Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་པ།


   
  expand section
   
   
   
  expand section
   
   
   
   
  expand section
  expand section
   
   
   
   
   
   
   
  expand section
  collapse section
  expand section
   
   
གསུམ་པ། བདག་བྱིན་གྱིས་བརླབ་པའི་རིམ་པ།
   
   
   
  expand section
   
  expand section
   
   
  expand section
   
   
  expand section
   
   
  expand section
   
  expand section
  expand section
   
   
  expand section
   
   
   
  expand section
  expand section


 
previousགསུམ་པ། བདག་བྱིན་གྱིས་བརླབ་པའི་རིམ་པ།next

གསུམ་པ། བདག་བྱིན་གྱིས་བརླབ་པའི་རིམ་པ།


DTG008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་རྟོགས་པར་བྱ་སྟེ་དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་རྟོགས་པར་བྱས་པ་ལས་བརྫུན་པའི་ལུས་དང་ངག་དང་སེམས་ནི་བདག་གི་སྒྲས་མངོན་པར་བརྗོད་པར་བྱ་བ་ཡིན་ལ། དེ་རྣམས་ཀྱི་བྱིན་གྱིས་བརླབ་པ་ནི་ཕན་ཚུན་སོ་སོ་མ་ཡིན་པའི་རྣམ་པས་སྐྱེས་པའི་ལུས་ལ་སོགས་པ་དབྱེར་མེད་པ་གང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་དམིགས་པ་མེད་པའི་བདེ་བའི་ཁང་པ་ཁྱད་པར་དགའ་བའི་མཚན་ཉིད་སྒྱུ་མ་ལྟ་བུའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྣམ་པར་དག་པ་དེ་ནི་བདག་བྱིན་གྱིས་བརླབ་པར་བརྗོད་དེ་ལོངས་སྤྱོད་རྫོགས་པའོ། །ཅི་ལྟར་ན་དེའི་ལུས་ལ་སོགས་པ་དབྱེར་མེད་པ་ཡིན་ཞེ་ན། བརྟག་པ་གཉིས་པའི་ལེའུ་བཞི་པར་གསུངས་པ། ལུས་སྤངས་ནས་ནི་གཞན་དུ་ན། །སེམས་ནི་མཛེས་པར་མི་འགྱུར་རོ། །སེམས་སྤངས་ནས་ཀྱང་གཞན་དུ་ན། །ལུས་ནི་གནས་པ་མཐོང་མི་འགྱུར། །དཔལ་འདུས་པར་ཡང་གསུངས་པ། ལུས་ཀྱི་རྣམ་པས་སེམས་དང༌། སེམས་ཀྱི་རྣམ་པས་ལུས་དང་ངག་ཏུ་བརྗོད་པས་སེམས་སུ་ཁྱེད་ཀྱིས་


DTG009_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིག་ཅེས་སོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་ལམ་གྱི་སྙིང་པོ་ལས་གསུངས་པ། གང་ཞིག་རང་བདག་ཉིད་ཀྱིས་འགྱུར། །དེ་འདིར་རང་བྱིན་བརླབ་པའོ། །གཉིས་མེད་ཉིད་ལས་ངེས་གྲོལ་བ། །བདག་གི་སྒྲ་ཡིས་མངོན་བརྗོད་བྱ། །ཛཱ་ལནྡྷ་རི་པའི་ཞབས་ཀྱིས་ཀྱང༌། །རིགས་ཀྱི་ལེའུ་ལས་ཕྱུང་ནས་ལོངས་སྤྱོད་རྫོགས་པ་ཞེས་གསུངས་སོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་བྱེད་པ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ལེའུ་བརྒྱད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། རང་རིག་འདི་ནི་ཡེ་ཤེས་ཏེ། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །འདིས་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །བདག་བྱིན་གྱིས་བརླབ་པ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་པ་སྣ་ཚོགས་ལ་ལྟོས་ནས་མིང་གཞན་གྱིས་གསུངས་ཏེ། ལེའུ་བཅུ་པར། དེ་ཉིད་རྣམ་པར་ཤེས་པའི་ཚུལ། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་སྲོག་དང་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ཡང༌། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཅན་ཡང་དག་གནས། །འཕགས་པ་ལང་ཀར་གཤེགས་པར་ཡང་གསུངས་པ། གང་ཟག་རྒྱུན་དང་ཕུང་པོ་དང༌། །རྐྱེན་དང་རྡུལ་དང་དེ་བཞིན་དུ། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ང་སྨྲའོ། །འདིར་སྨྲས་པ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་ནི་ལུས་ནི་འདིར་སྤྲུལ་པའོ། །ལུས་དེ་ལ་གནས་པ་སྟེ། བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཡེ་ཤེས་ནི་ལུས་ལ་གནས་པར་འགྱུར་རོ། །དམིགས་པ་ཐམས་ཅད་ཉེ་བར་རྟོགས་པ་ཉིད་ཀྱི་ཕྱིར་དེའི་བདེན་པའི་རྣམ་པ་ནི་འདིའོ། །དེ་ཡོངས་སུ་མ་ཤེས་པ་ལས་ཕུང་པོའི་སྐྱེ་བ་བླངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་སྔོན་དང་སྔོན་གྱི་བག་ཆགས་ཀྱི་ཕུང་པོ་འགགས་ནས་ལྷན་ཅིག་སྐྱེས་པའི་དགའ་བ་ལས་བག་ཆགས་འཛིན། བར་མ་དོའི་སྲིད་པའི་གཉེན་པོ་ཁྱད་པར་གྱི་དགའ་བའི་མཚན་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཡིན་ནོ། །དེ་ནས་ཤེས་རབ་དང་


DTG009_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་པདྨ་དང་རྡོ་རྗེ་ཡང་དག་པར་སྦྱོར་བ་མཐོང་ནས་འདོད་པ་ཉེ་བར་ལེན་པ་ལས་སྐྱེ་བ་སྟེ་འཛིན་པ་པོ་མེད་པའི་རང་བཞིན་མཆོག་ཏུ་དགའ་བའོ། །དེ་ནས་གཟུང་བར་བྱས་པས་སྟོང་པའི་དགའ་བ་ཡང་ངོ༌། །དེ་ནས་རླུང་སྐྱེའོ། །དེ་ནས་མེའོ། །དེ་ནས་སའོ། །དེ་ནས་ཡང་ཕུང་པོ་ལྔ་རྣམས་དང་པོ་རྣམས་དང་ཡུལ་རྣམས་རིམ་གྱིས་འབྱུང་ངོ༌། །དེ་དཔལ་ཀྱེ་རྡོ་རྗེའི་རྒྱུད་དུ་གསུངས་པ། རྡོ་རྗེ་སྙིང་པོས་འདི་སྐད་གསོལ་ཞིང་བཤད་དེ། ཀྱེ་བཅོམ་ལྡན་འདས་ལུས་དེ་ལ་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་དག་པ་ཅི་ལྟར་ན་འབྱུང་བའི་བདག་ཉིད་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་བོ་ལ་དང་ཀཀྐོ་ལ་སྦྱོར་ཞིང་རེག་པ་ལས་ཏེ་དག་ཅིང་གཟོད་མ་ཉིད་ནས་རང་བཞིན་མེད་པར་འདིར་བཅོམ་ལྡན་འདས་རྡོ་རྗེ་ཅན་མཁའ་འགྲོ་མ་རྣམས་ལ་བདེ་བ་སྦྱིན་པས་གསུངས་སོ། །ཁྲེམ་གཉེར་མེད་པའི་རང་བཞིན་བདག །ཐམས་ཅད་ལུས་ལ་རྣམ་པར་གནས། །ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོ་ལ་ཀཀྐོ་ལ་སྦྱར་བའི། །རེག་པས་སྲ་བའི་ཆོས་ཀྱིས་ནི། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཆུ་ཡི་རྣམ་པ་ལས། །ཆུ་ཡི་ཁམས་ཀྱང་འབྱུང་བར་འགྱུར། །བསྐྱེད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བས་རླུང་དུ་རབ་ཏུ་གྲགས། །བདེ་བས་ནམ་མཁའི་ཁམས་ཀྱང་ངོ༌། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་འདི་ལྟར་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་ཏེ། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོའི་གཅིག་ཉིད་ནི། །དབྱེ་བས་ལྔ་རུ་འགྲོ་བ་ཡིན། །བོ་ལ་ཀཀྐོ་ལ་སྦྱར་བ། །རེག་པས་སྲ་བའི་བག་ཆགས་ལས། །སྲ་བ་གཏི་མུག་ཆོས་ཉིད་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་དོ། །གང་ཕྱིར་བྱང་སེམས་གཤེར་བ་ལས། །གཤེར་བ་ཆུ་ཡི་ཁམས་སུ་འདོད། །ཆུ་ནི་མི་བསྐྱོད་གཟུགས་ཉིད་ཕྱིར། །ཞེ་སྡང་མི་བསྐྱོད་འདྲེན་པའོ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར།།


DTG009_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བའོ། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་བའོ། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་མཚོན་པ་ཡིན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བ་ལྔ་རུ་འགྲོ་བར་འགྱུར། །དེ་ནས་ཡང་ཁམས་དང་ཕུང་པོ་དང་ཡུལ་ལ་སོགས་པ་རྣམས་ཀྱི་རང་བཞིན་མེད་པ་སྟེ་ངོ་བོ་ཉིད་ཀྱིས་གདོད་མ་ནས་མ་སྐྱེས་པའོ། །ཀྱེ་རྡོ་རྗེར་ཡང་གསུངས་ཏེ། རང་བཞིན་གདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །འདི་ལྟ་སྟེ་གཙུབ་ཤིང་དང་གཙུབ་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་འབྱུང་བར་འགྱུར་རོ། །མེ་འདི་ནི་གཙུབ་ཤིང་ལ་མི་གནས། །གཙུབ་སྟན་ལ་ཡང་མ་ཡིན། །སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ན་ཡང་ཡོད་པ་མ་ཡིན་པས། །མེ་དེ་ཡང་བདེན་པ་ཡང་མ་ཡིན་ཞིང་བརྫུན་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག །དེའི་ཕྱིར་དེ་རྣམ་པར་དག་པ་ན་སྟེ། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་རང་བཞིན་ཅན། །ཞེས་དབང་གི་ལེའུ་ལས་གསུངས་པ་ཉིད་ཀྱི་ཕྱིར་རོ། །ཡང་འདི་ཉིད་དུ་གསུངས་པ། དང་པོར་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་བའོ། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །གསུམ་པོ་རྣམས་ལ་ལྷན་སྐྱེས་མེད། །འདི་ལ་མན་ངག་གིས་རྣམ་པར་བཤད་པ་ནི་མཚན་ཉིད་མེད་པས་བརྫུན་པ་སྟེ་འགྲོ་བའི་ཡེ་ཤེས་སྐྱེའོ། །དང་པོ་ལ་ནི་དེ་ཁྱད་པར་དུ་བཟུང་ནས་གསུངས་སོ། །མཆོག་ཏུ་དགའ་བའི་ཡེ་ཤེས་དེ་ནི་གཟུང་བར་བྱ་


DTG009_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འཛིན་པ་པོའི་དངོས་པོ་ལ་དམིགས་ནས་འཛིན་པའི་དོན་ཏོ། །དགའ་བྲལ་གྱི་དགའ་བ་ཡང་འདི་དང་འདིས་གསུངས་ཏེ། སེམས་དང་སེམས་ལས་བྱུང་བ་དང་མ་རིག་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་འདི་ནི་རྣལ་འབྱོར་པའི་རང་རིག་པའི་ཡེ་ཤས་ཏེ་དེ་ནི་རྣལ་འབྱོར་པ་ཡེ་ཤེས་དང་ལྡན་པ་ལ་ཡིན་ན་དེའི་ཚེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཅི་ལྟར་ཤེས་པར་བྱ། གང་དུ་རྟོགས་པར་བྱ་བ་ཡང་ཡིན་ནམ་ཞེ་ན། བརྗོད་པར་བྱ་སྟེ་བླ་མ་བསྙེན་བཀུར་བ་ལས་སྙོམས་པར་ཞུགས་པའི་དགའ་བའི་རྣམ་པ་མངོན་སུམ་དུ་བྱས་ནས་གཞན་དུ་གཟུགས་ལ་སོགས་པའི་ཡུལ་རྣམས་སུ་ཡང་ཤེས་པར་བྱའོ། །དེ་ཀྱེ་རྡོ་རྗེར་གསུངས་པ། ཨེ་ཡིག་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སྐད་ཅིག་དབྱེ་བས་ཕྱེད་ཉིད་ལས། །དགའ་བ་དེ་ལ་སྐྱེ་བར་འགྱུར། །སྐད་ཅིག་ཤེས་ལ་བདེ་ཤེས་པ། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །སྣ་ཚོགས་དང་ནི་རྣམ་སྨིན་དང༌། །རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་ལ་བརྟེན་ནས་ནི། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། །འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་བཟའ་བ་ནི། །བདག་གིས་བདེ་བ་ཟོས་པར་ནི། །ལྟ་བ་རྣམ་ཉིད་དུ་རབ་གསུངས། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སྣ་ཚོགས་དང་པོའི་དགའ་བ་སྟེ། །རྣམ་སྨིན་ལ་ནི་མཆོག་དགའོ། །རྣམ་ཉིད་ལ་ནི་དགའ་བྲལ་དགའ། །ལྷན་ཅིག་སྐྱེས་དགའ་མཚན་བྲལ་ལའོ། །སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །དགོད་པ་དག་པ་སློབ་དཔོན་ཏེ། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་ལ་དེ་བཞིན་ཉིད། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །གཏོར་དང་བཀྲུས་པ་ཞེས་བྱ་འདིས། །


DTG009_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་དབང་ཞེས་བརྗོད་པར་བྱ། །ད་ནི་དགའ་བ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། དང་པོ་རེག་པར་འདོད་པ་དང༌། །གཉིས་པ་བདེ་བར་འདོད་པ་དང༌། །གསུམ་པ་འདོད་ཆགས་འཇིགས་ཉིད་ཕྱིར། །བཞི་པའང་བསྒོམ་པར་བྱ་བ་མིན། །འདི་ཉིད་ནི། དགའ་བས་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་འགྱུར། །ལྷག་མས་ལྷན་ཅིག་སྐྱེས་དགའོ། །དེ་ལྟར་ནི་འཕགས་པ་ལྷའི་ཞབས་ཀྱིས། ཨེ་མ་བདེ་བ་ཨེ་མའོ་བདེ། །ཇི་ལྟ་ཇི་ལྟར་ཟ་བ་ན། །སེམས་ནི་མཆོག་ཏུ་འདོད་པ་སྟེ། །དགའ་བྲལ་དགའ་བ་ཙམ་ཡིན་ནོ། །འདིས་འདི་གསུངས་པར་གྱུར་པ་ཡིན་ཏེ། །མ་རིག་པའི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་དགའ་བྲལ་གྱི་དགའ་བ་ལ་ཉེ་བར་དམིགས་པ་གང་ཡིན་པའི་བདེ་བ་ཉིད་ཀྱིས་ཅུང་ཟད་གྲིབ་མའི་རྗེས་སུ་བྱེད་པའི་དཔེའི་བདེ་བ་དེས་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་ཇི་ལྟར་མེ་ལོང་གི་ནང་དུ་རི་མོའི་རྣམ་པ་ཉེ་བར་དམིགས་པ་དེ་བཞིན་ཉིད་དུ་མངོན་དུ་བྱེད་པ་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་སུ་རྡོ་རྗེ་བླ་མའི་ཞལ་ལས་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཁྱབ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས། །མེ་ལོང་དྲི་མ་མེད་པར་ནི། །གཟུགས་བརྙན་གསལ་བར་བལྟ་བྱ་ཞིང༌། །དངོས་དང་དངོས་མེད་རྣམ་གྲོལ་བ། །ཤིན་ཏུ་བཀྲི་བའི་རྡོ་རྗེ་སེམས། །བླ་མ་བཟང་ལ་བརྟེན་བྱ་སྟེ། །བདག་བྱིན་བརླབས་སུ་དེ་བརྗོད་བྱ། །དེ་ལྟར་ནི་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་ལ། དེ་ཡང་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་རྒྱ་འགྲེལ་རྡོ་རྗེ་སྒྲོན་མར་བྲིས་པ་འདི་ལྟ་སྟེ། ཇི་ལྟར་ཤིན་ཏུ་དང་པའི་མེ་ལོང་ལ། །གཟུགས་བརྙན་ཡན་ལག་ཀུན་ལྡན་གཟུགས་སུ་སྣང༌། །དེ་བཞིན་མཚན་དང་དཔེ་བྱད་བརྒྱད་ཅུ་ཡིས། །ཕྱུག་པའི་རྡོ་རྗེ་འཆང་སྐུ་རྟག་པ་ཉིད། །ཅེས་པ་བདག་བྱིན་གྱིས་བརླབ་པ་སྟེ་རིམ་པ་གསུམ་པའོ།། །།


previousགསུམ་པ། བདག་བྱིན་གྱིས་བརླབ་པའི་རིམ་པ།next