Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་པ།


   
  expand section
   
   
   
  expand section
   
   
   
   
  expand section
  expand section
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section
   
   
  expand section
   
   
  expand section
   
   
  expand section
   
  expand section
  collapse section
དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག  ནག་པོ་པས་མཛད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section


 
previousདཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག ནག་པོ་པས་མཛད།next

དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག
ནག་པོ་པས་མཛད།

ཁུང་བུ་གང་བའི་ཆོ་ག


DTG009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ས་པཏྟ་ཏི་མཎྜལ་བི་དྷི། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་མཁའ་འགྲོ་ལ་འཚལ་ལོ། །འཇིག་དུས་ཆུ་འཛིན་མདོག་ཅན་དྲུག་ལྷག་བཅུ་ཡི་ཕྱག་ལྡན་དྲག་ཞལ་བརྒྱད། །བརྒྱད་ཕྱེད་དམར་བའི་ཞབས་རྣམས་གཡས་བརྐྱང་ཕྱེད་ཀྲུང་བདུད་ཀྱི་སྙིང་གར་མནན། །སྟག་ལྤགས་མནབས་ཤིང་ཉམས་དགུའི་ཡོན་ཏན་ལ་བརྟེན་མགོ་ཕྲེང་ཐོད་པ་ཅན། །སྲིད་པའི་འཇིགས་འཇོམས་འཇིགས་རུང་བཞད་མཛད་དགྱེས་པའི་རྡོ་རྗེས་རྟག་ཏུ་སྲུངས། །སྐྱེ་བོ་ཕལ་ཆེར་སྡུག་བསྔལ་གྱིས་གདུངས་པས། །གཞུང་མང་བལྟ་བར་ནུས་པ་མ་ཡིན་ཏེ། དེས་ན་ཕུན་སུམ་ཚོགས་མིན་འཇོམས་བྱེད་པའི། །གཞུང་འགྲེལ་དཀྱིལ་ཆོ་ག་ཤིན་ཏུ་མདོར་བསྡུས་པ། །བདག་གི་ནུས་པ་ཇི་བཞིན་འདིར་བྱའོ། །དང་པོར་རེ་ཞིག་སློབ་དཔོན་གསང་སྔགས་ཀྱི་ཚུལ་ལ་མཁས་ཤིང༌། འཁོར་བའི་སྡུག་བསྔལ་ལས་འགྲོ་བ་འདོན་པའི་བསམས་པ་ཅན་ཐོས་པ་དང་བསམས་པ་དང་བསྒོམས་པའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པས་མ་ལུས་པའི་ཡུལ་རྣམས་དུག་མེད་པར་བྱས་ཏེ། ཉེ་བར་སྤྱོད་པའི་ཤེས་རབ་ཀྱི་ཚོགས་སྤེལ་བས་ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བའི་མ་རིག་པའི་ལིང་ཏོག་བསལ་ཏེ། རང་བཞིན་གྱི་འོད་གསལ་བ་དང་ལྡན་པ་ལ། སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དེའི་སེམས་ལས་བྱུང་བའི་བགེགས་རང་གི་སྙིང་གའི་ས་བོན་གྱི་གཟི་བརྗིད་ཀྱིས་བསྐྲད་ལ། རྩ་བའི་སྔགས་སམ་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསྲུངས་ནས། འཁོར་ལོ་ཅན་གྱི་རྩ་བའི་སྔགས་དང༌། བདག་མེད་མའི་སྔགས་འབུམ་ཕྲག་རེ་རེ་བཟླས་པས་སྔོན་དུ་བསྙེན་པ་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཕྱོགས་སུ་སོང་སྟེ། རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་དེར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ་དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་


DTG009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བསམས་ནས། ཉི་མ་དང་རྡོ་རྗེ་དག་ལས་རྡོ་རྗེའི་རང་བཞིན་གྱིས་སར་བྱས་ལ། རྩ་བའི་སྔགས་མངོན་པར་བཟླས་པའི་ཆུས་བསང་གཏོར་བྱའོ། །དེ་ནས་སའི་ལྷ་མོ་མདོག་སེར་མོ་ཞི་བའི་རང་བཞིན་ཅན་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་བསྣམས་པ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་མཆོད་པ་བྱ་སྟེ། དགྱེས་པའི་རྡོ་རྗེ་ཁྲོ་བོ་ཡིས། །མཆོད་ཅིང་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བའི་སྔགས་ཀྱི་ཚིག་གིས་ས་བླངས་ལ། །སའི་ལྷ་མོ་བློས་ནམ་མཁའི་ཕྱོགས་སུ་བཏེག་ནས། པུས་མོ་ནུབ་ཙམ་དུ་བརྐོས་ཏེ། གྱོ་མོ་ལ་སོགས་པ་བསལ་ཏེ་ས་དེ་ཉིད་ཀྱིས་དགང་པར་བྱའོ། །དེ་ལྟར་ཡང་གསང་བ་དེ་ཁོ་ན་ཉིད་བསྡུས་པ་ལས། །པུས་ནུབ་ཙམ་དུ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་པར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་སྟོན་པ་ཡིན། །ཞེས་གསུངས་སོ། །ཁུང་བུ་དགང་བའི་དུས་སུ་མཆོད་པ་དང་གཏོར་མ་ཅི་ནུས་པ་ཡང་བྱ་སྟེ། འདི་ནི་ཁུང་བུ་དགང་བའི་ཆོ་གའོ། །

ས་སྦྱང་བའི་ཆོ་ག


DTG008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་མངོན་པར་འདུས་བྱས་པའི་དཀྱིལ་འཁོར་གྱི་སར་སློབ་དཔོན་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས། རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་བརྗོད་ལ། སྔར་བསྟན་པ་བཞིན་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལས་བྱུང་བའི་རྡོ་རྗེའི་སར་བསྒོམས་ཏེ། ཨོཾ་མ་དེ་ནི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུ༵། ཞེས་བྱ་བ་འདིས་ས་བྱིན་གྱིས་བརླབ་པར་བྱ་སྟེ། ས་སྦྱང་བའི་ཆོ་གའོ། །

ས་ཡོངས་སུ་བཟུང་བ།


DTG008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། སློབ་མས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་བྱ་བ་ལ་སོགས་པ་འོག་ནས་བྱུང་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་ཀྱང་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་དང༌། ཙནྡན་གྱི་བྱུག་པ་དང༌། ཅོད་པན་ལ་སོགས་པས་བརྒྱན་ལ་རྡོ་རྗེ་དང་དྲིལ་བུ་གཟུང་ངོ༌། །ཆོ་ག་དེ་ཉིད་ཀྱིས་སློབ་མ་བཞི་ཡང་གཽ་རཱི་ལ་སོགས་པར་དམིགས་ཏེ་ཕྱོགས་བཞིར་བཞག་ལ། ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་


DTG009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །སེམས་དཔའ་རྡོ་རྗེ་ལས་བྱུང་བའི། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་སྤངས་པ་ཡི། །ཀུན་དུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་མཐར་ཧཱུཾ་བཛྲོ་ད་ཏི་ཥྛ་ཞེས་བྱ་བས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བཏེག་ལ། བདག་ཉིད་ཕྱག་གཉིས་པའི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས། མིག་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་བསྒོམ། མིག་གཡོན་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། ཁྲོ་བོའི་ལྟ་བས་དཀྱིལ་འཁོར་གྱི་ས་ཐམས་ཅད་དུ་བལྟས་ནས། ལངས་ཏེ་རྐང་མཐིལ་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གདེངས་པོ་བསྒོམས་ལ། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། གཡས་བརྐྱང་དང༌། གཡོན་བརྐྱང་ལ་སོགས་པའི་རྡོ་རྗེའི་འགྲོས་ཀྱིས་གར་གྱི་ཚུལ་གྱིས་ཀུན་དུ་བཅགས་ནས་དཀྱིལ་འཁོར་གྱི་སར་གནས་པའི་བགེགས་རྣམས་ལ་འདི་སྐད་བརྗོད་པར་བྱའོ། །ཧཱུྃ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་པའི་ལུས་འདི་ཡིས། །སྐུ་གསུམ་ལས་བྱུང་དགག་པར་བྱའོ། །གལ་ཏེ་བདག་ཚིག་ལས་འདས་ན། །ཞིག་གྱུར་འདི་ནི་ཐེ་ཚོམ་མེད། །ཅེས་བརྗོད་ནས་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོའི་ཡེ་ཤེས་ལས་བྱུང་བའི་ལས་ཙམ་གྱིས། གང་སུ་ཡང་རུང་བའི་ལུས་སྲུལ་པོ་ལ་སོགས་པ་བགེགས་ཀྱི་ཚོགས་ཆེན་པོ་རྣམས་འདིར་མ་གནས་པར་དེངས་ཤིག་ཅེས་ཀྱང་བརྗོད་དེ། ས་ཡོངས་སུ་གཟུང་པའོ། །

སའི་ལྷ་མོ་སྟ་གོན་ལ་གནས་པ།


DTG008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བགེགས་རྣམས་ཞི་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱིས་སའི་དབུས་སུ་གནས་སོ། །བགེགས་མཐར་བྱེད་ཀྱི་སྐུ་སྨད་ཕུར་བུའི་གཟུགས་ཅན་བཅུ་ཕྱུང་ལ། ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཕཊ་ཧཱུྃ་ཧཱུྃ་ཧཱུ༵། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙི་ཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བྱ་བའི་ཕུར་བུའི་སྔགས་ཀྱིས་ཕུར་བུ་བཏབ་ལ། ཕུར་བུའི་ཕྱི་རོལ་དུ་རྡོ་རྗེ་ར་བ་དང༌། དྲ་བ་ལ་སོགས་པ་བསམས་ཏེ། རཀྵ་རཀྵ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་ཡང་སའི་ལྷ་མོ་མེ་ཏོག་ལ་སོགས་པ་ཉེ་བའི་ལོངས་སྤྱོད་ཀྱིས་མཆོད་དེ། །དགྱེས་པའི་རྡོ་རྗེ་ཁྲོ་བོ་ཡི། །མཆོད་ཅིང་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་དང༌། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་སའི་ལྷ་མོ་སྟ་གོན་ལ་གནས་པར་བྱའོ། །

ལྷ་སྟ་གོན་ལ་གནས་པའི་ཆོ་ག


DTG008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་ཀྱི་ས་བདུད་རྩི་ལྔ་དང་ལྡན་པའི་དྲི་ཞིམ་པོས་བྱུགས་ལ། བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་ཀྱི་སོ་སོའི་གནས་གནས་སུ་བདུད་རྩི་ལྔའི་མཎྜལ་བྱས་ནས། གོ་རིམས་ཇི་ལྟ་བ་བཞིན་དུ་ནམ་མཁའ་ལ་གནས་པའི་འཁོར་ལོ་བློས་བཀུག་སྟེ། བཞུགས་སུ་གསོལ་ལ། ཡང་མཚམས་བཅིང་བ་ལ་སོགས་པ་བྱ་སྟེ། ཅི་འབྱོར་བའི་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་ནས་ཚིགས་སུ་བཅད་པ་འདིས་བསྟོད་པར་བྱའོ། །གཏི་མུག་གིས་མནན་འགྲོ་བལྟས་ནས། །འགྲོ་བའི་གཏི་མུག་རབ་ཞིའི་ཕྱིར། །རྡོ་རྗེ་ཅན་གྱིས་གཽ་རཱིར་མཛད། །དེ་བས་གཽ་རཱི་བསྟོད་ཕྱག་འཚལ། །ཞེ་སྡང་གིས་མནན་འགྲོ་བལྟས་ནས། །འགྲོ་བའི་ཞེ་སྡང་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱིས་ཙཽ་རཱིར་མཛད། །དེ་བས་ཙཽ་རཱི་བསྟོད་ཕྱག་འཚལ། །ང་རྒྱལ་གྱིས་མནན་འགྲོ་བལྟས་ནས། །འགྲོ་བའི་ང་རྒྱལ་ཞི་བྱའི་ཕྱིར། །གཙོ་བོས་བེ་ཏཱ་ལཱི་གཟུགས་མཛད། །དེ་བས་བེ་ཏཱ་བསྟོད་ཕྱག་འཚལ། །འདོད་ཆགས་ཀྱིས་དཀྲུགས་འགྲོ་བལྟས་


DTG009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འགྲོ་བའི་འདོད་ཆགས་ཞི་བྱའི་ཕྱིར། །གཙོ་བོས་གྷ་སྨ་རཱི་གཟུགས་མཛད། །དེ་བས་གྷ་སྨ་རཱི་བསྟོད་འདུད། །བདག་མེད་མ་དང་གཉིས་མེད་གཟུགས། །ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་འདུད། །ཡེ་ཤེས་ལྔ་དང་སྐུ་གསུམ་བདག །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །དེ་ནས་བསྐོར་བ་བྱས་ལ། །བདུད་རྩི་ལྔ་དང་ལྡན་པའི་བདུག་སྤོས་ཐོགས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཧཱུཾ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོ་ཕྱག་འཚལ་འདུད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་འབྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་རྣམས། །གང་སུ་རྡོ་རྗེའི་སྤྱན་ཅན་རྣམས། །རྡོ་རྗེ་ཆེན་པོ་འདི་བཞེས་པས། །ཧེ་རུ་ཀ་འབྱུང་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཕྱིར་བདག་འབྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཐུགས་དཔག་མཛད་ནས་ཀྱང༌། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ནས་ཉེ་བར་མཛོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པས་ལྷག་པར་གནས་པར་བྱ་སྟེ། འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། །

ཐིག་གདབ་པའི་ཆོ་ག


DTG008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྩ་བའི་སྔགས་དང་ཕྲེང་བའི་སྔགས་ཅི་ནུས་སུ་བཟླས་ལ། ཏིང་ངེ་འཛིན་གྱིས་ནང་གི་ས་སྦྱང་བར་བྱ་སྟེ། ཐོ་རངས་ཀྱི་དུས་སུ་ཡང་མཆོད་པ་དང༌། བསྟོད་པ་ལ་སོགས་པ་བྱས་ནས། དྲིའི་དཀྱིལ་འཁོར་ལ་གནས་པའི་ལྷའི་འཁོར་ལོ་ཡིད་ཀྱིས་ནམ་མཁའ་ལ་བཏེག་སྟེ། གཤེགས་སུ་གསོལ་ལ། རིམ་པ་འདིས་དཀྱིལ་འཁོར་གྲུ་བཞི་པར་ཐིག་གདབ་པར་བྱའོ། །རིམ་པ་དེ་ཡང་འདི་ཡིན་ཏེ། དང་པོར་ཚངས་ཐིག་གཉིས་བཏབ་ནས།


DTG009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འོག་མཚམས་ཀྱི་ཐིག་གཉིས་གདབ། །དེ་ནས་དཀྱིལ་འཁོར་ཚད་དང་ནི། །མཐུན་པར་གྲུ་བཞིར་གདབ་པར་བྱ། །ཚངས་པའི་ཐིག་གིས་ངོས་གཉིས་སུ། །སྒོ་ཡི་འཁོར་ལོའི་བརྒྱད་ཆར་གདབ། །དེ་ནས་ངོས་གཅིག་གྱེན་ཚད་དུ། །ཚོན་གྱིས་ཡི་ཐིག་གདབ་བྱ། །དེ་ནས་ཡང་ནི་སྒོ་ཡི་ཕྱེད། །ཚོན་སྣ་སྒོ་ཡི་བཞི་ཆ་རུ། །སྐུད་པ་གཉིས་པ་བྲི་བར་བྱ། །དེ་ཡི་ཚད་དུ་ལོགས་ཐིག་བྲི། །དེ་ནས་སྒོ་ཚད་གསུམ་དུ་བྱ། །ལྷ་ཡི་གནས་ཀྱི་སྐུད་པ་ནི། །མཚམས་སུ་སྒོ་དང་མཚུངས་པར་གདབ། །ངོས་ཀྱི་རི་མོ་རྣམ་པ་ལྔ། །སྒོ་ཡི་བཞི་ཆར་ཀུན་དུ་གདབ། །སྒོ་ཕྱེད་ཀུན་དུ་མུ་ཁྱུད་དེ། །རིན་ཆེན་ས་གཞི་དེ་ཡི་ཕྱེད། །དྲ་བ་དྲ་ཕྱེད་སྣམ་བུ་ནི། །མུ་ཁྱུད་ས་དང་མཚུངས་པར་གདབ། །བ་གམ་གྱི་ནི་ས་གཞི་དག །དེ་ཡི་ཕྱེད་དུ་ཀུན་དུ་བྲི། །དེ་ལྟར་བྲིས་ནས་ཐིག་དབྱི་བ། །གཞན་དག་ཏུ་ནི་གསལ་བཤད་པས། །དེ་ལྟར་འདིར་བརྗོད་ཡོད་མིན་ཏེ། །རང་རང་གིས་ནི་དབྱེ་བར་བྱ། །དེ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་ཚོན་སྣ་ལྔས་ཁ་དོག་ལེགས་པར་བཙོས་པའི་སྐུད་པ་ལེགས་པར་བསྒྲིལ་ཅིང་བསལ་ལ། །ཆུར་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་བྱས་ཏེ། ཡང་སློབ་དཔོན་ཕྱག་གཉིས་པ་དགྱེས་པའི་རྡོ་རྗེར་བསྒོམས་ལ། གཡས་གཡོན་གྱི་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ཏེ། འབར་བའི་ལྟ་བས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། དེར་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ནས། བདུད་རྩི་ལྔས་བྱུགས་ཏེ་དུམ་བུར་བྱས་ལ། རྩ་བའི་སྔགས་ཀྱིས་བསྲུངས་ནས་སྣོད་གཙང་མར་གཞག་པར་བྱའོ། །དེ་སྐད་དུ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། རབ་ཏུ་མྱུར་བར་བསྐུལ་བའི་མིག །མིག་གི་རྫི་མས་འགུགས་བྱེད་པ། །འབར་བའི་ལྟ་བས་ཞེས་བྱ་སྟེ། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །ཅེས་གསུངས་སོ། །དེ་ནས་དེའི་འོག་ཏུ། ཨོཾ་ཨ་བྷ་ག་ཝཱ་ན་ཤ་ས་ཏྭ་སཱུ་པྲ་པྲ་ཡ་ཙྪ་སྭཱ་ཙ་ཀྲ་སཱུ་ཏྲ་ན་ཡ་ཧཱུྃ་ཞེས་བྱ་བས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་སྐུད་པ་བླངས་ལ་ཕན་ཚུན་རྗེས་སུ་རྟོགས་པ་སྟེ། ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །


DTG009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཐམས་ཅད་ཤིན་ཏུ་ཡང༌། །རྗེས་སུ་འགྲོ་བར་ཆོས་ཀུན་བརྗོད། །ཅེས་བརྗོད་ལ། སློབ་མ་གཽ་རཱིའི་རྣལ་འབྱོར་དང་ལྡན་པ་དང་ལྷན་ཅིག་བསྒྲིལ་ལོ། །དེ་ནས་ཛཿ་གསུམ་གྱིས་སློབ་མ་ལ་གཏད་དོ། །བདག་ཉིད་ཀྱང་དེ་བཞིན་དུ་བརྗོད་ནས་རྡོ་རྗེ་ལ་དཀྲིས་པའི་སྐུད་པ་ཁུ་ཚུར་གཡོན་པས་བཟུང་སྟེ། ནུབ་ཕྱོགས་སུ་གནས་ནས། ཤར་ཕྱོགས་སུ་གནས་པའི་སློབ་མ་དང་ལྷན་ཅིག་ཏུ་ཚངས་པའི་ཐིག་དང་པོ་གདབ་པོ། །ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུ༵། སེམས་ཅན་དོན་བྱེད་དུས་སུ་ནི། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས། །དེ་དག་འདིར་གཤེགས་བྱ་བའི་ཕྱིར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བྱ། །དེ་ལྟར་ནམ་མཁའ་ཐིག་གདབ་པ་ན། ཐིག་སྐུད་གྱི་སྒྲས་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ་འབྱོན་པར་འགྱུར་རོ། །དེ་ནས་བསྐོར་ཕྱོགས་སུ་སོང་སྟེ། གཤིན་རྗེའི་ཕྱོགས་སུ་གནས་ནས། བྱང་ཕྱོགས་སུ་གནས་པའི་སློབ་མ་དང༌། ཚངས་ཐིག་གཉིས་པ་གདབ་ཅིང༌། དེའི་འོག་ཏུ་ཡང་དེ་བཞིན་དུ་གདབ་བོ། །དེ་ནས་མེ་མཚམས་སུ་སོང་སྟེ། དབང་ལྡན་གྱི་མཚམས་ན་གནས་པའི་སློབ་མ་དང་ཤར་ལོགས་ཀྱི་ཐིག་བཏབ་ལ། ཡང་སྐོར་ཕྱོགས་སུ་རླུང་མཚམས་སུ་སོང་སྟེ། བདེན་བྲལ་གྱི་མཚམས་ན་གནས་པའི་སློབ་མ་དང༌། ནུབ་ལོགས་ཀྱི་ཐིག་གདབ་པོ། །དེ་ཉིད་དུ་གནས་དེ་སློབ་མ་དབང་ལྡན་གྱི་ཕྱོགས་སུ་སོང་ནས་བྱང་ལོགས་ཀྱི་ཐིག་གདབ་ལ། ཡང་སྐོར་ཕྱོགས་མི་མཚམས་སུ་སོང་སྟེ། བདེན་བྲལ་གྱི་མཚམས་ན་གནས་པའི་སློབ་མ་དང༌། ལྷོ་ལོགས་ཀྱི་ཐིག་གདབ་པོ། །ཡང་དེ་ཉིད་དུ་གནས་ཏེ་རླུང་མཚམས་ན་གནས་པའི་སློབ་མ་དང་མཚམས་ཐིག་དང་པོ་བཏབ་ནས། སྐོར་ཕྱོགས་སུ་བདེན་བྲལ་གྱི་མཚམས་སུ་སོང་ལ་དབང་ལྡན་ན་གནས་པའི་སློབ་མ་དང་མཚམས་ཐིག་གཉིས་པ་གདབ་པོ། །དེ་ནས་སློབ་དཔོན་དབུས་སུ་གནས་ཏེ། ཐིག་སྐུད་ཉིས་འགྱུར་དུ་བྱས་ལ་སློབ་མས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། ཕྱི་རོལ་གྱི་འཁོར་ལོ་ཉིས་རིམ་དུ་བསྐོར་ནས་ཡང་སློབ་དཔོན་བདག་ཉིད་ཀྱིས་དབང་ལྡན་ཀྱི་མཚམས་ནས་བརྩམས་ཏེ། ནང་གི་དཀྱིལ་འཁོར་ཉིས་


DTG009_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཀུན་དུ་བསྐོར་བར་བྱའོ། །དེ་ནས་བདག་ཉིད་བསྙེམས་པ་དང་བཅས་ཤིང༌། སྨིན་མ་བཅུམ་པའི་ཁྲོ་གཉེར་གྱི་མིག་གི་ཁྲོ་བོའི་ལྟ་བས་བལྟ་ཞིང་ཧི་ཞེས་བརྗོད་པས་སྒོ་རྣམས་ཕྱེ་ལ། ཨོཾ་ཨཱཿ་ཧཱུྃ་བཛྲ་མུཿ་ཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་ཏེ། ཡེ་ཤེས་ཀྱི་ཐིག་གདབ་པའི་ཆོ་གའོ། །

ཚོན་དགྱེ་བའི་ཆོ་ག


DTG008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གི་ཚོན་རྩི་ལྔ་གསེར་ལ་སོགས་པའི་ཕྱི་མ་འམ། དེ་མ་འབྱོར་ན་འབྲས་ཕྱེ་ལ་སོགས་པ་ཕྱེ་མ་ཞིབ་ཏུ་བཏགས་ཏེ། དྲི་ཞིམ་པོས་བདུག་ལ་ཐོད་པར་བཞག་སྟེ། སྔོན་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོའི་ལྟ་བས་བཀུག་ལ་ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ཞེས་བྱ་བས་མངོན་པར་བསྔགས་ཏེ། དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་སྐུད་པ་ཨོཾ་བཛྲ་བེ་ག་ཞེས་བྱ་བའི་སྔགས་བརྗོད་པས་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ་ནང་དུ་ཞུགས་ནས། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་གྲོལ་བ། །དགྱེས་པའི་རྡོ་རྗེ་རྒྱ་ཆེན་གྱི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་བརྗོད་དེ། ཚོན་རྩི་རྣམས་སོ་སོར་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། རི་མོ་ཕན་ཚུན་མ་འབྱར་བ་དང༌། ཡ་ཡོ་མེད་པར་གཡས་སྐོར་དུ་བྲིའོ། །རིམ་པ་ནི་འདི་ཡིན་ཏེ། ནང་རོལ་དུ་ནི་ནག་པོའོ། །དེ་ཡི་ཕྱི་རོལ་དུ་དཀར་པོའོ། །དེ་ནས་ནི་སེར་པོའོ། །དེ་ནས་ནི་དམར་པོའོ། །ཐ་མར་ནི་ལྗང་གུའོ། །དེ་ལྟར་ན་རི་མོ་ལྔ་པོ་ཅུང་ཟད་ཅིག་གི་བྲིས་ནས་ཁམ་ཕོར་ལ་སོགས་པས་བཀབ་སྟེ། ཕྱི་ནས་སློབ་མ་རྣམས་ཀྱིས་ཅི་བདེར་དགྱེ་ཞིང་རྡོ་རྗེ་ཤུགས་ཀྱི་ཚིག་བརྗོད་ནས། རི་མོ་ཡིད་ཀྱིས་ནམ་མཁར་བཏེག་སྟེ་འབྱུང་བ་དང་འཇུག་པར་བྱའོ། །རྡོ་རྗེ་ཕྲེང་བས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་གྱི་ས་གཞི་ནི་སྔོན་པོར་བྱ་ལ། ཤར་གྱི་ཆ་ནི་ནག་པོར་བྱའོ། །ལྷོའི་ཆ་ནི་དམར་པོའོ། །ནུབ་ཀྱི་ཆ་ནི་སེར་པོའོ། །བྱང་གི་ཆ་ནི་ལྗང་གུར་བྱས་ནས། དབང་ལྡན་གྱི་མཚམས་ཀྱི་ལྷ་རྣམས་ལ། སྣ་ཚོགས་པདྨའི་སྟེང་དུ་སེང་གེ་ནག་པོ་བྲིའོ། །དེ་བཞིན་དུ་མེ་མཚམས་


DTG009_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི་དགེ་སློང་དཀར་པོའོ། །བདེན་བྲལ་དུ་ནི་སྤྲིན་གྱི་མདོག་གི་འཁོར་ལོ། །རླུང་མཚམས་སུ་ནི་རྡོ་རྗེ་ཁྲོ་བོ། ཤར་སྒོར་ནི་ཟངས་གྲི་ནག་པོ། །ལྷོར་ནི་རྗེ་ཆུང་དམར་པོ། །ནུབ་ཏུ་ནི་རུས་སྦལ་སེར་པོ། །བྱང་དུ་ནི་སྦྲུལ་ལྗང་གུའོ། །དབུས་སུ་ནི་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དུམ་བུ་གསུམ་པ་དང༌། ཟངས་གྲི་སྔོན་པོ་བྲིའོ། །ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་ཕྱོགས་ལ་ནི་རྡོ་རྗེ་འབར་བ་བྲིའོ། །བདག་མེད་མའི་དཀྱིལ་འཁོར་དུ་ནི་རྣལ་འབྱོར་མ་རྣམས་ཀྱི་གནས་སུ་ཟངས་གྲི་སྔོན་པོ་བྲི་སྟེ་ཚོན་དགྱེ་བའི་ཆོ་གའོ། །

བུམ་པ་སྟ་གོན་ལ་གནས་པའི་ཆོ་ག


DTG008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐོ་རངས་ཀྱི་དུས་སུ་བུམ་པ་གཙང་མ་ནག་པོར་རི་སྤངས་པ། ལྟོ་བ་ཡངས་ཤིང་མགྲིན་པ་དང་བཅས་པ་ལ། རང་རང་གི་མཚན་མ་བྲིས་པའི་ནང་དུ་འབྲུ་དང༌། རིན་པོ་ཆེ་དང༌། སྨན་རྣམ་པ་ལྔ་ལྔ་སྩལ་ཏེ། ཅི་ནུས་པའི་ཏིང་ངེ་འཛིན་ལ་གནས་ནས་རང་རང་གི་སྔགས་ཡི་གེ་གསུམ་དང་སྤེལ་བས་ལྷག་པར་གནས་པར་བྱའོ། །དེ་ལ་ནས་དང༌། གྲོ་དང༌། མོན་སྲན་གྲེའུ་དང༌། འབྲས་ཀྱི་སོ་བ་དང༌། ཏིལ་རྣམས་ནི་འབྲུ་ལྔའོ། །གསེར་དང་དངུལ་དང་བྱུ་རུ་དང་མུ་ཏིག་དང༌། རྒྱལ་པོ་འཁྱིལ་པ་རྣམས་ནི་རིན་པོ་ཆེ་ལྔའོ། །བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། ཨ་པ་ར་ཛི་ཏ་དཀར་པོ་དང༌། ཧ་ས་དང་ཧ་ས་དེ་བ་རྣམས་ནི་སྨན་རྣམ་པ་ལྔའོ། །དེ་ལ་ལྷག་པར་གནས་པའི་རིམ་པ་ནི་འདི་ཡིན་ཏེ། དྲི་ཞིམ་པོ་དང་བདུད་རྩི་ལྔ་དང་བཅས་པའི་ཆུ་ཡི་གེ་གསུམ་གྱིས་སྦྱངས་པས་ཡོངས་སུ་བཀང་ལ། རས་ཁ་དོག་སྣ་ཚོགས་པས་མགྲིན་པ་བཅིངས་ཏེ། ཤིང་ལོ་རློན་པས་ཁ་བརྒྱན་ལ། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་སྦྱངས་པའི་རྣམ་པར་རྒྱལ་བའི་བུམ་པར་དཀྱིལ་འཁོར་གྱི་བདག་པོ་གཞུག་གོ །གཞན་དག་ལ་ནི་དཀྱིལ་འཁོར་བ་རྣམས་སོ། །རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་རྡོ་རྗེ་བཞག་ལ། མེ་ཏོག་དང་བདུག་པ་དང༌། ཨ་རྒྷ་དང་ཞབས་བཀྲུ་བ་ལ་སོགས་པ་ཕུལ་ནས། སྔ་མ་བཞིན་དུ་སྔགས་ཅི་ནུས་པར་བཟླས་པས་ལྷག་པར་གནས་པར་བྱའོ། །ཛཿ་ཧཱུཾ་བཾ་ཧོཿ་ཁཾ་རཾ་བཾ་ཨོཾ་ཨ་ཞེས་བྱ་བ་ནི་དེའི་ཨ་རྒྷའི་སྔགས་སོ། །བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་མེ་ཏོག་ལ་སོགས་པའི་སྔགས་སོ། །དེ་ནས་གཏོར་མ་བྱིན་ཏེ་སློབ་མ་ལྷག་པར་གནས་པར་བྱའོ། །བུམ་པ་སྟ་གོན་ལ་གནས་པའི་ཆོ་གའོ། །

སློབ་མ་སྟ་གོན་ལ་གནས་པའི་ཆོ་ག


DTG009_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྒན་པོ་དང༌། བྱིས་པ་དང༌། རྒྱལ་པོ་དང༌། རང་གི་བུ་རྣམས་མ་གཏོགས་པར་རང་རང་གི་བསླབ་པ་དང་ལྡན་ཞིང༌། ཐེག་པ་ཆེན་པོ་ལ་དད་པ་ལ་སོགས་པ་ཤིན་ཏུ་བརྟགས་པའི་སློབ་མས་མཎྜལ་བྱས་ལ། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་དཀྱིལ་འཁོར་གྱི་སྒོར་བཞག་སྟེ། སློབ་མ་ལ་ཚིགས་སུ་བཅད་པ་འདི་བསྒྲགས་པར་བྱའོ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །དེ་ནས་རང་གི་ལུས་ལ་སློབ་མ་ཡིད་ཀྱིས་བཅུག་སྟེ། རྡོ་རྗེའི་ལམ་ནས་བྱུང་ནས་བྱུང་ནས་རང་གི་འོད་ཀྱིས་ཤེས་རབ་ཀྱི་པདྨའི་སྙིང་པོར་གནས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བསྒོམས་ནས་སླར་ཕྱུང་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར་སློབ་མས་འདི་བརྗོད་པར་བྱའོ། །བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །དཔའ་བོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་ནོད། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །བདག་མེད་མར་བཅས་ཧེ་རུ་ཀའི། །གསང་བའི་གནས་སོགས་ཡང་དག་པ། །ལུས་གནས་ཆོ་ག་བཤད་དུ་གསོལ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་བརྗོད་པར་བྱའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་སངས་རྒྱས་འབྱུང་བ་རྣམས། །གསང་སྔགས་རྡོ་རྗེའི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་རྙེད། །གསང་སྔགས་སྦྱོར་བ་མཉམ་མེད་པ། །ཤཱ་ཀྱ་སེང་སོགས་མཆོག་གིས་ནི། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །


DTG009_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཡང་སློབ་མས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་བརྗོད་ནས། །སློབ་མ་རྩ་བའི་སྔགས་ཀྱིས་བསྲུངས་ལ། །ཨོཾ་ཨཱཿ་ཧཱུྃ་ཞེས་བྱ་བ་རྣམས་ཀྱིས་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ། །ས་སྤྱོད་མ་དང༌། མཁའ་སྤྱོད་མ་དང་བདག་མེད་མ་རྣམས་བལྟས་ལ། ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་ནས་ལངས་ཏེ། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོར་ཙནྡན་ལ་སོགས་པས་བྱུག་གིང་ཡི་གེ་གསུམ་བརྗོད་ལ། གནས་གསུམ་དུ་རྡོ་རྗེས་རེག་པར་བྱའོ། །དེ་ནས་སྔགས་དང་བཅས་པས་སྤྱི་བོར་མེ་ཏོག་མདུན་དུ་སྤོས། སྙིང་གར་བྱུག་པ། མིག་སྔར་མར་མེ་བྱིན་ལ། སོར་བཅུ་གཉིས་པའི་ཚད་ཀྱི་སོ་ཤིང་ཨ་ཤྭ་ཏྠ་དང་ཨུ་དུམ་བཱ་ར་ལ་སོགས་པའི་རྒྱུ་ལས་བྱུང་བ། གས་ཆག་མེད་ཅིང་དྲང་བ། རྩ་བའི་སྔགས་ཀྱིས་མངོན་པར་བཟླས་ཏེ་སྦྱིན་ནོ། །སོ་ཤིང་འཆོས་ཏེ་བ་ལང་གི་ཀོ་བ་ཙམ་ཀྱིས་མཎྜལ་བྱུག་པར་ཁ་ཤར་དུ་བལྟས་ཏེ་དྲང་པོར་དོར་རོ། །དེ་བདག་ཉིད་ལ་རྩེ་མོ་བལྟས་ན་ནི་མཆོག་འགྲུབ་ལ། ཤར་དུ་བལྟས་ན་ནི་འབྲིང་འགྲུབ་པོ། །གཞན་དག་གིས་ནི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་སྟོན་ཏོ། །དེ་ནས་དྲི་ཡི་ཆུ་ལ་ཨོཾ་ཧྲཱི་བི་ཤུདྡྷ་སརྦ་དྷ་རྨཱ་སརྦ་པཱ་པཾ་ནི་ཥྩ་ཤོ་དྷ་ཡ་སརྦ་བི་ཀ་ལྤ་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བས་མངོན་པར་བསྔགས་ཏེ་ལན་གསུམ་བླུད་ལ། ཡི་གེ་དྷཱི་བཟླས་པའི་ཀུ་ཤ་སྔས་སུ་སྦྱིན་ཞིང༌། ཡི་གེ་ཧ་བཟླས་པ་ནི་སྟན་དུ་སྦྱིན་ནོ། །ཡི་གེ་ཧཱུྃ་བཟླས་པའི་སྐུད་པ་མདུད་པ་གསུམ་དང་ལྡན་པ་དཔུང་པར་བཏགས་ལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏི་ཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏི་ཥྛ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ་ཤྲི་ཡཿ་ཀུ་རུ་ཧཱུ༵། ཧ་ཧ་ཧ་ཧ་ཧོཿ་བྷ་ག་ཝཱ་ན་བཛྲ་མཱ་མེ་མ་ཉྩ་བཛྲི་བྷ་བ་མ་


DTG009_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ས་མ་ཡ་ས་ཏྭ་ཨཱཿ། དེ་ནས་ཚིགས་སུ་བཅད་པ་འདིས་སྤྲོ་བ་བསྐྱེད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱལ་མ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲངས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་དུ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །དེའི་འོག་ཏུ་སློབ་མ་རྩ་བའི་སྔགས་གྱིས་བསྲུངས་ལ། ཐལ་མོ་སྦྱར་ཏེ་ཚིག་འདི་བརྗོད་ནས་ཁྱད་པར་ཅན་གྱི་སྡོམ་པ་འཛིན་དུ་གཞུག་གོ །མི་ལྡོག་འཁོར་ལོའི་དབང་བསྐུར་བས། །མགོན་པོས་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་ཡོངས་སུ་ཕྲིན་ལས་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་བླ་ན་མེད་པའང་གསུངས། །དེ་ནས་རྨི་ལམ་ཅི་ཞིག་མཐོང་བ་ནང་པར་ང་ལ་སྨྲོས་ཤིག་ཅེས་བསྒོ་བ་ལས། ལྷ་ལ་ལྷག་པར་མོས་པས་རང་གི་གནས་སུ་བཏང་སྟེ། སློབ་མ་སྟ་གོན་ལ་གནས་པའི་ཆོ་གའོ། །

དམ་ཚིག་གི་ཆུའི་ཆོ་ག


DTG008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས། སློབ་མ་བསྲུང་བའི་ཕྱིར་འཁོར་ལོ་ཅན་གྱི་སྔགས་


DTG009_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་ཞིང་གཏོར་མ་བཏང་ངོ༌། །ནང་པར་སྔར་ལངས་ལ་སློབ་མ་བོས་ལ་རྨི་ལམ་དགེ་པ་དང་སྡིག་པ་ཤེས་པར་བྱས་ནས། གལ་ཏེ་སྡིག་པ་མཐོང་ན་རྩ་བའི་སྔགས་བཟླས་པས་བསྲུང་ངོ༌། །རྡུལ་ཚོན་བྲི་བ་ཟིན་ནས་དྲི་ཞིམ་པོའི་ཆུས་བཀྲུས་ཏེ། གོས་གཙང་མ་བགོས་ནས་རྡུལ་ཚོན་གྱི་ལྷག་མ་རྣམས་ཨོཾ་ཨཱཿ་ཧཱུྃ་བཛྲ་མུཿ་ཞེས་བྱ་བས་གཤེགས་སུ་གསོལ་ལ། གནས་དབེན་པར་བཞག་གོ །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ནི་བའི་ལྕི་བས་བྱུགས་ལ། དྲི་ཞིམ་པོའི་ཆུས་བསང་གཏོར་བྱས་ཏེ། མེ་ཏོག་སིལ་མ་དགྲམ་མོ། །དེ་ནས་བླ་རེ་བྲེ་བ་དང༌། རྒྱལ་མཚན་ལ་སོགས་པས་གནས་ཇི་ལྟ་བ་བཞིན་དུ་བྲིས་ནས་བུམ་པ་རྣམས་གནས་སུ་གཞག་སྟེ། རྣམ་པར་རྒྱལ་བའི་བུམ་པ་ནི་ནང་གི་ཤར་ཕྱོགས་སུ་གཞག་གོ །ལས་ཐམས་ཅད་པའི་བུམ་པ་ནི་སྐྱེ་བོ་ཀུན་ལ་བསང་གཏོར་བྱ་བའི་ཕྱིར་རྡོ་རྗེས་མཚན་ཅིང་ཡི་གེ་གསུམ་བཟླས་ལ། དཀྱིལ་འཁོར་གྱི་སྒོའི་གཡས་ཕྱོགས་སུ་བཞག་གོ །ཡང་བུམ་པ་ཀུན་ལས་ཆུ་ཉུང་ཟད་ཉུང་ཟད་ཨ་རྒྷའི་སྣོད་དུ་བླུགས་ལ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་གཞག་གོ །དེ་ནས་མཆོད་པའི་ཡོ་བྱད་ཅི་འབྱོར་པ་མར་གྱི་མར་མེ་ལ་སོགས་པ་བཤམས་ནས་དཀྱིལ་འཁོར་གྱི་ཁང་པའི་སྒོ་ནང་དུ་སློབ་དཔོན་སྟན་འཇམ་པ་ལ་འདུག་སྟེ། རིམ་པ་འདིས་དཀྱིལ་འཁོར་བསྒྲུབ་པ་བརྩམ་པར་བྱའོ། །ལོ་བཅུ་གཉིས་མའམ་བཅུ་དྲུག་མའི་རང་གི་རིགས་ཀྱི་བུ་མོའམ། གཞན་ཡང་རུང་སྟེ། མ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བཟུང་ལ་བསྒྲུབ་པའམ། མ་འབྱོར་ན་ཏིང་ངེ་འཛིན་ཀྱང་རུང་སྟེ། དབང་བསྐུར་བའི་བར་དུ་སྒྲུབ་ཐབས་ལས་བྱུང་བ་བཞིན་བསྐྱེད་ནས། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ཤེས་རབ་དང་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། རང་གི་ལུས་ལ་བཅུག་ལ་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ནམ་མཁའ་ཐམས་ཅད་ཁྱབ་པར་སྤོས་ཏེ། སླར་ཡང་བཀུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ཞལ་བརྒྱད་པའི་སྔགས་ཀྱིས་བགེགས་བསལ་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀ་ཪྴ་ཡ་ཛཿ།


DTG009_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུ༵། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་ཡ་བཾ། ཨོཾ་བཛྲ་གྷ་སྨ་རཱི་བ་ཤིཾ་ཀུ་རུ་ཧོཿ་།ཞེས་བྱ་བའི་སྔགས་རྣམས་ཀྱིས་ལྕགས་ཀྱུ་ལ་སོགས་པ་ཐོགས་པའི་གཽ་རཱི་ལ་སོགས་པས་ནམ་མཁའ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རང་གི་མཚན་མའི་ལྷ་ལ་དགུག་པ་དང༌། གཞུག་པ་དང་བཅིང་བ་དང༌། དབང་དུ་བྱས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེའི་འོག་ཏུ་ཨ་རྒྷ་ཕུལ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། མཐར་ཨོཾ་ཨཱཿ་བཛྲ་ཝ་སྟ་ཧཱུྃ་ཞེས་པས་རས་ཟུང་དུ་སྦྱར་བ་ལྷ་རྣམས་ལ་ཕུལ་ལ། ཡང་ནང་གི་མཆོད་པས་མཆོད་ནས། རྡོ་རྗེ་དྲིལ་བུ་གསིལ་ཏེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོ་བསྟོད་ཕྱག་འཚལ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་བསྟོད་ཕྱག་འཚལ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་བསྟོད་ཕྱག་འཚལ། །ཞེས་བྱ་བས་བསྟོད་ལ། །ཤེས་རབ་ཀྱི་པདྨར་གནས་པའི་བདུད་རྩིས་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཏོར་བས་མཉེས་པར་བྱའོ། །དེ་ནས་སྒྲུབ་གཡོག་དཀྱིལ་འཁོར་དུ་གཞག་སྟེ། བདག་ཉིད་ཕྱིར་བྱུང་ནས་རྒྱ་ཆེན་པོའི་གཏོར་མ་རིམ་པ་འདིས་བཏང་ངོ༌། །དང་པོ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གྱིས་མཚན་པ་བསམས་ལ། དེ་ཡི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་བསམ་མོ། །དེར་གནས་པའི་ཨ་ལས་བསྐྱེད་པའི་ཐོད་པར་དམ་ཚིག་གི་རྫས་རྣམས་ཨོཾ་གྱིས་བྱིན་གྱིས་བརླབས་པར་བསམས་ལ། སྟེང་གི་ནམ་མཁར་ཧཱུྃ་ལས་བྱུང་བའི་


DTG009_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབར་བསྒོམས་ཏེ། འོག་གི་ཆའི་རླུང་གིས་མེ་སྦར་བས་སྟེང་གི་རྡོ་རྗེ་དང་བཅས་པའི་རྫས་རྣམས་བཞུ་སྟེ། རོ་གཅིག་དུ་གྱུར་པ་འོད་གསལ་བར་བསམས་ལ། དེའི་འོད་ཀྱིས་འཇིག་རྟེན་ཀུན་དུ་ཁྱབ་པའི་སངས་རྒྱས་མ་ལུས་པའི་ཐུགས་ཀ་ན་གནས་པའི་ས་བོན་ལས་བདུད་རྩི་དྲངས་ཏེ། དེར་ཕབ་ནས་བདུད་རྩི་མཆོག་ཏུ་བསྒྲུབ་པོ། །དེ་ནས་ནམ་མཁའི་ཕྱོགས་སུ་ཆོས་འབྱུང་བའི་ཕྱག་རྒྱ་ཆེན་པོ་པདྨ་འདབ་མ་བརྒྱད་ཀྱིས་མཚན་པ་བལྟས་ལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་མཚན་མ་ཐོགས་པ་རྣམས་ཀྱིས་འབྱུང་པོ་ཐམས་ཅད་བདུག་ནས་དེར་གཞུག་པ་བཅིང་བ་དང་དབང་དུ་བྱ་བའོ། །དེ་ལ་པདྨའི་སྟེང་དུ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་བསམ་མོ། །པདྨའི་འདབ་མ་རྣམས་ལ་ནི་སོ་སོའི་ཕྱོགས་སྐྱོང་བ་རྣམས་འགོད་དོ། །པདྨའི་འོག་ཏུ་ནི་མི་དང༌། ཡི་དགས་དང༌། བྱོལ་སོང་དང༌། དམྱལ་བ་དང༌། ཀླུ་བརྒྱད་ཀྱི་བར་དུ་བསམས་ཏེ། ཐམས་ཅད་ཀྱང་སྒྲུབ་ཐབས་ལས་འབྱུང་བའམ། སྐད་ཅིག་མའི་རིམ་པས། རྡོ་རྗེ་དང་དྲིལ་བུ་ཐོགས་ཤིང་གཡས་བརྐྱང་བའི་ལྷའི་ལུས་སུ་བསྐྱེད་ལ། སྤྱན་མ་ལ་སོགས་པས་དབང་བསྐུར་བར་བལྟས་ཏེ། ཕྱག་རྒྱས་གདབ་བོ། །དེ་ལ་ཚངས་པ་ལ་སོགས་པ་ནི་དཀར་པོ་སྟེ་སྐུ་རྡོ་རྗེ་མཚན་པའོ། །དབང་པོ་ལ་སོགས་པ་ནི་ནག་པོ་སྟེ་ཐུགས་རྡོ་རྗེ་མཚན་པའོ། །ཀླུ་ལ་སོགས་པ་ནི་དམར་པོ་སྟེ་གསུང་རྡོ་རྗེ་མཚན་པའོ། །ཕྱི་ནང་གི་མཆོད་པས་མཆོད་ནས་བསྟོད་དེ། ཐམས་ཅད་ལྕེའི་པདྨའི་འདབ་མ་ལ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ལས་འོད་ཟེར་བསམས་ནས་སྔགས་འདིས་གདབ་པར་བྱའོ། །ཨོཾ་ཨི་ནྡ་ཛ་མ་ཛ་ལ་ཛ་ཀྑ་བྷཱུ་ཏ་བཱ་ཧྣི་བཱ་ཨུ་རཀྑ་ཙནད་སུ་ཛྫ་མཱ་ད་བཔྤ་ཏཱ་ལ་པཱ་ཏཱ་ལཾ། ཨ་ཥྚ་སབྦ་སྭཱ་ཧཱ། ཨི་དཾ་མ་ལིཾ་བྷུ་ཉྫ་ཛིཾ་གྷཾ་ཕུལླ་དྷཱུ་བྦ་མཱཾ་ས་པིཾ་གྷ་ཨཾ་བྷ་སཔྤ་ཀ་ཛྫ་སཱ་དྷ་ཁ་ནྟི་ཁུ་ཎི་ཕ་ཌ་ག་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཨོཾ་ཧྲཱི་བི་ཤུདྡྷ་སརྦ་དྷ་རྨཱཿ་པཱ་པ་ནི་ཤྩ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀ་ལྤཱཾ་ཨ་བ་ན་ཡ་ཧཱུཾ། ཞེས་བྱ་བས་འཐོར་འཐུང་བྱིན་ལ་ཡི་གེ་བརྒྱ་པའི་མཐར་མུཿ། ཞེས་བརྗོད་ལ་སླར་བཏང་ངོ༌། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། དགྱེས་པའི་རྡོ་རྗེ་ཕྱག་གཉིས་པའི་རྣལ་འབྱོར་པ་སློབ་མ་དང་བཅས་


DTG009_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲིལ་བུ་གསིལ་ཞིང་དཀྱིལ་འཁོར་བསྐོར་ལ། སླར་ཕྱིར་བྱུང་སྟེ། སྔ་དྲོ་རྒྱས་པའི་སྦྱིན་སྲེག་བྱའོ། །ཡང་ནང་དུ་ཞུགས་ཏེ། དཀྱིལ་འཁོར་གྱི་བདག་པོ་ལས་དཀྱིལ་འཁོར་དུ་ཞུགས་པ་ནས། རྗེས་སུ་གནང་བའི་བར་དུ་བློས་བླངས་ལ། དེ་ནས་འདོད་ཆགས་ཆེན་པོ་ལས་བྱུང་བའི། །འཁོར་ལོ་དེ་ཉིད་གཟུགས་བརྙན་ཞིང༌། །རང་གིས་ཤེས་ནས་སློབ་མ་རྣམས། །གཞུག་ཕྱིར་གཙོ་ལ་གདབ་པར་མཛོད། །ནམ་མཁའ་ལས་བྱུང་མཚན་ཉིད་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །དགྱེས་པའི་རྡོ་རྗེ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་ལ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་མཆོག །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་པ་བདག་པོའི་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་བྱ་བའི་དམ་ཚིག་གི་གླུ་བླངས་ནས་བདེན་པའི་ཚིག་འདི་བསྒྲགས་པར་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡི་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་སྐོང་བྱེད་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་དང༌། །དེ་བཞིན་དེ་ཁོ་ན་ལས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སེམས་ཅན་རྣམས། །དྲི་མེད་ཐམས་ཅད་མཐོང་བར་ཤོག །དེའི་རྗེས་ལ་རྡོ་རྗེ་ལ་རྡོ་རྗེ་ཅན་དང་བཅས་པའི་རྣལ་


DTG009_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་རྣམས་མཉེས་པར་བྱ་བའི་ཕྱིར་ནང་གི་སྦྱིན་སྲེག་བྱ་སྟེ། མ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དམ་ཚིག་ཅན་གྱི་བུ་མོ་བརྒྱད་གོས་མེད་པར་གཽ་རཱི་ལ་སོགས་པ་བྱས་ལ། བདག་ཉིད་དང་གོས་མེད་པར་རྒྱུད་ལས་གསུངས་པའི་རྡོ་རྗེའི་སློབ་དཔོན་དུ་བྱས་ནས། དཀྱིལ་འཁོར་གྱི་ཁང་པའམ་གཞན་དུའང་རུང་སྟེ། དམ་ཚིག་ཅན་གྱི་སྐྱེ་བོ་མོང་པོ་ཚོགས་པ་ལ། དམ་ཚིག་གི་རྫས་ཆོ་ག་བཞིན་དུ་སྦྱངས་ནས། སྙིང་གའི་ཉི་མ་ལ་གནས་པའི་ཧེ་རུ་ཀ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་ལུས་པ་སྤྱན་དྲངས་ནས། རྡོ་རྗེའི་ལྕེ་དང་ལྡན་པའི་སྦྱིན་སྲེག་བྱའོ། །དེ་ཡང༌། མང་པོ་ཅི་བྱ་དགོས་མེད་པར། །སྙིང་གའི་ས་བོན་མེ་འབར་ལ། །དེར་ནི་ག་བུར་བཏུང་བྱ་ཞིང༌། དཀྱིལ་འཁོར་པ་ལ་ངེས་རབ་གཏོར། །བཏུང་བ་དེ་ཡིས་རྣལ་འབྱོར་བ། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ཞེས་བྱའོ། །དེ་ནས་ཤིན་ཏུ་མྱོས་པ་མ་ཡིན་པར་ལངས་ཏེ། སློབ་མ་བོས་ནས་མཚན་མོའི་དུས་སུ་མཎྜལ་བྱས་ཏེ། ཅི་འབྱོར་བའི་ཡོན་དབུལ་ལོ། །དེ་ནས་སློབ་མ་བསྲུང་བའི་ཕྱིར་ལྷའི་མོས་པ་བྱས་ལ། དམ་ཚིག་གི་རྫས་བྱིན་ཏེ། ཡོལ་བའི་ཕྱི་རོལ་དུ་གཞག་ལ། །དཀྱིལ་འཁོར་ཀྱི་སྒོ་དྲུང་དུ་གནས་པའི་བུམ་པའི་ཆུས་བསང་གཏོར་བྱས་ནས། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བྱ་བའི་སྔགས་བཟླས་པའི་གདོང་གཡོགས་བཅིངས་ཏེ་མེ་ཏོག་གི་ཕྲེང་བ་བཟུང་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། བུ་ཁྱོད་ཅི་ལ་དགའ་བ་སྨྲོས། ཞེས་དྲི་བར་བྱའོ། །དེས་ཀྱང༌། སྐལ་བཟང་བདེ་ཆེན་བདག་དགའོ། །ཞེས་བརྗོད་དོ། །དེ་ནས་ཡང༌། དེ་ཡིས་བུ་ཁྱོད་ཅི་ཞིག་བྱ། །ཞེས་སླར་དྲིས་པ་དང༌། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་བརྗོད་དོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙི་ཏྟ་ཨུཏྡ་ད་ཡ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐོག་མེད་དུས་ནས་འཁོར་བ་ནས། །བདག་གིས་སྡིག་པ་གང་བགྱིས་དང༌། །བགྱིད་སྩལ་གང་ཡིན་དེ་རིང་བཤགས། །གཙོ་བོ་སླར་ཡང་སྡོམ་པར་བཅས། །རྒྱལ་བ་སྲས་བཅས་རྣམས་དང་ནི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་ཡི་རང་སྟེ། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་


DTG009_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ། །དེ་རིང་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་བཅད་པ་དང༌། །དགེ་བ་རྣམས་ནི་སྤེལ་བའི་ཕྱིར། །བྱང་ཆུབ་སེམས་གཉིས་བསྐྱེད་ནས་སུ། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་འགྲོ་བ་རྣམས། །མ་ལུས་སྲིད་མཚོ་ལས་བསྒྲལ་བགྱི། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་དེའི་སྙིང་གར་བཞག་ལ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བསྒོ་ལ་ཨ་ཁཾ་བཱི་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་གྱི་ཁང་པར་བཅུག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཏེ། གཞན་ཡང་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་འགེམས་པར་བྱེད་དོ་ཞེས་བརྗོད་ལ། སླར་ཡང་སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་བཞུགས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ནས་མནའ་བསྒག་པར་བྱ་སྟེ། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པའི་པདྨའི་ནང་དུ་སོན་པའི་བདུད་རྩི་ལྔ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཋ་ཞེས་བྱ་བ་མངོན་པར་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་བརྗོད་དེ་བླུད་ལ། དེ་རིང་ཕྱིན་ཆད་


DTG009_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས། ངས་གང་འདི་གྱིས་ཤིག་ཅེས་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །མནའ་བསྒག་པའི་ཆོ་ག་འདིས་བརྟན་པོར་བྱས་ལ་དབབ་པར་བྱ་སྟེ། དམ་ཚིག་གི་ཆུའི་ཆོ་གའོ། །

ཡེ་ཤེས་དབབ་པའི་ཆོ་ག


DTG008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གསོལ་ཞེས་ལན་གསུམ་དུ་གསོལ་བ་དང༌། སློབ་མའི་སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མཚན་པ་ལ་ཧཱུ༵། མགྲིན་པར་པཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་ལ་ཨཱཿ་སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་རྒྱལ་མཚན་གྱིས་མཚན་པ་ལ་ཧ། རྐང་པའི་མཐིལ་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛྷཻཾཿ་བསྒོམས་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང་བསྒྱིངས་པ་དང་བཅས་པས། ཨཱ་བེ་ཤ་ཡ་སྟྭཾ་བ་ཡཱ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨཱཿ་ཧ་ཛྷཻཾ། ཞེས་པ་ལན་བརྒྱར་བཟླས་ཏེ་དབབ་པོ། །བབས་པའི་ལྕེ་ལ་ཨ་དམར་པོ་བསམས་ལ། གསུངས་ཤིག་རྡོ་རྗེ་དགེ་མི་དགེ། །ཞེས་དྲིས་ན་ལེགས་པ་དང་ཉེས་པ་སྟོན་པར་འགྱུར་རོ། །དེ་ལ་ཐུགས་བབས་པས་ནི་ཡོངས་སུ་ཤེས་པ་སྐྱེའོ། །གསུང་བབས་པས་ནི་སྔགས་སྨྲ་བར་འགྱུར་རོ། །སྐུ་བབས་པས་ནི་མཁའ་ལ་གནས་སོ། །ཨོཾ་ཏི་ཥྛ་བཛྲ། ཞེས་བྱ་བས་བབས་པ་བརྟན་པོར་བྱས་ཏེ། འདི་ནི་ཡེ་ཤེས་དབབ་པའི་ཆོ་གའོ། །

མེ་ཏོག་དོར་བའི་ཆོ་ག


DTG008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་བཞིན་དུ་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་འགྲུབ་དང༌། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བྱ་བས་བདེན་པའི་བྱིན་བརླབས་བྱས་ལ། །མིག་ལམ་དུ་སྣང་བའི་འོད་ཀྱི་བྱེ་བྲག་དྲིའོ། །དེས་ཀྱང་སྨྲ་བར་བྱ་སྟེ། དེ་ལ་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོན་པོའི་དབྱེ་བས་ཞི་བ་དང་རྒྱས་པ་དང༌། དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་ཀྱི་སྣོད་


DTG009_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གོ་རིམས་བཞིན་དུ་བསྟན་ལ། གཏི་མུག་གིས་མནན་འགྲོ་བལྟས་ནས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་བསྟོད་ཏེ། པྲ་ཏཱ་ཙྪི་བཛྲ་ཧོ། །ཞེས་བྱ་བ་འདིས་སློབ་མས་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུ་དང༌། མཛོད་སྤུ་དང་སྤྱི་གཙུག་ཏུ་ལྷུང་ན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་སྤྱན་དང་ཞལ་དུ་ལྷུང་ན་ནི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ལ། ཡན་ལག་གི་མཆོག་ཏུ་ལྷུང་ན་མཆོག་འགྲུབ། །ཡན་ལག་གི་དབུས་སུ་ལྷུང་ན་འབྲིང་འགྲུབ། །ཡན་ལག་གི་སྨད་དུ་ལྷུང་ན་ཐ་མ་འགྲུབ། སྐུ་ལས་རིང་དུ་ལྷུང་ན་རིང་ཞིག་ན་འགྲུབ་བོ། །ཉེ་བར་ལྷུང་ན་མྱུར་དུ་འགྲུབ་བོ། །ལྷ་གང་ལ་བབ་པ་ནི་གནས་ཀྱི་རི་མོར་ཤེས་པར་བྱས་ལ་གཉིས་ཀྱི་བར་དུ་ལྷུང་ན་ནི་གང་ལ་ཉེ་བ་དེའི་རིགས་སུ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་ཕྲན་ཚོགས་འགྲུབ་པོ། །གལ་ཏེ་རི་མོ་ལ་ལྷུང་ན་ནི་བསྐྱར་ཏེ་དོར་དུ་གཞུག་གོ །ཅི་སྟེ་ལན་གསུམ་དུ་རི་མོ་ལ་བབ་པ་དང༌། ཕྱིའི་རྡོ་རྗེ་རེ་བའི་ཕྱི་རོལ་དུ་ལྷུང་བ་རྣམས་ལ་ནི་དངོས་གྲུབ་མེད་པར་ཤེས་པར་བྱ་སྟེ། མེ་ཏོག་དོར་བའི་ཆོ་གའོ། །

དཀྱིལ་འཁོར་དུ་གཞུག་པའི་ཆོ་ག


DTG008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མེ་ཏོག་དེ་བླངས་ཏེ། །སྟོབས་པོ་ཆེན་པོ་སེམས་དཔའ་ཆེ། །འདི་ནི་སོ་སོར་གཟུང་བར་གྱིས། །ཞེས་བརྗོད་ལ་སློབ་མའི་སྤྱི་བོར་བཅིངས་ནས། མིག་གཉིས་སུ་ཡི་གེ་ཨོཾ་བསྒོམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི། །མིག་འབྱེད་པར་ནི་ནན་ཏན་མཛད། །ཕྱོ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་དེ། །གདོང་གཡོགས་བཀྲོལ་ལ། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །ཞེས་བརྗོད་ལ། དཀྱིལ་འཁོར་བ་ལྟར་བཅུག་སྟེ། །སྒོ་སྲུང་མ་ནས་བརྩམས་ནས་གཙོ་བོའི་བར་དུ་མིང་བརྗོད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །

ཤིས་པར་བྱ་བའི་ཆོ་ག


DTG008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པས་ཡང་དག་གསུངས། །དེ་བས་ན་དངོས་གྲུབ་ཀྱི་ཕྱིར་རྗེས་སུ་མཐུན་པའི་ཡོན་རྡོ་རྗེ་བླ་མ་ལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་


DTG009_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། ཞེས་བརྗོད་ལ་ཕྱག་བྱའོ། །སློབ་དཔོན་གྱིས་ཀྱང་དེ་ལ་དབང་བསྐུར་བའི་ཕྱིར། རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྙིང་པོའི་དཀྱིལ་འཁོར་གྱི་ཕྱེད་ཚད་ཙམ་གྱི་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་པ་བྲིས་ཏེ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་གེ་སར་དང་བཅས་པ་བྲིའོ། །སྒོ་རྣམས་དང་མཚམས་རྣམས་སུ་ནི་ལྷ་མོ་རྣམས་ཀྱི་མཚན་མ་བྲིས་ལ། སློབ་མའི་ལུས་ཁྲུས་བྱ་ཞིང་ཙནྡན་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ་དེར་བཞག་ལ། ཤིས་པའི་ཆོ་ག་བྱ་སྟེ། ཡུངས་ཀར་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ནས་ལན་གཉིས་གཉིས་སུ་བསྐོར་ལ། །ཁམ་ཕོར་གྱི་མེར་བླུགས་སོ། །དེ་ལྟར་ལན་གསུམ་བྱས་ནས། །དེ་བཞིན་དུ་ཆུའི་ཤིས་པ་ལན་གསུམ་དུ་བྱའོ། །སླར་ཡང་རྩ་བའི་སྔགས་ཀྱིས་བསྲུངས་ལ་ཉེ་རེག་བྱ་སྟེ། དེ་ཉིད་བཟླས་པའི་དྲིས་བྱུག་པ་དང༌། མེ་ཏོག་གི་ཕྲེང་བ་མགོར་བཅིངས་ཤིང༌། རྩ་བའི་སྔགས་ཀྱིས་ཨརྒྷ་བྱིན་ལ། མར་དང་ས་རྫར་བསྲེགས་པའི་བདུག་པས་བདུགས་ཏེ། ཤིས་པར་བྱ་བའི་ཆོ་གའོ། །

སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག


DTG008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཧེ་རུ་ཀའི་གཟུགས་སུ་དམིགས་ལ། མིག་ལ་སོགས་པ་བྱིན་གྱིས་བརླབས་ནས། སྟེང་དུ་བླ་རེ་བྲེས་ལ། གཡས་ལོགས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཡི་གེ་ཧཱུཾ་བཟླས་པ་ཡོངས་སུ་གཟུང་ངོ༌། །གཡོན་ལོགས་སུ་ནི་རྒྱལ་མཚན་དང་བ་དན་བསྒྲེང་ཞིང་གོས་སྣ་ཚོགས་བྲིས་ལ། རྔ་བོ་ཆེ་དང༌། ཟངས་ཀྱི་དུང་བུད་པ་དང༌། དུང་གི་བུད་པ་ལ་སོགས་པ་ཅ་ཅོའི་སྒྲས་ནམ་མཁའ་གང་བར་བསམས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དམ་པ་དེ་ཡིས་དེང་འདིར་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་


DTG009_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་སྦྱིན་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང༌། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་གླུ་བླངས་ལ། སེང་གེའི་ཁྲིའམ། ཤིང་སྟེགས་ལ་ཧཱུྃ་བཟླས་པར་བཞག་ནས་དབང་བསྐུར་ཏེ། དང་པོ་རྣམ་པར་རྒྱལ་བའི་བུམ་པའི་ཆུས་གཏོར་རོ། །དེའི་འོག་ཏུ་ལྷ་མོ་རྣམས་ཀྱི་བུམ་པས་སོ། །དེ་ལྟར་ཕྱིའི་དབང་བསྐུར་བྱིན་ནས་ནང་གི་དབང་བསྐུར་སྦྱིན་པར་བྱ་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པའི་འཁོར་ལོ་བཀུག་ལ། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །འདི་ལ་དབང་བསྐུར་རབ་ཏུ་སྩོལ། །ཞེས་ཡིད་ཀྱིས་བསྐུལ་ལ། དེ་དག་རང་གི་འོད་ལས་བྱུང་བའི་དབང་བསྐུར་བའི་ཡོ་བྱད་ཐམས་ཅད་ཀྱིས་དབང་བསྐུར་བར་བལྟས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བྱ་བས་བཀྲུའོ། །དེའི་རྗེས་ལ་བཅོམ་ལྡན་འདས་རྡོ་རྗེ་ལྷ་མོ་དང་བཅས་པ་དེ་དག་སློབ་མའི་བ་སྤུའི་བུ་གར་བཙུད་ལ། ལུས་མ་ལུས་པ་དེའི་རང་བཞིན་དུ་བྱས་ནས། མི་བསྐྱོད་པའི་ཅོད་པན་གྱི་སྦྱོར་བས་གནས་པར་བསམས་ཏེ། མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་པའི་གོས་དང་དྲི་ལ་སོགས་པ་བྱིན་ལ། སྔ་མ་བཞིན་གསོལ་བ་འདེབས་སུ་བཅུག་སྟེ། གསེར་ལ་སོགས་པའི་ཁམས་ཀྱི་རང་བཞིན་གྱི་ལུགས་མའམ། །བྲིས་པའམ། དེ་མ་འབྱོར་ན་དར་དང་རས་ཀྱི་རང་བཞིན་ལས་བྱས་པའི་ཅོད་པན་མགོར་བཅིངས་ལ། སྔར་བསྟན་པའི་སྔགས་ཀྱིས་ནམ་མཁའི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་དབང་ཕྱུག་གི་གཟུགས་ཀྱིས་དེར་བཞུགས་པར་བསམས་ཏེ། རྡོ་རྗེ་ཉི་མའི་རང་བཞིན་གྱི་ཅོད་པན་གྱི་དབང་ངོ༌། །དེ་ནས་རྡོ་རྗེ་རྩེ་ལྔ་པ་ཁུ་ཚུར་


DTG009_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པར་བཟུང་ནས། སློབ་མའི་སྙིང་ག་ལ་སོགས་པར་གཏུགས་ཏེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བྱ་བས་ལག་པ་གཡས་པར་རྡོ་རྗེ་སྦྱིན་ཏེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱི་རྡོ་རྗེའི་དབང་ངོ༌། །དེ་ནས་ལག་པ་གཡོན་པར་དྲིལ་བུ་བྱིན་ལ། ལག་པ་གཡས་གཡོན་རྡོ་རྗེ་དྲིལ་བུ་དང་ལྡན་པས་འཁྱུད་པའི་ཚུལ་དུ་བཞག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཤ་ཉྩི་མི་ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། འདི་ནི་དམ་ཚིག་རྡོ་རྗེའི་རང་བཞིན་གྱི་བདག་པོའི་དབང་ངོ༌། །དེ་ནས་རྡོ་རྗེ་དྲིལ་བུ་སློབ་མའི་སྤྱི་བོར་བཟུང་ལ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཤི་ཉྩ་མི་བཛྲ་ནཱ་མ་ཨ་བི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་ལུགས་དང་མཐུན་པའི་མིང་རྣམས་ལས་གང་འདོད་པ་གདགས། གང་གང་སྣང་བ་དེ་དང་དེ། ཧེ་རུ་ཀ་དཔལ་རང་ཉིད་གཙོ། །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །ཅེས་སློབ་མ་ལ་བསྒྲགས་ཏེ། འདིས་ནི་རྟག་པའི་རང་བཞིན་གྱི་མིང་གི་དབང་ངོ༌། །དབང་བསྐུར་བ་ལྔ་པོ་འདི་དག་གིས་ནི་རྒྱུད་ལ་སོགས་པ་ཉན་པ་དང༌། བཤད་པ་དང༌། སྒྲུབ་པའི་སྣོད་དུ་འགྱུར་ཏེ། གོ་རིམས་བཞིན་དུ་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་ཏེ། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སློབ་མ་བླ་མའི་མན་ངག་བཞིན་མཁའ་འགྲོ་མ་རྣམ་པ་ལྔར་བསམས་ལ་སྦྱར་རོ། །དེ་དག་ནི་སྤྱན་ལ་སོགས་པའི་རིག་པ་ལྔའི་ལས་ཡིན་པ་དང༌། མ་རིག་པ་བཟློག་པས་ན་རིག་པའི་དབང་ངོ༌། །དེ་ནས་མི་ལྡོག་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་སྔར་སྡོམ་པ་བཟུང་བའི་སློབ་མས། བདག་དང་གཞན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །བདག་ལ་དེ་རིང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པ་དང༌། ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་ལྷ་མོ་དང་བཅས་པ་རྣམས་ཀྱིས་དབང་བསྐུར་བར་བསྒོམས་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་


DTG009_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བྱ་བས་སློབ་མ་བསྐུལ་ལ། །དམ་ཚིག་གསུམ་པོ་འཛིན་དུ་གཞུག་སྟེ། ཧཱུཾ་གིས་རྡོ་རྗེར་བསྒོམས་ལ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་ཀྱང་གཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏི་ཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བ་འདིས་སློབ་མས་རྡོ་རྗེ་བཟུང་ལ། དེ་ཁོ་ན་ཉིད་འདི་བརྗོད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙིང་པོ་བདག་པོའི་གཙོ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བ་ཛྲ་ཧཱུཾ། དེ་ནས་ཨ་ལས་བསྐྱེད་པའི་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་འདིས་དྲིལ་བུ་བྱིན་ལ། སྲིད་པ་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་མཆོག་ཏུ་གྱེད། །ཅེས་བྱ་བའི་ཆོས་སྐྱིས་དྲིལ་བུ་དཀྲོལ་བར་བྱ་སྟེ། ཨོཾ་བཛྲ་གྷ་ཎྜེ་ཨ་ཞེས་བཟླས་སོ། །དེའི་རྗེས་ལ། ཤེས་རབ་ལོ་གྲངས་བཅུ་གཉིས་པ། །ལག་གཉིས་ཀུན་དུ་འཁྱུད་པར་ལྡན། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་པས། རང་གི་ལྷའི་ཕྱག་རྒྱར་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང༌། །ཡིད་ཀྱིས་ལུས་ནི་བརྟེན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །གང་གིས་ལུས་ཀུན་བརྟེན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་བྱ་བའི་མངོན་པར་རྟོགས་པ་བསྐྱེད་ལ་རྡོ་རྗེ་སེམས་དཔའི་རྣམ་པར་བལྟས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟོད་པར་བྱ་སྟེ། བསྙེམས་པ་དང་བཅས་པས་མེ་ཏོག་གཅིག་སློབ་མ་ལ་བསྣུན་ལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིག །རྡོ་རྗེ་བསྙེམས་པའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་


DTG009_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བགྱིས། །ཨ་སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ནི་རྒྱན་ཡིན་ནོ། །ཨོཾ་ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གི །དེ་ནི་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱས། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། ཧོ་རྫོགས་སངས་རྒྱས་ལ་སྤོས་ཕུལ་པས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། ཨ། སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ཡན་ལག་ཚོགས་འགྱུར་བས། །མཚན་དང་དཔེ་བྱད་ལྡན་པ་ཡིས། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷུཾ། ཆོས་ཀྱི་མེ་ནི་ལེགས་སྤར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེས་སྣང་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་དེ་བཞིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ། དེ་ཡི་འོག་ཏུ་གསེར་གྱི་ཐུར་མ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲཱ་ཨ་བ་ཧ་ར་པ་ཊ་ལཾ་ཧྲི་ཏྲ་ཞེས་བྱ་བས་མིག་ལ་བྱུག་སྟེ་དག་པར་བྱའོ། །དེ་ནས་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུར་ནི། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །རང་བཞིན་མེད་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ནས་ཨ་ལས་བསྐྱེད་པའི་དྲིལ་བུ་བྱིན་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་ལ་ནི་མཚན་ཉིད་མེད། ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་


DTG009_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་དུ་གསལ། །ཞེས་བྱ་བས་དཀྲོལ་བར་བྱའོ། །ཡང་ཧོ་ཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པར་བྱོས་ཤིག །ཅེས་བསྒོ་ལ། ཕྱོགས་བཞིན་མདའ་བཞི་འཕང་བ་དང༌། སྟེང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ །ཡང་ཨ་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བྱ་བ་དང༌། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །ཨོཾ་བཛྲ་ཧེ་ཏུ་ཞེས་བྱ་བས་འཁོར་ལོ་རྐང་པའི་བར་དུ་བཅུག་ལ། ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་པར་དུང་བྱིན་ལ། གཡོན་པར་ཡི་གེ་ཨ་ལ་ཧེ་བཛྲའི་པོ་ཏི་བྱིན་ལ། དྲིལ་བུ་ཡང་བྱིན་ཏེ་དཀྲོལ་ཞིང༌། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་རྣམས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །དེ་ནས་སོ་སོའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དང༌། ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། རིན་པོ་ཆེ་དང་པདྨ་དང༌། ལས་ཀྱི་ཚིག་བཅུག་ལ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བར་བྱིན་ནས། བདག་ཉིད་ལངས་ཏེ། སངས་རྒྱས་ཀྱི་གཟུགས་སུ་དམིགས་ལ། གཡོན་པ་སྙིང་གར་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱར་བྱས་ལ། རྡོ་རྗེ་མིང་གི་དབང་བསྐུར་བས་ལུང་བསྟན་ཏེ། འདི་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སློབ་དཔོན་དེ་བཞིན་


DTG009_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྷུར་བྷུ་བ་སྭཱ་ཧཱ་ཞེས་བྱའོ། །གང་ལ་འདིས་ལུང་བསྟན་པ་འདི་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པ་མཛད་དེ། ཕྱག་རྒྱ་ཆེན་པོ་འདི་དང་སྔགས་འདིའི་མཐུ་ཡིན་ནོ། །ཞེས་བྱ་བས་དང་པ་བསྐྱེད་པར་བྱའོ། །དེ་ནས་གསང་བ་བསྒྲགས་ཏེ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། །དེ་ནས་སློབ་མའི་སྤྱི་བོར་གདུགས་བཟུང་ལ། བསྐོར་བ་བྱས་ལ་ཐལ་མོ་སྦྱར་ཏེ། གདུགས་དང་བཅས་པར་དཀྱིལ་འཁོར་གྱི་སྒོ་དྲུང་དུ་ས་ལ་ལུས་གཏུགས་ལ། སྔགས་རྣམས་འཛིན་པར་གྱུར་པ་ཡི། སློབ་མ་འདི་ནི་ཕུལ་བ་ལགས། །དེ་ནས་གདུགས་གཞན་དུ་བཞག་ལ། སློབ་མའི་སྙིང་ལ་བབ་པའི་ཚིག་འདི་དག་བརྗོད་དོ། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་སླར་ཡང་གཟེངས་བསྟོད་པར་བྱ་སྟེ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡི། །དེ་རིང་སྡིག་ལས་རྣམ་གྲོལ་ནས། །དེ་རིང་ཁྱོད་རྣམས་དགེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མིན་ཞིང༌། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ་ཡང་དོར་བར་


DTG009_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མི་རུང༌། །མི་ཤེས་པའམ་རྨོངས་པ་ལ། །དེ་ཉིད་བསྟེན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པ་ཡི། །རང་བདག་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་གཟུང་ན། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་བྱ་བས་དབུགས་དབྱུང་ངོ༌། །སློབ་མས་ཕྱག་བྱས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླང་ངོ༌། །སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ།། །།

གསང་བའི་དབང་བསྐུར་བ།


DTG008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང་ལྷའི་རྣམ་པར་དག་པ་དང༌། སློབ་དཔོན་གྱི་ཕྲིན་ལས་དཀྱིལ་འཁོར་གྱི་སྒྲུབ་པ་ཐམས་ཅད་སྔོན་དུ་འགྲོ་བའི་སློབ་དཔོན་འཇུག་པའི་ལས་རྣམས་ཏེ། གསུམ་པོ་དེ་དག་བསྟན་པར་བྱའོ། །དེའི་འོག་ཏུ་ས་ཕྱོགས་དབེན་པར་བྱས་ཏེ། ཡོལ་བས་བར་དུ་བཅད་ནས། རྒྱུད་ལས་གསུངས་པའི་དམ་ཚིག་ཅན་བླ་མ་ལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་སྦྱོར་བས་ཡང་དག་བྱུང༌། །མི་ཕྱེད་ཕྱག་རྒྱར་རབ་ཏུ་བསྒྲུབ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེས་པས། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །གཙོ་བོས་བདག་ནི་མཛད་དུ་གསོལ། །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་བྱ་བས་གསང་བའི་དབང་བསྐུར་བའི་ཕྱིར་གསོལ་བ་བཏབ་པ་དང༌། དེ་ནས་དཔལ་ལྡན་སློབ་དཔོན་ནི། །རྗེས་སུ་བརྩེ་དང་ལྡན་པ་ཡིས། །སློབ་མར་སྙིང་རྗེ་བསྐྱེད་ནས་ནི། །རྡོ་རྗེ་འཛིན་པས་མཛད་པ་ལ། །བཟའ་དང་བཏུང་བ་ཡིད་འོང་དང༌། །ཆང་དང་ཤ་ཆེན་དུ་ནི་བཅས། །མེ་ཏོག་ཕྲེང་དང་བདུག་པ་དང༌། །རྒྱལ་མཚན་དྲིལ་བུར་བཅས་པ་དང༌། །བྱུག་པ་ལ་སོགས་མཆོད་པ་ཡིས། །བླ་མ་རྡོ་རྗེ་ཅན་ལ་མཆོད། །དེའི་རྗེས་ལ་རྒྱུད་ལ་སོགས་པའི་ཆོ་ག་བཞིན་སྙོམས་པར་འཇུག་པར་བྱ་སྟེ། ཇི་སྲིད་དུ་ཕྱག་རྒྱ་ཁུ་བ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་བསྟེན་ལ། ཕྱག་རྒྱ་དང་སློབ་མ་གདོང་གཡོགས་ཀྱིས་


DTG009_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ནས། བསྟེན་པ་ལས་གང་བྱུང་བདེ་སློབ་མའི་ཁར་ཚིགས་སུ་བཅད་པ་འདིས་དབབ་པར་བྱ་སྟེ། ཇི་ལྟར་སངས་རྒྱས་རྒྱལ་བ་ཡིས། །བྱང་ཆུབ་སྲས་ལ་དབང་བསྐུར་བཞིན། །བདག་ལ་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་བཀྲུ་རུ་གསོལ། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་དོ། །ལོངས་སྤྱོད་རྫོགས་པར་གཞུག་གོ །ཤེས་རབ་ཀྱིས་ཀྱང་དེ་བཞིན་དུ་སློབ་མ་ལ་སྦྱིན་པར་བྱ་སྟེ། ཤེས་རབ་ཐབས་ཀྱང་གསང་བའི་དབང་བསྐུར་བའོ། །

ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ།


DTG008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་ཡང་སློབ་མས་སྔར་བསྟན་པའི་གསོལ་བ་གདབ་པའི་ཚིག་གསོལ་བ་དང༌། དེའི་སྤྱོད་ཡུལ་དུ་བྱས་ཏེ། དེ་ཡང་གསུངས་པ། སེར་སྣ་མེད་ཅིང་ཁྲོ་བྲལ་བའི། །སློབ་མ་བདག་ཉིད་ཆེན་པོ་ལ། །དེ་ཉིད་དུ་ནི་མཉམ་པའི་རོ། །སློབ་མའི་སྤྱོད་ཡུལ་དག་ཏུ་བྱ། །ཞེས་སོ། །དེ་ནས་ལག་པ་དེའི་ལག་པར་བྱིན་ལ། །མགོ་བོར་ལག་པ་བཞག་སྟེ། དགའ་སྟེར་གནས་ཏེ་ལྷ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་ནས་རབ་ཏུ་མཆོད་པར་བྱ། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་བ་གསུམ་ནི་དག་བྱེད་པ། །དེ་བས་ཁྱོད་ཀྱིས་འདི་དང་ནི། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བྱ་བས་སྤྱིན་ནོ། །དེས་ཀྱང་དྲི་ཞིམ་པོའི་པདྨ་ཁ་ཕྱེ་སྟེ་སློབ་མ་ལ་བསྟན་ལ། འདི་སྐད་ཅེས་བརྗོད་དོ། བཤང་གཅི་དག་ནི་བཟའ་བ་དང༌། ཁྲག་དང་ཁུ་བ་དེ་བཞིན་ཏེ། ཤ་ཆེན་བསྟན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་གུས་པ་དང༌། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཇི་ལྟར་བདེ་བར་སྨོས། །དེས་ཀྱང་ལན་དུ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང༌། བུད་མེད་རྣམས་ལ་བདག་གུས་ཤིང༌། བྷ་གའི་པདྨར་འོ་བགྱིད་དོ། །ཞེས་བརྗོད་དོ། །དེས་སྒྲུབ་པ་པོ་ལ་དགྱེས་པར་གྱུར་ནས་དངོས་སུ་བལྟས་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་དུ་ང་འདུག་སྟེ། །སངས་རྒྱས་བསྙེམས་


DTG009_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི། །བྱ་བ་པདྨས་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །བྷ་ཉྫ་མོ་ཀྵ་ཧོ། །དེའི་རྗེས་ལ་ཐབས་ནི་དགྱེས་པའི་རྡོ་རྗེར་དམིགས། ཤེས་རབ་ནི་བདག་མེད་མར་དམིགས་ཏེ། གཉིས་ཀའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་ནོར་བུ། ཨོཾ་ལས་བསྐྱེད་ལ། ཨོཾ་བཛྲ་མ་ཧ་དྭེ་ཥ་ཙ་དུར་ཨ་ནན་ད་དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐཱ་ཧཱུྃ་ཧཱུྃ་ཧཱུྃ་ཀ་ཪྻཾ་ཀུ་རུ་ཥྭ་མེ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། །ཧྲཱི་ལས་པདྨར་བསྐྱེད་དེ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དདྷ་ཙ་ཏུར་ཨཱ་ནན་ད་དཱ། བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀ་ཪྻཾ་ཀུ་རུ་ཥྭ་མེ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། རྩའི་དབྱེ་བ་བསྟན་པ་དང༌། སྐད་ཅིག་མའི་རང་བཞིན་རྣམས་བརྗོད་ལ། དོ་ལ་ཀུར་བ་དང༌། སུ་པྲ་ཏི་སུ་རི་ཏ་ལ་སོགས་པའི་ཀ་ར་ན་དང་ལྡན་པར་འདོད་པའི་ཡན་ལག་གི་སོར་མོས་པདྨ་ལ་བསྐུལ་ཞིང་སྟོན་པའི་བཀའ་བསྒོ་བས། སིད་སིད་སིད་ཧ་ཧ་ཧ་ཀུན་དུ་རུ་བཛྲ་དྷྲྀ་ཀ་ཅེས་བྱ་བས་བསྐྱེད་ནས། གྲོལ་པའི་སྐབས་སུ་སློབ་མ་ཉམས་སུ་མྱོང་བ་རྙེད་པ་ན་བརྡ་བྱ་སྟེ། བླ་མས། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་མེད་ཐར་སྟེར་ཞི་བ་ཉིད། །ཁྱོད་ཀྱིས་ཕ་ནི་ཁྱོད་ཉིད་དོ། །ཞེས་བྱ་བས་བསྟན་ཏོ། །

བཞི་བའི་དབང་།


DTG008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མས་ལྕེ་ཡིས་བདུད་རྩི་བླངས་ལ་ལངས་ཏེ། བླ་མ་ལ་བསྐོར་བ་བྱས་ནས། ཡན་ལག་བརྒྱད་ཀྱིས་ཕྱག་བྱས་ལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེང་འདིར་རྣམ་པ་བཞི་པ་ཡང༌། །གཙོ་བོས་བདག་ལ་བཀའ་དྲིན་མནོད། ཞེས་གསོལ་བ་བཏབ་ལ། བཞི་པའི་ཕྱིར་ཅི་འབྱོར་པའི་ཡོན་ཡང་དབུལ་ལོ། །དེ་ནས་བརྩེ་བ་དང་བཅས་པའི་བླ་མས་དམ་ཚིག་གི་སྡོམ་པ་སྦྱིན་པར་བྱས་ཏེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལ་སོགས་པ་བསྲུང་བའི་དམ་ཚིག་དང༌། དང་པོའི་ན་དང་པོའི་ག་ཞེས་བྱ་བ་ལ་སོགས་པ་བཟའ་བའི་དམ་ཚིག་བརྗོད་པ་ནི། ཤེས་རབ་ཡེ་ཤེས་དང་བཅས་པའི་དམ་ཚིག་གོ །བཞི་པ་ནི་བླ་མའི་ཁ་ལས་ཤེས་པར་བྱ་བས་འདིར་མ་བསྟན་ཏོ། །

སྦྱིན་སྲེག་གི་ཆོ་ག


DTG008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྦྱིན་སྲེག་མ་གཏོགས་པར། །རབ་གནས་འདིར་ནི་བསྟན་ཡོད་མིན། །ཞེས་གསུངས་པས་སློབ་མ་ལ་ཕན་པའི་ཕྱིར། ཇི་ལྟར་འདོད་པའི་སྦྱིན་སྲེག་གི་ཆོ་ག་བརྗོད་པར་བྱ་སྟེ། དེ་ལས་གཞི་དཀར་པོ་ལ་ཐབ་ཁུང་ཁྲུ་གང་ཟླུམ་པོ་ཟབས་སུ་སོར་བཅུ་གཉིས་པ་བརྐོས་པའི་དབུས་སུ། རྒྱར་སོར་དྲུག་འཕང་དུ་སོར་གསུམ་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཐོད་པ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། འདབ་མ་རྣམས་ལ་ལྷ་མོ་རྣམས་ཀྱི་མཚན་མ་བཀོད་ལ་རྡོ་རྗེ་ཕྲེང་བས་བསྐོར་བར་བྱའོ། །ཐབ་ཁུང་གི་ཕྱི་རོལ་དུ་སོར་བཞི་དོར་ལ། ཁ་ཁྱེར་རྒྱ་དང་དཔངས་སུ་དེ་ཙམ་པ་རྡོ་རྗེས་བསྐོར་བར་བྱའོ། །སྟེགས་བུའི་མཚམས་བཞིར་ནི་རྡོ་རྗེ་རྩེ་གསུམ་པས་མཚན་པ། ལས་དང་མཐུན་པའི་སས་ཀུན་དུ་བྱུགས་ནས། ལས་དང་མཐུན་པའི་དྲིས་ཀྱང་བྱུག་གོ །མེ་ཏོག་དཀར་པོ་དུས་གསུམ་དུ་གཏོར་བར་བྱ་སྟེ། ཞི་བའི་ཐབ་ཁུང་ངོ༌། །རྒྱས་པ་ལ་ནི་ས་གཞི་སེར་པོ་ལ་ཁྲུ་དོ་གྲུ་བཞི་པ། ཟབས་སུ་དེའི་ཕྱེད་དུ་བརྐོས་ལ་ཁ་ཁྱེར་སྔ་མ་ལས་ཉིས་འགྱུར་དུ་བྱས་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་ས་སེར་པོ་དང་དྲི་སེར་པོས་བྱུག་ལ། མེ་ཏོག་སེར་པོས་གཏོར་བར་བྱའོ། །དབང་ལ་ནིས་གཞི་དམར་པོ་ལ་རྒྱར་སོར་ཉི་ཤུ། ཟབས་སུ་སོར་བཅུ་པའི་ཐབ་ཁུང་གྲུ་གསུམ་དུ་བརྐོས་ལ། སོར་གསུམ་པའི་ཁ་ཁྱེར་གྱིས་བསྐོར་རོ། །ལྷག་མ་ནི་སྔར་བསྟན་པ་བཞིན་ནོ། །དེ་ནས་ས་དམར་པོ་དང་དྲི་དམར་པོས་བྱུག་ལ་མེ་ཏོག་དམར་པོས་དུས་གསུམ་དུ་གཏོར་རོ། །དགུག་པ་དང་བསད་པ་ལ་ཡང་དེ་བཞིན་ནོ། །འདིའི་ཁྱད་པར་བརྗོད་པར་བྱ་སྟེ། ས་ཕྱོགས་གནག་ཅིང་སྙིང་པོ་མ་ཡིན་པ་དང༌། གས་པ་དང་ཚ་སྒོ་ཅན་དུ་བྱ་སྟེ། ས་ནག་པོ་དང་དུར་ཁྲོད་ཀྱི་ཐལ་བ་དང༌། །བོང་བུ་དང་རྔ་མོའི་རྟུག་པ་ཅི་སྙེད་པས་བྱུག་ཅིང་དྲི་མི་ཞིམ་པ་དང༌། དྲི་མེད་པའི་མེ་ཏོག་ནག་པོ་དང༌། དམར་པོ་དང་ཕུབ་མས་གཏོར་བར་བྱ་སྟེ། དེ་ལ་དཀྱིལ་འཁོར་རམ་ལྷ་ཁང་གི་ཤར་ཕྱོགས་སུ་ཞི་བ་དང་དབང་གི་ཐབ་ཁུང་བྱའོ། །ལྷོ་ཕྱོགས་སུ་ནི་རྒྱས་པའོ། །བྱང་ཕྱོགས་སུ་ནི་མངོན་སྤྱོད་ཀྱིའོ། །ནུབ་


DTG009_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ནི་དགུག་པའོ། །ཡང་ན་རྡུལ་ཚོན་གྱིས་ཀྱང་ལས་དང་རྗེས་སུ་མཐུན་པའི་ཐབ་ཁུང་བྱ་བར་སྣང་སྟེ། ཐབ་ཁུང་གི་ཆོ་གའོ། །ད་ནི་དགང་གཟར་དང་བླུགས་གཟར་བསྟན་པ་སྟེ། གསེར་དང་ཟངས་ལས་བྱུང་བའམ། མཆོད་སྦྱིན་གྱི་ཤིང་ལས་བྱས་པ་ཡང་རུང་སྟེ། ཡུ་བའི་མཐར་སོར་དྲུག་པའི་རྡོ་རྗེ་རིན་ཆེན་བྱའོ། །དབྱུག་པ་ནི་སོར་བཅུ་དྲུག་པའོ། །དབྱུག་པའི་སྟེང་གི་ཆར་ནི་སོར་བཞི་པའི་རྡོ་རྗེའོ། །དཀྱུས་ནི་སོར་བཞི་པ་ལ། ཟབས་སུ་སོར་གཉིས་པ་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པ་སྟེ། རྩེ་མོ་ལ་བཅུད་འཛག་པའི་མཆུ་མཐེའུ་ཆུང་གི་ཚད་འདི་ནི་དགང་གཟར་རོ། །བླུགས་གཟར་ནི་པདྨའི་འདབ་མའི་དབྱིབས་ལྟ་བུ་ལ། རྒྱར་སོར་གཉིས་ཟབས་སུ་སོར་གཅིག་པ། དཀྱིལ་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །གཉིས་གའི་ཡུ་བ་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་དུ་རུང་བ་སྟེ། དེ་ལྟར་ན་དེ་དག་ཁྲུ་རེ་རེ་བར་བསྟན་ཏོ། །ཇི་སྟེ་དགང་གཟར་དང་བླུགས་གཟར་མེད་ན། དགང་བླུགས་ཀྱི་སྦྱིན་སྲེག་ནི་སོར་མོ་ལྔ་དང་ལྡན་པའི་ལག་པ་བྱལ་། ཅིག་ཤོས་ནི་སོར་མོ་གསུམ་བསྡུས་པས་བྱའོ། །དེ་ལ་ཨ་མྲ་དང༌། ཨུ་དུམ་བཱ་ར་དང༌། ཀ་ཏམ་པ་དང༌། པཱ་ལ་ཤཱ་དང༌། ཨ་ཤྭ་ཏྠ་དང༌། པ་ལ་ཀྵ་དང༌། ནྱ་གྲོ་དྷ་དང༌། བི་དང་ཀ་དང༌། ས་མི་དང༌། ཀ་ས་མ་རྒ་དང༌། ཨ་པ་མ་རྒ་ལས་བྱུང་བའི་རྩེ་མོའི་ཆ་ལས་བྱས་ཤིང་གསར་པ་མཐོ་གང་ཙམ་གྱི་ཚད་ལ། འདབ་མར་བཅས་པའོ་མ་དང་སྦྲང་རྩི་དང་མར་ལ་རྩེ་མོ་གཉིས་སྤགས་ལ། དྲི་དཀར་པོའི་ཆུས་གཏོར་བའི་ཡམ་ཤིང་འདབ་མ་གཉིས་དང་བཅས་པའི་རྩེ་མོ་གཅིག་པ། མཐེ་བོ་དང་སྲིན་ལག་གིས་བཟུང་སྟེ་བསྲེག་པར་བྱའོ། །དེ་ལ་རུལ་པ་དང་གས་པ་དང་ཆག་པ་དང༌། ཤུན་པ་མེད་པ་དང༌། ཡོ་བ་དང༌། རྩེ་མོ་གཉིས་པ་དང༌། ཐུང་བ་དང་རིང་བ་དང༌། སྲོག་ཆགས་ཀྱིས་ཟོས་པ་དང༌། སྲོག་ཆགས་ཅན་ནི་སྤང་བར་བྱའོ། །ཡང་ནས་དང་འབྲས་ཡོས་དང༌། ཞོ་དང་འོ་མ་དང༌། ཏིལ་དང་ཀུ་ཤ་གསར་པ་དང༌། དཱུར་བ་དང༌། ཙུ་ཏའི་འདབ་མ་དང༌། ཙནྡན་དང་འབྲས་ཟན་དང༌། མེ་ཏོག་དཀར་པོ་དང༌། མར་དང་བཅས་པ་སྟེ་དེ་དག་ལས་ཅི་


DTG009_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བ་སྲེག་པ་ནི་ཞི་བའི་བསྲེག་རྫས་སོ། །ཡམ་ཤིང་དེ་དང་འདྲ་བ་ལས་དབུས་ཀྱི་ཆ་ལས་བྱུང་ཞིང་ཁྲུ་གང་ཆག་གང་བ། དྲི་སེར་པོའི་ཆུས་གཏོར་བ་སྦྲང་རྩི་ལས་སྤགས་པའོ། །གཞན་ཡང་ཟས་མཆོག་ཤྲི་ཕ་ལ་དང༌།འབྲས་བུ་སཱ་ལུ་དང༌། གསེར་དང༌། ཀར་ཎི་ཀའི་མེ་ཏོག་དང༌། འབྲུ་རྣམས་ནི་རྒྱས་པའི་འོ། །ཙམ་པ་ཀ་དང༌། ཨ་ཤྭ་ཏྠ་དང༌། བ་ཀུ་དང༌། པྲི་ཡང་ཀུ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་འདབ་མ་དང་བཅས་པ་དང༌། མེ་ཏོག་དང༌། འབྲས་བུ་སྐྱུར་པོ་དང༌། མངར་པོ་དང༌། ཁྱད་པར་དུ་ཡང་ཨུཏྤལ་དམར་པོ་དག་ནི་དབང་གིའོ། །དགུག་པ་ལ་ནི་དེ་དག་དང༌། ཚེར་མ་ལྕགས་ཀྱུ་ལྟ་བུ་དག །མངོན་སྤྱོད་ལ་ནི་ནིམ་པ་དང༌། སེང་ལྡེང་དང༌། བྱི་ལོ་ཏ་ལ་སོགས་པའི་ཤིང་རོ་ཚ་བ་དང༌། ཁ་བ་དང་ཚེར་མ་ཅན་དང༌། དུར་ཁྲོད་ཀྱི་ཤིང་ལས་བྱས་པའི་སོར་བཅུ་པ་རྩེ་མོ་གཉིས་རྣོན་པོར་བཞོགས་ཤིང༌། ཁྲག་དང་ཡུངས་མར་ལ་སོགས་པའི་ཡམ་ཤིང་དང༌། ཡུངས་ཀར་དང༌། མར་ནག་དང༌། ལན་ཚྭ་དང༌། སྐྱེ་ཚེ་དང༌། ནིམ་པའི་འདབ་མ་དང༌། དུར་ཁྲོད་ཀྱི་ཐལ་བ་དང༌། དགྲའི་རྐང་རྗེས་ཀྱི་རྡུལ་དང༌། བོང་བུ་དང༌། རྔ་མོའི་རྟུག་པ་རྣམས་ཅི་སྙེད་པའམ། ཐམས་ཅད་ཀྱང་རུང་སྟེ། དུག་དང་ཁྲག་དང་ལན་ཚྭ་དང་སྦྱར་ནས་དགྲའི་གཟུགས་བརྙན་བྱས་ལ། གཏུབ་ཅིང་བསྲེག་པར་བྱ་སྟེ་བསྲེག་རྫས་བསྟན་པའོ། །ཞི་བའི་བུད་ཤིང་ནི་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པའམ། ནགས་ཀྱི་བ་ལང་གི་ལྕི་བ་ལས་ཐབ་ཁུང་བས་ཅུང་ཟད་དམའ་བར་བྱའོ། །རྒྱས་པ་ལ་ནི་བ་ལང་གི་ལྕི་བ་མ་གཏོགས་པ་འབྲས་བུ་ཅན་གྱི་ཤིང་རྣམས་ལས་བྱའོ། །དབང་ལ་ནི་ཤིང་སྐྱུར་པོ་དང༌། མེ་ཏོག་ཅན་རྣམས་ལས་བྱའོ། །དགུག་པ་ལ་ནི་ཚེར་མ་ལྕགས་ཀྱུ་ཅན་ལྟ་བུ་རྣམས་ལས་སོ། །མངོན་སྤྱོད་ལ་ནི་ཤིང་ཚ་བ་དང༌། ཚེར་མ་ཅན་དུར་ཁྲོད་ཀྱི་ཤིང་དང༌། བོང་བུ་དང་རྔ་མོའི་རྟུག་པ་རྣམས་ལ་སྟེ་བུད་ཤིང་བསྟན་པའོ། །དེ་ནས་ཞི་བའི་ལས་ལ་ཁྲུས་དང་གཙང་སྦྲ་བྱས་ཏེ། ལུས་དྲི་ཞིམ་པོས་ཕྱུགས་ལ། གོས་དང་རྒྱན་དཀར་པོས་བརྒྱན་ཏེ། བྱམས་པ་དང་ལྡན་པས་ཁ་ནུབ་ཏུ་བལྟས་ལ། སྟན་ནང་ཚངས་


DTG009_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འཇམ་པོའམ། པདྨ་ལ་འདུག་སྟེ། ཞི་བའི་ཡིད་ཀྱིས་ཡང་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་བྱའོ། །རྒྱས་པ་ལ་ནི་མེ་ཏོག་གི་ཕྲེང་བ་སེར་པོ་དང༌། རྒྱན་སེར་པོས་བརྒྱན་ཏེ། སྟན་བཟང་པོ་ལ་བཟང་པོའི་འདུག་སྟངས་ཀྱིས་འདུག་སྟེ། རངས་པའི་ཡིད་ཀྱིས་ཁ་བྱང་དུ་བལྟས་ལ་ཉི་མ་སྔ་དྲོ་ནས་བརྩམས་ཏེ་བྱའོ། །དབང་ལ་ནི་གོས་དང༌། རྒྱན་ལ་སོགས་པ་དམར་པོས་བརྒྱན་ཏེ། ཆགས་པའི་ཡིད་ཀྱིས་སྟན་མཐོན་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཁ་ཤར་དུ་བལྟས་པར་བྱའོ། །དགུག་པ་ཡང་དེ་བཞིན་ཏེ། ཁྱད་པར་དུ་ཁ་སྟེང་དུ་བལྟས་ལ་བྱའོ། །མངོན་སྤྱོད་ལ་ནི་ཁྲོ་བའི་སེམས་ཀྱིས་གོས་དང་རྒྱན་སྔོན་པོ་དང༌། ཁྲག་དང་ཆུས་སྦགས་པ་བགོས་ལ་གཤིན་རྗེའི་ཕྱོགས་སུ་བལྟས་ཏེ། སྟན་མཁྲང་པོ་ལ་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་འདུག་པའམ། སྟན་མེད་པར་ཡང་རུང་སྟེ། རྐང་པ་གཡོན་པས་གཡས་པ་མནན་ལ། སོ་འཆའ་ཞིང་གདོང་ཁྲོ་གཉེར་དང་ལྡན་པས་མིག་བཟློག་སྟེ། མར་པོའི་ཚེས་གཉིས་པོའམ་གཞན་ལ་ཡང་རུང་སྟེ། ཁྲོ་བ་ཉིད་བསྟན་པར་བྱས་ལ། བསྒྲུབ་བྱ་སྡིག་པ་ལས་བཟློག་པར་བྱ་བའི་ཕྱིར། ཉིན་ཕྱེད་དམ་མཚན་ཕྱེད་ན། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བསྒྲུབ་བྱའི་བསྲུང་བ་བཅས་ལ་བྱའོ། །སྒྲུབ་པ་པོ་བསྟན་པའོ། །ཞི་བའི་ཨརྒྷའི་སྣོད་ནི་གསེར་རམ་དངུལ་ལམ། ཟངས་སམ་ས་དང་རྡོ་དང༌། དུང་དང་ཉ་ཕྱིས་ལ་སོགས་པ་དང༌། ཤིང་ལོ་སྐྱོང་པ་ཡང་རུང་སྟེ། ནས་དང་འོ་མ་དང༌། དྲི་དཀར་པོ་དང་ལྡན་པའི་ཆུས་བླུགས་ལ། རང་གི་ལྷའི་སྔགས་ཀྱི་མཐར་སྭཱ་ཧཱ་དང་ལྡན་པ་ལ་ལན་བདུན་བཟླས་པར་བྱའོ། །རྒྱས་པ་ལ་ཡང་དེ་བཞིན་ཏེ། ཁྱད་པར་དུ་དྲི་སེར་པོའི་ཆུ་དང༌། ཏིལ་དང་ཞོ་དང་ལྡན་པ་སྟེ། ཨོཾ་གྱི་མཐའ་དང་ལྡན་པས་བཟླས་སོ། །དབང་ལ་ནི་དྲི་དམར་པོའི་ཆུ་སྟེ། ཧོའི་མཐའ་དང་ལྡན་པ་བཟླས་སོ། །མངོན་སྤྱོད་ལ་ནི་དིར་མི་ཞིམ་ཞིང་གནག་པ་དང་བཅས་པའི་ཆུ་ཁྲག་དང་བའི་གཅིན་དང་ཀོ་ཏྲ་བ་དང་ལྡན་པ་ལ་ཕཊ་ཀྱི་མཐའ་དང་ལྡན་པ་བཟླས་ཏེ། མཆོད་ཡོན་ཀྱི་ཆོ་གའོ། །དེ་ལ་ཞི་བ་དང་རྒྱས་པ་དང་དབང་རྣམས་ལ་ནི་ལས་ཐམས་


DTG009_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་པའི་ཆུ་ཡི་གེ་ཧཱུཾ་ཡོངས་སུ་བཟླས་པ་དང༌། ཨ་རྒྷའི་སྣོད་གཉིས་གཡོན་དུ་བཞག་ལ། ཡང་དེ་ཉིད་ཡོངས་སུ་བཟླས་པའི་ཆུ་དེ་གཉིས་ལས་ལག་པ་གཡས་པས་བླངས་ཏེ། ཡམ་ཤིང་དང་བུད་ཤིང་ལ་སོགས་པའི་བསྲེག་རྫས་ལ་བསང་གཏོར་བྱས་ལ། གཡས་ཕྱོགས་སུ་གཞག་གོ །དྲག་པོའི་ལ་ནི་ཟློག་སྟེ་གཞག་གོ །དེ་ལ་ཞི་བ་ལ་ནི་ཤིང་འོ་མ་ཅན་དང་གཙུབས་པ་ལ་སོགས་པ་བྱུང་བའི་མེ་དང༌། བྲམ་ཟེའི་སྦྱིན་སྲེག་གི་མེས་བྱའོ། །རྒྱས་པ་ལ་ནི་དགེ་འདུན་གྱི་སྲོ་ཁང་གི་མེ་འམ། རྒྱལ་རིགས་དང་རྗེའུ་རིགས་ཀྱི་ཁྱིམ་གྱི་མེས་བྱའོ། །དབང་ལ་ནི་རྗེའུ་རིགས་དང་སྨད་འཚོད་མའི་ཁྱིམ་གྱི་མེས་བྱའོ། །དགུག་པ་ལ་ནི་གར་མཁན་དང་ཀུན་དུ་རྒྱུ་དང༌། ལམ་དུ་བུད་པའི་མེས་བྱའོ། །དྲག་པོ་ལ་ནི་དུར་ཁྲོད་ཀྱི་ཤིང་དང༌། རྡོ་གཙུབས་པ་ལས་བྱུང་བ་དང༌། ཤན་པའི་ཁྱིམ་གྱི་མེས་བྱའོ། །དེ་ནས་ཧཱུཾ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་ལ། བསང་གཏོར་ལན་གསུམ་བྱས་ཏེ། གཙང་ཞིང་སྐམ་པའི་རྩྭ་དང་ལྷན་ཅིག་ཏུ་བཅུག་ལ་རླུང་ཡབ་ཀྱིས་སྦར་ནས། ཨོཾ་ཛྭ་ལ་ཛྭ་ལ་ཧཱུ༵། ཞེས་བྱ་བ་ལན་བདུན་བཟླས་པའི་མར་གྱིས་སྔར་ལ། ཨོཾ་བཛྲ་སཏྭ་ཨ། ཞེས་བྱ་བ་ཡོངས་སུ་བཟླས་པའི་ཀུ་ཤ་རློན་པ་འདབ་མ་མ་ཉམས་ཤིང་ཤིན་ཏུ་རིང་བ་མ་ཡིན་པ་རྩེ་མོ་ཤར་དུ་བསྟན་ཏེ། ཐབ་ཁུང་གི་ཕྱི་རོལ་དུ་གཡོགས་ལ། ཡི་གེ་ཧཱུྃ་གིས་ཐབ་ཁུང་བསྐྱེད་དེ། དེའི་ནང་དུ་རཾ་ལས་མེ་ལྷ་ལས་དང་རྗེས་སུ་མཐུན་པའི་མདོག་དང༌། རྒྱན་དང་ཕྲེང་བ་ཅན། ཕྱག་གཉིས་ན་བགྲང་ཕྲེང་དང༌། རིལ་བ་སྤྱི་བླུགས་ཐོགས་པ། གསུས་པ་འཕྱང་ཞིང་རལ་པའི་ཐོར་ཚུགས་ཅན་བསྐྱེད་ལ། ཨོཾ་ཨ་གན་ཡེ་མ་ཧཱ་ཏེ་ཛ་སརྦ་ཀ་མ་རྠ་པྲ་ས་ད་ཀ་ཀ་རུ་ཎ་ཀྲི་ཏྭ་སརྦ་ཨ་སྨིན་ས་ན་ནི་ཧི་ཏོ་བྷ་བ་ཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་ཀྱི་མེ་ལྷ་བཀུག་ལ། ཛཿ་ཧཱུྃ་བཾ་ཧོཿ་ཞེས་པས་དེ་ཉིད་དུ་དགུག་པ་ལ་སོགས་པ་བྱས་ནས། ཨོཾ་ཛཿ་ཧཱུྃ་བཾ་ཧོཿ་ཁ༵་ར༵། ཞེས་བྱ་བས་ཨ་རྒྷ་དབུལ་ལོ། །ཨོཾ་ནི་རི་ཧཱུཾ་ཁཾ། ཞེས་བྱ་བས་ཞབས་བསིལ་ཕུལ་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་དབང་བསྐུར་པའི་བར་དུ་བྱས་ལ་ཕྱི་དང་ནང་གི་མཆོད་པས་མཆོད་དེ། ཨོཾ་དྷྭཾ་དྷྭཾ་ཞེས་བྱ་བས་ལྷ་བཤོས་དབུལ་


DTG009_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དེ་ནས་དེའི་ལྕེ་ལ་ཧཱུྃ་གིས་རྡོ་རྗེ་བསམས་ལ་ཞལ་ཅུང་ཟད་གདངས་ཏེ་གཟར་བུ་གཉིས་ཐོགས་པའི་གྲུ་མོ་གཉིས་ཀྱི་ནང་དུ་བཅུག་ལ། ཨོཾ་ཨ་གན་ཡེ་སྭཱ་ཧཱ། ཞེས་བྱ་བས་གང་གི་སྦྱིན་སྲེག་སྦྱིན་ནོ། །དྲག་པོ་ལ་ནི་ཞལ་ཤིན་ཏུ་གདངས་ཏེ་གདུག་པ་དང་བཅས་པའི་ཚ་བའི་མར་ནག་སྦྱིན་ནོ། །དེ་ནས་མེའི་མཚན་ཉིད་མཁས་པས་བརྟག་པར་བྱ་སྟེ། འཇའ་ཚོན་དང༌། ས་ཏི་ཀ་དང༌། རྔ་མ་དང༌། འདམ་བུ་ཆུ་ཤེལ་ལྟ་བུའི་མདོག་ནི་དགེ་བའི་ལས་ལ་ཤིས་སོ། །གཞན་ཡང་དྲི་མ་མེད་ཅིང་སྒྲ་ཟད་པ་དང༌། རྩེ་མོ་གཅིག་ཏུ་འབར་བ་ནི་ཤིས་པ་སྟེ། དེ་ནས་ཞི་བ་ལ་ཁྱད་པར་མདོག་དཀར་བའོ། །རྒྱས་པ་ལ་སེར་པོའི་མདོག །རྗེས་སུ་ཆགས་པ་ལ་དམར་བ་སྟེ། །སྔོ་དང་ནག་པོ་མངོན་སྤྱོད་ལ། དེ་ལ་བགེགས་དང་བཅས་པའི་མེ་ནི་དུ་བ་ཆེ་ཞིང་མེ་སྟག་འཕྲོ་ལ་དལ་བུས་འབར་ཞིང་ཞན་པ་དང༌། མེ་ལྕེ་འཆད་པ་དང༌། འོད་མེད་ཅིང་མདོག་སྔོ་བ་དང༌། མདུང་རྩེ་ལྟ་བུ་དང༌། ཞིབ་མ་ལྟ་བུ་དང༌། བ་ལང་གི་གདོང་པ་ལྟ་བུའི་དབྱིབས་དང༌། མི་རོའི་དྲི་དང༌། དྲི་མེད་པའམ། ཡང་ན་དྲག་ཏུ་འབར་བའོ། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་སྔ་མ་བཞིན་བསང་གཏོར་བྱས་ལ། རྩ་བའི་སྔགས་ཀྱིས་བསྲུངས་ཏེ། གསང་བའི་སྦྱིན་སྲེག་གསུམ་མམ་བདུན་དབུལ་ལོ། །དེ་ནས་ཡང་ཡམ་ཤིང་ལ་སོགས་པ་སོ་སོའི་སྔགས་ཀྱིས་ཇི་སྙེད་འདོད་པ་བསྲེགས་ལ། བསང་གཏོར་དང་འཐོར་འཐུང་ལ་སོགས་པ་ཕུལ་ཏེ། མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པ་བལྟའོ། །དེ་ནས་སྒྲུབ་ཐབས་ལས་བྱུང་བའི་ཆོ་ག་ལས་དང་རྗེས་སུ་མཐུན་པའི་རྒྱུད་ལས་གསུངས་པའི་ལྷ་དེར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། ཨ་རྒྷཾ་ལ་སོགས་པ་ཕུལ་ཏེ། དམ་ཚིག་སེམས་དཔའ་ལ་བསྟིམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ལྗགས་ལ་རྡོ་རྗེར་བསམས་ལ་ཞི་བ་དང་རྒྱས་པ་དང༌། དབང་དང༌། དགུག་པ་ལ་ནི་ཞལ་ཅུང་ཟད་ཙམ་དབྱེ། དྲག་པོ་ལ་ནི་ཤིན་ཏུ་གདངས་པར་ཕྱེ་ལ་བསྲེག་གོ །དེ་ལ་ཨོཾ་ཨ་གན་ཡེ་སྭཱ་ཧཱ། ཞེས་བྱ་བ་མར་གྱི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཨ་མུ་ཀཾ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་པུཥྚ་ཡ་


DTG009_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བའི་འོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་གྲེའུ་ཡིའོ། །ཨོཾ་བཛྲ་གྷ་སྨ་རཱི་ཡ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་ཨ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའི་འོ། །ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱ། ཨ་ཤྭ་ཏྠའིའོ། །ཨོཾ་བཛྲ་ལ་ཧ་ཡེ་སྭཱ་ཧཱ། པླ་ཀྵའིའོ། །ཨོཾ་བཛྲ་ཀུ་བེ་ར་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ས་ཧ་ཀ་ར་ཡ་སྭཱ་ཧཱ། ཨ་མྲའི་འོ། །དེ་ལྟར་ཅི་འབྱོར་པས་བསྲེགས་ནས་བསང་གཏོར་དང་འཐོར་འཐུང་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས། མ་འབྱོར་པ་དང་ཉམས་པ་དང༌། གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བྱ་བས་བཟོད་པར་གསོལ་ལོ། །སླར་ཡང་འདོད་པའི་ལྷ་ལ་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པའི་མཐར་མུཿ། བརྗོད་ནས་གཤེགས་སུ་གསོལ་ལོ། །དེ་ནས་ཡང་ཐབ་ཀྱི་ནང་དུ་མེ་ལྷ་བསམས་ལ། བསྲེག་རྫས་ཀྱི་ལྷག་མའི་རྫས་ལ་སྦྱིན་སྲེག་ཕུལ་ཏེ། སློབ་མ་དང་བཅས་པས་མཐར་གང་བའི་སྦྱིན་སྲེག་ཕུལ་ནས། དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་སྟེ། མེ་ལྷ་ཁྱོད་ཀྱིས་རང་བཞིན་དོན། །བསྒྲུབ་པ་ཚུལ་བཞིན་བྱས་ཟིན་གྱིས། །དམ་ཚིག་གནས་ལ་མནོས་མཛོད་ལ། །རང་གནས་བདེ་བར་གཤེགས་སུ་གསོལ། །བདག་དང་གཞན་གྱི་དོན་རྣམས་ནི། །བསྒྲུབས་ཏེ་སྦྱིན་སྲེག་གསོལ་ལ་བཞུད། །སླར་ཡང་དུས་བཞིན་གཤེགས་ནས་སུ། །བདག་གི་སྔགས་ཀྱི་དངོས་གྲུབ་མཛོད། །སྦྱིན་སྲེག་གི་ཆོ་གའོ།། །།

རབ་གནས་སོགས་བྱ་བ།


DTG008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་པ་རྣམས་ཀྱི་རང་བཞིན་ནི། །མི་གནས་མྱ་ངན་འདས་ཡིན་ཏེ། །སྤྲོ་དང་ལྡན་པའི་སྐྱེ་བོ་ལ། །སྔགས་པས་ནོར་ནི་རྙེད་པ་དང༌། །སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱེད་པོ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །དང་པོར་ཉི་མ་བཟང་པོ་ལ་ཕྱི་ནང་གི་ཁྲུས་བྱ་ཞིང་དྲི་ཞིམ་པོས་བྱུགས་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་གཙུག་ཏོར་བཅིངས་ནས་མཆོད་པའི་ཡོ་བྱད་རྣམས་པ་སོགས་


DTG009_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སོ། ཕྱག་གཉིས་པའི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པ། རྡོ་རྗེ་དང་དྲིལ་བུ་འཆང་བས་སྟེགས་བུ་གྲུ་བཞི་པ། དཔངས་སུ་ཁྲུ་དོ་པར་བྱས་བའི་སྟེང་སློབ་དཔོན་བདག་ཉིད་འདུག་ནས། ཡང་དེ་ཉིད་ལུགས་སྐུ་དང་པོ་ཏི་ལ་སོགས་པ་རབ་གནས་བྱ་བར་འོས་པ་བཞུགས་སུ་གསོལ་ལོ། །སྟེང་དུ་བླ་རེ་བྲེ་བ་དང༌། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་བྲེས་ཏེ། མེ་ཏོག་གི་ཕྲེང་བ་དང༌། སིལ་མ་སྤུངས་ལ། གླུ་དང་གར་དང་རོལ་མོས་བརྒྱན་ནས། ཕྱི་དྲོའི་དུས་སུ་རིམ་པ་འདིས་ཁྲུས་བྱའོ། །དང་པོར་སྐུ་གཟུགས་ན་བཟའ་སེར་པོ་གསོལ་ལ། ཡུངས་ཀར་ལ་ཧཱུཾ་ཡོངས་སུ་བཟླས་ཏེ་ཁུ་ཚུར་གཡས་གཡོན་གྱིས་བཟུང་ནས་ལན་གཉིས་སུ་བསྐོར་ཏེ། ཁམ་ཕོར་གྱི་མེར་བླུགས་ཤིང་ཤིས་པའི་བསྐོར་བ་ལན་གསུམ་བྱས་ལ། དེ་བཞིན་དུ་ཨོཾ་བཟླས་པའི་ཆུའི་ཤིས་པའི་བསྐོར་བ་ཡང་ལན་གསུམ་དུ་བྱའོ། །དེ་ནས་བདུད་རྩི་ལྔ་དང༌། བའི་རྣམ་པ་ལྔ་ཡང་རུང་བའི་རིམ་གྱིས་བསྐུས་ལ་བྱུག་པར་བྱའོ། །རས་རིས་དང་འབུར་སྐུ་ལ་སོགས་པ་རྣམས་ཀྱི་ནི་མེ་ལོང་གི་གཟུགས་བརྙན་ལ་བྱུག་གོ །དེ་ནས་དྲི་ཞིམ་པོའི་ཆུས་བཀྲུས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ནེ་བཛྲ་སྭཱ་ཧཱ། ཞེས་བྱ་བ་ཡོངས་སུ་བཟླས་པའི་དྲི་ཞིམ་པོའི་མར་ནག་གིས་བྱུག་ལ། པ་ཏྲ་དང་ཨུདུམྺ་ར་ལ་སོགས་པའི་ཤིང་ཤུན་གྱི་ལྡེ་གུས་བྱུགས་ཏེ་མར་ནག་ཕྱིའོ། །དེ་ནས་སྐྱུ་རུ་རའི་འདག་ཆལ་གྱིས་བྱུགས་ལ། སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཁྲུས་གསོལ་བ་བྱས་ཏེ། སངས་རྒྱས་དང་རིག་པའི་ཚིག་རྣམས་ཀྱིས་སྔར་བསྟན་པ་ལྟར་ཁྲུས་བྱེད་བཞིན་པར་བསྒོམས་ལ་བདག་ཉིད་ཀྱིས་ཀྱང་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པས་ཕྱིའི་ཁྲུས་བྱས་ནས་ཆུའི་ཐིགས་པ་སྐུ་ལས་གོས་འཇམ་པོས་བླང་བར་བྱའོ། །དེ་ནས་ཨོཾ་ཨཱཿ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བའི་དྲི་ཞིམ་པོས་བྱུགས་ལ། དེ་བཞིན་དུ་ཧཱུཾ་ལས་བསྐྱེད་པའི་མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་ཕུལ་ཏེ། སྙིང་ག་དང་མགྲིན་པ་དང་མགོ་བོ་དང་དཔུང་པ་དང༌། སྤྱི་གཙུག་རྣམས་སུ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ཉེ་རེག་བྱས་ལ་ལག་པར་སྦོས་ཕོར་ཐོགས་ཏེ་


DTG009_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པུས་མོ་ས་ལ་བཙུགས་ལ། ལྕེ་ཧཱུཾ་གིས་རྡོ་རྗེར་བྱས་ལ། བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་མོ་ཕྱག་འཚལ་བསྟོད། མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། རབ་གནས་གནང་བར་བགྱིད་པར་འཚལ། སློབ་མ་རྣམས་ལ་བརྩེ་བ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །བཀའ་དྲིན་དག་ནི་མཛད་པར་འོས། །འགྲོ་བའི་འཁོར་ལོ་མཛད་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །འབྱུང་པོ་སངས་རྒྱས་ཀྱི་བསྟན་དང༌། །གང་ཡང་བསྟན་ལ་མངོན་དགའ་བའི། །སེམས་ཅན་རྡོ་རྗེའི་མིག་ཅན་རྣམས། །ཆེ་གེ་མོ་དག་རྡོ་རྗེ་ཆེས། །རིག་པའི་རྒྱལ་པོ་འདི་ཞེས་པའི། །རབ་གནས་ཡོ་བྱད་ཅི་འབྱོར་པས། །འགྲོ་བ་ཞི་ཕྱིར་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང༌། །རབ་ཏུ་གནས་པ་ཐམས་ཅད་ལ། །ཐུགས་རྗེར་ལྡན་པས་བྱིན་རླབས་མཛོད། །ཅེས་བྱ་བ་འདིས་ལྷ་ལ་སྙན་གསན་ཕུལ་ལ། ལུགས་མ་ལ་སོགས་པའི་སྐུ་གཟུགས་རྣམས་སྔོན་དུ་བདག་མེད་པར་བསྒོམས་ཏེ། ཟླ་བ་རྡོ་རྗེ་ལ་སོགས་པའི་རིམ་པའམ། སྐད་ཅིག་ཙམ་གྱིས་རང་གི་ལྷར་བསྐྱེད་དོ། །པོ་ཏི་རྣམས་ལ་གསུང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བྱུང་པའི་ཡི་གེ་བསྐྱེད་དོ། །ལྷ་ཁང་དང་མཆོད་རྟེན་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་བྱུང་བར་བསམས་ལ། ཕྱོགས་བཅུ་རྣམས་ནས་ཡེ་ཤེས་སེམས་དཔའ་བཀུག་སྟེ། སྔར་བསྟན་པའི་སྔགས་ཀྱིས་ཨརྒྷ་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས། སྔར་བསྟན་པའི་ཚུལ་གྱི་སྐུ་གཟུགས་ཀྱི་ཐུགས་ཀར་བཅུག་ལ། དེ་བཞིན་དུ་དབང་བསྐུར་ཏེ། སྦྱོར་བ་ཇི་ལྟ་བ་བཞིན་ཕྱག་རྒྱས་བཏབ་ནས། མེ་ཏོག་དང་བདུག་པ་ལ་སོགས་པ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དེ། རབ་གནས་ཀྱི་ལྷ་གང་ཡིན་པའི་སྔགས་དེ་ཉིད་མང་དུ་བཟླས་ནས་ཡི་གེ་བརྒྱ་པའི་མཐར་མུཿ་བརྗོད་ནས། སླར་གཤེགས་སུ་གསོལ་བ་འདི་ནི་ལྷག་པར་གནས་པའི་ཆོ་གའོ། །


DTG009_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནང་པར་སྔ་དྲོ་ལངས་ཏེ་སློབ་དཔོན་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། མཆོད་པའི་ཡོ་བྱད་ཐམས་ཅད་བསོགས་ནས། བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནང་པར་ཞེས་བྱ་བའི་གནས་སུ་ང་ནི་ཞེས་པ་བརྗོད་དེ་ལྷ་བསྐུལ་ལ། ལྷག་པར་གནས་པའི་སྐབས་སུ་བཤད་པའི་ཆོ་ག་ཐམས་ཅད་བྱ་སྟེ། གཤེགས་སུ་གསོལ་བ་མ་གཏོགས་པའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གང་དག་ལྷག་པར་གནས་པ་མ་བྱས་པ་རྣམས་ཀྱིས་ཀྱང་དེ་ལྟར་བྱའོ། །དེ་ནས་རྒྱས་པའི་སྦྱིན་སྲེག་བྱས་ནས་མཐར་སློབ་མ་གཡོན་ཕྱོགས་སུ་བཞག་པ་ལ། བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ནས། གཡས་པའི་མཐེ་བོང་ལག་པ་གཡོན་པས་བཟུང་སྟེ། བླུགས་གཟར་གྱིས་མར་གྱི་སྲེག་བླུགས་ཅི་འབྱོར་པ་ལྷ་ལ་ཕུལ་ནས། ཏིལ་ལ་སོགས་པ་ཡང་བསྲེགས་ལ། །བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་མེ་ཏོག་གི་ཕྲེང་བ་འདི་ལག་པར་བཏགས་ལ། སྔར་བསྟན་པའི་ཆུས་བསང་གཏོར་བྱས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏི་ཥྛ་སིདྡྷ་ལོ་ཙ་ནི། སརྦ་ཨ་རྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་དེའི་སྙིང་གར་བསམས་ལ། ཚིགས་སུ་བཅད་པ་འདིས་ཡོན་བསླང་བར་བྱའོ། །བླ་མ་ཡོངས་སུ་མཉེས་པ་ཡིས། །ལས་ཀྱི་དངོས་གྲུབ་ཐོབ་འགྱུར་པས། །ཐ་ན་བཀུར་སྟི་ཙམ་གྱིས་ཀྱང༌། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་སོ། །དེ་ནས་ཐབ་ཁུང་དེ་ཉིད་དུ་མར་གྱི་ལྷག་མ་དང༌། འོ་མ་ལ་ཙཱ་རུ་བཅོས་ལ་སྦྱིན་སྲེག་ཕུལ་ཏེ། ཨོཾ་ཙ་ཀྵུ་ས་མ་ནྟ་ཙ་ཀྵུ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང༌། གསེར་གྱི་ཐུར་མས་སྐུ་གཟུགས་ཀྱི་སྤྱན་ཕྱེ་ལ། ཨོཾ་དི་བྱ་ཨ་གནེ་ས་མཱ་དྷི་དྷ་ན་པྲི་ཎ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཙཱ་རུའི་ཕུད་ལྷ་ལ་དབུལ་བར་བྱའོ། །དེ་ནས་བདག་དང་སློབ་མ་ཞི་བ་དང་རྒྱས་པར་བྱ་བའི་ཕྱིར། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བས་སྦྱིན་སྲེག་བྱས་ལ། བླ་མས། དེ་བཞིན་གཤེགས་པས་གསོལ་བ་ཡི། །ལྷག་མ་སྡིག་པ་སྦྱང་ཕྱིར་ཟོ། །ཞེས་བྱ་བས། ཙཱ་རུའི་ལྷག་མ་སློབ་མ་ཟ་རུ་གཞུག་གོ །དེ་ནས་བདུད་རྩི་འཁྱིལ་


DTG009_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྔགས་བཟླས་ཞིང་ཁུ་ཚུར་གཡས་པས་བཟུང་བའི་རྡོ་རྗེའི་རྩེ་མོས་སྐུ་གཟུགས་ཀྱི་སྐུ་སྨད་དང་བར་དང་དབུལ་ལན་གསུམ་བསྐོར་ལ་བརྟན་པར་བྱས་ནས། སྐུ་གཟུགས་ཀྱི་སུམ་ཆའི་ཚོད་ཀྱི་སྟེགས་བུའི་སྟེང་དུ། ཨོཾ་སུ་པྲ་ཏི་ཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བས་བཞུགས་སུ་གསོལ་ལོ། །སློབ་མས་སྐུ་གཟུགས་ལ་བསྐོར་བ་དང་ཕྱག་བྱ་བ་དང༌། མཆོད་པ་རྣམས་བྱས་ནས། སློབ་དཔོན་ལ་མཆོད་པའི་ཡོ་བྱད་རྣམས་སྦྱར་ཏེ་དབུལ་ལོ། །སློབ་དཔོན་གྱིས་ཀྱང་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་ཕུལ་ལ། སྐུ་གཟུགས་ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་དང༌། བདག་དང་སློབ་མ་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་རྣམས་ལ་གསོལ་བ་གདབ་སྟེ། བཟོད་གསོལ་བྱའོ། །རྗེ་སྟེ་རས་རིས་དང་སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་གནས་མདོར་བསྡུས་ཏེ་བྱ་བར་འདོད་ན། བདག་ཉིད་རང་གི་ལྷག་པའི་ལྷར་བསྒོམས་ལ། སྐུ་གཟུགས་ལ་སོགས་པ་ཁྲུས་བྱས་ནས། མཆོད་པའི་ཡོ་བྱད་རྣམས་བཤམས་ཏེ། བདག་མེད་པའི་བསམ་གཏན་སྔོན་དུ་འགྲོ་བས། སྐད་ཅིག་ཙམ་གྱིས་ལྷར་བསྒོམས་ལ། མིག་དང་སྐུ་ལ་སོགས་པར་བྱིན་གྱིས་བརླབས་ཏེ། ཡེ་ཤེས་སེམས་དཔའ་བསྟིམས་ནས། ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་ལ་དེ་ཉིད་ཀྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླའོ། །དྲིལ་བུ་དང་བགྲང་ཕྲེང་གི་རབ་གནས་ནི་ཡིག་འབྲུ་ལས་གསུང་རྡོ་རྗེར་བསྐྱེད་དེ། དེ་ཡོངས་སུ་གྱུར་པའི་དྲིལ་བུར་བལྟའོ། །དད་པ་ཆུང་བ་དང༌། ཀུ་ས་ལི་དང༌། འཚོ་བའི་དོན་གྱི་རྣལ་འབྱོར་པ་ཕོ་མོ་རྣམས་ཀྱི་བགྲང་ཕྲེང་ལ་སོགས་པ་ནི། སྔགས་ཙམ་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་པ་བྱ་སྟེ། སྔགས་བརྒྱ་རྩ་བརྒྱད་བཟླས་ནས་རྡོ་རྗེ་དྲིལ་བུ་གསིལ་ལ་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་ལ་བཟོད་པར་གསོལ་ལོ། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། བྱས་པས་བདག་གིས་དགེ་ཐོབ་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་འཇོམས་བྱེད་ཤོག །དཔལ་དགྱེས་པ་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་དང་སྦྱིན་སྲེག་དང༌། རབ་གནས་ཀྱི་ཆོ་ག་སློབ་དཔོན་ནག་པོའི་ཞལ་


DTG009_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


previousདཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག ནག་པོ་པས་མཛད།next