒྱལ་པོ་ཡིད་ཀྱིས་དགྱེས་པ་ཀྱེ། །ཞེས་རྡོ་རྗེའི་གླུས་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཅིང༌། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང་ཁྲོ་བོའི་དབང་པོ་ལ་སོགས་པ་རྣམས་ཀྱིས་སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བ་དང་རྐང་པ་བརྒྱད་པའི་སྔགས་རྣམས་ཀྱིས་ནམ་མཁའ་ལ་གནས་ནས་བསྟོད་པ་སྟེ། མངོན་པར་དབང་བསྐུར་བ་དང་པོར་བྱས་ནས་བསྟོད་པའི་མཐར་ཐུག་པ་དེས་ནི་རྩེ་མོ་མངོན་པར་བྱང་ཆུབ་པའོ། །

བདུད་རྩི་མྱང་བ།


DTG008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་མདུན་དུ་ཡ༵་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རྒྱལ་མཚན་གྱིས་བརྒྱན་པ། དེའི་སྙིང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་འབར་བས་མཚན་པ། དེའི་སྟེང་དུ་ཨཱཿའི་ཡི་གེ་ལས་སྐྱེས་པའི་མགོ་བོ་གསུམ་གྱི་


DTG009_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་སླར་ཡང་ཨཱཿའི་ཡི་གེས་བྱིན་གྱིས་བརླབས་པ། དེ་ནི་ནང་དམར་ཞིང་ཕྱི་དཀར་བ་དེའི་དབུས་སུ་བྷཱུ༵་ཨཱ༵་ཛྲཱྀ༵་ཁ༵་ཧཱུ༵། ལྃ་མ༵་པཱ༵་ཏཱ༵་བཱ༵་སྟེ་དེ་རྣམས་ཡོངས་སུ་གྱུར་ནས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྫོགས་པར་བྱ་སྟེ། དེའི་སྟེང་དུ་ཧཱུྃ་གི་ཡི་གེས་བཀབ་ཅིང་ཧཱུྃ་གི་ཡི་གེས་བྱིན་གྱིས་བརླབས་པ་བལྟས་ནས་རླུང་གིས་བསྐུལ་བའི་མེ་འབར་བ་ལས་དངུལ་ཆུའི་རྣམ་པར་གྱུར་པ་ཧཱུྃ་གི་ཡི་གེས་དག་པ་དང༌། ཨཱཿའི་ཡི་གེས་རྟོགས་པ་དང༌། ཨོཾ་གྱི་ཡི་གེས་འབར་བར་བྱས་ནས་དེའི་རྗེས་ལ་དེ་ཉིད་གསུམ་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དེ་ཉིད་ལ་བཅུག་སྟེ། གཅིག་ཏུ་བྱས་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེས་དཀྲུགས་ཏེ། རོ་མཉམ་པར་བྱས་ནས་རྡོ་རྗེ་བདུད་རྩི་ལ་ཐིམ་པར་བལྟའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་རབ་ཏུ་བཅུག་པས་ཤིན་ཏུ་བསིལ་བར་གྱུར་པ་དེ་ལྟར་རྫོགས་པར་བྱས་ནས་དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ཏེ། འོད་ཟེར་གྱིས་བཀུག་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྕེས་དཀྱིལ་འཁོར་དང་བཅས་པའི་བདག་ཉིད་ཀྱིས་གསོལ་བའོ། །བདུད་རྩི་མྱང་བ་དང་པོར་བྱས་དེའི་མཐར་ཐུག་པ་ནི་མཐར་གྱིས་གནས་པའི་མངོན་པར་རྟོགས་པའོ། །

འགྲོ་བའི་དོན།


DTG008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་དཀྱིལ་འཁོར་དང་དཀྱིལ་འཁོར་བ་དེ་སོ་སོར་སྤྲོ་བའི་སྦྱོར་བས་གང་གིས་གང་དུ་གདུལ་བྱ་རྣམས་དེའི་སྤྲུལ་པས་དེར་ཕྱིན་ཏེ་དེ་རྣམས་བཏུལ་ནས་འོངས་ཏེ། རང་རང་གི་ལུས་ལ་བསྡུས་ནས་རིམ་པ་འདིས་ཡོངས་སུ་སྨིན་པར་བྱས་ཏེ། ཡན་ལག་དྲུག་གི་སྒོམ་པ་བརྩམ་པར་བྱའོ། །འབྱིན་པ་དང་པོར་བྱས་ནས་འགྲོ་བའི་དོན་གྱི་མཐར་ཐུག་པས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །

ཡན་ལག་དྲུག


DTG008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རི་བོང་ཅན་དང་ཉི་མ་ཁ་སྦྱར་བའི་དབུས་སུ་གསང་སྔགས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ས་བོན་གྱི་ཡི་གེ་བལྟས་ནས་ཡན་ལག་དྲུག་བསྒོམ་མོ། །གང་ལས་ཤེ་ན། རང་གི་སྙིང་གར་གནས་པའི་ཟླ་བ་དང་ཉི་མའི་དབུས་སུ་སོན་པའི་ཧཱུྃ་གི་ཡི་གེ་ལས་འཐོན་པའི་འོད་ཟེར་གྱི་ཚོགས་ལས་སོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀར་དང་པོའི་ཏིང་ངེ་འཛིན་མགོན་པོ་ནག་པོ་བསྒོམ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཐིག་ལེ་བསམས་ནས་དེའི་འོད་ཟེར་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བ་སྤུའི་སྦུབས་ནས་


DTG009_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འཐོན་ཏེ། དཀྱིལ་འཁོར་དང་དཀྱིལ་འཁོར་བ་དང་བཅས་པ་ནག་པོ་ཆེན་པོར་བལྟས་ཏེ། གཉིས་པ་ལ་སེར་པོ་དང༌། གསུམ་པ་ལ་དམར་པོ་དང༌། བཞི་པ་ལ་ལྗང་གུ་དང༌། ལྔ་པ་ལ་སྔོན་པོ་དང༌། དྲུག་པ་ལ་དཀར་པོ་སྟེ། འདིས་ནི་ཡན་ལག་བསྒོམས་ཤིང་ཡན་ལག་དྲུག་བསྒོམས་ནས་ཕྱི་ནས་ཁ་དོག་རྣམ་པར་བཤིག་པར་བྱའོ། །

འོད་གསལ་བ།


DTG008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་རྣམ་པར་བཤིག་པའི་སྒྲས་ནི་གཉིས་སུ་རྟོགས་ཏེ། ཞི་བ་ལ་སོགས་པའི་དབྱེ་བའི་དོན་གྱིས་ཁ་དོག་དེ་བཞིན་གཤེགས་པའི་ང་རྒྱལ་དང༌། འོད་གསལ་དུ་འཇུག་པའི་ཐབས་བརྟོད་པ་སྟེ། དེ་ལྟར་ཨཱ་ལི་དང་ཀཱ་ལི་རྣམས་དབུགས་དབྱུང་བ་དང་རྔུབ་པ་ལས་སྤྲོས་ཏེ་བསྡུས་ནས་དེ་ཉིད་དུ་རང་ཉིད་ཞུགས་ཏེ་གཅིག་ཏུ་གྱུར་པའོ་ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་རྣམས་སྤྲོས་ནས་སོ། །གང་ལས་ཤེ་ན། དབུགས་དབྱུང་བ་ལས་ཏེ་དབུགས་ཕྱིར་འབྱུང་བའི་ལམ་ནས་ཨཱ་ལི་དང་ཀཱ་ལི་འཐོན་ནས་དེའི་འོད་ཟེར་རྣམས་ཀྱིས་མཚན་དང་དཔེ་བྱད་རྣམས་ཡང་དག་པར་སྦྱངས་ཏེ། རྒྱུ་བ་དང་མི་རྒྱུ་བར་བཅས་པ་གཅིག་ཏུ་གྱུར་ནས་དེ་ཉིད་ལ་བཅུག་སྟེ་གཽ་རཱི་ལ་སོགས་པ་རྣམས་དང་བདག་མེད་མ་རང་ཉིད་ལ་འདུས་ནས་བདག་ཉིད་རྡོ་རྗེ་འཛིན་པའི་གོ་འཕང་ལ་མ་བརྟགས་པའི་རང་བཞིན་གྱིས་གནས་པའོ། །དེ་ནས་ཞལ་གཅིག་ཕྱག་གཉིས་པ་དཀར་པོ་སྟེ། དེ་ལ་རི་བོང་ཅན་དང༌། ཉི་མ་ཁ་སྦྱར་བའི་དབུས་སུ་དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པ་ཞེས་པ་སྟེ། དེས་ན་རིགས་ཀྱི་ལེའུར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་མ་སྐྱེས། །ཞེས་ལོངས་སྤྱོད་རྫོགས་པས་གསུངས་ཤིང༌། དེ་ལྟར་ཡང༌། མེ་ལོང་གཟུགས་ལ་ཡན་ལག་མཐའ་དག་པའི། །དང་པའི་མཆོག་གི་གཟུགས་ནི་ཇི་ལྟར་མཛེས་པ་སྟེ། །དཔེ་བྱད་བརྒྱད་ཅུ་དང་ནི་མཚན་གྱིས་ཕྱུག་པ་ཡིས། །རྡོ་རྗེ་འཛིན་པའི་སྐུ་ནི་དེ་ལྟར་རྟག་པ་ཉིད། །འདི་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་སྟེ། འགྲོ་བའི་དོན་དང་པོར་བྱས་ནས་ལྷན་ཅིག་སྐྱེས་པའི་མཐར་ཐུག་པས་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ།།


DTG009_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ས་བོན་གྱི་གནས་སྐབས་ལ་གནས་པ་ཞེས་པ་སྟེ། འདིའི་གང་ཞེ་ན། ལྷན་ཅིག་སྐྱེས་པ་དེ་ནི་ས་བོན་ནོ། །སྐབས་འདིར་འདི་དྲན་པར་བྱ་སྟེ་ཞེས་པ་ནི་དགོད་པ་དང༌། བལྟ་བ་དང༌། འཁྱུད་པ་དང༌། སྙོམས་པར་འཇུག་པ་བཞི་རྣམ་པར་དག་པས་ཤེས་པར་བྱ་སྟེ། སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་དང༌། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ་རྣམས་ལ་འདིས་ནི་དགའ་བའི་སྐད་ཅིག་མའི་དབྱེ་བ་རྣམས་བརྗོད་དེ། སློབ་དཔོན་གྱི་སྒྲས་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ་དང་པོ་དགའ་བའོ། །གསང་བའི་སྒྲས་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ་མཆོག་དགའོ། །ཤེས་རབ་ཀྱི་སྒྲས་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ་དགའ་བྲལ་ལོ། །མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ་ཞེས་པའི་སྒྲས་ནི་མཚན་ཉིད་མེད་པའི་སྐད་ཅིག་མ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལས་ཀྱི་ཕྱག་རྒྱའི་སྦྱོར་བས་ལྷན་ཅིག་སྐྱེས་པའི་གྲིབ་མ་ཅུང་ཞིག་བྱེ་བ་ཙམ་ཞིང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་སྦྱོར་བས་ཡང་དག་པར་སྦྱོར་བ་སྟེ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་སླར་ཡང་ཚོར་བ་མེད་པའོ། །ཇི་ལྟར། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཏེ། །བདག་མེད་གཞན་ཡང་མེད་པའོ། །ཞེས་ལྷན་ཅིག་སྐྱེས་པའི་གནས་སྐབས་སུ་རིག་པར་བྱས་ནས་དེ་ནས་བཅོམ་ལྡན་འདས་ཀྱང་འོད་གསལ་དུ་འཇུག་གོ་ཞེས་པའི་དོན་ཏོ། །འདིས་ནི་ས་བོན་གྱི་ཡི་གེ་དང་ཟླ་བ་དང༌། ཉི་མ་དག་འདྲེས་པར་གྱུར་ཏེ་ཞེས་པ་འདིས་ནི་ཡེ་ཤེས་གསུམ་གྱི་ངོ་བོ་མེད་པར་གསལ་བའོ། །བདུད་རྩིའི་རང་བཞིན་ཞེས་པ་འདིས་ནི་ལྷན་ཅིག་སྐྱེས་པའི་གནས་སྐབས་བརྟན་པོར་བྱས་པའོ། །འོད་ཟེར་གྱི་ཕུང་པོའི་རྣམ་པའི་རིམ་པས་མར་མེའི་རྩེ་མོ་བཞིན་དུ་ཇི་སྲིད་དམིགས་པར་བྱའོ་ཞེས་པ་ལ་འོད་ཟེར་ནི་འོད་ཟེར་རོ། །ཕུང་པོའི་རྣམ་པའི་རིམ་པ་ཞེས་པ་ནི་ཕུང་པོའི་ཚོགས་སོ། །རིམ་པས་ཞེས་པ་ནི་ཕུང་པོ་ལྔའི་རིམ་གྱིས་འཇུག་ཅིང༌། མར་མེའི་རྩེ་མོ་བཞིན་དུ་ཞེས་པ་ནི་ཇི་ལྟར་མར་མེའི་རྩེ་མོ་མར་མེ་ལས་སྐད་ཅིག་གི་ནུབ་པ་སྟེ། དེ་ལྟར་བཅོམ་ལྡན་འདས་ནི་ཕུང་


DTG009_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རིམ་གྱིས་གཟུགས་ནས་གཟུགས་ཚོར་བ་ལའོ། །དེ་བཞིན་དུ་ཚོར་བ་འདུ་ཤེས་ལའོ། །དེ་བཞིན་དུ་འདུ་ཤེས་འདུ་བྱེད་ལའོ། །འདུ་བྱེད་རྣམ་པར་ཤེས་པ་ལའོ། །རྣམ་པར་ཤེས་པ་ནམ་མཁའ་ལ་སྟེ་ཕྱོགས་མེད་པའི་ཕྱིར་རོ། །སྔར་ནས་གཽ་རཱི་ལ་སོགས་པ་རྣམས་ཀྱིས་བསྡུ་བ་ཇི་ལྟར་ཡིན་ཞེ་ན། དེ་ལ་རིམ་པ་འདི་བརྗོད་པར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་དག་གིས་བྱུང་ནས་འཇིག་རྟེན་གསུམ་པོ་མཐའ་དག་གཅིག་ཏུ་བྱས་ཏེ། རིམ་པ་ཇི་ལྟ་བར་གཞུག་ཅིང་གཽ་རཱིས་རང་གི་ཡུལ་བཟུང་ནས་བཅོམ་ལྡན་འདས་ལ་སོང་ངོ༌། །དེ་བཞིན་དུ་ཙཽ་རཱི་དང༌། བེཏྟཱ་ལི་དང༌། གྷསྨ་རཱི་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་སོང་ངོ༌། །དེ་ལྟར་པུཀྐ་སཱིས་སྲ་བའི་ཁམས་བཟུང་ནས་རྡོ་རྗེ་འཛིན་པའི་གཟུགས་ཀྱི་ཁམས་ལ་སོང་ངོ༌། །དེ་བཞིན་དུ་ཤ་བ་རཱི་དང༌། ཙཎྜ་ལཱི་དང༌། ཌོམྦི་ནཱི་ནི་ཆུ་དང་མེ་དང༌། རླུང་རྣམས་ལ་སོང་ངོ༌། །གང་ཡང་གཽ་རཱི་ལ་སོགས་པ་རྣམས་ཀྱིས་བསྡུ་བར་གྱུར་པ་ན་པུཀྐ་སཱི་ལ་སོགས་པ་རྣམས་ཀྱིས་བསྡུ་བ་བསྟན་ཏེ། དེ་ལྟ་ནའང་དབྱེ་བ་བརྗོད་པར་བྱ་སྟེ། རང་གི་ཁམས་རྣམ་པར་སྤངས་ནས་གཟུགས་ལ་སོགས་པ་རྣམས་ཀྱིས་བསྡུ་བ་ཅི་ཞིག་སྟེ། འོན་ཀྱང་ཉལ་བའི་དུས་སུ་དེ་རྣམས་གཟུང་ནས་སོ། །དེ་ནས་པུཀྐ་སཱི་ལ་སོགས་པ་རྣམས་ཀྱི་ཡང་སྟེ། གཟུང་བར་བྱ་བ་དང༌། འཛིན་པ་པོ་དང༌། འཛིན་པར་ཡོད་ན་ཡེ་ཤེས་གསུམ་རྣམ་པར་དག་ཅིང་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་བདག་མེད་མའི་རང་བཞིན་གྱིས་གཟུགས་ཏེ་གཞན་སྣང་བ་དང་སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པའི་སྒྲས་བརྗོད་པ་རྣམས་སོ། །བདག་མེད་མ་ལྷ་མོས་ཕྱོགས་གཉིས་ཐོབ་ནས་རྡོ་རྗེ་འཛིན་པའི་རྣམ་པར་ཤེས་པ་ལ་སྔོན་ཉིད་དུ་སོང་ངོ༌། །གང་ལས་ཤེ་ན། བདག་མེད་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཨཾ་གི་ཡི་གེ་བལྟ་ཞིང༌། དེ་ཉིད་ཀྱིས་ཨཾ་གི་ཡི་གེ་ཟླ་བའི་དཀྱིལ་འཁྱོར་ལྷན་ཅིག་ཞུ་སྟེ། བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རབ་ཏུ་ཞུགས་པར་བསམ་པར་བྱའོ་ཞེས་པའི་ཚིག་ལས་ཏེ། བཅོམ་ལྡན་འདས་མའི་བསྡུ་བའོ། །འདིས་ནི་ལྷན་ཅིག་སྐྱེས་པ་དང་པོར་བྱས་ནས་འོད་གསལ་


DTG009_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐར་ཐུག་པ་ནི་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་པའོ། །

ལྡང་བ།


DTG008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འོད་གསལ་ལས་ལྡང་བ་བརྗོད་པར་བྱ་སྟེ། འདིར་འོད་གསལ་བ་དེ་ནི་མཆོག་གི་རྣལ་འབྱོར་རོ། །ལྡང་བ་ནི་སོ་སོར་ཇི་ལྟར་ཡེ་ཤེས་སུ་སྣང་བ་རྡོ་རྗེ་ལས་ལྷན་ཅིག་སྐྱེས་པ་སྐྱེ་ཞིང༌། ཕྱི་ནས་ལྷན་ཅིག་སྐྱེས་པ་དང་པོར་བྱས་ནས་འོད་གསལ་བའི་མཐར་ཐུག་པར་ཇི་ལྟར་གྱུར་པ་སྟེ། དེ་ལྟར་འོད་གསལ་ལས་ལྷན་ཅིག་སྐྱེས་པ་དང༌། ལྷན་ཅིག་སྐྱེས་པ་ལས་སླར་ཡང་རིམ་པ་འདི་ཉིད་ཀྱིས་བསམ་པར་བྱ་སྟེ། ཇི་སྲིད་བྱང་ཆུབ་ཐོབ་པར་གྱུར་པར་རོ། །ཐུན་བཞིར་བྱིན་གྱིས་བརླབ་པའི་རིམ་པས་ཞེས་པ་ནི་ཐོ་རངས་དང༌། ཉི་མ་གུང་དང༌། ཕྱི་དྲོ་དང༌། མཚན་མོ་སྟེ་བསྒོམ་པའི་རིམ་པའོ། །

སྔགས་བཟླས་པ།


DTG008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་བསྒོམ་པའི་རིམ་པ་ལས་སྐྱོ་བའི་རྣལ་འབྱོར་པས་སྔགས་བཟླས་པར་བྱའོ། །དེའི་རྗེས་ལ་འོད་གསལ་ལས་ལངས་ནས་བསྒོམ་པ་དང་གཏོར་མ་ཡང་བསམ་པར་བྱའོ། །དེ་ལྟར་ཡང་མཆོག་དང་པོར་བྱས་ནས་ལྷན་ཅིག་སྐྱེས་པའི་ཀྱེ་རྡོ་རྗེའི་རྣལ་འབྱོར་ལས་ཇི་ལྟར་གསུངས་པའི་རིམ་པས་རང་འདོད་པའི་ལྷའི་གཟུགས་སུ་རྫོགས་པར་བྱས་ཏེ། དེ་ནས་སྔགས་ཟློས་པ་ནི་མཁའ་འགྲོ་མའི་འཁོར་ལོའི་བདག་ཉིད་ཅན་བཅོམ་ལྡན་འདས་རྫོགས་པར་བྱས་ནས་ཇི་ལྟར་སྔ་མ་རྣམས་དེ་ལྟར་ཕྱི་མ་རྣམས་ཏེ། བྱ་བ་དང་བྱེད་པའི་འབྲེལ་པས་དང་པོར་བཅོམ་ལྡན་འདས་དང་དེའི་རྗེས་ལ་མཁའ་འགྲོ་མའི་འཁོར་ལོ་བསམ་པར་བྱའོ། །གཏོར་མ་སྦྱིན་པ་ནི་དེ་ལྟ་བུ་ཉིད་དེ། འོན་ཀྱང་མ་རུངས་པ་འདུལ་བའི་དོན་དུ་རྡོ་རྗེ་འཛིན་པ་ཁྲོ་བོའི་བདག་ཉིད་ཅན་དུ་བསམ་པར་བྱ་སྟེ། ལས་ཀྱི་སྦྱོར་བ་ཡང་ཡན་ལག་དྲུག་ལ་བརྟེན་ནས་བྱའོ། །དེ་ནས་བཟླས་པའི་སྐབས་སུ་གཽ་རཱི་ལ་སོགས་པའི་སྔགས་ཟློས་པ་ན་གང་གི་ཟློས་པ་པོ་དེ་འཁྱུད་ནས་བཅོམ་ལྡན་འདས་མ་དེའི་གནས་སུ་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པས་བསམ་པར་བྱ་ཞིང༌། རྡོ་རྗེ་འཛིན་པའི་ཕྲེང་བའི་སྙིང་པོ་དང་རྐང་པ་བརྒྱད་པ་དང༌། སྙིང་པོ་དང༌། ཉེ་བའི་སྙིང་པོ་རྣམས་ཟློས་པའོ། །མ་ཡིན་ན་བདག་མེད་མའི་དང་གཽ་རཱི་ལ་སོགས་པ་རྣམས་ཀྱི་སྙིང་པོའི་སྔགས་ཙམ་བཟླས་པར་བྱའོ། །དེ་ལ་རིམ་པ་ནི་འདི་ལྟ་སྟེ། འཁོར་ལོའི་དབུས་སུ་ཤེས་རབ་དང་


DTG009_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་བདག་ཉིད་བལྟས་ཏེ་ཆོ་ག་འདི་ཉིད་ཀྱིས་སྔགས་ཀྱི་ཡི་གེ་ལྷ་མོའི་ཞལ་ནས་རང་གི་ཞལ་དུ་སྟེ་རིམ་པ་ཉིད་ཀྱིས་རྒྱུན་མི་འཆད་པར་སྔགས་འཁོར་བར་བྱ་སྟེ། འདི་ནི་འཁོར་ལོའི་བཟླས་པའོ། །རང་གི་སྙིང་གར་སྔགས་ཀྱི་ཡི་གེ་རྣམས་བཀོད་ནས་འོད་ཟེར་དང་བཅས་པ་མགོན་པོ་གྱེན་དུ་བསྟན་པ་རྣམས་བསམ་པར་བྱ་སྟེ། འདི་ནི་གོང་བུའི་བཟླས་པའོ། །སྔགས་ཀྱི་ཡི་གེ་དེ་རྣམས་དཀྱིལ་འཁོར་གྱི་དབང་ཕྱུག་གི་དང༌། དཀྱིལ་འཁོར་པ་རྣམས་ཀྱི་ཞལ་ནས་རྗོད་པར་བྱེད་དོ་ཞེས་ཡིད་ཀྱིས་རྟོགས་པར་བྱ་སྟེ། འདི་ནི་དམ་ཚིག་གི་བཟླས་པའོ། །དེའི་རྗེས་ལ་ཇི་ལྟར་འདོད་པའི་དམིགས་པའི་མཐར་ཐུག་པར་དབུགས་དབྱུང་ཞིང་ལྟེ་བ་ནས་གྱེན་དུ་འགྲོ་ཞེས་བསམ་ཞིང་སྣ་ནས་དབུགས་ནང་དུ་འཇུག་པར་བསམ་སྟེ་དེ་ལྟར་འོག་ཏུ་མི་དམིགས་པར་ཇི་ལྟར་འདོད་པས་སྒྲ་རྟོགས་པ་ནི། གཞན་སྦས་པའི་མན་ངག་ཀྱང༌། དེ་ལྟ་བུ་སྟེ། འདི་ནི་རྡོ་རྗེའི་བཟླས་པའོ། །

གཏོར་མའི་དེ་ཁོ་ན་ཉིད།


DTG008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔོན་དུ་བརྗོད་པའི་རིམ་པས་ཁྲོ་བོའི་དབང་ཕྱུག་གི་གོ་འཕང་རྫོགས་པར་བྱས་ནས་རིམ་པ་ཇི་ལྟ་བར་ཁྲོ་བོ་སྤྲོས་ཏེ་བགེགས་ཀྱི་ཚོགས་འགུགས་པའི་ཆེད་དུ་མངག་པར་བྱ་སྟེ། དེ་རྣམས་མངགས་ནས་དེ་ཉིད་གསུམ་ལ་ཐར་པའི་གྲོང་ཁྱེར་གསུམ་བསམས་ཏེ། འདི་ལྟར་བསམས་ཏེ་གླང་པོའི་སྣོད་ཀྱི་བསྡུ་བས་རྡོ་རྗེ་དང༌། དེ་བཞིན་དུ་སའི་སྣོད་ཀྱི་དྲིལ་བུ་བསྐྱེད་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་ཏེ། སེམས་ཅན་ལ་ཕན་པའི་ཆེད་དུ་ལས་ཀྱི་དབྱེ་བ་དང་ཁ་དོག་གི་སྦྱོར་བ་ལས་གཏོར་མ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་རྣམས་ཀྱིས་རྡོ་རྗེ་འཛིན་པའི་གྲོང་ཁྱེར་དུ་བཀུག་ཅིང་ལོག་པར་འདྲེན་པ་རྣམས་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བས་དང༌། འོག་ཏུ་གནོད་མཛེས་རྒྱལ་པོས་བཀུག་པ་ཙམ་གྱིས། ཨོཾ་ཨནྡི་ཛ་མ་ཛ་ལ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྔགས་ནས་ཨོཾ་ཨཱ་ཀཪྵ་ཡ་ཛཿཨོཾ་པདྨ་ཏྲ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་སྭ་སྭ་སྠ་ན་བནྡྷ་ཡ་བཾ། ཨོཾ་བཛྲ་གྷཎྜ་ཡ་བ་ཤིདྐུཾ་རུ་ཧོཿཞེས་པ་འདིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། ཚིམ་པར་བྱས་ནས། བརྗོད་པའི་ཆོ་གས་བདུད་རྩིར་


DTG009_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་ཞབས་བསིལ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། དྲི་དང༌། མར་མེ་ལྔ་ལ་སོགས་པའི་མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་ཉེ་བར་སྟོབས་པ་སྔོན་དུ་འགྲོ་བ་ཅན་གྱིས་མཚམས་ཀྱི་གླུ་བརྗོད་ཅིང་པདྨའི་བསྐོར་བ་ལ་སོགས་པ་རྣམས་བྱའོ། །དེ་ནས་འཁྱུད་པའི་རྗེས་རྣམས་སུ་ཕྱག་རྒྱ་བཅིང་བ་བྱས་ནས་བགེགས་རྣམ་པར་ཐར་པའི་གྲོང་ཁྱེར་གྱི་དབུས་དེར་རྣམ་པར་བརྟགས་ཏེ། དེའི་དབུས་ཀྱི་གྲོང་ཁྱེར་དང་ཤར་གྱི་འདབ་མ་ལ་དབང་པོ་མིག་སྟོང་པ་དཀར་སེར་ལག་ན་རྡོ་རྗེ་ཅན་ཨེ་ར་བ་ཏི་དཀར་པོ་ལ་གནས་པའོ། །ལྷོའི་འདབ་མ་ལ་གཤིན་རྗེ་ལག་ན་དབྱུག་པ་ཅན་ནག་པོ་མ་ཧེ་ལ་ཞོན་པའོ། །ནུབ་ཀྱི་འདབ་མ་ལ་ཆུ་ལྷ་དཀར་པོ་ཆུ་སྲིན་གྱི་བཞོན་པ་ཅན་ལག་ན་ཀུ་མུ་ད་དང་པདྨའོ། །བྱང་གི་འདབ་མ་ལ་གནོད་སྦྱིན་སེར་པོ་རྟའི་བཞོན་པ་ཅན་ལག་ན་དཔལ་གྱི་འབྲས་བུའོ། །དེ་ཐམས་ཅད་རྒྱན་འཕྱང་ཞིང་རིན་པོ་ཆེའི་ཅོད་པན་དང་ལྡན་པ་གཤིན་རྗེ་ཉི་མའི་གདན་དང་ཉི་མའི་འོད་ཅན་ལྷག་མ་རྣམས་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། །དབང་ལྡན་གྱི་འདབ་མ་ལ་འབྱུང་པོའི་བདག་པོ་དཀར་པོ་མིག་གསུམ་པ་རལ་པའི་ཅོད་པན་ཅན་ཁྱུ་མཆོག་གི་བཞོན་པ་དང་ལྡན་པ་ལག་ན་རྩེ་གསུམ་དང་སྟག་གི་པགས་པའི་གོས་འཛིན་པ། ཐལ་བས་གོས་པའི་ལུས་ཅན་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། །མེའི་འདབ་མ་ལ་མེ་ལྷ་གསུས་པ་འཕྱང་ཞིང་ཤིན་ཏུ་རྒྱས་པ་བོང་ཐུང་བ་རའི་བཞོན་པ་ཅན་དམར་པོ་བགྲང་བྲེང་དང་སྤྱི་བླུགས་འཛིན་པ་རལ་བའི་ཅོད་པན་ཅན། ཤིང་ཤུན་གྱི་གོས་དང་ལྡན་པ་ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ། སྲིན་པོའི་འདབ་མར་སྲིན་པོ་སྒྲ་གྲོལ་བ་རལ་གྲི་དང་ཐོད་པ་འཛིན་པ་ཁྲོས་ཤིང་སྨིན་མ་འཁྱོག་པ་དང་བཅས་པ་ནག་པོ་རོའི་སྟེང་ན་ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ། །རླུང་གི་འདབ་མ་ལ་རླུང་ལྷ་ལག་ན་རྡོ་རྗེ་ཅན་ལྗང་གུ་རིན་པོ་ཆེའི་ཅོད་པན་དང་ལྡན་པ་རི་དྭགས་ལ་ཞོན་པ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་འཛིན་པའོ། །ལྟེ་བ་ལ་སའི་ལྷ་མོ་སེར་མོ་ལྷའི་གོས་དང་རྒྱན་ཐམས་ཅད་འཛིན་པ་ལག་ན་བུམ་པ་དང་ཟླ་


DTG009_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདན་དང་ཟླ་བའི་འོད་ཅན་ཡི་དགས་རྣམས་ཀྱིས་སའི་ལྷ་མོ་ཀུན་ནས་བསྐོར་ནས་གནས་པའོ། །དབང་པོ་ལ་སོགས་པ་ལྔ་རྣམས་གཡོན་གྱིས་ཀླུའི་ཞགས་པ་འཛིན་ཞིང་ཐམས་ཅད་ཀྱང་གཡོན་བརྐྱང་གི་གོམ་པའོ། །སྟེང་དུ་ཆོས་འབྱུང་ལ་གནས་པའི་པདྨའི་འདབ་མ་བརྒྱད་རྣམས་ལ་ཤར་གྱི་འདབ་མར་ཟླ་བ་དཀར་པོ་རྟའི་བཞོན་པ་དང་རིན་པོ་ཆེའི་ཅོད་པན་དཀར་པོ་ཅན་ལག་ན་ཀུ་མུ་ད་དང་རྒྱན་ཐམས་ཅད་འཛིན་ཞིང་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། །ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་དག་གིས་པདྨ་འཛིན་ཞིང་རྟ་ལྗང་སེར་གྱི་བཞོན་པ་དང་རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས་ཅད་འཛིན་པ་རང་གི་གདན་དང་འོད་ཅན་ནོ། །ནུབ་ཀྱི་འདབ་མ་ལ་ལག་པ་སེར་པོ་བྱི་བ་ལ་ཞོན་པ་ཉི་མའི་གདན་དང་ཉི་མའི་འོད་ཅན་ལག་ན་མདའ་དང་རིན་པོ་ཆེའི་ཅོད་པན་ནོ། །བྱང་གི་འདབ་མ་ལ་པ་བ་སངས་སྔོན་པོའི་འོད་ཟེར་ཉི་མའི་གདན་དང་ཉི་མའི་འོད་ཅན་རིན་པོ་ཆེའི་ཅོད་པན་དང་ལྡན་པ་ཤཀྟི་འཛིན་པའོ། །དབང་ལྡན་གྱི་འདབ་མ་ལ་བཀྲ་ཤིས་དམར་པོ་ཉི་མའི་གདན་དང་ཉི་མའི་འོད་ཅན་སྐྲ་གྱེན་དུ་གྲོལ་ཞིང་པདྨ་འཛིན་པའོ། །མེའི་འདབ་མ་ལ་ཕུར་བུ་ཤིན་ཏུ་སེར་བ་ཉི་མའི་གདན་དང་ཉི་མའི་འོད་ཅན་རིན་པོ་ཆེའི་ཅོད་པན་དང་ལྡན་པ་མཆོད་སྡོང་འཛིན་པའོ། །སྲིན་པོའི་འདབ་མ་ལ་སྤེན་པ་ནག་པོ་སྐྲ་དམར་སེར་ཉི་མའི་གདན་དང་ཉི་མའི་འོད་ཅན་རྩེ་གསུམ་འཛིན་པའོ། །རླུང་གི་འདབ་མ་ལ་སྒྲ་གཅན་དང་མཇུག་རིངས་དག་ཉི་མའི་གདན་དང་ཉི་མའི་འོད་དང་ལྡན་པ་ནག་པོ་དང་དུ་བའི་འོད་ཀྱི་ཁ་དོག་དག །འཁོར་བའི་འཁོར་ལོ་བཀུག་ནས་ཟ་ཞིང་མངོན་པར་འདྲེན་པ་འཛིན་པའི་སྒྲ་གཅན་དང༌། ཁ་སྦྱར་བའི་ཐལ་མོ་འཛིན་པའི་མཇུག་རིངས་སོ། །དེའི་དབུས་ཀྱི་ལྟེ་བ་ལ་ཚངས་པ་ཕྱག་བཞི་པ་གདོང་བཞི་པ་དབྱུ་གུ་གསུམ་འཛིན་ཞིང་མི་འཇིགས་པའི་ཕྱག་རྒྱ་དང༌། ཕྱག་ལྷག་མ་དག་གིས་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ་སེར་པོ་དང་བའི་བཞོན་པ་དང་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ཚངས་སྐུད་ཅན་ནོ། །ཤ་རྒྱས་ཤིང་ཐུང་བ་རལ་པ་དང་ལྡན་པ་ཚངས་པས་ཀུན་ནས་བསྐོར་ནས་ཚངས་རིས་རྣམས་དང༌། ཚངས་པ་མདུན་ན་འདོན་རྣམས་དང༌། འཐབ་བྲལ་རྣམས་དང༌། འོག་མིན་ལ་


DTG009_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ལྷ་རྣམས་ཀྱི་ཡོངས་སུ་བསྐོར་བ་རྣམས་སོ། །འོག་ཏུ་ཆོས་འབྱུང་ལ་ཕྱོགས་བྲལ་གྱི་རིམ་པས་ཀླུ་ནོར་རྒྱས་སེར་པོ། །ཀླུ་པདྨ་དཀར་པོ། །ཀླུ་ཀརྐོ་ཊ་དམར་པོ། །ཀླུ་འཇོག་པོ་ནག་པོ། །ཀླུ་དུང་སྐྱོང་སེར་པོ། །ཀླུ་པདྨ་ཆེན་པོ་ལྗང་ཁུ། །ཀླུ་མཐའ་ཡས་སྐྱ་བོ། །ཀླུ་རིགས་ལྡན་ཁྲ་བོ་སྟེ་བརྒྱད་པོ་འདི་རྣམས་རིན་པོ་ཆེའི་ཅོད་པན་དང་ལྡན་པ། མིའི་གདོང་པ་ཅན་རྒྱན་ཐམས་ཅད་འཛིན་ཞིང་མགོ་བོ་ལ་གདེངས་ཀས་མཚན་པ། ལྷ་མ་ཡིན་དང་དམྱལ་བའི་སེམས་ཅན་དང་བཅས་པ་རྣམས་སོ། །ལྟེ་བ་ལ་ཀླུའི་རྒྱལ་པོ་ལྷག་མ་ནི་རིན་པོ་ཆེ་དཀར་པོའི་ཅོད་པན་ཅན་མིའི་གདོང་དང་གདེངས་ཀ་དང་ལྡན་པའོ། །དེ་ལྟར་དེ་རྣམས་བརྟན་པར་བྱས་ནས་སླར་ཡང་དེ་རྣམས་ཡོངས་སུ་གྱུར་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་སྦྱོར་བས་དེ་རྣམས་བསྡུས་ཤིང་རྣམ་པར་རྫོགས་པར་བྱས་ལ་སྟེང་ན་གནས་པ་རྣམས་སྐུའི་རྣམ་པ་དང༌། དབུས་ན་གནས་པ་རྣམས་མི་བསྐྱོད་པའི་རྣམ་པ་དང༌། འོག་ན་གནས་པ་རྣམས་གསུང་རྡོ་རྗེའི་རྣམ་པར་བལྟ་བར་བྱའོ། །ལས་ཐམས་ཅད་པའི་དོན་གྱི་ཕྱིར་དེ་རྣམས་ཀྱི་ཕྱག་དང་ཞལ་སླར་ཡང་བདག་ཉིད་ཇི་ལྟ་བ་དེ་ལྟར་རོ། །ལས་གཞན་གྱི་ང་རྒྱལ་སྦྱོར་བ་ཇི་ལྟ་བར་བྱ་སྟེ། བདག་ཉིད་ཀྱི་གཟུགས་ཇི་ལྟ་བར་དེ་ལྟར་ཐམས་ཅད་ཀྱིའོ། །དེའི་རྗེས་ལ་ཨོཾ་པྲ་ཝ་ར་ས་ཀཱ་རཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་རབ་ཏུ་བསྐུལ་ཏེ་མཆོད་ཡོན་སྦྱིན་ཞིང་སེན་མོ་འདེབས་པའི་ཕྱག་རྒྱས་ཞབས་དག་ལ་ཞབས་བསིལ་ཕུལ་ནས། །ཨི་དཾ་བ་ལིཾ་བྷུཉྫ་ཛཱི་གྷ་ཞེས་པ་ལ་སོགས་པས་གསོལ་བར་བྱ་ཞིང་བྱ་བ་ཡང་ཞུ་བར་བྱའོ། །དེའི་རྗེས་ལ་མཚམས་ཀྱི་གླུས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དང་ལྷ་མོའི་འཁོར་ལོ་དང་ཁྲོ་བོ་རྣམས་ཀྱི་སྔགས་བརྗོད་ཅིང་རྡོ་རྗེ་དང་དྲིལ་བུ་འཛིན་པས་མངོན་པར་འདྲེན་པ་སྔོན་དུ་འགྲོ་བ་ཅན་གྱི་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་བ་བྱས་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཞེས་པ་ལ་སོགས་པ་བཀླགས་ཏེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་བཱ་ལ་ཡ་བཛྲ་ཧེ་རུ་ཀ་ཏྭེ་ནོ་པྲ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ།


DTG009_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་སིདྡྷིཾ་མེ་པྲ་ཡ་ཙྪ་སརྦ་ཀརྨཱ་སུ་ཙ་མེ། ཙི་ཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ༔་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་ཧེ་རུ་ཀ་བཛྲ་མཱ་མེ་མུ་ཉྩ་ཧེ་རུ་ཀོ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ་ཧཱུྃ་ཕཊཿཞེས་པ་འདིས་ཚིམ་པ་རྣམས་གཤེགས་པར་བྱའོ། །དེ་ལ་འདི་ནི་རྣམ་པར་གཤེགས་པའི་སྔགས་ཏེ། ཨོཾ་ཨཱཿཧཱུྃ་ཕཊ་ཕཊ་ཕཊ་དོ། །མ་ཡིན་ན། ཨོཾ་བཛྲ་མུཿམུཿམུཿའོ། །ཨོཾ་གྱི་ཡི་གེས་སྨོན་ལམ་དང༌། །ཨཱཿའི་ཡི་གེས་ཚིམ་པ་དང༌། །ཧཱུྃ་གི་ཡི་གེས་ངོམས་པ་དང༌། །ཕཊ་ཀྱི་ཡི་གེ་གསུམ་གྱིས་ཉེ་བར་བསྡུ་བ་སྟེ། ལྷ་མོ་རྣམས་ནི་ཚད་མ་དམ་ཚིག་ཚད་མ་དང༌། །དེ་ཡིས་གསུངས་པའི་ཚིག་ནི་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་དེ་རྣམས་ཀྱིས། །བདག་ནི་རྗེས་སུ་འཛིན་པའི་རྒྱུར་ནི་འགྱུར་བར་ཤོག །སྲིད་དང་ཞི་བ་མཉམ་པར་ཆགས་ཤིང་ཐེ་ཚོམ་རྟོག་པ་བཅོམ་པ་སྟེ། །ནམ་མཁའ་བཞིན་དུ་སྟོང་པ་ལས་ནི་དངོས་པོ་མཐའ་དག་རྣམ་གཟིགས་ཤིང༌། །བརྩེ་བ་མཆོག་གི་སྙིང་རྗེའི་ཆུ་ཡིས་རྒྱས་པའི་སེམས་ཀྱི་ཆུ་ཡིས་མགོན་པོ་རྣམས། །ལྷ་མོ་རྣམས་ཀྱིས་བདག་ལ་རྗེས་སུ་བརྩེ་བར་མཛོད་ཅིག་མཛོད། །ཡན་ལག་དྲུག་དང་པོར་བྱས་ནས་གཏོར་མའི་དེ་ཉིད་ཀྱི་མཐར་ཐུག་པ་འདིས་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །

ཕྲ་མོའི་རྣལ་འབྱོར།


DTG008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ལངས་ནས་ཆོས་ཀྱི་དབུས་སུ་སྣ་ཚོགས་པདྨ་བསམ་ཞིང་དེའི་འདབ་མ་རྣམས་ལ་བརྒྱད་པ་རྣམས་ཀྱི་དབང་ཕྱུག་བརྒྱད་རྣམས་དང༌། དེའི་ཐུགས་ཀར་ས་བོན་བསམས་ཏེ། ས་བོན་ལས་ནཱ་དའི་རྩེ་མོ་བྱེ་བ་བསྒོམ་ཞིང་སེམས་བརྟན་པར་བྱེད་པའི་དོན་དུ་ཕྲ་མོའི་མཐའ་བསམ་པར་བྱའོ། །དེ་དང་ལྷན་ཅིག་པར་གྱུར་པས་ཐེ་ཚོམ་མེད་པར་སེམས་བརྟན་པར་འགྱུར་ཞིང༌། སེམས་བརྟན་པ་ཙམ་གྱིས་དེ་བཞིན་གཤེགས་པའི་ཚོགས་དང༌། རྣལ་འབྱོར་མའི་ཚོགས་རྒྱ་ཆེན་པོ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་སྤྲོ་བར་བྱའོ། །གང་ལས་ཤེ་ན། རང་གི་མཚན་མ་ལས་བསམ་དུ་མེད་པའི་མགོན་པོ་དཀྱིལ་འཁོར་དང་བཅས་པའི་བདག་ཉིད་ཅན་མངའ་བདག་འཕྲོ་བ་སྟེ། མཚན་མ་ཡང་ཡུངས་ཀར་སྦོམ་པོ་ཙམ་པ་


DTG009_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱའོ། །འདི་ནི་ཕྲ་མོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །

གོ་ཆ་གཉིས་དང་དགོད་པ་གཉིས།


DTG008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ལངས་ནས་གལ་ཏེ་ཡང་གོ་ཆ་གཉིས་བྱས་ནས་ཀྱེ་རྡོ་རྗེ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱིས་འཆག་པར་བྱ་སྟེ། མི་བསྐྱོད་འཁོར་ལོའི་གཟུགས་ཀྱིས་ནི། །ཞེས་པ་ལ་སོགས་པས་ཧཱུྃ་མགོ་བོ་ལ་འཁོར་ལོར་བྱ་ཞིང་ཧྲཱིཿརྣ་བ་དག་ལ་ལྷའི་རྣ་ལུང་དང༌། ཛཱཾ་མགུལ་པར་མགུལ་གྱི་ཕྲེང་བ་དང༌། ཨཾ་ལག་པ་དག་ལ་དཔུང་རྒྱན་གཉིས་དང༌། ཁཾ་དཔྱི་ལ་སྐེ་རགས་ཉིད་དང༌། ཧཾ་ལུས་ཐམས་ཅད་ལ་ཐལ་བའི་ལུས་ནི་གདམས་ངག་ཆེན་པོའི་ལས་གོ་ཆ་བགོ་ཞིང༌། དེ་བཞིན་དུ། མིག་ཏུ་གཏི་མུག་རྡོ་རྗེ་མ། །ཞེས་པ་ལ་སོགས་པའི་གོ་ཆའོ། །དེ་ལ་གོ་ཆའི་སྔགས་ནི་འདི་ཡིན་ཏེ། ཨཾ་ཨཱཾ་ཨིཾ་ཨཱིཾ་ཨུཾ་ཨཱུཾ་སྟེ། དེ་དང་འདིས་ནི་རྡོ་རྗེ་རྣལ་འབྱོར་མ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བགོས་པའི་ལུས་དེ་ནི་བཅོམ་ལྡན་འདས་སོ་ཞེས་གོ་ཆ་གཉིས་པའོ། །

འཆག་པ།


DTG008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་གོ་ཆ་བགོས་ནས་ལྷན་ཅིག་སྐྱེས་པའི་ཀྱེ་རྡོ་རྗེའི་རྣལ་འབྱོར་གྱི་རྣལ་འབྱོར་པ་སེང་གེ་བཞིན་དུ་གནས་པར་བྱའོ། །གང་དུ་ཞེ་ན་འཇིག་རྟེན་གསུམ་གྱི་ཁང་པའི་ནང་དུའོ། །དེ་ལྟར་ཡང༌། འདི་ནི་གཞལ་ཡས་ཁང་སྟེ་སྲིད་གསུམ་མ་ཡིན་སྲོག་ཆགས་རྣམས་མིན་འདི་རྣམས་རྒྱལ་བ་རྣམས། །བདག་ནི་འཁོར་ལོའི་དབང་ཕྱུག་མི་མིན་ཡུལ་མིན་དབང་པོ་རྣམས་མིན་ས་སོགས་རྣམས་མ་ཡིན། །ཆོས་ཉིད་བདག་ཉིད་ཉིད་ཀྱི་གཟུགས་སོགས་རྣམས་མིན་དེ་རྣམས་དང་ནི་འདི་རྣམས་དཀྱིལ་འཁོར་བ། སྣ་ཚོགས་པ་ནི་དཀྱིལ་འཁོར་འཁོར་ལོར་མཉམ་པའི་སེམས་ཏེ་ཅི་ཞིག་ཁྱོད་ནི་འཁྲུལ་པར་བྱེད། །

ཁ་ཟས།


DTG008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་གང་ཅུང་ཞིག་ཉེ་བར་བསྒྲུབས་པའི་བཟའ་བའི་རྫས་རྣལ་འབྱོར་རྙེད་དམ་དེ་ཐམས་ཅད་སྔོན་བཞིན་དུ་བདུང་རྩི་མྱང་བའི་ཆོགས་རྣམ་པར་སྦྱངས་ཏེ། དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ནས་བཟའ་བར་བྱའོ། །

སྤྱོད་ལམ།


DTG008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བའི་ཆོ་ག་བརྗོད་ནས་དེ་ནས་གནས་དང་རྒྱུ་བ་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བདག་གིས་བརྗོད་པར་བྱ་སྟེ། སྲེད་དང་རྨོངས་དང་ཆགས་དང་ཁྲོ། །རྩེད་མོ་བྱ་བ་སྤང་བྱ་སྟེ། །གཉིད་དང་ང་རྒྱལ་རབ་སྤངས་ན། སྤྱོད་པ་ཐེ་ཚོམ་མེད་པར་བྱ། །དེས་


DTG009_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ན། ལུས་ནི་སྦྱིན་པར་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་བརྩམ། །སྐལ་པ་སྐལ་མིན་རྣམ་སྤྱད་ནས། །དེ་ཕྱིར་སྦྱིན་པ་མི་སྦྱིན་ནོ། །བཟའ་དང་བཅའ་བ་བཏུང་བ་ནི། །ཇི་ལྟར་ཐོབ་པ་བཟའ་བ་སྟེ། །འདོད་དང་མི་འདོད་རྟོག་པ་ལས། །འཛིན་པ་འདིར་ནི་མི་བྱའོ། །རིགས་ལྔར་ཡང་དག་སྦྱོར་བ་ནི། །རིགས་གཅིག་ཏུ་ནི་བརྟག་པ་སྟེ། །རིགས་ནི་གཅིག་དང་དུ་མ་ཡིས། །ཇི་ལྟར་དབྱེ་བ་མི་སྐྱེའོ། །ཤིང་གཅིག་ཏུ་འམ་དུར་ཁྲོད་དུ། །དགེ་བའི་བསྒོམ་པ་བཤད་པ་སྟེ། །མ་མོའི་ཁྱིམ་དུ་མཚན་མོར་དང༌། །ཡང་ན་སྐྱེ་བོ་མེད་པའི་མཐར། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །ཆུང་ཞིག་དྲོད་ནི་ཐོབ་པ་ནའོ། །གལ་ཏེ་གྲུབ་པར་འགྲོ་འདོད་པ། །སྤྱོད་ན་སྤྱོད་པ་འདིས་སྤྱད་དོ། །གཞན་རྣམས་ཀྱང་རྩ་བར་གསལ་ཞིང་སྤྱོད་པ་ཞེས་པས་སྤྱོད་པ་སྟེ་རྒྱུ་བ་དང༌། གནས་པ་དང༌། ཐ་སྙད་དང༌། སྤྱོད་པ་དང༌། དོན་དམ་པ་ལ་ཡང་བརྗོད་དེ། ཆེན་པོ་མཆོག་རབ་ཏུ་ཐོབ་ནས་སོ། །ཆེན་པོ་མཆོག་གི་དོན་གང་ཡིན་ཞེ་ན། ཅུང་ཞིག་དྲོད་ཐོབ་པའོ། །འདིའི་དོན་ཅི་ཞེ་ན། ཆུང་ངུའི་ཕྱིར་མཚན་མོར་རང་གི་གནས་སུ་སྦས་ཤིང་སྤྱད་དེ། ཇི་སྲིད་དེ་ལྟར་དྲོད་ཐོབ་པར་གྱུར་པའི་བར་དུའོ། །གང་ལས་ཤེ་ན། ཇི་ལྟར་དབྱེ་བ་མི་ཤེས་པ། །ཞེས་པའི་ཚིག་ལས་སོ། །ཐོབ་པར་གྱུར་ན་རྣམ་གཞག་མེད་པར་ལར་གྱིས་ཤིག་པའམ་མི་བྱེད་པ་ནི་རང་དབང་ཉིད་དོ། །

ཉལ་བ།


DTG008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐུན་གཞན་ལ་ཉལ་བར་འདོད་པས་དགའ་བྲལ་གྱི་རྣལ་འབྱོར་སྔོན་དུ་བྱས་ནས་ཉལ་བར་བྱ་ཞིང༌།

སླར་ལྡང་བ།


DTG008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བའི་དུས་སུ་པུཀྐ་སཱི་ལ་སོགས་པའི་གླུས་བསྐུལ་ཏེ་ལངས་ནས་དེ་ལྟར་བྱའོ། །རིམ་པ་འདིས་ནི་ཇི་སྲིད་དཀྱིལ་འཁོར་གྱི་འཁོར་ལོ་ཐོབ་པར་གྱུར་པའི་བར་དུའོ། །དེ་ནས། བསྐྱེད་པའི་རིམ་པ་མ་རྟོགས་པར། །ཇི་ལྟར་རྫོགས་པ་མི་ཤེས་ཤིང༌། །རྫོགས་པའི་རིམ་པ་མ་རྟོགས་པ། །དེ་ལྟར་བསྐྱེད་པའི་རིམ་པ་མིན། །དེ་ལྟར་ཡང༌། རིམ་པ་གཉིས་ལ་མཉམ་བརྟེན་ནས། །རྡོ་རྗེ་ཅན་གྱི་ཆོས་བསྟན་ཏོ། །དེ་ལྟར་ཇི་ལྟར་བསྟན་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུའོ། །ཞལ་གཅིག་ནི་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའོ། །ཕྱག་གཉིས་ན་སྟོང་པ་


DTG009_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་སྙིང་རྗེ་རྣམ་པར་དག་པའོ། །ཕྱག་གཡས་ན་རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་རབ་ཏུ་གསལ་བར་བྱེད་པའོ། །གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་སྟེ། ཁ་ཊྭཱཾ་ག་ནི་ཤེས་རབ་ཀྱི་རང་བཞིན་དང༌། ཐོད་པ་ནི་བྱང་ཆུབ་ཀྱི་སེམས་རབ་ཏུ་གསལ་བར་བྱེད་པའོ། །དེ་བཞིན་དུ་ཕྱག་བཞི་ནི་བདུད་བཞི་ཉམས་པའི་དོན་ཏོ། །ཞལ་གཅིག་ནི་བསམ་དུ་མེད་པའི་ཡེ་ཤེས་རྣམ་པར་དག་པའོ། །དང་པོ་དང་གཡས་ཀྱི་ཕྱག་ན་རྡོ་རྗེ་ནི་ཟུང་དུ་འཇུག་པའི་ལམ་རབ་ཏུ་གསལ་བར་བྱེད་པའོ། །དང་པོ་དང་གཡོན་པའི་ཕྱག་ན་ཐོད་པ་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག་གིས་གང་བའོ། །ལྷ་དང་ལྷ་མ་ཡིན་གྱིས་སྒྲས་ནི་དངོས་པོ་དང་དངོས་པོ་མེད་པའོ། །ཁྲག་གི་སྒྲས་ནི་དེ་བཞིན་དུ་གྱུར་པའོ། །གང་བའི་སྒྲས་ནི་གོ་འཕང་དེ་ཐོབ་པའོ། །དེ་རྣམ་པར་དག་པའི་མིའི་ཐོད་པའོ། །ཕྱག་ལྷག་མ་དག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །དེ་ལྟར་ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །ཞལ་གསུམ་ནི་སྐུ་དང༌། གསུང་དང་ཐུགས་རབ་ཏུ་གསལ་བར་བྱེད་པའོ། །གཡོན་ན་དྲིལ་བུ་ནི་སྟོང་པ་ཉིད་རྣམ་པར་དག་པའོ། །རྩེ་གསུམ་ནི་མི་ཤེས་པ་གསུམ་གཅོད་པའི་དོན་ཏོ། །གཡས་ན་རྡོ་རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའོ། །གྲི་གུག་ཀྱང་ལྷག་མའི་ཤེས་པ་གཅོད་པའི་ཕྱིར་རོ། །ཕྱག་ལྷག་མ་དག་གིས་གྲི་གུག་དང་ཐོད་པ་སྟེ། དེ་ལྟར་ཕྱག་གཉིས་པ་དང༌། ཕྱག་བཞི་པ་དང༌། ཕྱག་དྲུག་པ་རྣམས་ཀྱི་རྣམ་པར་གཞག་པའོ། །སྐྱིལ་ཀྲུང་ཕྱེད་པས་རོའི་སྟེང་ན་ཉི་མ་ལ་གནས་པའོ། །གཞན་ཕྱག་བཅུ་དྲུག་པ་ཇི་ལྟ་བར་རོ། །གསུམ་པ་དེ་རྣམས་ལ་ཡང་དེ་ལྟར་རོ། །དཔལ་ལྡན་མཚོ་སྐྱེས་ཞབས་ཀྱིས་མདོར་བསྟན་པའི། །མདོ་ནི་བཀའ་ཡིས་ཛཱ་ལནྡྷ་རི་པར། །གྲགས་པ་བདག་གིས་རྣམ་པར་སྨྲས་པ་ནི། །དེ་ཡི་ཆོས་ལ་བརྟེན་ནས་མདོར་བཤད་པའོ། །རྣམ་དག་རིམ་པ་མདོར་བཤད་པ། །དགའ་བའི་རྡོ་རྗེས་བྱས་པ་སྟེ། །དེས་ནི་འགྲོ་ཀུན་དཔལ་རྡོ་རྗེ། །ཡེ་ཤེས་ཕ་རོལ་ཕྱིན་གྱུར་ཅིག་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་གྲུབ་པ་བརྙེས་པའི་སློབ་དཔོན་དཔལ་ཛཱ་ལནྡྷ་རི་ཞབས་ཀྱིས་མཛད་


DTG009_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡོངས་སུ་རྫོགས་སོ།། །།པཎྚི་ཏ་མཉྫུ་ཤྲཱི་ལ་མཉན་ནས། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ། །


previousཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། ཛཱ་ལནྡྷ་རིས་མཛད།next