Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་པ།


   
  expand section
   
   
   
  expand section
   
   
   
   
  expand section
  expand section
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section
   
   
ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ།  གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་མཛད།
  expand section
   
   
  expand section
   
   
  expand section
   
  expand section
  expand section
   
   
  expand section
   
   
   
  expand section
  expand section


 
previousཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ། གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་མཛད།next

ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ།
གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་མཛད།


DTG009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ཤུདྡྷ་ནི་དྷི་ནཱ་མ་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཧཱུྃ་སྐྱེས་སྔོན་པོ་ཉི་ཤུ་རྩ་བཞིའི་སྤྱན་གྱིས་ཕྱུག་པའི་ཞལ་བརྒྱད་པ། །བཅུ་དྲུག་ཕྱག་སྟེ་ཞབས་ཀྱིས་བདུད་བཞི་གནོན་ཞིང་བརྒྱ་ཕྱེད་མགོ་ཕྲེང་ཅན། །ཕྱག་རྒྱ་ལྔ་འཆང་བདག་མེད་མ་ཡིས་མགྲིན་འཁྱུད་དཀར་མོ་ལ་སོགས་ཀྱིས། །བསྐོར་བར་ཕྱག་བྱས་ནས་ནི་དེ་ཡི་སྒྲུབ་པའི་ཐབས་ནི་བརྗོད་པར་བྱ། །དང་པོར་རེ་ཞིག་རྣལ་འབྱོར་པས་གདོང་བཀྲུ་བ་ལ་སོགས་པ་བྱས་ཏེ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་པ་འདིས་བདག་དང་གནས་དང་རྣལ་འབྱོར་བསྲུང་ངོ༌། །སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་སེམས་ཀྱིས། དཔལ་ཀྱེ་རྡོ་རྗེར་གསུངས་པའི་དཀྱིལ་འཁོར་དུ་ཞུགས་ཤིང༌། རིམ་པར་དབང་བསྐུར་བ། ཡང་དག་པར་རྗེས་སུ་གནང་ཤིང༌། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྙེད་པའི་མཚན་མ་ཐོབ་པ། ཐོགས་པ་མེད་ཅིང་ཐེ་ཚོམ་མེད་པའི་ཤེས་རབ་དང་བཅས་པ། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། སྣ་ཚོགས་རྡོ་རྗེས་མཚན་པའི་བདེ་བའི་སྟན་ལ་འདུག་ནས་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་ཏེ། དཔལ་ལྡན་རྡོ་རྗེའི་ང་རྒྱལ་བའི་སྙིང་གར་པདྨ་ལ་རེ་ཕ་ཡོངས་སུ་གྱུར་པའི་ཉི་མར་ཧཱུྃ་ཡིག་སྔོན་པོ་བལྟ་བར་བྱའོ། །ཧཱུྃ་ཡིག་དེ་ལས་སྟེང་དུ་སྤྲོས་པའི་འོད་ཟེར་རྣམ་པ་ལྔས་ཁམས་གསུམ་པོ་སྣང་བར་བྱེད་བཞིན་དུ་མདུན་གྱི་ནམ་མཁའི་ཕྱོགས་སུ། བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ། ཞལ་བརྒྱད་པ། ཞལ་སོ་སོ་ལ་སྤྱན་གསུམ་པ། སྐྲ་སེར་སྐྱ་གྱེན་དུ་བརྫེས་པ། ཕྱག་རྒྱ་ལྔ་དང་ལྡན་པ། བདག་མེད་མས་འཁྱུད་པ། ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། འཆད་པར་འགྱུར་བའི་སྐུ་མདོག་དང་ཕྱག་གི་མཚོན་ཆ་


DTG009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྤྲོ་བ་དང་སྡུད་པའི་སྐུ་བསམ་པར་བྱའོ། །དེའི་མདུན་དུ་གཽ་རཱི་ནག་མོ་ཕྱག་ན་ཟླ་བ་བྱང་ཆུབ་ཀྱི་སེམས་དང༌། གཡས་སུ་ཆོམ་རྐུན་མ་བཙོད་ཀྱི་མདོག་ཅན་ཕྱག་ན་ཉི་མ་སྟེ་རང་བྱུང་གི་མེ་ཏོག་ཅེས་བྱ་བ་དང༌། རྒྱབ་ཏུ་རོ་ལངས་མ་སེར་མོ་ཕྱག་ན་རྡོ་རྗེའི་ཆུའི་སྣོད་དང༌། གཡོན་དུ་གྷསྨ་རཱི་སྔོ་བསངས་གསང་བའི་སྨན་འཛིན་པ་དང༌། མདུན་གྱི་གཡོན་ཟུར་དུ་སྤོས་མོ་སྔོན་མོ་རྣམ་པ་སྣ་ཚོགས་པའི་སྟོབས་འཛིན་པ་དང༌། མདུན་གྱི་གཡས་ཟུར་དུ་རི་ཁྲོད་མ་དཀར་མོ་ཕྱག་ན་རོའི་རྒྱུན་དང༌། རྒྱབ་ཀྱི་གཡས་ཟུར་དུ་གཏུམ་མོ་ཀུན་ནས་དམར་བར་ཅང་ཏེའུ་འཁྲོལ་བ་དང༌། རྒྱབ་ཀྱི་གཡོན་ཟུར་དུ་གཡུང་མོ་དུད་ཀ་རང་གི་སྐུ་ལ་འཁྱུད་པ་སྟེ། རྣལ་འབྱོར་མི་འདི་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་བཀུག་ཅིང་བརྟན་པར་བྱས་ནས། དེ་ནས་འོད་ཟེར་དེ་རྣམས་སྙིང་གའི་ས་བོན་ལ་གཞུག་པར་བྱའོ། །སླར་ཡང་ས་བོན་དེ་ལས་མཐོན་པའི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱ་སྟེ། དེ་ལ་མེ་ཏོག་དང་བདུག་པ་དང་མར་མེ་དང་ཞལ་ཟས་དང་རིན་པོ་ཆེ་བདུན་པོ་ལ་སོགས་པ་རྣམས་སྟོབས་པ་ནི་ཕྱིའི་མཆོད་པའོ། །ལྷ་མོ་བརྒྱད་ཀྱིས་བདུན་རྩི་ལྔ་དང་སྒྲོན་མ་ལྔ་སྟོབས་པ་ཞེས་བྱ་བ་གསང་བའི་མཆོད་པའོ། །བླ་མའི་མན་ངག་ལས་བདག་མེད་པ་དང་ལྷན་ཅིག་རོ་གཅིག་པའི་དགའ་བས་གཉིས་སུ་མྱོང་བ་ནི་དེ་ཁོ་ན་ཉིད་ཀྱིས་ཆོད་པའོ། །ཡང་དག་པར་མཆོད་ཅིང་ལུས་དང་ངག་དང་ཡིད་ཀྱིས་མངོན་དུ་ཕྱག་བྱས་ནས་དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོག་མ་མེད་པ་དང་ལྡན་པའི་འཁོར་པའི་དམ་པ་མ་ཡིན་པའི་ཀུན་དུ་རྟོག་པ་རྣམས་ཀྱིས་བདག་གིས་སྡིག་པའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། རྗེས་སུ་ཡི་རང་བ་གང་ཡིན་པ་དེ་ཐམས་ཅད་ནི་བཤགས་ཤིང་སླར་མི་བགྱིའོ། །སོ་སོའི་སྐྱེ་བོ་དང་ལྷ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ངོ༌། །དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །དེ་ནས་


DTG009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པའི་ཧེ་རུ་ཀ་རྡོ་རྗེ་སངས་རྒྱས་དང༌། དེས་བསྟན་པའི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང༌། དེའི་འཁོར་ལོར་གནས་པའི་རྣལ་འབྱོར་མའི་དགེ་འདུན་ལ། བྱང་ཆུབ་ཀྱི་སྙིང་པོའི་བར་ཇི་སྲིད་པར་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །འདི་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་རྡོ་རྗེའི་ཐེག་པ་ལ་བདག་གིས་བརྟེན་པར་བགྱིའོ། །དེའི་འོག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལུས་དབུལ་བར་བྱའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སླད་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མགོན་པོ་ལ་གསོལ་བ་འདེབས་སོ། །འཁོར་བར་གནས་པའི་བར་དུ་བཞུགས་སུ་གསོལ་བ་རྣམས་བྱས་ནས། དེ་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་ལྷའི་བདེ་བས་ཉེ་བར་འཛིན་པའི་རྣམ་པ་ཅན་གྱི་བྱམས་པ་ཆེན་པོ་དང༌། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཆུ་གཏེར་དུ་བྱིང་ཞིང་སྐྱབས་མེད་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདོད་པའི་རང་བཞིན་གྱི་སྙིང་རྗེ་ཆེན་པོ་དང༌། བདེ་བ་ཆེན་པོ་དང་མ་བྲལ་བས་ཡོངས་སུ་ཚིམ་པའི་མཚན་ཉིད་ཅན་གྱི་དགའ་བ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་གཉེན་པོའི་ལམ་གྱིས་ཉེ་བར་འཛིན་པའི་རྣམ་པ་ཅན་གྱི་བཏང་སྙོམས་བསྒོམ་པར་བྱ་སྟེ། འདི་རྣམས་བླ་ན་མེད་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་མོས་ཤིང་དོན་དེ་མཐོང་ཞིང་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་དང༌། དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་སྙིང་པོས་བསྡུས་པ་ཉིད་ཀྱི་ཕྱིར་ན། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་འདི་དག་ཡིད་ཀྱིས་བརྗོད་ནས། བླ་མ་དམ་པའི་མན་ངག་ལས། མ་སྐྱེས་ཤིང་མ་འགགས་པའི་གནས་ལ། མི་གནས་


DTG009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་ཡུད་ཙམ་དུ་གནས་སོ། །འདི་ནི་འོད་གསལ་ཞིང་དགའ་བར་བྱ་བའི་ཆོས་ཀྱི་དེ་ཁོ་ན་ཉིད་གང་ཡིན་པར་བརྗོད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ཏེ་བདུད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །དེའི་རྗེས་སུ་སྨོན་ལམ་གྱི་ནུས་པའི་ཤུགས་ལས་དེ་ནས་འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་པའི་རྣམ་པས། རེ་ཕ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས། འོད་ཟེར་ལྔ་དང་ལྡན་པའི་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ་སྟེ། སྣ་ཚོགས་རྡོ་རྗེ་དེའི་འོད་ཟེར་འཇིག་པའི་དུས་ཀྱི་མེ་ལྟར་བཟོད་པར་དགའ་བ་ཐམས་ཅད་དུ་སྤྲོས་པས། རྡོ་རྗེའི་ར་བ་སྟུག་པོར་གྱུར་ཅིང་རྒྱར་ཇི་ཙམ་འདོད་པའི་ཐད་ཀར་གྲུ་བཞི་པ་འབར་བ་སྟེ། དེའི་སྟེང་དུ་རྡོ་རྗེའི་གུར་དང༌། འོག་ཏུ་དེ་ལས་རྡོ་རྗེའི་རང་བཞིན་གྱིས་ནི། ས་འོག་གི་བར་དུ་རྣམ་པར་བཀྲ་བ་བལྟ་བར་བྱའོ། །དེ་ནས་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་བྱུང་བ་ཕྱོགས་བྲལ་དུ་སྤྲོས་ནས། དེ་ཐམས་ཅད་བརྟན་པོར་བྱའོ། །དེའི་དབུས་སུ་བྷྲཱུཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས། འཁོར་ལོ་རྩིབས་བཅུ་པ་འཁོར་ཞིང་མི་གཡོ་བ་དང་མཚུངས་པ། རྩིབས་བཅུ་པའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་སྟེང་དུ་པདྨ་ལ་གནས་པའི་ཉི་མའི་སྟེང་དུ་ཟླ་བ་དང་ཉི་མ་ཁ་སྦྱོར་བའི་བར་དུ་གནས་པའི་ཧཱུྃ་ཡིག་བལྟས་ནས། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རིམ་གྱིས་ཧཱུྃ་ལས་བྱུང་བའི་བཅོམ་ལྡན་འདས་ཧཱུྃ་མཛད་ཨིནྡྲ་ནཱི་ལ་ལྟ་བུ། སྣ་ཚོགས་པའི་གོས་དང་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་དང༌། ཕྱག་དག་གིས་རྡོ་རྗེ་དང༌། རྡོ་རྗེ་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་འཁྱུད་པ། གཡོན་བརྐྱང་པའི་ཞབས་ཀྱིས་འཇིགས་བྱེད་དུས་མཚན་མ་མནན་ཏེ་བཞུགས་པ་བསྒོམ་པར་བྱའོ། །དེ་ནས་བླ་མ་དམ་པའི་མན་ངག་ལས་རྡོ་རྗེ་དང་ཐོད་པའི་སྦྱོར་བས་ཁྲོ་བོ་བཅུ་པོ་རྣམ་པར་བསམ་སྟེ། དེ་ལས་ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ། གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང་བགེགས་མཐར་བྱེད་རྣམས་གོ་རིམས་བཞིན་དུ་སྐུ་མདོག་ནག་པོ་དང་དཀར་པོ་དང་དམར་པོ་དང་སྔོན་པོ་སྟེ། རྡོ་རྗེ་ཐོབ་དང༌། དབྱུག་པ་


DTG009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་དང༌། ཆུ་སྐྱེས་དམར་པོ་དང༌། ཁ་གྱེས་པའི་རྡོ་རྗེ་འཛིན་པ། ཐུང་ཞིང་གསུས་ཁྱིམ་ཆེ་བ། སྦྲུལ་གདུག་པ་བརྒྱད་ཀྱིས་བརྒྱན་པ། སྐྲ་སེར་སྐྱ་གྱེན་དུ་འབར་བ། སྤྱན་གསུམ་དམར་ཞིང་ཟླུམ་པ། རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པའི་ཅོད་པན་ཅན། སྟག་གི་པགས་པའི་ཤམ་ཐབས་འཛིན་པའོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་ཟུར་རྣམས་སུ། འདོད་པ་དང་དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བ་སྟེ། ཆེར་གནག་པ། ལྕགས་ཀྱུ་དང་དབྱུག་པ་དང་རྩེ་གསུམ་དང་རལ་གྲི་འཛིན་པ། འདོད་པ་དང་མི་གཡོ་བ་དག་ནི། རོལ་པའི་སྟབས་ཅན། གོས་དམ་པ་དང་རིན་པོ་ཆེ་དམ་པ་ལ་སོགས་པ་ལྷའི་རྒྱན་གྱིས་བརྒྱན་པ། རིང་པོ་ཆེའི་ཅོད་པན་ཅན། དབྱུག་པ་སྔོན་པོ་དང༌། སྟོབས་པོ་ཆེ་དག་ནི་གཤིན་རྗེ་མཐར་བྱེད་ལྟ་བུར་རྣམ་པར་འགྱུར་བའོ། །འོག་གི་རྩིབས་ལ་གནོད་མཛེས་ནག་པོ་གཏུན་ཤིང་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན། སྟེང་གི་རྩིབས་ལ། གཙུག་ཏོར་སེར་པོ་འཁོར་ལོ་སེར་པོ་འཛིན་པ། རྣམ་པར་སྣང་མཛད་ཀྱིས་མཚན་པའི་རིན་པོ་ཆེའི་ཅོད་པན་ཅན། འདོད་པ་ལ་སོགས་པ་ལྔ་ནི་མི་བསྐྱོད་པའི་ཅོད་པན་ཅན་ཏེ། ཁྲོ་བོ་བཅུ་པོ་འདི་རྣམས་ནི། སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱང་གི་སྟབས་ཀྱིས་གནས་པ། ཕྱག་གཡོན་རྣམས་ཀྱིས་སྦྲུལ་གྱི་ཞགས་པ་དང་བཅས་པའི་ཁུ་ཚུར་དང་སྡིགས་མཛུབ་སྙིང་གའི་ཕྱོགས་སུ་གཏད་པ་བལྟ་བར་བྱ་སྟེ། དེ་ལྟར་གྱུར་པའི་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་དེའི་དབུས་སུ་རྡོ་རྗེ་ཧཱུྃ་མཛད་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་ཞེས་བྱ་བ། ནམ་མཁའི་འབྱུང་བ་ཆེན་པོ་ཨཻ་ཡིག་གི་རྣམ་པ་ཟུར་གསུམ་པ། རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན། སྟོན་ཀའི་རི་བོང་འཛིན་པ་ལྟར་དཀར་བ། རྩ་བ་ཕྲ་ཞིང་སྟེང་ཡངས་པ། ནང་སྟོང་པ་བསམ་པར་བྱའོ། །དེའི་ནང་དུ་ཁ་དོག་སྣ་ཚོགས་པའི་པདྨ། དེའི་ཟེ་འབྲུའི་སྟེང་དུ་ཤིན་ཏུ་ཡངས་པའི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའོ། །དེ་ལ་ཤར་གྱི་རྩེ་མོ་གསུམ་དཀར་པོ། །ལྷོ་སེར་པོ། །ནུབ་དམར་པོ། །


DTG009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྗང་གུ། དབུས་ཀྱི་ཁ་དོག་སྔོན་པོར་བསམ་པར་བྱའོ། །དེར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་རྣམ་པ་མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཟུར་གསུམ་དུ་རཾ་ཡིག་གིས་མཚན་པ། དེའི་སྟེང་དུ་ཝཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཟུར་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེ་ནས་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་དབུས་སུ་རྟེན་ཅིང་འབྲེལ་པར་འབྱུང་བ་སེམས་ཙམ་གྱི་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྡུས་པའི་རང་བཞིན་ཐར་པ་ཆེན་པོའི་གྲོང་ཁྱེར། རྣམ་པར་སྣང་མཛད་ཀྱི་རང་བཞིན་རིན་པོ་ཆེ་སྣ་ཚོགས་པ་ལས་བྱུང་བའི་གྲུ་བཞི་པ་སྒོ་བཞི་པ་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། སྟེགས་བུ་བཞིས་བསྐོར་བ། རྟ་བབས་བཞིས་བརྒྱན་པ། པི་ཝང་མ་སེར་མོ། གླིང་བུ་མ་དམར་མོ། །མྲྀ་དཾ་ག་མ་དུད་ཁ། མུ་རྫ་མ་དཀར་མོ། །ཕྲེང་བ་མ་སེར་མོ། །སྒེག་མོ་དམར་མོ། །གླུ་མ་དམར་མོ། །གར་མ་མདོག་སྣ་ཚོགས་མ། མེ་ཏོག་མ་དཀར་མོ། །བདུག་སྤོས་མ་ནག་མོ། །མར་མེ་མ་གསེར་ལྟ་བུ། དྲི་མ་སེར་མོ། །མེ་ལོང་མ་དཀར་མོ། །རོ་མ་དམར་མོ། །རེག་བྱ་མ་ལྗང་གུ། ཆོས་མ་དཀར་མོ་སྟེ། བཅུ་དྲུག་པ་འདི་རྣམས་ནི། རང་རང་གི་མིང་གི་ཡི་གེ་དང་པོ། ཟླ་བ་ཕྱེད་པ་དང་ཐིག་ལེ་དང་ལྡན་པ་ལས་རྫོགས་པ། རང་རང་གི་མིང་དང་རྗེས་སུ་མཐུན་པའི་ཚུལ་གྱིས་གནས་པ། རྩ་བའི་སྒོའི་ལོགས་གཉིས་གཉིས་སུ་རྣལ་འབྱོར་མ་གཉིས་གཉིས་གོ་རིམས་བཞིན་དུ་རྣམ་པར་བཀོད་པའི་མཆོད་པའི་རྣལ་འབྱོར་མ་རྣམས་ཀྱིས་རྣམ་པར་བརྒྱན་པ། དྲ་བ་དྲ་ཕྱེད་མེ་ཏོག་ཕྲེང༌། །བླ་རེ་མེ་ལོང་རྔ་ཡབ་དང༌། །རྡོ་རྗེའི་ཐིག་ནི་མཛེས་པ་དང༌། །སངས་རྒྱས་འོད་ཀྱི་ཚོགས་འཕྲོ་བ། །གཡོ་ཞིང་ར་བའི་བ་དན་མཆོག །ཁོར་ཡུག་ཏུ་ནི་དྲིལ་བུ་འཁྲོལ། །མཆོག་གི་འདོད་པ་ལྔ་པོ་ཡི། །མཆོད་པ་རྣམས་ཀྱིས་དགའ་


DTG009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །ཁང་པ་བརྩེགས་པ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་བསམ་པར་བྱ་སྟེ། དེ་ལ་དུར་ཁྲོད་རྣམས་ནི། ཤར་དུ་གཏུམ་དྲག་གི་དུར་ཁྲོད་དུ་ཤིང་ཤི་རི་ཤ་དང༌། རྫུ་འཕྲུལ་ཆེན་པོ་པ་གླང་པོའི་གདོང་དང༌། དབང་པོ་དང༌། ཀླུ་ནོར་རྒྱས་དང༌། སྤྲིན་སྒྲོགས་པ་ཞེས་བྱ་བ་དང༌། མེའི་མཚམས་སུ་དྲག་ཏུ་དགོད་པ་ཞེས་བྱ་བའི་དུར་ཁྲོད་དུ་ཤིང་ཀ་རཉྫ་དང༌། རྫུ་འཕྲུལ་ཆེན་པོ་པ་རའི་གདོང་དང༌། མེ་ལྷ་དང༌། ཀླུ་པདྨ་ཆེན་པོ་དང༌། སྤྲིན་སྟུག་པོ་ཞེས་བྱ་བ་དང༌། ལྷོར་ལྷག་མ་ཞེས་བྱ་བའི་དུར་ཁྲོད་དུ་ཤིང་ཨ་མྲ་དང༌། རྫུ་འཕྲུལ་ཆེན་པོ་པ་མ་ཧེའི་གདོང་དང༌། གཤིན་རྗེ་དང༌། ཀླུ་པདྨ་དང༌། སྤྲིན་ཀུན་དུ་འཁོར་བ་ཞེས་བྱ་བ་དང༌། བདེན་བྲལ་དུ་ཀཱི་ལི་ཀཱི་ལི་སྒྲོགས་པའི་དུར་ཁྲོད་དུ་ཤིང་ལ་ཏཱ་པརྐ་ཊཱི་དང༌། རྫུ་འཕྲུལ་ཆེན་པོ་པ་རོའི་གདོང་དང༌། སྲིན་པོ་དང༌། ཀླུ་མཐའ་ཡས་དང༌། སྤྲིན་རབ་ཏུ་གང་བ་དང༌། ནུབ་ཏུ་འབར་ཞིང་འཁྲུགས་པའི་དུར་ཁྲོད་དུ་ཤིང་ཨ་ཤོ་ཀ་དང༌། རྫུ་འཕྲུལ་ཆེན་པོ་པ་ཆུ་སྲིན་གྱི་གདོང་དང༌། ཆུ་ལྷ་དང༌། ཀླུ་ཀརྐོ་ཊ་དང༌། སྤྲིན་འཇིགས་པ་ཞེས་བྱ་བ་དང༌། རླུང་གི་མཚམས་སུ་འཇིགས་པའི་མུན་པའི་དུར་ཁྲོད་དུ་ཤིང་ཨརྫུ་ན་དང༌། རྫུ་འཕྲུལ་ཆེན་པོ་རི་དགས་ཀྱི་གདོང་དང༌། རླུང་ལྷ་དང༌། ཀླུ་རིགས་ལྡན་པ། སྤྲིན་ཆར་འབེབས་ཞེས་བྱ་བ་དང༌། བྱང་དུ་ཕུག་རིང་པོའི་དུར་ཁྲོད་དུ་ཤིང་ཨ་ཤྭཏྠ་དང༌། རྫུ་འཕྲུལ་ཆེན་པོ་པ་མིའི་གདོང་དང༌། ལུས་ངན་དང༌། ཀླུ་འཇོག་པོ་དང༌། སྤྲིན་འཁྱམ་པ་དང༌། དབང་ལྡན་གྱི་མཚམས་སུ་དཔལ་མོའི་ནགས་ཀྱི་དུར་ཁྲོད་དུ་ཤིང་པ་ཊ་དང༌། རྫུ་འཕྲུལ་ཆེན་པོ་པ་བ་ལང་གི་གདོང་དང༌། དབང་ལྡན་དང༌། ཀླུ་དུང་སྐྱོང་དང༌། སྤྲིན་གཏུམ་པོའོ། །ཐམས་ཅད་དུ་མཆོད་རྟེན་བལྟ་བར་བྱ་སྟེ། སེར་པོ་དང་དམར་པོ་དང་ནག་པོ་དང་དུད་ཀ་དང་ལྗང་གུ་དང༌། སེར་པོ་དང་དཀར་པོའོ། །དབང་པོ་ལ་སོགས་པ་རྣམས་ནི། སེར་པོ་དང་སྔོ་བསངས་དང་དཀར་པོ་དང་སྐྱ་བོ་དང་དམར་པོ་དང་ཁྲ་པོ་དང་ནག་པོ་དང་སེར་པོ་སྟེ། ནོར་རྒྱས་ལ་སོགས་པ་གོ་རིམས་བཞིན་དུ་བསྒོམ་པར་བྱའོ། །སྤྲིན་རྣམས་ནི་ཁ་དོག་སྣ་ཚོགས་པའོ། །རྫུ་འཕྲུལ་ཆེན་པོ་པ་བརྒྱད་ནི། ལུས་ཀྱི་སྟོད་སྟོན་པ། ལག་


DTG009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡོན་པས་ཀ་པཱ་ལ་འཛིན་ཞིང༌། ལག་པ་གཡས་གཏོར་མ་དང་མཆོད་པའི་དུས་སུ་ལེན་པའི་རྣམ་པའོ། །གཞན་ཡང་རྣམ་པ་སྣ་ཚོགས་པའི་ཤིང་སྟུག་པོ་དང༌། བྱ་རོག་དང་འུག་པ་དང་ཆུ་སྐྱར་དང་བྱ་རྒོད་དང་ཁྱི་དང་ཅེ་སྤྱང་དང་ཅེ་སྤྱང་མོ་དང་ཁྲ་དང་ཧོར་པ་དང་སེང་གེ་དང་ཕག་དང་སྟག་ལ་སོགས་པ་སྣ་ཚོགས་ཀྱིས་འཇིགས་པར་བྱེད་པ། སྦྲུལ་དང་བ་ལང་འཇོམས་པ་དང༌། སྦྲུལ་མགོ་གཉིས་པ་དང་སྤྱང་ཀི་ལ་སོགས་པས་འཇིགས་པར་བྱེད་ཅིང༌། ཕན་ཚུན་དུ་རྒྱུག་པ། ཀེང་རུས་དང་གསལ་ཤིང་ལ་བཙུགས་པ་དང་དཔྱངས་པ་དང་ཕྱེད་ཚིག་པ་དང༌། མགོ་བོ་དང་ཐོད་པ་དང་ཀེང་རུས་མ་འཐོར་བ་དང༌། པུས་མོ་དང༌། མགོ་རྡུམ་པ་དང༌། ཀོ་སྐོ་དང༌། ཡ་ཐོད་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དུ་མ་དང༌། དམ་ཚིག་སྤྱོད་པ་ཅན་གྱི་རྣལ་འབྱོར་པ་དང༌། རྣལ་འབྱོར་མའི་ཚོགས་དང༌། གནོད་སྦྱིན་དང་རོ་ལངས་དང་སྲིན་པོ་ལ་སོགས་པ་རྣམས་དེ་དང་དེར་རྒྱུག་པ་དང་གཡོ་བ་དང་འདུག་པ་དང་འགྲོ་བས་ཤིན་ཏུ་ལང་ལོང་དུ་བྱེད་པ། ཀཱི་ལི་ཀཱི་ལི་སྒྲ་ཆེན་པོ་སྒྲོགས་བཞིན་པའི་དུར་ཁྲོད་རྣམས་སོ། །དེའི་སྙིང་པོའི་རིམ་པ་ལ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་བདུད་བཞི་པོ་འཇིགས་པས་འགྱེལ་པ་བལྟ་བར་བྱའོ། །དེ་ལ་ཕུང་པོའི་བདུད་ནི་ཚངས་པ་དང༌། ཉོན་མོངས་པའི་བདུད་ནི་ཁྱབ་འཇུག་དང༌། ལྷའི་བུའི་བདུད་ནི་ལྷའི་དབང་པོ་དང༌། འཆི་བདག་གི་བདུད་ནི་དབང་ཕྱུག་ཆེན་པོ་སྟེ། བདུད་བཞི་པོ་འདི་རྣམས་ཀྱི་སྙིང་གར་ཉི་མས་མནན་པ་བལྟ་བར་བྱའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་པ་ཚངས་པ་དང་ཉེ་དབང་དང་དྲག་པོའོ། །དབང་ལྡན་པ་ལ་སོགས་པའི་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ། གཤིན་རྗེ་དང་ལུས་ངན་དང་བདེན་བྲལ་དང་ཐགས་བཟངས་རིས་རྣམས་ཏེ། བརྒྱད་པོ་འདི་རྣམས་ཀྱི་སྙིང་གར་ཡང་ཟླ་བས་མནན་པའོ། །འདི་ཐམས་ཅད་ནི་ཁང་པ་བརྩེགས་པ་རྫོགས་པའི་དུས་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །ཨ་ལ་སོགས་པའི་དབྱངས་བཅུ་དྲུག་ཉིས་འགྱུར་དུ་གྱུར་པས་ཟླ་བའི་དཀྱིལ་འཁོར་ཏེ། ཤེས་རབ་ཀྱི་རྣམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །


DTG009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་རྣམས་ལ། ཌ་ཌྷ་ད་དྷ་ཡ་ལ་ཞེས་བྱ་བའི་ཡི་གེ་དྲུག་བསྣན་པ་ཉིད་འགྱུར་དུ་གྱུར་པའི་ཡི་གེ་བརྒྱད་ཅུ་རྣམས་ཀྱིས་ཉི་མའི་དཀྱིལ་འཁོར་ཏེ། ཐབས་ཀྱི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་དག་ཁ་སྦྱོར་བའི་དབུས་སུ་ཨཾ་ཡིག་དང་ཧཱུྃ་ཡིག་ཡོངས་སུ་གྱུར་པའི་གྲི་གུག་དང་ཐོད་པ་ཡང་དག་པར་སྦྱོར་བ་རང་གི་ས་བོན་དང་ལྡན་པ་དག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་ས་བོན་གཉིས་པོ་ལས་བྱུང་བའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་བྱས་ཤིང་བཀུག་ནས་དེ་ཉིད་དུ་རབ་ཏུ་ཞུགས་ནས་ཐམས་ཅད་གཅིག་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་ཐམས་ཅད་ཡོངས་སུ་གྱུར་པས། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་སྐུ་མདོག་དང་མཚན་མ་ལ་སོགས་པས། དཔལ་ཧེ་རུ་ཀའི་རྣམ་པར་སྣང་བའི་ཀྱེ་རྡོ་རྗེའི་རྒྱུད་རྡོ་རྗེ་འཛིན་པའི་རང་བཞིན་ཏེ། དེ་ལྟ་བུ་ཉིད་ཀྱི་བདག་མེད་མས་ཕྲག་པར་འཁྱུད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་བལྟ་བར་བྱའོ་ཞེས་པ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེའི་རྗེས་སུ་རིགས་ལྔའི་ཆ་ཤས་ཅན་དུ་བྱེད་པའི་སླད་དུ་བཅོམ་ལྡན་འདས་མའི་མགོ་བོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་བརླ་ཟུང་ལ་གོ་རིམས་བཞིན་དུ་ཨོཾ་ཨཱཿསྭ་ཨཱཿཧཱ་རྣམས་ཡོངས་སུ་གྱུར་པའི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་བསྒོམ་པར་བྱའོ། །ཨ་དང་ཧཱུྃ་ཡོངས་སུ་གྱུར་པ་ལས་པདྨ་དང་རྡོ་རྗེ་དང་ཨཱཿཡིག་དང་ཧཱུྃ་ཡིག་ལས་ཡོངས་སུ་གྱུར་པའི་ཟེ་འབྲུ་དང་རྡོ་རྗེའི་ནོར་བུ་དག་གོ །དེ་ནས་པདྨ་དང་རྡོ་རྗེའི་ནང་དུ་འཕྲོ་བ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ཧཱུྃ་དང་ཕཊ་དག་སེར་པོ་དང་ཡང་དག་པར་ལྡན་པའོ། །དེ་ནས་ཨོཾ་པདྨ་སུ་ཁཱ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དད་ཙ་ཏུ་རཱ་ནནད་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱ་ཪྻཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནད་ཡ་ཀ་ཁ་ག་མུ་ཁཻ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀ་ཪྻཾ་ཀུ་རུ་ཥྭ་མེ། ཞེས་


DTG009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། ཞེས་པས་རྗེས་སུ་ཆགས་པར་བྱའོ། །འདི་ཙམ་གྱིས་དང་པོ་སྦྱོར་བ་གསལ་བ་ཡིན་ཏེ། ལས་ཀྱི་ཕྱག་རྒྱ་མདོར་བསྟན་པ་ཡང་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཧཱུྃ་ཡིག་དང་བཅོམ་ལྡན་འདས་མའི་ཐུགས་ཀར་ཨོཾ་ཡིག་བལྟས་ནས་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཐུགས་ཀའི་ས་བོན་ལ་རབ་ཏུ་ཞུགས་ཏེ། ཞུ་བར་བྱས་ནས་ཤར་ལ་སོགས་པའི་ཕྱོགས་དང་མཚམས་ཀྱི་ཚངས་པ་ལ་སོགས་པའི་གདན་གྱི་སྙིང་གར་གནས་པའི་ཟླ་བ་དང་ཉི་མ་ཁ་སྦྱར་བ་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཕྱུང་བ་ན་གོ་རིམས་བཞིན་དུ་གྃ་ཙྃ་བྃ་གྷྃ་པྃ་ཤ༵་ཙྃ་ཌྃ་ཞེས་པའི་ས་བོན་བརྒྱད་དུ་བལྟའོ། །དེ་ནས་ས་བོན་བརྒྱད་ཡོངས་སུ་གྱུར་པ་ལས། གྲི་གུག་དང་ཅང་ཏེའུ་དང་རུས་སྦལ་དང་སྦྲུལ་དང་སེང་གེ་དང་དགེ་སློང་དང་འཁོར་ལོ་དང་རྡོ་རྗེ་རྣམས་སུ་བསམ་སྟེ། འདི་རྣམས་སུ་ཡི་གེ་རྣམས་ཁོ་ན་ས་བོན་རྣམས་སོ། །དེ་ནས་ཟླ་དང་ཉི་མ་དང་མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་སྔར་བཞིན་དུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་གཽ་རཱི་ལ་སོགས་པ་རྣམས་བསྒོམ་པར་བྱ་སྟེ། དེ་ལ་ཤར་གྱི་སྒོར་གྃ་ཡིག་ལས་བྱུང་བའི་གཽ་རཱི་ནག་མོ་ཕྱག་གཡས་ན་གྲི་གུག་འཛིན་ཞིང་ཕྱག་གཡོན་ཉ་རོ་ཧི་ཏ་འཛིན་པ་ཚངས་པ་མནན་པས་གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་བལྟ་བར་བྱའོ། །ལྷོའི་སྒོར་ཙྃ་ཡིག་ལས་སྐྱེས་པའི་ཆོམ་རྐུན་མ་བཙོད་ཀྱི་མདོག་ཕྱག་གཡས་ན་ཌ་མ་རུ་འཛིན་ཞིང་ཕྱག་གཡོན་པས་ཕག་པ་སྟེ། དབང་པོ་ལ་ཞོན་པ་ཚོར་བའི་ཕུང་པོའི་རང་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ནུབ་ཀྱི་སྒོར་བྃ་ཡིག་ལས་སྐྱེས་པའི་རོ་ལངས་མ་གསེར་གྱི་མདོག་གཡས་པས་རུས་སྦལ་འཛིན་ཞིང་ཕྱག་གཡོན་ན་པདྨའི་སྣོད་དེ། །ཉེ་དབང་མནན་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དུ་བསམ་པར་བྱའོ། །བྱང་གི་སྒོར་གྷཾ་ཡིག་ལས་སྐྱེས་པའི་ཟ་ནུས་མ་སྔོ་བསངས་མ་གཡས་ཀྱིས་སྦྲུལ་འཛིན་ཞིང་ཕྱག་གཡོན་ན་རྣལ་འབྱོར་ལྷུང་བཟེད་དེ། དྲག་པོ་


DTG009_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དུ་བསམ་མོ། །དབང་ལྡན་གྱི་མཚམས་སུ་བཾ་ཡིག་ལས་བྱུང་བའི་སྦོས་མོ་སྔོན་མོ་གཡས་ན་སེང་གེ་འཛིན་ཞིང་ཕྱག་གཡོན་ན་དགྲ་སྟ་སྟེ། གཤིན་རྗེ་མནན་པ་སའི་ཁམས་ཀྱི་རང་བཞིན་སྤྲོ་བར་བྱའོ། །མེའི་མཚམས་སུ་ཤཾ་ཡིག་ལས་སྐྱེས་པའི་རི་ཁྲོད་མ་དཀར་མོ་གཡས་པས་དགེ་སློང་འཛིན་ཞིང༌། ཅིག་ཤོས་ཀྱི་ཕྱག་ན་འཁར་གསིལ་ཏེ། ལུས་ངན་ལ་ཞོན་པ། ཆུའི་ཁམས་ཀྱི་རང་བཞིན་དུ་དྲན་པར་བྱའོ། །བདེན་བྲལ་གྱི་མཚམས་སུ་ཙཾ་ཡིག་ལས་སྐྱེས་པའི་གཏུམ་མོ་ནམ་མཁའ་ལྟར་སྔོ་བསངས་མ་གཡས་ན་འཁོར་ལོ་འཛིན་ཞིང༌། ཕྱག་གཡོན་ན་ཐོང་གཤོལ་ཏེ། སྲིན་པོ་མནན་པ་མེའི་ཁམས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །རླུང་གི་མཚམས་སུ་ཌཾ་ཡིག་ལས་སྐྱེས་པའི་གཡུང་མོ་སྐུ་མདོག་ཁྲ་མོ་གཡས་ན་རྡོ་རྗེ་འཛིན་ཞིང༌། ཕྱག་གཡོན་པ་སྡིགས་མཛུབ་སྟེ། ཐགས་བཟངས་རིས་ལ་ཡང་དག་པར་ཞོན་པ་རླུང་གི་ཁམས་ཀྱི་རང་བཞིན་དུ་བསམ་པར་བྱ་སྟེ། འདི་རྣམས་ཐམས་ཅད་ནི། དམར་ཞིང་ཟླུམ་པའི་སྤྱན་གསུམ་མ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཉིས་མ། ཕྱག་རྒྱ་ལྔ་དང་ལྡན་པ། ཟླ་བའི་གདན་ཅན། གར་གྱི་ཉམས་དགུ་དང་ལྡན་པ། གཅེར་བུ་མཆེ་བ་གཙིགས་པའི་ཞལ། །བྱང་ཆུབ་ཀྱི་སེམས་ཕུང་བ་ལས་ཡང་དག་པར་བྱུང་བར་བསྒོམ་པར་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཨོཾ་ཨཱཿཧཱུྃ་ཞེས་པ་ཡི་གེ་གསུམ་པོ་ཧོཿཡིག་དམར་པོ་གཉིས་དང་སྤེལ་བ་དྲི་ཟའི་སེམས་ཅན་ཞེས་བྱ་བར་བལྟ་སྟེ། ཀུན་དགའ་བ་དང་བཅས་པ་བཅོམ་ལྡན་འདས་ཞལ་གྱི་སྒོ་ནས་རྡོ་རྗེའི་ལམ་ནས་ལྷའི་ཁོངས་སུ་ཞུགས་ཏེ། དེ་ནས་ཞུ་བར་བལྟའོ། །དེ་མ་ཐག་ཏུ་བཅོམ་ལྡན་འདས་ཤིན་ཏུ་བདེ་བ་ཆེན་པོར་རོ་གཅིག་པས་རང་གི་རིག་མ་དང་ལྷན་ཅིག་ཞུ་བར་གྱུར་པ་ས་བོན་གྱི་གཟུགས་ཀྱིས་རྣམ་པར་གནས་པར་བསམ་མོ། །དེ་ནས་པུཀྐ་སཱི་ལ་སོགས་པ་བཞིའི་ལྷ་མོ་རྣམས་བདག་ཅག་གིར་མགོན་མེད་པའོ་ཞེས་བྱས་ནས། ཡིད་མི་བདེ་བ་ཆེན་པོ་ཐོབ་ཅིང་ཤིན་ཏུ་


DTG009_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྣངས་ནས། ཐུགས་རབ་ཏུ་སད་པར་བྱེད་པའི་རྡོ་རྗེའི་གླུ་རྣམས་ཀྱིས་ཡང་དག་པར་བསྐུལ་བ་ལས་བཅོམ་ལྡན་འདས་སློང་བར་མཛད་དེ། ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད། །པུཀྐ་སཱི་བདག་ཡོངས་སུ་སྐྱོབས། །སྟོང་ཉིད་རང་བཞིན་དོར་ནས་ནི། །བདེ་ཆེན་སྦྱོར་བས་བདག་འདོད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་ཉིད་རང་བཞིན་ཉིད་དོར་ནས། །རི་ཁྲོད་མ་ཡིས་བྱ་བ་སྒྲུབས། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱི། །བདག་ནི་ཁྱོད་ཐུགས་མིག་འཕྲུལ་ཤེས། །ཀྱེ་མ་མིག་འཕྲུལ་ཅན་ཁྱོད་བཞེངས། །གཡུང་མོ་བདག་ནི་གྲོང་ཁྱེར་མ། །སྙིང་རྗེ་ཆད་པར་མ་མཛད་ཅིག །ཅེས་པ་དེ་ཁོ་ན་ཉིད་ཀྱི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་རབ་ཏུ་བསྐུལ་བས། རྨི་ལམ་སད་པ་ལྟ་བུར་བཞེངས་པར་མཛད་དེ། །བདུད་རྩི་ཞུ་བ་དེ་ལས་ཟླ་བའི་གཟུགས་དང༌། དེའི་སྟེང་དུ་ཨ༵་དང་ཧཱུྃ་གི་ས་བོན་གཉིས་པོ་ལས་བྱུང་བའི་མཚན་མ་གཉིས་ས་བོན་གཉིས་ཀྱིས་མཚན་པ་སྟེ། དེ་ནས་ཉི་མའི་དཀྱིལ་འཁོར་རོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་ཧཱུྃ་ལས་བྱུང་བའི་བཅོམ་ལྡན་འདས། དཔལ་འབྲས་བུ་ཀྱེ་རྡོ་རྗེ། ཨ༵་ལས་བྱུང་བའི་བདག་མེད་མ་གཅེར་བུ་དང་སྙོམས་པར་ཞུགས་པ། ཞབས་བརྐྱང་པའི་སྡིགས་མཛུབ་ཀྱིས་ལྷ་དང་ལྷ་མ་ཡིན་ལ་ཁྲོས་པ། སྨིན་པ་འཁྱོག་པོ་དང་བཅས་ཤིང་ཁྲོ་གཉེར་འཁྱོག་པོ་ཅན། དཔྲལ་བའི་སྟེང་དུ་མགོ་བོ་ལྔའི་ཕྲེང་བས་རྣམ་པར་བརྒྱན་པ། ལང་ཚོ་དར་ལ་བབ་པ། ཞབས་བཞིས་བདུད་བཞི་ཡང་དག་པར་མནན་པ། མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་ཅན། སྤྱི་བོར་སྣ་ཚོགས་རྡོ་རྗེ་འཛིན་པ་སྐུ་མདོག་ནག་པོ། །ཉི་མ་འབར་བའི་འོད་དང༌། ཞལ་ནས་ཧཱུྃ་ཡིག་སྤྲོ་བ། སྐུ་ལ་ཐལ་བའི་ར་རི་ཅན། ཞལ་བརྒྱད། རྩ་བའི་ཞལ་ནག་པོ་ཆེན་པོ། །གཡས་ཀུནད་ལྟ་བུ། སླར་གཡས་ཀྱི་ཞལ་གཉིས་ནག་པོ། །གཡོན་གྱི་ཞལ་དམར་པོ། །སླར་ཡང་གཡོན་གྱི་ཞལ་གཉིས་ནག་པོ། །སྟེང་ཞལ་དུད་ཁ་རྣམ་པར་གཙིགས་པ། ཞལ་སོ་སོ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་པ། ཞལ་མཆེ་བ་ཅུང་ཟད་གཙིགས་པ། སྒེག་པ་དཔའ་བ་མི་སྡུག་པ།།


DTG009_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཤུལ་རྒོད་དང་འཇིགས་སུ་རུང༌། །སྙིང་རྗེ་ངོ་མཚར་ཞི་བ་ཡི། །གར་གྱི་ཉམས་ནི་དགུ་དང་ལྡན། །དབུ་སྐྲ་སེར་སྐྱ་གྱེན་དུ་བརྫེས་ཤིང་བཅིངས་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཉི་མ་ལ་བཞུགས་པ། ཕྱག་བཅུ་དྲུག་པ། གཡོན་དང་གཡས་ཀྱི་ཕྱག་བརྒྱད་ན་ཐོད་པ་བརྒྱད་བརྒྱད་འཛིན་པ། གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། གཡས་པའི་ཐོད་པ་བརྒྱད་རྣམས་སུ། །གཉིས་འཐུང་ལ་སོགས་རིམ་པས་སོ། །ས་ཆུ་རླུང་དང་མེ་དང་ནི། །ཟླ་བ་ཉི་མ་ཉིད་དང་ཡང༌། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་དུའོ། །ཞེས་པ་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མ་ཡང་ཞལ་གཅིག་མ་ཕྱག་གཉིས་མ་ཞབས་གཉིས་མ་སྐུ་མདོག་ནག་མོ། །དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། །གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། །སྐྲ་སེར་སྐྱ་གྱེན་དུ་བརྫེས་པ། མགོ་བོར་མི་མགོ་ལྔའི་ཕྲེང་བས་རྣམ་པར་བརྒྱན་པ། གྲི་གུག་དང་ཐོད་པ་དང་བཅས་པའི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་བཅོམ་ལྡན་འདས་ལ་འཁྱུད་པ། བཅོམ་ལྡན་འདས་ལས་འོག་གི་སྦྲང་རྩི་ཀུན་དུ་མྱང་བར་མཛད་པ་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་ཐོད་པ་ལ་གནས་པའི་ཉི་མ་ལ་ཧཱུྃ་ཡིག་སྔོན་པོའོ། །བཅོམ་ལྡན་འདས་མའི་ཐུགས་ཀར་ཡང་པདྨ་དང་ཟླ་བ་ལ་གནས་པའི་ཨོ༵་ཡིག་ལས་སྐྱེས་པའི་གྲི་གུག་ལ་གནས་པའི་ཟླ་བ་ལ་ཨཾ་ཡིག་བསྒོམ་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་བརྒྱད་ཀྱི་སྙིང་གར་ཡང་པདྨ་དང་ཟླ་བ་རྣམས་ལ། རང་རང་གི་ས་བོན་ལས་སྐྱེས་པའི་མཚན་མ་སྟེ། སླར་ཡང་ས་བོན་ལ་གནས་པའི་ས་བོན་གྱིས་བྱིན་གྱིས་བརླབས་པ་བལྟ་བར་བྱའོ། །འདི་ཙམ་གྱིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འོད་ཟེར་ཀྱི་ཚོགས་ཀྱིས། ནམ་མཁའི་མཐིལ་ཁྱབ་པར་བལྟས་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། ཤར་གྱི་སྒོ་ལ་མངོན་དུ་ཕྱོགས་པའི་ནམ་མཁའ་ལ་བཞག་ནས།


DTG009_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བརྒྱད་པ་དང༌། ཧཱུྃ་ཡིག་རྣམས་ཀྱིས་བགེགས་བསྐྲད་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ནས་མཆོད་ཅིང་བསྟོད་དེ། ཛཿཧཱུྃ་བཾ་ཧོཿའི་ཡི་གེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གཽ་རཱི་ལ་སོགས་པ་རྣམས་ཀྱིས་གོ་རིམས་བཞིན་དུ། །དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱས་ནས། དམ་ཚིག་གི་འཁོར་ལོ་དང་ཡེ་ཤེས་ཀྱི་འཁོར་ལོ་ཆུ་ལ་ཆུ་བཞིན་དུ་རོ་གཅིག་ཏུ་འདྲེས་པར་གྱུར་པར་བསམ་མོ། །མིག་ལ་གཏི་མུག་རྡོ་རྗེར་འགྱུར། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བྱ། །ཁ་ལ་འདོད་ཆགས་རྡོ་རྗེ་ཅན། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །རྡོ་རྗེ་མ་དཀར་མོ་དང་བདག་མེད་མ་ནག་མོ་དང༌། གསང་བའི་གཽ་རཱི་སེར་མོ་དང༌། ཆུ་མ་དམར་མོ་དང༌། རྡོ་རྗེ་མཁའ་འགྲོ་མ་སྔོ་བསངས་མ་དང༌། སླར་ཡང་བདག་མེད་པ་རྣམས་སོ་ཞེས་པ་རྡོ་རྗེ་མ་ལ་སོགས་པ་རྣམས་མིང་གཞན་གྱིས་གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྣམས་ཏེ། རང་རང་གི་ས་བོན་ལས་བྱུང་བ། །གོ་ཆ་དང་དབང་པོ་རྣམ་པར་དག་པའི་སླད་དུའོ། །དེའི་རྗེས་སུ་སྐུ་དང་གསུང་དང་ཐུགས་ཀྱི་ལམ་དུ་ཨོཾ་ཨཱཿཧཱུྃ་ཞེས་པའི་ཡི་གེ་རྣམས་ཀྱིས་ས་སྤྱོད་མ་དང་བདག་མེད་མ་སྟེ་རིགས་གསུམ་བསྒོམ་པར་བྱའོ། །འདི་རྣམས་ཐམས་ཅད་ནི་ཕྱག་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པ་ཞལ་གཅིག་མ་སྤྱན་གསུམ་མ། རོ་ལ་གནས་པའི་ཟླ་བ་ལ་བཞུགས་པར་བསྒོམ་པར་བྱའོ། །རང་གི་སྙིང་གནས་འཐོན་པའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཐམས་ཅད་བཀུག་ནས་ནམ་མཁར་བཞུགས་པ་ལ་མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་པའི་རྗེས་སུ་ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་སརྦྦ་ཏ་ཐཱ་ག་ཏ་ཞེས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཀུན་བཀྲུས་པ། །དེ་བཞིན་བདག་ནི་ཁྲུས་བགྱི་སྟེ། །ལྷ་ཡི་ཆུ་ཡིས་དག་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་བརྗོད་དེ། །དབང་བསྐུར་བར་བྱའོ། །དབང་བསྐུར་བཞིན་


DTG009_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པས། མེ་ཏོག་ཆར་དང་གུར་གུམ་གྱི་ཆར་འབབ་པོ། །རྔ་བོ་ཆེའི་སྒྲ་འབྱུང་བར་འགྱུར་རོ། །དབང་བསྐུར་བ་ན་སྤྱི་བོར་རིགས་ཀྱི་དབང་པོ་འབྱུང་སྟེ། དེ་ལ་བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་བསྐྱོད་པར་འགྱུར་རོ། །དེ་བཞིན་དུ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་རྣམས་ཀྱིས་གཽ་རཱི་ལ་སོགས་པ་བཞི་པོ་རྣམས་དང༌། ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་འདོད་ཆགས་རྣམས་ཀྱིས་པུཀྐ་སཱི་ལ་སོགས་པ་རྣམས་ལ་ཡང་རྒྱས་གདབ་པར་བྱ་ཞིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ཡཾ་ཡིག་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ནག་པོ། །དེའི་སྟེང་དུ་རེ་ཕ་ཡོངས་སུ་གྱུར་པ་མེའི་དཀྱིལ་འཁོར་དམར་པོ། །དེའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་མགོ་བོ་གསུམ་ལ་གནས་པའི་ཐོད་པ་ཕྱི་དཀར་ཞིང་ནང་དམར་བ། དེའི་སྟེང་དུ་བྷཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་སྟེ་འདི་རྣམས་ཡོངས་སུ་གྱུར་པས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དེའི་སྟེང་དུ་ཨོཾ་ཡིག་ལས་ཁ་ཆོད་ཀྱི་རྣམ་པ་ཨཱཿཡིག་ཡོངས་སུ་གྱུར་པས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དེའི་ས་བོན་གྱིས་མཚན་པའོ། །དེ་ནས་རླུང་གཡོས་པས་མེས་རྡོ་རྗེ་མ་གཏོགས་པ་ཐམས་ཅད་དུ་ཞུ་བར་གྱུར་ནས་ཐོད་པའི་ནང་དུ་གནས་པ། ལན་བཞི་འམ་ལྔར་འཕྱུང་ཞིང་འཕྱུང་བའི་བདུད་རྩི་དེ། རྡོ་རྗེ་ཡོངས་སུ་མཉེས་ནས་ཞུ་བར་གྱུར་པ་དེ་ཉིད་དུ་ལྷུང་བར་གྱུར་པ། དེའི་རྗེས་སུ་ཨོཾ་ཨཱཿཧཱུྃ་ཞེས་པའི་ཡི་གེ་གསུམ་གྱིས་ཁམས་གསུམ་ན་གནས་པའི་བདུད་རྩི་བཀུག་ནས་དེ་ཉིད་དུ་བཞུགས་པ། དེ་རྣམས་ཉིད་ཀྱིས་བྱིན་གྱིས་བརླབས་པ་ནི། འཁོར་ལོ་དང་བཅས་པ་ནི་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི་རྩེ་མོར་ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ནས་ཀྱི་འབྲས་བུའི་ཚད་ཙམ་བསྒོམས་ནས། བཅོམ་ལྡན་འདས་ཀྱི་སྐུ་རྡོ་རྗེའི་ལྗགས་དེ་ཉིད་ཀྱིས་བདུད་རྩི་མྱང་བར་བྱས་ཞིང༌། རྣལ་འབྱོར་པ་དང་མཁའ་འགྲོ་མ་ལྷ་མོ་རྣམས་ལ་ནི་ཞལ་ནས་ཞལ་དུ་ཇི་ལྟར་བདེ་བར་སྦྱིན་


DTG009_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་མྲྀ་ཏ་ས་ད་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ནས། མྱངས་པས་འཁོར་ལོ་མ་ལུས་པ་ཁོ་ནར་ཀུན་ནས་དགའ་བར་གྱུར་པའོ། །རང་གི་སྙིང་གའི་ས་བོན་ལས་འཐོན་པའི་གཟུགས་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཕྱག་ན་མེ་ལོང་དང་པི་ཝང་དང་དྲིའི་དུང་དང་རོའི་སྣོད་དང་གོས་ཚོགས་པ་དང་ཆོས་འབྱུང་འཛིན་པ་རྣམས་ཀྱིས་མཆོད་པ་སྣ་ཚོགས་པས་འཁོར་ལོ་དང་བཅས་པ་བདག་ཉིད་ལ་མཆོད་པར་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བ་ཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །སྤྱན་མ་རྣམས་ཀྱིས་བསྟོད་དེ། རྣལ་འབྱོར་མ་ཚོགས་གྲོགས་མོས་ཡོངས་བསྐོར་ཁྱོད། །ཁྱོད་ནི་རང་གི་ཐུགས་ཀྱིས་མཆོག་བརྙེས་པ། །འདིས་ནི་རྒྱུ་དང་མི་རྒྱུའི་འགྲོ་ཀུན་མཛེས། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་པར་མཛད། །སྒྱུ་མའི་སྤྲོས་པ་ལྷུང་མཛད་རྡོ་རྗེ་ཀྱེ། །དགྱེས་མཛད་དཔལ་ལྡན་ཧེ་རུ་ཀ་རྡོ་རྗེ། །ཞེས་པའི་རྡོ་རྗེའི་གླུས་བསྟོད་པར་བྱ་ཞིང༌། །ཨོཾ་ས་རྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བ་ཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །རྣམ་པར་སྣང་མཛད་རྣམ་པར་དག་པ་ལས་ཁང་པ་བརྩེགས་པ་སྟེ་ཡན་ལག་དང་པོའོ། །རྡོ་རྗེ་སེམས་དཔའི་བདག་ཉིད་རྗེས་སུ་ཆགས་པ་ནི་གཉིས་པའོ། །མི་བསྐྱོད་པའི་བདག་ཉིད་དབང་བསྐུར་བ་ནི་གསུམ་པའོ། །འོད་དཔག་མེད་ཀྱི་རང་བཞིན་བདུད་རྩི་མྱང་བ་ནི་བཞི་པའོ། །དོན་ཡོད་གྲུབ་པའི་བདག་ཉིད་མཆོད་པ་ནི་ལྔ་པའོ། །རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་བསྟོད་པ་ནི་དྲུག་པའོ་ཞེས་པ་ཡན་ལག་དྲུག་བསྒོམ་པར་བྱའོ། །འཁོར་ལོ་མྱུར་དུ་རབ་ཏུ་གྲུབ་པར་བྱེད་པར་འགྱུར་རོ། །དེ་ནས་བསྒོམས་པའི་མཐུ་ལས་གྲུབ་པའི་མཚན་མ་བལྟ་བར་བྱ་སྟེ། །དང་པོར་སྤྲིན་གྱིས་བསྒྲིབས་པའི་ཟླ་བ་ཉ་བ་ལྟ་བུར་དཀྱིལ་འཁོར་སྣང་བར་འགྱུར་རོ། །དེ་ལས་ཀྱང་གོང་དུ་སྒྱུ་མ་ལྟ་བུར་འགྱུར་རོ། །དེ་ལས་ཀྱང་གོང་དུ་རྨི་ལམ་ལྟ་བུར་འགྱུར་རོ། །དེ་ལས་ཀྱང་གོང་དུ་སྨིན་པ་ལས་གཉིད་ལོག་པ་དང་སད་པའི་གནས་སྐབས་དབྱེར་མེད་པ་ལྟ་བུ་ཐོབ་པ་ན་ཕྱག་རྒྱའི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོས་གྲུབ་པར་འགྱུར་རོ། །དེ་ནས་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་


DTG009_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཀྱིལ་འཁོར་གྱི་གཙོ་བོ་ཡང་ཕྱོགས་བཅུ་རྣམས་སུ་བར་མཚམས་མེད་པར་སྤྲོས་ནས། སྣ་ཚོགས་པའི་གདུལ་བྱའི་སེམས་ཅན་རྣམས་ཀྱི་སྣ་ཚོགས་པའི་གཟུགས་སུ་སྤྲུལ་ཏེ། ཇི་ལྟར་མངོན་པར་འདོད་པའི་དོན་བྱས་ནས་དེ་བསྡུས་ཏེ། དེའི་དཀྱིལ་འཁོར་དུ་བྱས་ནས་བདེ་བ་ཆེན་པོའི་རང་བཞིན་དུ་བལྟ་བར་བྱའོ། །ཆོས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པའོ། །དེ་ལྟར་ཁམས་གསུམ་པོ་ཀུན་ནས་དཀྱིལ་འཁོར་གྱི་འཁོར་ལོར་མོས་པར་བྱ་ཞིང༌། འདི་རྣམས་ཀྱང་ཤེས་རབ་དང་ཐབས་རོ་གཅིག་པ་བདེ་བ་ཆེན་པོའི་འབྱུང་གནས་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་འབྱུང་བའོ་ཞེས་ཤེས་པར་བྱས་ནས། གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་པོ། རང་གི་སྐུའི་ཞལ་བརྒྱད་དུ་བསྡུ་བར་བྱའོ། །དེའི་རྗེས་སུ་ཞལ་བདུན་པོ་ནི་ཞལ་གྱི་གཙོ་བོ་ལ་བསྡུའོ། །དེ་བཞིན་དུ་ཕྱག་བཅུ་བཞི་མཚན་མ་དང་བཅས་པ་ནི་ཕྱག་གི་གཙོ་བོ་གཉིས་ཀྱི་ནང་དུ་བསྒོམ་པར་བྱའོ། །དེ་ནས་ཞབས་གཉིས་ནི་ཞབས་ཀྱི་གཙོ་བོ་གཉིས་ལ་བསྡུའོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི། ཁམས་གསུམ་པོ་མཐའ་དག་གཅིག་པའི་སྐུར་མངོན་པར་བལྟས་ནས། ཇི་ལྟར་གནས་པའི་འཁོར་ལོ་བཞི་པོ་རྒྱས་གདབ་སྟེ། དེ་ལ་ལྟེ་བའི་འོག་ཏུ་རྣམ་པར་གནས་པའི་འཁོར་ལོར་ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་སྟེ། དེའི་སྙིང་པོར་ཨོཾ་ཡིག་ནག་པོའི་ས་བོན་འོད་ཟེར་ལྔ་དང་ལྡན་པ་གྱེན་དུ་བལྟས་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་དཀར་པོ་བརྒྱད་དང་དེའི་དབུས་སུ་ཧཱུྃ་ཡིག་སྔོན་པོའོ། །དེ་ལ་འདབ་མ་བརྒྱད་ལ་བྷྲཱུ༵་ཨཱ༵་ཛྲྀ༵་ཁ༵་རྣམས་ཏེ་ཕྱོགས་སུའོ། །ཕྱོགས་བྲལ་དུ་ནི་ཨེ་ཝཾ་མ་ཡའོ། །མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ། དེའི་ལྟེ་བར་ཨཾ་ཡིག་དམར་པོ་ཨཱ་ལི་ཀཱ་ལིས་ཡོངས་སུ་བསྐོར་བའོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོར་པདྨ་དཀར་པོ་འདབ་མ་སུམ་ཅུ་རྩ་གཉིས་དང༌། དེའི་སྙིང་པོར་ཧཾ་ཡིག་དཀར་པོའི་ས་བོན་འོག་གི་གདོང་ཅན་བདུད་རྩིའི་རྒྱུན་འབར་བཞིན་པ་བལྟ་ཞིང་འཁོར་ལོ་འདི་རྣམས་ཡང་དག་པར་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱི་ཚོགས་ནམ་མཁའ་ཀུན་དུ་སྤྲོ་ཞིང་བསྡུས་


DTG009_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཡང་དེ་ཉིད་ཀྱི་ནང་དུ་ཐིམ་པར་བྱའོ། །དེ་བཞིན་དུ་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། ཆོ་ག་འདིས་སྔགས་ཀྱི་བཟླས་པ་བྱ་སྟེ། གང་རྣམས་ཉིད་ཀྱི་ཡི་གེ་འདོན་པར་བྱེད་པ་དེ་རྣམས་ནི། ལྷ་མོའི་ཞལ་ནས་འོད་ཟེར་དང་བཅས་པར་འཐོན་ནས། རང་གི་ཞལ་དུ་ཞུགས་ཏེ་རྡོ་རྗེའི་ལམ་ནས་འཐོན་ནས་རང་གི་ལྷ་མོའི་པདྨར་སྤྲོས་ཏེ། སླར་ཡང་ལྷ་མོའི་ཞལ་ནས་རང་གི་ཞལ་གྱི་རིམ་པས་རྣམ་པར་མ་ཆད་པར་སྔགས་ཀུན་དུ་འཁོར་བར་བྱ་སྟེ། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་དཀར་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བ་བྱའོ། །དེ་ལ་སྔགས་ནི། ཨོཾ་ཨཥྚཱ་ན་ནཱ་ཡ། པིདྒོརྡྷ་ཀེ་ཤ་བརྟྨ་ནེ། ཙ་ཏུརྦིདྴ་ཏི་ནེ་ཏྲཱ་ཡ། །ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾ་ཥྚི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན་བནྡྷ་བནྡྷ། །ནཱ་གཱཥྚ་ཀཱ་ན་གྲྀཧྞ་གྲྀཧྞ། སརྦ་ཤ་ཏྲཱུཾ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སོ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །དེ་ནས་ཟླ་བ་དང་བཅས་པ་ཨཾ་ཡིག་གི་ས་བོན་དང་ལྷན་ཅིག་ཏུ་ཞུ་བར་གྱུར་པ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ལ་ཞུགས་པར་བལྟའོ། །དེ་ནས་སྤྲུལ་པའི་འཁོར་ལོའི་ས་བོན་ནི་གཏུམ་པ་ཉིད་ཀྱི་ཕྱིར་གཏུམ་མོ་སྟེ། མར་མེའི་རྩེ་མོ་ལྟ་བུར་འབར་ནས་ཆོས་ཀྱི་འཁོར་ལོར་སོང་སྟེ། དེར་གནས་པའི་དེ་བཞིན་གཤེགས་པ་ལྔ་དང་སྤྱན་མ་ལ་སོགས་པ་བསྲེགས་ནས་ཨཱ་ལི་དང་ཀཱ་ལི་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང༌། བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་གནས་པའི་རྣམ་པར་ཤེས་པའི་རང་བཞིན་ཧཾ་ཡིག་ཀྱང་བསྲེགས་ཏེ། གཞོམ་དུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་བླངས་ནས། བཅོམ་ལྡན་འདས་དང་ལྷན་ཅིག་རོ་མཉམ་པར་གྱུར་པ་སླར་ཡང་འོངས་ཏེ། ཉི་མ་དང་བཅས་པའི་ཐོད་པ་ཡང་བཟུང་ནས་ཐུགས་ཀའི་ས་བོན་ལ་གཞུག་གོ །ས་བོན་


DTG009_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡི་གེ་དེ་འབའ་ཞིག་ནི། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་འབར་བཞིན་པའི་ནཱ་ད་དང་བཅས་པར་རྣམ་པར་གནས་པར་གྱུར་པ་ཡིན་ཏེ། དེ་ལྟར་ཡང་གསུང་རབ་ལས། །ནཱ་ད་ཐིག་ལེ་རྡོ་རྗེར་འགྱུར། །ཟླ་ཕྱེད་རྣམ་པར་སྣང་མཛད་འདོད། །རེ་ཁཱ་རིན་ཆེན་བདག་པོ་ཉིད། །ཧ་ཡིག་ཡང་ནི་འོད་དཔག་མེད། །ཨཱུ་ཡིག་དོན་ཡོད་གྲུབ་པར་ཡང༌། །ཤེས་ནས་རྒྱལ་བ་ལྔ་བདག་ཉིད། །ཅེས་གསུངས་སོ། །སླར་ཡང་ནཱ་ད་ལས་མར་མེའི་རྩེ་མོ་ཕྱུང་ནས། ཕྲག་དོག་གི་རང་བཞིན་ཨཱུ་ཡིག་ནི། །འདོད་ཆགས་ཀྱི་རང་བཞིན་ཧ་ཡིག་ལ་བསྡུའོ། །དེའི་རྗེས་སུ་ཧ་ཡིག་ཀྱང་སེར་སྣའི་བདག་ཉིད་རེ་ཁཱ་ལ་བསྡུའོ། །དེ་ནས་རེ་ཁཱ་ཡང་གཏི་མུག་གི་རང་བཞིན་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ཡང་ཞེ་སྡང་གི་རང་བཞིན་ཐིག་ལེའོ། །ཐིག་ལེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནཱ་ད་ལ་ཡང་དག་པར་བསྡུ་བར་བྱའོ། །འདི་ལྟར་ཆོས་ཐམས་ཅད་གཅིག་པའི་དེ་ཞིན་ཉིད་ནི་རྟག་པ་དང་ཆད་པ་དང༌། དབུས་མཐའ་ཐམས་ཅད་དང་བྲལ་བ། །ཐམས་ཅད་ལ་རབ་ཏུ་མི་གནས་པའི་བདེ་བ་ཆེན་པོ་ནི། ནཱ་ད་ཙམ་དུ་རྣམ་པར་དག་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་མདོར་བསྟན་པའོ། །དེ་ལྟར་ཡང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་མཆོག་ཏུ་མི་འགྱུར་བ། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་བྱ་བ་དང༌། རྡོ་རྗེ་སྙིང་པོ་རྒྱན་དུ་ཡང༌། །སྙིང་གི་དབུས་ན་གཞོམ་མེད་ནི། །འབར་བ་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ཡིག་གཙོ་བོ་དམ་པའོ། །ཞེས་པ་དང༌། གཞན་དུ་ཡང༌། ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོ། །སྒྱུ་འཕྲུལ་དྲ་བར་གསུང་པ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ཡི་གེ་མེད་ཅིང་གཞོམ་མེད་དེ། །བརྗོད་པ་དང་ནི་རྟོག་པ་གང༌། །ཚིག་འདི་ཕྱི་རོལ་ཡིན་ཞེས་བྱ། །ཞེས་སོ། །དེ་ནས་སྨོན་ལམ་གྱི་ནུས་པའི་ཤུགས་ལས། བསམ་པ་སྣ་ཚོགས་པའི་སེམས་ཅན་གྱི་གདུལ་བྱའི་དབང་གིས་ཆོས་ཀྱི་སྐུ་བདག་ཉིད་དང་སྣ་ཚོགས་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པར་སྤྲོས་


DTG009_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཅན་གྱི་དོན་བྱའོ། །དེ་སྐད་དུ་ཡང་གསུང་རབ་ལས། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །བདེ་བ་ཆེན་པོ་ཇི་ལྟར་ཤེས། །དེ་ཉིད་ལས་ནི་འདི་འབྱུང་སྟེ། །གཞན་ལས་དཀྱིལ་འཁོར་འདི་མི་འབྱུང༌། །སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །བར་སྲིད་ཇི་ལྟ་བུར་གྱུར་པ། །དེ་ལ་ཉིད་དུ་དཀྱིལ་འཁོར་སྣང༌། །རྟག་ཏུ་གོམས་པའི་སྦྱོར་ལས་འབྱུང༌། །ཞེས་སོ། །དེ་ལྟར་ཁམས་གསུམ་པོ་མ་ལུས་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཆུའི་ཟླ་བ་དང་མཚུངས་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་བྱས་ནས། དབང་པོ་མ་འགགས་ཤིང་རྙོག་པ་མེད་པ། ཐམས་ཅད་དུ་མི་གནས་པའི་རྣལ་འབྱོར་པས། དོགས་པ་མེད་པ་རང་གི་ལྷའི་ང་རྒྱལ་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་སྐད་དུ་ཡང༌། ཀླུ་སྒྲུབ་ཞབས་ཀྱིས། སྲིད་གསུམ་འདི་མིན་ཁང་བརྩེགས་ཡིན་ཏེ་འདི་རྣམས་སྲོག་ཆགས་མ་ལགས་རྒྱལ་བ་ཡིན། །བདག་ནི་མི་མིན་འཁོར་ལོའི་དབང་པོ་ཡིན་ལ་ཡུལ་མིན་དབང་པོ་ས་སོགས་མིན། །གཟུགས་སོགས་མིན་ལ་ཆོས་ཉིད་བདག་ཉིད་ཅན་མིན་དེ་སླད་དེ་རྣམས་དཀྱིལ་འཁོར་པ། །སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འཁོར་ལོར་བྱས་ནས་སེམས་ཀྱི་འཁྲུལ་པར་འགྱུར་བ་ཅི། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་མདོར་བསྟན་པའོ། །དེ་ནས་རྣམ་པར་དག་པ་དྲན་པར་བྱ་སྟེ། དེ་ལ་བགེགས་ཐམས་ཅད་བསྐྲད་པ་རྣམ་པར་དག་པ་ལས། རྡོ་རྗེའི་ར་བ་ལ་སོགས་པ་ཅན་ནོ། །ཆོས་ཐམས་ཅད་ནམ་མཁར་རྣམ་པར་དག་པ་ལས་ཆོས་འབྱུང་ངོ༌། །ཉེ་བར་མ་གོས་པའི་ཆོས་ཉིད་རྣམ་པར་དག་པས་འདབ་མ་སྣ་ཚོགས་པའི་པདྨའོ། །ཆོས་ཐམས་ཅད་རང་བཞིན་མེད་ཅིང་མི་ཕྱེད་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་ལས་སྣ་ཚོགས་རྡོ་རྗེའོ། །རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་རྣམ་པར་དག་པ་ལས་ཁང་པ་བརྩེགས་པའོ། །རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པ་ལས། དུ་མ་ཉིད་ལ་སོགས་པ་དང་བྲལ་བའི་ཕྱིར་སྣ་ཚོགས་པའི་ཆ་ཤས་དབྱིབས་ཙམ་མོ། །དེ་བཞིན་གཤེགས་པ་དང་སོ་སོའི་སྐྱེ་བོ་རྣམས་དེ་ཁོ་ན་ཉིད་དུ་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ན། མི་མཉམ་


DTG009_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་གྲུ་བཞིའོ། །དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པས་ཤར་གྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་ནུབ་ཀྱི་སྒོའོ། །དབང་པོ་ལྔ་རྣམ་པར་དག་པས་བྱང་གི་སྒོའོ། །བསམ་གཏན་བཞི་རྣམ་པར་དག་པས་རྟ་བབས་བཞིའོ། །ཏིང་ངེ་འཛིན་བཞི་རྣམ་པར་དག་པས་ཁ་ཁྱེར་བཞིའོ། །བཟོད་པ་དང་ཆོས་མཆོག་གི་ཆོས་རྣམ་པར་དག་པས་ལྷ་མོའི་ཚོགས་རྣམས་སོ། །གསུང་རབ་ཡན་ལག་དགུ་རྣམ་པར་དག་པས་དྲིལ་བུ་དང་བཅས་པའི་བ་དན་དགུའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ལས། དྲ་བ་དང་དྲ་བ་ཕྱེད་པ་དང་ཟླ་བ་ཉི་མ་དང་མེ་ལོང་དང་མེ་ཏོག་གི་ཕྲེང་པ་དང་རྔ་ཡབ་རྣམས་འབར་བ་ཉིད་དོ། །སྙིང་རྗེ་དང་དགྲ་བཅོམ་པ་ཉིད་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་གང་བ་རྣམ་པར་དག་པ་ལས་གང་བའི་བུམ་པ་བརྒྱད་དོ། །སངས་རྒྱས་ཐམས་ཅད་ཐམས་ཅད་དུ་རྒྱུན་ཆགས་པར་རྡོ་རྗེའི་ཚུལ་གྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་རྣམ་པར་དག་པས་རྡོ་རྗེའི་ཕྲེང་བ་ནག་པོའོ། །གཟུགས་ལ་སོགས་པ་རྣམ་པར་དག་པས་མཐའ་ཡས་ཤིང་དཔེ་མེད་པའི་འདོད་པའི་ཡོན་ཏན་ལྔ་རྣམས་སོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པས། དཀྱིལ་འཁོར་ལ་མཆོད་པ་ལྔའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པས། རབ་ཏུ་འཕྱང་བཞིན་པའི་སྒོའི་གོས་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པས་ཀ་བ་བརྒྱད་པོ་རྣམས་སོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྣམ་པར་དག་པས། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །འདོད་ཆགས་ཆེན་པོ་སྟོན་པ་རྣམ་པར་དག་པས། འདབ་མ་བརྒྱད་པའི་པདྨ་དམར་པོའོ། །རང་བཞིན་མེད་ཅིང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་སྐྱོན་རྩ་བ་ནས་འབྱིན་པ་རྣམ་པར་དག་པས། ཟེ་འབྲུ་ལ་ཚངས་པ་ལ་སོགས་པ་བདུད་བཞིའི་གདན་རྣམས་སོ། །སེམས་ཅན་མཐའ་དག་རྒྱུན་དུ་གནས་པའི་མ་རིག་པའི་མུན་པ་རྣམ་པར་ཉམས་པར་བྱེད་པའི་ཕྱིར་དང༌། མི་དགེ་བའི་འདམ་རྫབ་སྐེམས་པར་བྱེད་པའི་ཕྱིར་དང༌།


DTG009_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། ཚངས་པ་ལ་སོགས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །འཇིག་རྟེན་གྱི་ཆོས་བརྒྱད་ཉེ་བར་ཞི་བ་རྣམ་པར་དག་པ་ལས། འདབ་མ་བརྒྱད་དུ་ཕྱོགས་སྐྱོང་བ་བརྒྱད་ཀྱི་གདན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་མེ་ཞི་བ་རྣམ་པར་དག་པས་ཟླ་བའི་གདན་རྣམས་སོ། །གཟུགས་ཀྱི་ཕུང་པོ་དང༌། གཏི་མུག་ཆེན་པོ་དང་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། གཟུགས་དང༌། སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་གཽ་རཱིའོ། །སེར་སྣ་རྣམ་པར་དག་པས་ཉ་རོ་ཧི་ཏའོ། །ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་རྣམ་པར་དག་པས་གྲི་གུག་གོ །ཚོར་བའི་ཕུང་པོ་དང༌། ང་རྒྱལ་དང༌། སེར་སྣ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། མཐར་འཛིན་པའི་ལྟ་བ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པས་ཙཽ་རཱིའོ། །གསུང་རབ་ཡན་ལག་དགུ་རྣམ་པར་དག་པས་ཌ་མ་རུའོ། །གཏི་མུག་རྣམ་པར་དག་པས་ཕག་པའོ། །འདུ་ཤེས་ཀྱི་ཕུང་པོ་དང༌། འདོད་ཆགས་ཆེན་པོ་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། ལོག་པར་ལྟ་བ་དང༌། སྐྱེ་བའི་སྒྲིབ་པ་དང༌། བཟོད་པ་དང༌། དྲི་རྣམ་པར་དག་པས་བེ་ཏྟཱ་ལཱིའོ། །ཕྲག་དོག་རྣམ་པར་དག་པས་རུས་སྦལ་ལོ། སྟོང་པ་ཉིད་རྣམ་པར་དག་པས་ཀ་པཱ་ལའོ། །འདུ་བྱེད་ཀྱི་ཕུང་པོ་དང༌། ཕྲག་དོག་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། ལྟ་བ་ལ་མཆོག་ཏུ་འཛིན་པ་དང༌། ལས་ཀྱི་སྒྲིབ་པ་དང༌། བསམ་གཏན་དང༌། རོ་རྣམ་པར་དག་པས་གྷསྨ་རཱིའོ། །ཞེ་སྡང་གིས་ནི་སྦྲུལ་ལོ། །འདོད་ཆགས་ཀྱིས་ནི་རྣལ་འབྱོར་ལྷུང་བཟེད་དོ། །སའི་ཁམས་དང༌། སྟོང་པ་ཉིད་ཀྱི་རྣམ་པར་ཐར་བའི་སྒོ་དང༌། བྱམས་པ་ཆེན་པོ་དང༌། ཐབས་རྣམ་པར་དག་པས་པུཀྐ་སཱིའོ། །ང་རྒྱལ་གྱིས་ནི་སེང་གེའོ། །ལུས་དང་ངག་དང་སེམས་ཀྱི་སྐྱོན་རྣམ་པར་དག་པས་དགྲ་སྟའོ། །ཆུའི་ཁམས་དང༌། མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་དང༌། སྙིང་རྗེ་ཆེན་པོ་དང་སྨོན་ལམ་རྣམ་པར་དག་པས་ཤ་བ་རཱིའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་དགེ་སློང་ངོ༌། །མི་མཆེད་པའི་


DTG009_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་རྣམ་པར་དག་པས་འཁར་གསིལ་ལོ། །མེའི་ཁམས་དང༌། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང༌། དགའ་བ་ཆེན་པོ་དང༌། སྟོབས་རྣམ་པར་དག་པས་ཙཎྜ་ལཱིའོ། །སྐྱོན་མ་ལུས་པ་རྩ་བ་འབྱིན་པ་རྣམ་པར་དག་པས་ཐོང་གཤོལ་ལོ། །མི་ཤེས་པ་གཅོད་པ་རྣམ་པར་དག་པས་འཁོར་ལོའོ། །རླུང་གི་ཁམས་དང༌། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་བའི་སྒོ་དང༌། བཏང་སྙོམས་ཆེན་པོ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཌོམྦི་ནཱིའོ། །ཡེ་ཤེས་དག་པས་རྡོ་རྗེའོ། །ཆོས་ཐམས་ཅད་གཅིག་པའི་རང་བཞིན་ཉིད་རྣམ་པར་དག་པས་སྡིགས་མཛུབ་པོ། །རྣམ་པར་ཤེས་པའི་ཕུང་པོ་དང༌། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། རེག་བྱ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣམ་པར་དག་པས་དཔལ་ཧེ་རུ་ཀའོ། །བྱམས་པའི་ཐུགས་རྣམ་པར་དག་པས་ཡན་ལག་ནག་པོའོ། །སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་རང་བཞིན་གྱི་སྤྱན་གསུམ་སྟེ། སྙིང་རྗེ་ལས་ཀུན་དུ་དམར་བའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་ཞལ་བརྒྱད་དོ། །དེ་ལ་དབང་དག་པས་གཡོན་པ་དམར་པོའོ། །ཞི་བ་དག་པས་གཡས་པ་དཀར་པོའོ། །མི་བསྐྱོད་པ་དང༌། འོད་དཔག་མེད་དང༌། རིན་ཆེན་དབང་པོ་དང༌། རྣམ་པར་སྣང་མཛད་དང༌། དོན་ཡོད་གྲུབ་པ་རྣམ་པར་དག་པས་འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་རྣམས་སོ། །རྡོ་རྗེ་སེམས་དཔའི་རང་བཞིན་གྱིས་ཐལ་བའི་ར་རིའོ། །ཁྲོ་ཞིང་གདུབ་པའི་གདུལ་བྱའི་སླད་དུ་ཁྲོ་བོར་བསྟན་པའི་ཕྱིར་སྐྲ་རྣམས་དམར་པོ་དང་སེར་སྐྱ་གྱེན་དུ་བརྫེས་པའོ། །རང་བཞིན་མེད་པ་རྟོགས་པར་བྱ་བའི་ཆེད་དུ་སྤྱི་བོར་སྣ་ཚོགས་རྡོ་རྗེའོ། །རིགས་ལྔ་དག་པས་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་པོ་རྣམས་སོ། །སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པས་ཕྱག་རྣམས་སོ། །ཐབས་དང་ཤེས་རབ་ཀྱིས་གཡོན་དང་གཡས་ཀྱི་ལྷ་ལ་སོགས་པ་རྣམས་ཀྱི་ཐོད་པ་རྣམས་སོ། །གློ་དང༌། དབུགས་མི་བདེ་བ་དང༌། སྨྱོ་བ་དང༌། ཟད་བྱེད་དང༌།


DTG009_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་དང༌། རྐང་བམ་དང༌། མཆིན་ནད་དང༌། མཆེར་ནད་རྣམས་རྣམ་པར་དག་པས་གླང་པོ་ལ་སོགས་པ་བརྒྱད་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་གློ་ལ་སོགས་པ་སེལ་བར་བྱས་ནས་གྲུབ་པའི་དབང་ཕྱུག་ཐམས་ཅད་དག་པ་ལས་ས་ལ་སོགས་པ་བརྒྱད་དང་ལྡན་པའོ། །ཨཱ་ལི་ཀཱ་ལི་རྣམ་པར་དག་པས་མགོ་བོ་ལྔ་བཅུའི་ཕྲེང་བ་རྣམས་སོ། །བསྡུ་བའི་དངོས་པོ་བཞི་དག་པས་ཞབས་བཞི་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དག་པས་པགས་པའོ། །བདེན་པ་བཞི་རྣམ་པར་དག་པས་རུས་པའོ། །ཤ་ནི་པུཀྐ་སཱིའོ། །ཁྲག་ནི་ཤ་བ་རཱིའོ། །ཁུ་བ་ནི་ཙཎྜ་ལཱིའོ། །རྐང་དང་ཚིལ་བུ་ནི་ཌོམྦི་ནཱིའོ། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དག་པས་གཽ་རཱི་ལ་སོགས་པ་བཞིའོ། །སྤྲུལ་བ་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་སྟེ་སྐུ་གསུམ་པོ་དག་པས་སུམ་ཁྱོག་གོ །བདེ་བ་ཆེན་པོའི་སྐུ་དག་པས་སྐུ་གཅིག་ཏུ་འབྲེལ་པའོ། །ཁམས་གསུམ་པོ་མཐའ་དག་དམིགས་པ་མེད་པ་རྣམ་པར་དག་པས། སྐྱིལ་ཀྲུང་ཕྱེད་པའོ། །ཐམས་ཅད་སྒྲོ་འདོགས་པ་མེད་པས། ཞབས་གཅིག་གི་སོར་མོས་ཉི་མའི་གདན་ལ་བཙུགས་པའོ། །ཆོས་ཐམས་ཅད་བདག་མེད་པ་རྣམ་པར་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བདག་མེད་མའོ། །ཡོད་པ་དང་མེད་པ་ལ་སོགས་པའི་སྐྱོན་གཅོད་པ་རྣམ་པར་དག་པས་གྲི་གུག་གོ །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་མགོ་བོ་དག་པས་པདྨའི་སྣོད་དོ། བདུད་བཞིའི་ཁྲག་དག་པ་ལས་ཁྲག་གིས་གང་བའི་ཐོད་པ་རྣམས་སོ། །ཡི་གེ་ལྔ་བཅུ་དག་པས་མགོ་བོའི་ཕྲེང་བ་རྣམས་སོ། །སྲིད་པ་དང་ཞི་བའི་རང་བཞིན་གྱིས་ཕྱག་གཉིས་སོ། །བདེན་པ་གཉིས་དག་པས་ཞབས་གཉིས་སོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་གི་རོ་འབབ་པ་ཡང་དག་པར་རིག་ཅིང་གྲུབ་པའི་མཐའ་དག་པས། ཕྱི་རོལ་དུ་ཤེས་རབ་དང༌། ཐབས་སྙོམས་པར་འཇུག་པ་སྟོན་པའོ། །མཚན་མོ་དང་ཉིན་མོ་རྣམ་པར་དག་པས་ཤེས་རབ་དང་ཐབས་ཀྱི་ཐ་སྙད་དོ། །དབྱུ་གུ་དྲུག་ཅུ་རྩ་བཞི་དང་ཐུན་ཚོད་བརྒྱད་དང༌། འཕོ་བ་བཅུ་དྲུག་དང༌།


DTG009_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཚོད་སུམ་ཅུ་རྩ་གཉིས་རྣམས་རྣམ་པར་དག་པས། གོ་རིམས་བཞིན་དུ་སྤྲུལ་པ་ལ་སོགས་པའི་འཁོར་ལོ་བཞིར་གནས་པའི་འདབ་མ་རྣམས་སོ། །དེ་ནས་ཀྱེ་རྡོ་རྗེའི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་རྡོ་རྗེ་དྲིལ་བུ་བཟུང་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དུ་གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ཆོས་འབྱུང་གི་ནང་དུ་འདབ་མ་བརྒྱད་པའི་པདྨ་དམར་པོ་གསུམ་གྱི་དབུས་དང་སྟེང་དང་འོག་ཏུ་བརྒྱན་པར་བལྟའོ། །དེ་ལ་དབུས་ཀྱི་པདྨ་འདབ་མ་བརྒྱད་ཀྱི་ཤར་གྱི་འདབ་མ་ལ། དབང་པོ་དཀར་པོ་མིག་སྟོང་པ་ཕྱག་ན་རྡོ་རྗེ་དང་ས་སྲུང་དཀར་པོའི་གདན་ཅན་ནོ། །ལྷོའི་འདབ་མ་ལ་གཤིན་རྗེ་ནག་པོ་ཕྱག་ན་དབྱུག་པ་དང་མ་ཧེ་ལ་ཞོན་པའོ། །ནུབ་ཀྱི་འདབ་མ་ལ་ཆུ་ལྷ་དཀར་པོ་ཕྱག་ན་ཞགས་པ་དང༌། ཆུ་སྲིན་ལ་ཞོན་པའོ། །བྱང་གི་འདབ་མ་ལ་གནོད་སྦྱིན་སེར་པོ་ཕྱག་ན་ཤྲཱི་ཕ་དང་མི་ལ་ཞོན་པའོ། །འདི་རྣམས་ཐམས་ཅད་ནི་རྒྱན་ཐམས་ཅད་ཚང་ཞིང་རིན་པོ་ཆེའི་ཅོད་པན་ཅན། གཤིན་རྗེ་ནི་ཉི་མའི་གདན་དང་ཉི་མའི་འོད་དེ། ལྷག་མ་རྣམས་ཟླ་བའི་གདན་དང་ཟླ་བའི་འོད་དོ། །དབང་ལྡན་གྱི་འདབ་མ་ལ་འབྱུང་པོའི་བདག་པོ་དཀར་པོ་མིག་གསུམ་པ་རལ་པའི་ཅོད་པན་ཅན་ནོ། །སྟག་གི་པགས་པའི་གོས་འཆང་ཞིང༌། ཐལ་བས་ར་རིར་བྱུགས་པ། རུས་པའི་རྒྱན་ཅན། ཕྱག་ན་རྩེ་གསུམ་དང་ཁྱུ་མཆོག་ལ་ཞོན་པ། ཟླ་བའི་གདན་དང་ཟླ་བའི་འོད་དོ། །མེའི་འདབ་མ་ལ་མེ་ལྷ་ཤིན་ཏུ་སེར་སྐྱ་མིའུ་ཐུང་གསུས་པ་འཕྱང་བ། རལ་པའི་ཅོད་པན་ཅན། བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། བློ་གོས་ཅན་ར་སྐྱེས་ལ་ཞོན་པ་ཉི་མའི་གདན་དང་ཉི་མའི་འོད་དོ། །བདེན་བྲལ་གྱི་འདབ་མ་ལ། སྲིན་པོ་སྐྲ་སེར་སྐྱ་གྱེན་དུ་བརྫེས་ལ་ཁྲོས་ཤིང་སྨིན་མ་འཁྱོག་པོ་དང་བཅས་པ་གྲི་དང་ཐོད་པ་འཛིན་ཞིང་མི་ནག་པོ་ལ་ཞོན་པ་ཉི་མའི་གདན་དང་ཉི་མའི་འོད་དོ། །རླུང་གི་འདབ་མ་ལ་རླུང་ལྷ་ལྗང་གུ་རིན་པོ་ཆེའི་ཅོད་པན་ཅན། ཕྱག་ན་རྒྱལ་མཚན་དང༌། རི་དགས་ལ་ཞོན་པ་ཟླ་བའི་གདན་དང་ཟླ་བའི་འོད་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལྟེ་བ་ལ་སའི་ལྷ་མོ་སེར་མོ་ལྷའི་ན་བཟའ་དང་རྒྱན་ཐམས་ཅད་པ་ཕྱག་ན་བུམ་པ་


DTG009_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་བའི་གདན་ལ་ཟླ་བའི་འོད་དེ། སའི་ལྷ་མོ་ལ་ཡི་དགས་ཀྱིས་ཀུན་དུ་བསྐོར་ནས་གནས་པའོ། །ཆོས་འབྱུང་གི་སྟེང་དུ་གནས་པའི་པདྨ་འདབ་མ་བརྒྱད་ཀྱི་ཤར་གྱི་འདབ་མ་ལ་ཟླ་བ་དཀར་པོ་རིན་པོ་ཆེའི་ཅོད་པན་ཅན་ཕྱག་ན་ཀུ་མུ་ད་དང་རྒྱན་ཐམས་ཅད་པ་རྟ་དཀར་པོ་ལ་ཞོན་ཞིང་ཟླ་བའི་གདན་ལ་ཟླ་བའི་འོད་དོ། །ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་གཉིས་ན་པདྨ་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན། རྒྱན་ཐམས་ཅད་པ་རྟ་ལྗང་གུ་ལ་ཞོན་པ། རང་གི་གདན་ལ་རང་གི་འོད་དོ། །ཟླ་བ་དང་ཉི་མས་མཚོན་ནས། ཕྱོགས་དང་ཕྱོགས་བྲལ་དེ་རྣམས་སུ་རིམ་པས། བཀྲ་ཤིས་དང་ལྷག་པ་དང་ཕུར་བུ་དང་པ་ཝ་སངས་དང་སྤེན་པ་དང་སྒྲ་གཅན་རྣམས་ཏེ། དམར་པོ་དང་སྔོ་བསངས་དང་སེར་པོ་དང་དཀར་པོ་དང་ནག་པོ་དང་དུད་ཀ་རང་རང་གི་གདན་དང་མཚན་མ་དང་རྒྱན་ཐམས་ཅད་པའོ། །དབུས་ཀྱི་ལྟེ་བ་ལ་ཚངས་པ་སེར་པོ་གདོང་བཞི་པ། ཕྱག་བཞི་པ་སྟེ་དབྱུ་གུ་གསུམ་འཛིན་པ་དང༌། མི་འཇིགས་པའི་ཕྱག་དང་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། མཆོད་ཕྱིར་ཐོགས་དང༌། མིའུ་ཐུང་ཡན་ལག་ཐུང་བ་ངང་པ་ལ་ཞོན་པ། ཟླ་བའི་གདན་ལ་ཟླ་བའི་འོད་དེ། ཚངས་པས་ཀུན་དུ་བསྐོར་བའོ། །ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་དགའ་ལྡན་དང་འཐབ་བྲལ་དང༌། འོག་མིན་ལ་སོགས་པའི་ལྷ་ཐམས་ཅད་རང་རང་གི་གཟུགས་སུ་བལྟའོ། །ཆོས་འབྱུང་གི་འོག་ཏུ་གནས་པའི་པདྨ་འདབ་མ་བརྒྱད་ལ། ཕྱོགས་དང་ཕྱོགས་བྲལ་རྣམས་སུ་རིམ་པས། སྟོབས་ཀྱི་རྒྱུ་ལྗང་གུ་དང་དུང་སྐྱོང་སེར་པོ་དང་མཐའ་ཡས་སྔོན་པོ་དང་ནོར་རྒྱས་དང་དམར་པོ་དང་འཇོག་པོ་དང་རིགས་ལྡན་དག་སེར་པོ་དང་པདྨ་དང་པདྨ་ཆེན་པོ་དག་དཀར་པོ་སྟེ། བརྒྱད་པོ་འདི་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན། མིའི་གདོང་པ་ལ་གདེངས་ཀ་དང་ལྡན་པ། རྒྱན་ཐམས་ཅད་པ། ལྷ་མ་ཡིན་དང་དམྱལ་བའི་སེམས་ཅན་དང་བཅས་པའོ། །ལྟེ་བ་ལ། ལྷག་མ་དཀར་པོ་གདེངས་ཀ་དང་ལྡན་པའི་མིའི་གདོང་པ། རིན་པོ་ཆེའི་ཅོད་པན་ཅན་ཏེ། འདི་རྣམས་ཐམས་ཅད་པདྨ་ལ་བཞུགས་པའོ། །རང་གི་སྙིང་གའི་ས་བོན་ལས་འཐོན་པའི་གཽ་རཱིས་བཀུག་ནས། ཙཽ་རཱིས་པདྨའི་ནང་དུ་གཞུག་ཅིང༌། བེཏྟ་ལཱིས་ལྕགས་སྒྲོག་གི་འཆིང་བས་བཅིངས་ཏེ། གྷསྨ་རཱིའི་དྲིལ་བུའི་མཐུས་དབང་དུ་


DTG009_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། དབུས་ཀྱི་པདྨར་གནས་པ་རྣམས་རང་རང་གི་སྐུ་མདོག་དང་དབྱིབས་དང་མཚན་མ་རྣམས་ཡོངས་སུ་གྱུར་ནས། ཧཱུྃ་ཡིག་ལས་སྐྱེས་པའི་དཀར་མིན་རྣམས་ལ། མི་བསྐྱོད་པའི་ཅོད་པན་ཅན། སྟེང་དུ་གནས་པ་རྣམས་རང་རང་གི་གཟུགས་སྤངས་ནས་ཨོཾ་ཡིག་ལས་སྐྱེས་པའི་དཀར་པོ་རྣམས་ལ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན། འོག་ཏུ་གནས་པ་རྣམས་རང་རང་གི་གཟུགས་སྤངས་ནས་ཨཱཿཡིག་ལས་སྐྱེས་པའི་དམར་པོ་རྣམས་ལ། འོད་དཔག་མེད་ཀྱི་ཅོད་པན་ཅན། པདྨ་གསུམ་ལ་གནས་པ་འདི་རྣམས་ཀྱང༌། ཞལ་གཅིག་པ། ཕྱག་གཉིས་པ་རྡོ་རྗེ་དང༌། རྡོ་རྗེ་དྲིལ་བུ་འཛིན་པར་འདྲ་བའི་རིགས་མས་འཁྱུད་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་བལྟ་བར་བྱའོ། །དེ་ལྟར་འདི་རྣམས་བརྟན་པར་བྱས་ཏེ། ཨོཾ་པྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས། དུང་གི་ཕྱག་རྒྱས་མདུན་དུ་མཆོད་ཡོན་ཕུལ་ནས། སྐམ་པའི་ཕྱག་རྒྱས་བླངས་ལ། ཞལ་བསིལ་ཕུལ་ཏེ། སྔར་བཞིན་དུ་བདུད་རྩི་མྱང་བའི་ཚོགས་གཏོར་མས་མཆོད་ཅིང༌། བདུད་རྩི་ཉིད་ཀྱིས་རྫོགས་པར་བྱས་ནས། ཨོཾ་ཨིནད་ཛ་མ་ཛཱ་ལ་ཛ་ཀྑ་བྷཱུ་ཏ་བཧྣི་བཱ་ཨུ་རཀྑ་ཙནད་སུཛྫ་མཱ་ད་བཔྤ་ཏ་ལ། པཱ་ཏཱ་ལེ་ཨཊྚ་སཔྤ་སྭཱ་ཧཱ་ཞེས་པ་འདིས་འདི་རྣམས་བསྔགས་པར་བྱའོ། །དྲིལ་བུ་གསིལ་ཞིང་གཏོར་མས་མཆོད་དེ། ཧཱུྃ་ཡིག་ལས་སྐྱེས་པའི་ནས་འབྲས་ཀྱི་ཚད་ཙམ་གྱི་རྡོ་རྗེའི་ལྗགས་ཀྱི་འོད་ཟེར་གྱི་རྒྱུན་གྱིས་དྲངས་ནས། རྣལ་འབྱོར་པ་བདག་ཉིད་ཀྱིས་ཟོས་ཏེ། འདི་རྣམས་བཟར་གཞུག་གོ །དེ་རྣམས་ཀྱང་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས་ཀྱི་རྒྱུན་གྱིས་དེ་ལ་ཇི་ལྟར་བདེ་བར་མྱོང་བར་བྱེད་དོ་ཞེས་བསམ་པར་བྱའོ། །ཨི་དཾ་བ་ལིཾ་བྷཱུཾ་ཛ་ཛིཾ་གྷ་ཕུལླ་དྷཱུ་པྤ་མཱཾ་ས་པིཾ་གྷ་ཨམྦྷ་ཀཛྫ་སརྦ་སཱ་དྷ་ཁནྟི་ཁུ་ཎི་ཕེ་ཌ་གཱ་ད་ཞེས་པས་ལས་བཅོལ་ཏེ། དྲིལ་བུ་གནས་གསུམ་དུ་གསིལ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་དེ་རྣམས་ཚིམ་པར་བྱའོ། །ཀཽལླ་ཨི་རེཊྛི་ཨ་བོ་ལཱ་མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི་ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། །ཏ་ཧིཾ་བ་ལ་ཁཱཛྫ་ཨི་གཱ་ཌྷེཾ་མ་ཨ་ཎཱ་བཛྫི་ཨི། ཧ་ལེ་ཀཱ་ལཉྫི་ར་པཱ་ཎི་ཨ་ཨི་དུནྡུ་ར་བཱཛྫི་


DTG009_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨི། ཙ་ཨུ་ས་མ་ཀཱཙྪུ་རཱི་སིཧླ་ཀཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཾ་ཛ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨཱི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་སུདྡྷཱ་སུདྡྷ་ན་མུ་ཎི་ཨ་ཨི། ནི་རངྴུ་ཨཾ་གེ་ཙ་ཌཱ་བི། །ཨ་ཨི་ཏ་ཧིཾ་ཛ་ས་རཱ་པ་པཱ་ཎི་ཨ་ཨི། །མ་ལ་ཨ་ཛ་ཀུནྡུ་རུ་པཱཊྟ་ཨི། ཊིཎྜི་མ་ཏ་ཧིཾ་བཱཛྫི་ཨ་ཨི། ཞེས་པའི་རྡོ་རྗེའི་གླུས་ཡན་ལག་ཐམས་ཅད་གང་ཞིང་ཡང་དག་པར་གང་བར་བྱས་ནས། རྗེས་ལ་ཞབས་བསིལ་ཕུལ་ཏེ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་བ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིཾདྡྷ་མེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུ་ཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ་ཞེས་བརྗོད་ནས། ཨོཾ་བཛྲ་མུཿ་ཞེས་བྱ་བ་འདིས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་གཞན་ཡང་བཟའ་བ་ལ་སོགས་པ་ལ་ལོངས་སྤྱོད་པ་ན། ཆོ་ག་འདིས་བཟའ་བར་བྱ་སྟེ། བཀྲེས་པའི་ཐབ་ཀྱི་སྟེང་དུ་སྙིང་གའི་ཉི་མའི་མེ་ལ་བཟའ་བ་ལ་སོགས་པའི་རྫས་ལག་པས་བླུགས་ཏེ་སྦྱིན་སྲེག་བྱའོ། །ཧཱུྃ་དཀར་པོ་ལས་བྱུང་བའི་ནས་ཀྱི་འབྲས་བུའི་ཚད་ཙམ་གྱི་རྡོ་རྗེས་མཚན་པའི་རྡོ་རྗེའི་ལྕེས་སྐུ་གསུམ་གྱི་བདག་ཉིད་འཁོར་ལོ་དང་བཅས་པའི་ཧེ་རུ་ཀའི་རང་བཞིན་རྣམས་ལ་རྣལ་འབྱོར་པས་གང་བའི་སྦྱིན་སྲེག་ཕུལ་བ་དེ་ཐམས་ཅད་མགྲིན་པའི་བུག་པའི་སྒོ་ནས་རབ་ཏུ་ཞུགས་ཏེ། བཀྲེས་པའི་མེས་སྨིན་པ་བདུད་རྩིར་གྱུར་པའི་བདུད་རྩི་དེས་འཁོར་ལོ་དང་བཅས་པའི་བཅོམ་ལྡན་འདས་ཚིམ་པར་བྱས་པར་གྱུར་པའོ་ཞེས་པ་ནང་གི་སྦྱིན་སྲེག་གི་ཆོ་གའོ། །ཐོག་མ་མེད་ཅིང་འདས་པའི་སྐྱེ་བར་རང་དང་གཞན་དུ་འབྱེད་པའི་རྟོག་པ་མཐའ་ཡས་པར་དམན་པ། །བདེ་བ་བརྫུན་པར་རབ་ཏུ་སྣང་བ་འདིར་ནི་རྟག་ཏུ་སྣ་ཚོགས་མཛེས་པ་གང་ཡིན་ཡོངས་གྱུར་ཏེ། །དག་ཅིང་དག་པ་ལས་ནི་རྒྱལ་བ་རྣམས་ཀྱི་སྲིད་དང་ཞི་བ་མཉམ་ཉིད་གཉིས་མེད་རང་བཞིན་འདི། །ངེས་པར་འཁོར་ལོར་འཁོར་ལོའི་བདག་པོ་རྒྱལ་པོའི་ཡོན་ཏན་བརྟེན་ཏེ་རྡོ་རྗེ་མཁའ་འགྲོ་ཐུབ་དབང་པོ། །ཧེ་རུ་ཀ་དཔལ་སྒྲུབ་ཐབས་ཤིན་ཏུ་གསལ་ཞིང་དཔལ་ལྡན་རིན་ཆེན་བཙུན་མོས་མཛད་པ་ནི། །ཡན་ལག་ཉིང་ལག་དང་


DTG009_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྣམ་པར་དག་པའི་གཏེར་ཞེས་བྱ་བའི་མིང་དང་ཡང་དག་ལྡན། །བདག་གིས་འདི་བྱས་ངེས་པར་བསོད་ནམས་ཉེར་བསགས་གང་ཡིན་དེས་ནི་སྡུག་བསྔལ་དང་བྲལ་བས། །གང་འདིས་འཇིག་རྟེན་གསུམ་གྱུར་སྐྱེ་བོས་མྱུར་དུ་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་གྱུར་ཅིག །དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ། མཁས་པ་ཆེན་པོ་གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ། དཔལ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། དཔལ་ཀྱེ་རྡོ་རྗེའི་ལམ་གྱི་སྟེགས་བུ་ལས། བདེ་བ་ཆེན་པོའི་ཁང་བཟངས་སུ་ཉེ་བར་འཛེགས་པ། མིའི་དབང་པོ་གྲགས་པ་འབྱུང་གནས་ཀྱིས་གསོལ་བ་བཏབ་པ་ལས། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། གཞོན་ནུ་དཔལ་གྱིས་ཕོ་བྲང་སྣེ་གདོང་དུ་བསྒྱུར་བའོ། །འདིའི་གཞུང་ཚད་ནི་རྒྱ་དཔེ་ལ་ཚིགས་སུ་བཅད་པ་བདུན་ཅུ་ལྷག་པའི་སུམ་བརྒྱའོ་ཞེས་སོ། །འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག །


previousཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ། གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་མཛད།next