Nitartha Digital Library
Tibetan
 
previousགསུམ་པ། མངོན་པར་དབང་བསྐུར་བའི་ལེའུ།next

གསུམ་པ། མངོན་པར་དབང་བསྐུར་བའི་ལེའུ།


DTG010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་སྣ་ཚོགས་ཚད་དང་ཉིན་དང་མཚན་མོའི་དུས་དང་ཟླ་བ་འཕོ་བའི་དབྱེ་བ་རྣམས་དང་ནི། །རྩ་རྣམས་ཀྱི་ནི་ཕྲ་མོའི་གྲངས་དང་རང་བཞིན་དག་ལ་སྐྱེས་བུ་མུ་སྟེགས་རྣམས་ཀྱི་འདོད་པ་དང༌། །རིག་བྱེད་དང་ནི་བྱེད་པོ་ལ་སོགས་དབྱེ་བ་བདག་གིས་ཐོས་པས་དཀྱིལ་འཁོར་དག་ནི་བསྟན་དུ་གསོལ། །ཟླ་བ་བཟང་པོའི་ཚིག་དག་གསན་ནས་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་གསུངས། ༡ །དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་པར་ལྷག་པར་གནས། །དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། ༢ །ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་བརྐམ་ཞིང་ཐོས་པ་དག་ཀྱང་མེད། །སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། ༣ །ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། ༤ །ནག་པོའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་


DTG011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །ཡང་ན་མཐའ་དག་ཡོན་ཏན་གཏེར་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་མཆོད་པ་བྱ། །མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ལས་བླ་མས་བསྟན་པར་མི་བྱའོ། ༥ །དབང་གི་དོན་དུ་ས་ནི་ཡོངས་བརྟག་ནགས་དང་གྲོང་ཁྱེར་གྲོང་རྡལ་གྲོང་གི་ཕྱོགས་ཀྱི་ཆ་དག་དང༌། །ཐབ་ཁུང་རྣམས་ཀྱི་མཚན་ཉིད་དང་ནི་བུམ་པ་དང་བཅས་རྡུལ་ཚོན་སྦྱིན་སྲེག་ཕུར་བུ་ལ་སོགས་དང༌། །སློབ་མ་རྣམས་ནི་བསྡུ་བ་དག་དང་གང་ཡང་རྒྱལ་བའི་བདག་པོ་མཆོག་གི་དཀྱིལ་འཁོར་བྲི་བ་དག །ཤེས་ནས་སློབ་དཔོན་གྱིས་ནི་དགེ་དང་མི་དགེའི་འབྲས་སླད་ཞི་བ་ལ་སོགས་མཐའ་དག་རབ་ཏུ་བྱ། ༦ །ས་ཡི་རིགས་ནི་ཡོན་ཏན་དབང་གིས་རྣམ་བཞིར་འགྱུར་བ་དམངས་རིགས་རྗེའུ་རྒྱལ་པོ་བྲམ་ཟེ་སྟེ། །གནག་དང་སེར་དང་དམར་བ་དང་ནི་རི་བོང་འཛིན་པ་དཀར་བའི་ཁ་དོག་རྣམས་ཀྱིས་རིག་པར་བྱ། །རུལ་པ་ཆུ་སྐྱེས་པདྨའི་དྲི་དང་མཆོག་གི་དྲི་རྣམས་རིམ་པས་ནོར་གྱི་བློ་གྲོས་དག་ཏུ་འགྱུར། །སྐྱུར་དང་ལན་ཚྭ་དམངས་རིགས་མངར་དང་ཚྭ་བ་རྗེ་དང་མི་བདག་གཞན་པ་དག་ནི་གཉིས་སྐྱེས་སོ། ༧ །དཀར་པོ་དག་ནི་ཞི་དང་རྒྱས་པ་ལ་སྟེ་སྤྲིན་ནག་དང་མཚུངས་གསད་དང་བསྐྲད་པ་དག་ལ་ཡང༌། །དམར་པོ་དབང་དང་དགུག་པ་ལ་སྟེ་མཆོག་གི་གསེར་དང་མཚུངས་པ་རེངས་དང་རྨོངས་པ་ལ་ཡང་འགྱུར། །ལས་ཀྱི་ཆ་ནི་ཐམས་ཅད་དག་ལ་ལྗང་གུར་འགྱུར་ཏེ་ལྔ་པ་དང་ནི་མཐའ་མ་དག་གི་རིགས། །རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ཏན་གཏེར་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། ༨ །དབང་ལྡན་དང་ནི་བྱང་གིས་གཞི་དག་ལ་ཞི་བ་དང་ནི་རྒྱས་པ་དག་ཏུ་འགྱུར་བ་སྟེ། །མེ་ཡི་མཚམས་དང་ཤར་གྱི་ཆར་ནི་རབ་ཏུ་གསལ་ཞིང་ངེས་པར་གསད་པ་དག་དང་བསྐྲད་པའོ། །བདེན་བྲལ་དང་ནི་ལྷོ་ཕྱོགས་སུ་ཡང་གསལ་བར་རྟག་ཏུ་དབང་དུ་བྱ་དང་དགུག་པ་དག་ཀྱང་ངོ༌། །རླུང་གི་མཚམས་དང་ནུབ་ཀྱི་ཕྱོགས་སུ་ངེས་པར་མཆོག་གི་མེ་བདག་རེངས་པ་དང་ནི་རྨོངས་པའོ། ༩ །ཐབ་ཁུང་གྲོང་གི་ཕྱོགས་བརྒྱད་དག་ཏུ་ངེས་པར་རབ་ཏུ་འགྱུར་ཏེ་ཟླུམ་པོ་དང་ནི་ཆུ་གཏེར་ཟུར། །ཟླ་ཁམ་ཟུར་ལྔ་པ་དང་རང་བཞིན་ཡོན་ཏན་དབང་གིས་ཟུར་བདུན་


DTG011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཟུར་ནི་གསུམ་པ་དང༌། །ཟུར་དྲུག་པ་དང་ཟུར་བརྒྱད་པར་འགྱུར་རིགས་ཀྱི་དབང་གིས་དེ་དག་རྣམས་ཀྱི་སྙིང་པོའི་མཚན་མ་ནི། །པདྨ་འཁོར་ལོ་གྲི་གུག་རལ་གྲི་མདའ་ཞེས་བྱ་དང་རྡོ་རྗེ་ལྕགས་ཀྱུ་ལྕགས་སྒྲོག་དག་དང་སྦྲུལ། ༡༠ །གཅིག་གཉིས་ཕྱེད་དང་གཅིག་ན་ཁྲུ་སྟེ་མཁའ་དུས་མཁའ་མིག་མཁའ་མེ་མཁའ་དུས་དག་ནི་སོར་དུ་འགྱུར། །ཕྱེད་ཀྱི་ཡན་ལག་དྲུག་གི་ཆ་ཤས་ཉི་མ་ཉི་མའི་ཆ་ཤས་དག་གིས་ཟབས་དང་ཁ་ཁྱེར་དང༌། །མཆུ་དང་མཚན་མའི་ཕྲེང་བར་འགྱུར་ཏི་ཁ་ཁྱེར་དག་གི་སྟེང་དུ་རིགས་ཀྱི་དབང་གིས་ཀུན་ནས་སོ། །ཁ་ཁྱེར་ཕྱི་རོལ་དུ་ཡང་ཆུ་སྐྱེས་འདབ་མ་རྣམས་མཛོད་མི་བདག་ཞི་རྒྱས་ལ་སྟེ་གཞན་ལ་མིན། ༡༡ །ཡང་ན་ལས་ནི་ཐམས་ཅད་ལ་ཡང་རྡོ་རྗེར་འགྱུར་ཏེ་ས་ལ་ཕུར་པ་དག་གི་དབྱེ་བ་བརྒྱད། །ཉ་གྲོ་དྷ་དང་ཨ་ཤྭ་དྠ་ཀ་རུས་ལྕགས་སེང་ལྡེང་ལས་སྐྱེས་ཙཱུ་ཏ་བིལ་བ་ཨ་རྐ་སྐྱེས། །དེ་བཞིན་ཤེལ་གྱི་བུམ་པ་དང་ནི་དངུལ་མཆོག་རང་བཞིན་དཔལ་ལྡན་ཐོད་པ་དག་དང་ལྕགས་ཀྱི་དང༌། །ཟངས་ཞེས་བྱ་དང་གསེར་གྱི་བུམ་པ་རབ་གསལ་ངེས་པར་ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ། ༡༢ །ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་དང་སོར་གཉིས་དག་གི་མཆུ། །དྲུག་གི་མགྲིན་པ་སོར་བརྒྱད་ཁ་སྟེ་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ་གཞན་ལ་མིན། །སྔ་དྲོ་ནས་ནི་ཐུན་བརྒྱད་པོ་རྣམས་ཉིན་ཞག་སོ་སོའི་དུས་སུ་ཞི་དང་རྒྱས་པ་སོགས་ལ་འགྱུར། །དེ་བཞིན་དེ་ཡི་ཐུན་ཕྱེད་དག་ལ་ཉིན་དང་མཚན་མོའི་དུས་སུ་ལས་བརྒྱད་དག་ནི་རབ་ཏུ་བྱ། ༡༣ །ཉི་མ་གུང་དང་མཚན་ཕྱེད་དག་ནི་ཉིན་དང་མཚན་མོའི་དུས་སུ་ཞི་བ་དག་ལ་སྤང་བར་བྱ། །དུས་སྦྱོར་གདུག་པའི་གཟའ་རྣམས་གནས་པ་དག་ནི་འཆི་བའི་འཇིགས་བྱེད་དེ་བཞིན་ཉིད་དུ་རབ་ཏུ་གྲགས། །འོ་མ་དང་བཅས་ཡམ་ཤིང་མངའ་བརྒྱ་ཞི་དང་རྒྱས་པ་དག་ལ་གསད་པ་ལ་ནི་མི་རུས་སོ། །དབྱེ་བ་ལ་ནི་བྱ་རོག་མཇུག་མ་སེང་ལྡེང་ལས་སྐྱེས་ཀིང་ཤུ་ཀ་ནི་དགུག་དང་དབང་ལའོ། ༡༤ །བིལ་བ་སྨྱོ་བྱེད་དག་ནི་ཁྲུ་ཕྱེད་མདའ་བརྒྱའི་གྲངས་རྣམས་རེངས་པ་དང་ནི་རྨོངས་པ་དག་ལ་སྟེ། །འོ་མ་མར་དང་ཁྲག་དང་ཞག་དང་རྔུལ་


DTG011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྡོ་རྗེའི་ཆུ་དང་མཆིལ་མ་ཆང་རྣམས་བསྲེག་བྱ་སྟེ། །དཱུར་བ་འབྲུ་དང་ཤ་དང་དུག་དང་བཅས་པ་དག་དང་དེ་བཞིན་སྐྱེ་ཚེ་མེ་ཏོག་དམར་པོ་དང༌། །བིལ་བ་རྙིངས་པའི་ཕྲེང་བ་དང་ནི་གསེར་བཟང་མེ་ཏོག་རྣམས་ཉིད་ཞི་བ་ལ་སོགས་རྣམས་ལའོ། ༡༥ །གཤིན་རྗེ་བདེན་བྲལ་ཟུར་དང་ཆུར་བཅས་རླུང་དང་གནོད་སྦྱིན་དྲག་པོ་དབང་པོ་དག་དང་མེ་རུ་ནི། །སློབ་དཔོན་དག་གི་གདན་དུ་འགྱུར་ཏེ་མི་ཡི་བདག་པོ་ཞི་བ་ལ་སོགས་ལས་རྣམས་དག་ལའོ། །ཚོན་ནི་ལས་གཉིས་དག་ལ་འགྱུར་ཏེ་གཙོ་བོའི་པདྨ་ལ་ཡང་དཀར་ནག་ཉི་མ་སེར་པོའོ། །ཕྱི་རོལ་ཏུ་ནི་སངས་རྒྱས་དབྱེ་བས་ལྷ་དང་གཤིན་རྗེ་ཆུ་དང་བྱང་རྣམས་དག་ཏུ་ཚོན་གྱིས། ༡༦ །ཐབ་ཁུང་དག་གམ་དཀྱིལ་འཁོར་ལ་ནི་རིགས་ཀྱི་དབང་གིས་ཕྱོགས་རྣམས་སུ་ཡང་ཚོན་ནི་གདབ་པར་འགྱུར། །དགོད་པ་ལ་སོགས་བསད་གཏོར་ལ་སོགས་རང་གི་སྙིང་གའི་རྡོ་རྗེ་དག་ལས་ལྷ་རྣམས་སྤྲོ་བའོ། །ཤེལ་ལ་སོགས་པའི་མཆོད་ཡོན་སྣོད་ལ་པདྨ་ནོར་གྱི་འདབ་མ་མཐེ་བོ་དག་ནི་བཅུ་གཉིས་ཀྱང༌། །ཡུ་བའི་རྩེ་མོར་སྙིམ་པའི་སྣོད་དེ་ཁྱོར་བ་དག་ཀྱང་བསྲེགས་བླུགས་སྦྱིན་སྲེག་བྱ་བ་དག་ལའོ། ༡༧ །ཞི་དང་དྲག་པོ་ཆགས་དང་བཅས་པར་འགྱུར་ཏེ་རིགས་ཀྱི་དབང་གིས་ལྷ་ནི་རེངས་པ་དག་གི་སྐུ། །དེ་བཞིན་ལས་གཉིས་དག་ལ་རབ་ཏུ་གསལ་ཞིང་ངེས་པར་དཀྱིལ་འཁོར་ལ་ཡང་ལྷག་པའི་ལྷར་འགྱུར་རོ། །རྣམ་པ་ལྔ་ནི་རྒྱལ་བའི་དབང་པོ་གང་ཕྱིར་རྣམ་གསུམ་སྲིད་པ་ལ་གནས་ཕུང་པོ་ཁམས་སོགས་ཀྱི། །དབྱེ་བ་ཡིས་ཏེ་དེ་ལས་ཀྱང་ནི་ལྷ་རྣམས་དཀྱིལ་འཁོར་དག་ལ་རྡུལ་ཚོན་རྣམ་པ་ལྔ་རུ་འགྱུར། ༡༨ །ཐིག་སྐུད་ཁྲུ་ནི་བརྒྱད་པར་འགྱུར་ཏེ་སུམ་སྒྲིལ་སློབ་དཔོན་གྱི་ནི་ལག་པའི་མཐེ་བོའི་ནས་གཅིག་གིས། །སྦོམས་སུ་འགྱུར་བ་རྣམ་པ་གསུམ་གྱི་ལམ་ན་གནས་པའི་ཐིག་སྐུད་གཅིག་སྟེ་གཞན་པ་མ་ཡིན་ནོ། །ཞི་བ་ལ་སོགས་དག་ལ་རིམ་པར་ཡོངས་སུ་བཀོད་པ་སྐྱིལ་ཀྲུང་རྡོ་རྗེ་ལྷ་མིན་ཙོག་པུ་དང༌། །སྐྱིལ་ཀྲུང་ཕྱེད་པ་དབྱེ་བ་གཉིས་དང་བཤང་ལམ་རྐང་པར་གནས་པ་དག་ཀྱང་ལས་ཀྱི་དབྱེ་བས་གདན། ༡༩ །ཤེལ་དང་མུ་ཏིག་དང་ནི་མི་དང་བོང་བུའི་སོ་འམ་རུས་པ་དག་དང་པོ་དེ་ཙེ་དང་ནི། །པདྨ་ཞེས་བྱ་དབང་


DTG011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལུང་ཏང་བདེ་གཤེགས་རིགས་ཀྱི་དབང་གིས་སྔགས་བཟླས་པ་ལ་ཕྲེང་བར་འགྱུར། །དྲི་ཞིམ་མེ་ཏོག་དཀར་པོ་དང་ནི་ཚ་བ་དང་བཅས་ནག་པོ་དག་དང་དམར་དང་སེར་པོས་མཆོད། །བསིལ་དང་བཤང་བ་ཤ་ཡི་སྤོས་ནི་སྦྲང་རྩི་ཁྲག་ལྡན་དག་དང་དྲག་པོའི་སྤོས་དང་བསྐ་བའོ། ༢༠ །འཁྲུལ་འཁོར་ནྱ་གྲོ་དྷ་འདབ་དུར་ཁྲོད་རོ་ཡི་རས་དང་གྲོ་གའི་འདབ་དང་ཨ་རྐའི་འདབ་མ་ལ། །ཤི་རི་ཁ་ཎྜ་སཱ་ལི་བཏགས་པ་དག་དང་དུར་ཁྲོད་སར་གནས་སོལ་པ་ཁྲག་དང་དུག་དང་ནི། །ཁ་ཆེ་ཙནྡན་དམར་དང་འབྲས་བུ་གསུམ་གྱི་ཁུ་བ་ཡུད་བབ་བླས་བྲིས་པར་འགྱུར་བ་སྟེ། །དཱུར་བ་བསིལ་རུས་མཇུག་སྒྲོ་གསེར་དང་སེང་ལྡེང་ལས་སྐྱེས་བིལ་བ་སྐྱེས་དང་ཨ་རྐ་སྨྱུ་གུའོ། ༢༡ །ཁམ་ཕོར་དཔལ་ལྡན་ཐོད་པར་མངར་གསུམ་ཁྲག་དང་སྤྲ་ཚིལ་གོང་བུ་སོ་ཕག་དག་གི་དབུས་སུ་ནི། །རླན་དང་བཅས་པའི་གནས་ནི་གཙང་བ་དག་དང་རོ་ཁང་ས་གཞི་མེ་ཡིས་གདུང་དང་ས་དག་ལ། །འཁྲུལ་འཁོར་གཞག་པར་བྱ་བར་འགྱུར་ཏེ་དགེ་དང་མི་དགེའི་དབང་གིས་སྔགས་པ་ཡིས་ནི་རིག་པར་བྱ། །ཟླ་བ་གླང་ཆེན་ཡི་དགས་རྔ་མོ་རི་དགས་རྟ་དང་ཕྱུགས་དང་རུས་སྦལ་ལུས་ལ་རིམ་པས་སོ། ༢༥ །དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་ཕྱོགས་ཀུན་དུ་གནས་མཐའ་དག་བདུད་ཀྱི་ཚོགས་ནི་ངེས་པར་བསྲེག་བྱ་སྟེ། །ཕྱི་ནས་འཁོར་ལོ་རྩིབས་བཅུ་དག་ལ་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། །འཁོར་ལོའི་དབུས་སུ་གཉིས་ལྷག་རྒྱལ་བའི་ཕྱག་དང་དས་ཀྱི་ཞལ་ལྡན་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །དེ་ནས་བླ་མའི་ངེས་པ་དང་ལྡན་གང་ཞིག་ཅུང་ཟད་འདོད་བ་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། ༢༣ །རྡོ་རྗེ་གསུམ་གྱིས་ས་ཡི་དཀྱིལ་འཁོར་ལ་གནས་རབ་གསུམ་ནི་རིང་དུ་མཐོང་བའི་མཐའ་རུ་སྟེ། །ཐོ་རངས་ནས་ནི་གྲིབ་མའི་མཐའ་རུས་གཞིའི་གནས་ལས་ནམ་མཁའ་དག་ལ་རྡོ་རྗེ་བརྩེགས་པའོ། །དབུས་སུ་ཆུ་སྐྱེས་ཉི་མའི་ཁྲུ་སྟེ་ལྟེ་བ་གདན་དང་བཅས་པ་དག་ཀྱང་དུས་ཀྱི་ཁྲུར་འགྱུར་རོ། །དེ་ཡི་སྟེང་དུ་བདག་ཉིད་ཉེས་པ་དག་དང་རྣམ་པར་བྲལ་བ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ༢༤ །ས་ཡི་ཕྱོགས་རྣམས་


DTG011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདིར་དང་པོ་རྡོ་རྗེ་གསུམ་གྱིས་ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན་བྱ་སྟེ། །ཕྱི་ནས་རྡོ་རྗེ་བཞི་ཡིས་ཕྱོགས་དང་ཕྱོགས་བྲལ་དུ་གནས་བདུད་ཀྱི་ཚོགས་ནི་ངེས་པར་བསྲེག་པར་བྱ། །ས་ཡི་ལྷ་མོ་སྤྱན་དྲངས་ཆུ་དང་བཅས་པའི་མེ་ཏོག་དག་གིས་འདི་ལ་མཆོད་ཡོན་ཏན་ཏུ་སྦྱིན། །དེ་ལ་གསོལ་བ་བཏབ་སྟེ་ཕྱི་ནས་ས་ཡི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་མཛོད། ༢༥ །རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཞིང་ལྷ་མཆོག་གིས་བཏུད་བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། ༢༦ །གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱིས་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ལྡེང་རང་བཞིན་སྲ་བའི་ཕུར་བུ་དག་གིས་ས་ལ་གདབ། །ཕྱོགས་ཀྱི་ཁྲོ་བོ་མཚོན་ཆ་ལྡན་པ་རྣམས་ནི་ཕྱོགས་ཀྱི་ཆ་རུ་བསྲུང་བའི་དོན་དུ་དགོད་པར་བྱ། ༢༧ །ཟུག་རྔུ་སོལ་བ་དང་བཅས་རྭ་ནི་འཆི་བའི་འཇིགས་བྱེད་ས་ཡི་སྙིང་པོར་ངེས་པར་ཞུགས་གྱུར་ན། །གནས་དེ་དག་ཏུ་ཡོན་ཏན་དབང་གིས་རྣམ་པར་ཉམས་པར་འགྱུར་ཏེ་དེ་ཡི་ཕྱིར་ན་སྦྱང་བར་བྱ། །ས་ལ་རིན་ཆེན་དུད་དང་མཆིང་བུ་དག་ནི་རྣམ་རྒྱལ་བདེ་བྱེད་དཀྱིལ་འཁོར་དག་གི་དོན་དུ་སྟེ། །ཁང་བཟངས་དོན་དང་ཁྱིམ་གྱི་དོན་དང་རབ་གསལ་ངེས་པར་འདིར་ནི་མཆོད་སྦྱིན་ལ་སོགས་སླད་དུའོ། ༢༨ །རྫོགས་པ་དག་ལ་ས་ནི་སྦྱང་དང་གཟུང་བ་དག་ཀྱང་དེ་བཞིན་བུ་རྣམས་དག་ནི་ཡང་དག་བསྡུ། །བཅུ་གཉིས་པ་ལ་ཐིག་གདབ་འདོད་པ་མ་ནུའི་ཉིན་ཞག་དག་ལ་དཔལ་ལྡན་རྡུལ་ཚོན་དགྱེ་བ་ཉིད། །དབང་ལ་སོགས་པ་ཉལ་མཆོག་གི་བླ་མས་སྦྱིན་ཏེ་བདུད་ནི་བཅོམ་པའི་ཉིན་ཞག་དག་ལ་ཡང༌། །དེ་ཡི་མཚན་མོ་རྒྱལ་བའི་རིགས་ལ་རབ་ཏུ་གནས་པར་འགྱུར་ཏེ་མཚན་མོ་གཞན་ལ་རབ་གནས་


DTG011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མིན། ༢༩ །དག་པའི་དུས་སྦྱོར་གཟའ་ལ་སོགས་པས་མི་ཡི་བདག་པོ་མཚན་མོ་གཞན་ལ་རབ་ཏུ་གནས་པར་འགྱུར། །སྲོག་དང་པ་སངས་ནུབ་པར་གྱུར་ན་དེ་ཚེ་ངེས་པར་བག་མ་རབ་ཏུ་གནས་པར་མི་འགྱུར་རོ། །སློབ་དཔོན་དག་གིས་ས་གཞིའི་གནས་སུ་འཇིག་རྟེན་འཇིག་རྟེན་འདས་བ་དག་ཀྱང་མཐའ་དག་ཤེས་ནས་ནི། །བྱ་བ་གང་གང་བྱེད་པ་དེ་དེ་མཐའ་དག་དེ་ལྟར་འབྲས་བུ་དག་ནི་རབ་ཏུ་སྦྱིན་པར་འགྱུར། ༣༠ །སློབ་མའི་མགོ་བོ་སྙིང་ག་དེ་བཞིན་གཙུག་ཏོར་ལྟེ་བ་མགྲིན་བ་དཔལ་ལྡན་གསང་བའི་པདྨར་ནི། །རྒྱལ་བ་ལ་སོགས་གཉི་གའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་དག་གིས་བསྲུང་བྱས་ཤིང༌། །དེ་བཞིན་སྐུ་གཟུགས་སོགས་དང་གླེགས་བམ་རྣམས་ནི་རབ་གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཏེ། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ཆེ་གེ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད། ༣༡ །དག་པའི་གནས་ནི་ལེགས་པར་གང་ཞིང་ཤིན་ཏུ་མཉམ་པར་བཀོད་པ་རུས་སྦལ་རྒྱབ་བཞིན་མཐོ་བ་དག་ཁྲུ་ཚད་གཅིག་ལ་སོགས་པ་དུས་དང་ནོར་དང་མི་བདག་དེ་བཞིན་སྟོང་ཕྲག་དག་གི་ཚད་ལ་ནི། །ཐིག་སྐུད་རྡོ་རྗེ་རྡུལ་ཚོན་ལྷ་དང་གཤིན་རྗེ་ཆུ་བདག་ཏུ་སྟེ་བྱང་དུ་རྡོ་རྗེ་དྲིལ་བུ་དག །བཀོད་ནས་མཚན་མ་རྙེད་ན་དང་པོ་དང་ནི་ཕྱི་མའི་ཕྱོགས་སུ་དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། ༣༢ །ཐིག་སྐུད་ཆད་པར་གྱུར་ན་བླ་མ་ཉམས་ཤིང་ཡོངས་འཇོམས་འགོངས་པར་གྱུར་ན་བུ་རྣམས་དག་ཀྱང་ངོ༌། །གལ་ཏེ་རྡུལ་ཚོན་རླུང་གིས་ཁྱེར་ན་འཇིགས་པ་གསལ་བྱེད་ཡུལ་འཁོར་དག་ཏུ་རྒྱལ་པོ་འཇིགས་པ་ཡང༌། །མཚན་མ་ངན་པ་དེ་དག་མཐོང་ནས་སླར་ཡང་གཙོ་བོ་དག་གི་སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །སླར་ཡང་མཚན་མ་རྙེད་ན་མཉམ་དང་མི་མཉམ་རྐང་པ་དག་གིས་ཐིག་ནི་གདབ་པ་བསྒྲུབ་པར་བྱ། ༣༣ །ཤེས་རབ་ཐབས་ཀྱི་ཡན་ལག་དབུས་སུ་ཡོངས་འཇོམས་སུ་གྱུར་དེ་ནི་དཀྱིལ་འཁོར་དག་ལ་སྤང་བར་བྱ། །ས་ལ་གཡུལ་གྱི་དུས་སུ་རྩེ་མོ་ཅན་དང་རླུང་དུ་གནས་པའི་སྡེ་ཡི་དབུས་སུ་གདེངས་ཅན་བཞིན། །གཡུལ་དུ་སྡེ་ནི་ཉམས་པར་འགྱུར་ཏེ་ས་གཞི་དག་ཏུ་མཚན་མའི་འཐབ་མོ་ལ་ནི་


DTG011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པའོ། །དེ་ཕྱིར་གཡུལ་དང་དབང་དག་ལ་ཡང་ཡོངས་འཇོམས་ཤིན་ཏུ་སྟོབས་དང་ལྡན་པར་སྔགས་པས་རིག་པར་བྱ། ༣༤ །ཨ་སོགས་ཀ་སོགས་རྡོ་རྗེ་ལྡན་པ་དག་གིས་རང་གི་སྙིང་གའི་པདྨར་ཟླ་ཉི་མེ་སྟེང་དུ། །དཔལ་ལྡན་དུས་ཀྱི་འཁོར་ལོ་རི་བོང་ཅན་འཛིན་འདོད་པ་མནན་པའི་གཡས་བརྐྱང་ཞབས་ནི་བསྒོམས་བྱས་ཤིང༌། །ཤེས་རབ་གཙོ་བོའི་ཐུགས་ཀའི་པདྨ་ཉི་ཟླ་སྦྱར་ལྡན་ལ་སྟེ་རང་རང་རྡོ་རྗེ་ལྕགས་ཀྱུ་ཡིས། །སངས་རྒྱས་ལྷ་མོ་རྣམས་བཀུག་རྡུལ་ཚོན་དག་ལ་རོ་མཉམ་བཀོད་ཅིང་ཐིག་སྐུད་ལ་ཡང་བསྒོམ་པར་བྱ། ༣༥ །ཐིག་ནི་རོ་དང་དགུ་བཅུ་འདི་དག་ཚངས་པའི་ཐིག་ལས་ཕྱོགས་ཀྱི་ཆ་རྣམས་དག་ཏུ་རབ་སྦྱིན་བྱ། །སོར་ཕྱེད་བརྗེད་པ་ནོར་དང་དུས་ཀྱི་ཐིག་རྣམས་དག་གིས་དབུས་སུ་སྙིང་པོའི་དཀྱིལ་འཁོར་དག་ཏུ་འགྱུར། །སྙིང་པོ་ལས་ནི་ཕྱི་རོལ་མཐའ་དག་རྣམས་ཀྱིས་བཀོད་པ་དག་ཀྱང་དཀྱིལ་འཁོར་ཆེན་པོ་སྒོ་ཡི་མཚམས། །ར་བ་རྟ་བབས་ལ་སོགས་རྩེ་མོ་ཅན་དང་གཡོ་བའི་དཀྱིལ་འཁོར་ཕྱི་རོལ་ས་ལ་བལྟ་བར་བྱ། ༣༦ །གཙོ་བོའི་འཁོར་ལོ་ཆུ་སྐྱེས་ལྷ་ལ་སོགས་པའི་གདན་ལས་སུམ་འགྱུར་དག་ཀྱང་ཚངས་པའི་གནས་སུ་ནི། །ཉི་མའི་རེ་མིག་དག་གིས་འགྱུར་ཏེ་སླར་ཡང་རི་བོང་ཅན་གྱིས་ཀ་བ་རྡོ་རྗེའི་ཕྲེང་བར་འགྱུར། །བཞི་ཡིས་སངས་རྒྱས་ལ་སོགས་པདྨར་རབ་འགྱུར་རི་བོང་ཅན་གྱིས་ཕྱི་རོལ་རྡོ་རྗེ་ཕྲེང་བར་ཡང༌། །ལྷ་མོ་སངས་རྒྱས་དག་གི་བར་དུ་བུམ་པའམ་ནི་ཐོད་པའི་གདན་དུ་རེ་མིག་གསུམ་གྱིས་འགྱུར། ༣༧ །གནས་དེ་ནས་འདིར་ཇི་སྲིད་རེ་ཁཱའི་བར་དུ་ཉིན་མོར་བྱེད་པ་དག་གིས་ཚོན་གྱི་སར་འགྱུར་ཏེ། །ཕྱོགས་ཟུར་རྣམས་སུ་ཆུ་གཏེར་རེ་མིག་དག་གིས་དྲིལ་སོགས་པ་རྣམས་ཀྱིས་ཟླ་ཉི་པདྨ་ཉིད། །ཕྱེད་དང་བཅས་པའི་གཅིག་གིས་རེ་ཁཱ་གསུམ་སྟེ་དུས་དང་རོ་རྣམས་ཀྱིས་ཀྱང་སྒོ་དང་སྒོ་ཁྱུད་དང༌། །དེ་བཞིན་ལོགས་དང་འགྲམ་པ་དག་སྟེ་གསུམ་གྱིས་ཀྱང་ནི་ཁ་ཁྱེར་ཆེན་པོ་དག་དང་ཀ་བ་ཕྱེད། ༣༨ །དེ་ནས་ཕྱེད་དང་གཉིས་དང་དུས་ཀྱི་ནོར་བུའི་རང་བཞིན་སྣམ་བུ་དང་ནི་དོ་ཤལ་ས་རུ་འགྱུར། །སྒོ་ཡི་རྩ་བའི་དང་པོ་ནས་ནི་གསུམ་གྱིས་བསྒྱུར་བའི་བཅུ་ཡིས་རྟ་བབས་ཀ་བར་བཅས་པར་འགྱུར། །ཐིག་ཕྱེད་སྟེང་དུ་དོར་ནས་དོ་ཤལ་ཕྱེད་པ་དག་གི་མཐར་


DTG011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བ་ཀུ་ལཱིར་ཡང་རབ་ཏུ་འགྱུར། །རེ་མིག་དྲུག་གིས་རྟ་བབས་འོག་ཏུ་ནོར་གྱི་པདྨ་དང་ལྡན་རྣལ་འབྱོར་མ་རྣམས་སྣམ་བུའོ། ༣༩ །དེ་ནས་རོ་ཡིས་བསྒྱུར་བའི་དུས་ཀྱིས་དཔལ་ལྡན་ཚོན་གྱི་ས་སྟེ་རེ་ཁཱ་ལྔ་ཡི་བར་དུའོ། །ཕྱོགས་ཟུར་རྣམས་སུ་ཉི་མའི་པདྨ་ཉིས་འགྱུར་མ་ནུའི་འདབ་ལྡན་ཉི་མའི་རེ་མིག་དག་གིས་བྱ། །སྙིང་པོའི་སྒོ་ནི་ཉིས་འགྱུར་རྣམ་པ་གསུམ་གྱི་ཡོན་ཏན་དབང་གིས་འདིར་ནི་ཕྱི་རོལ་སྒོ་དག་ཀྱང༌། །ར་བ་སོགས་དང་དེ་བཞིན་ཉིད་དུ་དཀྱིལ་འཁོར་གསུམ་བཀོད་རྣམས་ནི་བརྒྱད་པ་གསུམ་གྱིས་རབ་ཏུ་བྱ། ༤༠ །དེ་དག་རྣམས་ཀྱི་ཐོག་མཐའི་ཆ་ལ་ཉི་ཟླའི་དཀྱིལ་འཁོར་དང་ནི་ཕྱི་རོལ་རྡོ་རྗེའི་ཕྲེང་བ་ཡང༌། །དེ་ཕྱེད་རེ་མིག་དག་གིས་བྱ་སྟེ་འཁོར་ལོ་གང་ཡིན་དཀྱིལ་འཁོར་མཐར་ཡང་རླུང་གི་དཀྱིལ་འཁོར་ལ། །ཀ་བའི་འོག་ཏུ་གདེངས་ཅན་རྣམས་ཀྱི་དཀྱིལ་འཁོར་དུ་ཡང་རབ་ཏུ་འགྱུར་ཏེ་ལྷ་རྣམས་ཤིང་རྟ་ནི། །ཉི་མ་དག་གིས་སྒོ་ཡི་དབུས་དང་མཁའ་དང་ས་གཞི་དག་ལ་ཤར་གྱི་ཆ་དང་ནུབ་ལ་ཡང༌། ༤༡ །རྡོ་རྗེ་ལ་སོགས་རིན་ཆེན་ལྔ་དང་གསེར་དང་མ་ར་ཀ་ཏ་བྱི་རུ་མུ་ཏིག་ལ་སོགས་དང༌། །དབྱི་བ་ལྔ་ཡི་འབྲུའམ་རྣམ་མང་ནོར་བུ་དང་ནི་དེ་བཞིན་ཉིད་དུ་བཏགས་པའི་ཚོན་དག་གིས། །ཕྱོགས་ཀྱི་ཆ་ལ་ཚོན་གྱི་སར་ནི་མི་ཡི་བདག་པོ་སངས་རྒྱས་དབྱེ་བས་རྡུལ་ཚོན་གདབ་པར་འགྱུར། །སེར་དང་དཀར་དང་དམར་བ་སོགས་ཀྱིས་ས་ཆུའི་དཀྱིལ་འཁོར་དང་ནི་མེ་རླུང་དག་ལ་རིམ་པས་སོ། ༤༢ །ཤར་དུ་དཔལ་ལྡན་ནག་པོའི་ས་རུ་འགྱུར་ཞིང་ལྷོ་རུ་ཉི་མ་མཚུངས་པ་དག་སྟེ་ནུབ་ཏུ་ཡང༌། །གསེར་མདོག་བྱང་དུ་གཞན་ཏེ་རི་བོང་འཛིན་པ་ལྟར་དཀར་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་སོ། །དཀར་དང་དམར་དང་ནག་པོ་རིམ་པར་ཡོངས་སུ་བཀོད་པའི་སྣམ་བུ་དང་ནི་དོ་ཤལ་དག་གིས། །པདྨ་ཟླ་ཉིའི་ཁ་དོག་གིས་ཏེ་དྲི་མེད་རི་བོང་ཅན་མཚུངས་དམར་དང་ནག་པའི་རི་མོ་གསུམ། ༤༣ །དབུས་སུ་པདྨ་འདབ་བརྒྱད་ལྗང་གུ་དག་སྟེ་བུང་བ་དང་མཚུངས་ཀ་བ་རྡོ་རྗེ་ཕྲེང་བར་འགྱུར། །དབང་ལྡན་ལྷ་མིན་མེ་རླུང་དག་ཏུ་ཟླ་བ་ཉི་མའི་ལུས་དང་ནག་པོ་སེར་པོ་རིམ་པ་ཡིས། །དུང་དང་ག་ཎྜཱི་ནོར་བུ་དག་དང་ལྗོན་པ་ཞེས་བྱ་དེ་བཞིན་བུམ་པ་དཀར་པོ་མཚམས་བརྒྱད་དུ། །ཟླ་


DTG011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆུ་སྐྱེས་དམར་པོའི་སྟེང་དུ་རབ་ཏུ་འགྱུར་ཏེ་ཉིན་བྱེད་པདྨ་དཀར་པོའི་སྟེང་དུ་ཡང༌། ༤༤ །ཆུ་སྐྱེས་དམར་པོའི་ལྟེ་བ་ལ་ནི་ལྷ་མོ་རྣམས་ཀྱི་རི་བོང་འཛིན་པ་དག་གི་གདན་དུ་འགྱུར། །ཆུ་སྐྱེས་དཀར་པོའི་ལྟེ་བ་དག་ལ་ལྷ་རྣམས་ཀྱི་ཡང་ཉིན་མོར་བྱེད་པར་འགྱུར་ཏེ་ཕྱོགས་སུའོ། །ཕྱི་རོལ་ཏུ་ནི་གཙོ་བོའི་པདྨའི་དབང་གིས་རྡོ་རྗེ་ཕྲེང་བར་འགྱུར་ཏེ་ཁ་ཁྱེར་ཁ་དོག་དཀར། །ཀ་བ་སེར་པོ་བཱ་ཀུ་ལི་ནི་ཁ་བའི་མདོག་ཏུ་རབ་འགྱུར་རྟ་བབས་ཁ་དོག་སྣ་ཚོགས་སོ། ༤༥ །དཀར་པོའི་མདོག་སྟེ་རྣལ་འབྱོར་མ་རྣམས་དག་གི་ནོར་གྱི་པདྨའི་སྣམ་བུ་དག་ཀྱང་ཕྱོགས་ཀུན་ཏུ། །ཕྱོགས་ཀྱི་ཆར་ནི་པདྨ་དམར་པོར་འགྱུར་ཏེ་རྒྱལ་བའི་དབང་གིས་པདྨ་དཀར་པོ་ཟུར་དུ་ཡང༌། །ཟླ་བ་ཉི་མས་རྣམ་དམན་དེ་བཞིན་ཉིད་དུ་འཆི་མེད་རྣམས་ཀྱི་ཉིས་འགྱུར་མ་ནུའི་འདབ་ལྡན་ནོ། །མཁའ་སོགས་རེ་ཁཱ་ལྔ་པོ་གང་ཡིན་དེ་དག་རང་བཞིན་ཡོན་ཏན་དབང་གིས་སུམ་ཆ་བར་དུ་གནས། ༤༦ །ཀ་བའི་འོག་གི་སྒོ་ཡི་མཚམས་སུ་གདེངས་ཅན་རྣམས་ཀྱི་རླུང་སོགས་དཀྱིལ་འཁོར་དག་ཏུ་རབ་ཏུ་འགྱུར། །དབང་ལྡན་དང་ནི་ལྷ་མིན་ཟུར་དུ་ས་ཡི་དཀྱིལ་འཁོར་ལ་གནས་ཟླ་ཉི་དག་གོ་མི་ཡི་དབང༌། །ཕྱི་རོལ་སྒོ་ཡི་སྟེང་གི་ཆར་ནི་རི་དགས་དང་བཅས་ཆོས་ཀྱི་འཁོར་ལོ་སྤྲིན་གྱི་མདོག་ཏུ་འགྱུར། །གཡས་སུ་བུམ་པ་དམར་པོར་འགྱུར་ཏེ་ནོར་སྦྱིན་དང་བཅས་ཆུར་ནི་རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། ༤༧ །དྲིལ་བུ་མེ་ལོང་བ་དན་རི་བོང་འཛིན་པ་ལྟར་དཀར་རྟ་བབས་དག་ལས་འཕྱང་བར་གྱུར་པ་དང༌། །དོ་ཤལ་ཕྱེད་པ་ཁ་དོག་དཀར་པོར་འགྱུར་ཏེ་རིགས་ཀྱི་དབང་གིས་ཤིང་རྟ་སྒོ་ཡི་དབུས་སུའོ། །འཁོར་ལོ་དཀར་དང་དམར་པོ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་རླུང་ལ་སྒོ་ཡི་ཕྱི་རོལ་ཏུ། །རྡོ་རྗེ་འབར་བ་འཕྲོ་བ་དག་གིས་མི་ཡི་བདག་པོ་ཕྱི་རོལ་རྡོ་རྗེ་ཕྲེང་བ་དག་ཏུའང་འགྱུར། ༤༨ །སྦོམ་པས་ནད་དག་བྱེད་ཅིང་ཕྲ་དང་རེ་ཁཱ་ངན་པས་རྫས་ནི་ཉམས་པ་རབ་ཏུ་གསལ་བར་བྱེད། །ཆད་པས་འཆི་བ་དང་ནི་འཁྱོག་པོས་མི་ཡི་བདག་པོ་དང་བཅས་གྲོང་རྡལ་དེ་བཞིན་ཉིད་དུ་བསྐྱོད། །མཚན་མ་ཉི་མ་ཟླ་བ་ཆད་ན་སྔགས་པ་རྣམས་ལ་སྲིད་པའི་འཇིགས་པ་འཇོམས་པའི་དངོས་གྲུབ་མེད། །རྣམ་པར་འདྲེས་པས་རིགས་རྒྱུད་འཆད་དེ་


DTG011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་རིགས་ཀྱིས་རྡུལ་ཚོན་དཀྱིལ་འཁོར་དག་ལ་རིག་པར་བྱ། ༤༩ །གང་ཞིག་རྒྱུད་ཀྱི་ནང་དུ་རྒྱལ་བས་གསལ་བར་མ་གསུངས་མཚན་མ་དེ་ནི་མཛེས་པའི་དོན་གྱི་རྒྱུར། །དཀྱིལ་འཁོར་དག་ལ་དགོད་པར་མི་བྱ་དེ་ཉིད་བདུད་ཀྱི་མཚན་མའོ་རྒྱལ་བ་སྐྱེད་མཛད་རིགས་ལ་ནི། །དེ་ཕྱིར་རྒྱུད་ལས་གསུངས་པའི་མཚན་མར་འགྱུར་ཏེ་རིགས་ཀྱི་དབང་གིས་སྒོ་ཡི་མཚམས་ནས་དཀྱིལ་འཁོར་ལའོ། །དོ་ཤལ་ཕྱེད་པའི་མཐར་ནི་ས་ཡི་དཀྱིལ་འཁོར་གཞི་ལ་པདྨ་བུམ་སོགས་མཛེས་པ་རབ་ཏུ་བྱ། ༥༠ །ནག་པོ་ལ་སོགས་རྐང་པ་འཕེལ་བར་འགྱུར་བ་དག་ནི་རྡུལ་ཚོན་དཔངས་ཏེ་ནས་གཅིག་དག་ནས་ཀྱང༌། །རབ་རྣམས་ནི་སུམ་འགྱུར་ཉིན་མོར་བྱེད་པ་རི་བོང་ཅན་དང་ཆུ་སྐྱེས་རེ་ཁཱ་ཉིས་འགྱུར་རོ། །སྙིང་པོ་དག་ལས་ཕྱི་རོལ་དཔངས་ནི་ཉིས་འགྱུར་དུ་འགྱུར་མི་ཡི་བདག་པོ་དཀྱིལ་འཁོར་འདི་ལ་སྟེ། །དོ་ཤལ་ཕྱེད་པའི་མཐར་ནི་ནས་གཙིགས་ཆུ་བསྲེག་ཟ་རླུང་དང་རྡོ་རྗེ་ཕྲེང་བ་རྣམས་ལའོ། ༥༡་དབུས་ནས་སྒོ་ཡི་དང་པོའི་མཚམས་ནི་ནོར་གྱི་བློ་གྲོས་མར་འགྱུར་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ལ། །སྒོ་ནས་ཙ་རྩི་ཀ་མཐར་སུམ་འགྱུར་གདེངས་ཅན་རེ་མིག་དག་གིས་ལན་ཚྭའི་རིན་ཆེན་གནས་སུ་འགྱུར། །དེ་ནས་རྒྱལ་བའི་དབང་པོའི་རེ་མིག་གིས་ཀྱང་མེ་ཡི་དཀྱིལ་འཁོར་དེ་ནས་དེ་བཞིན་རླུང་དུ་འགྱུར། །དེ་ཡི་ཕྱི་རོལ་དུ་ནི་དེ་དག་རྣམ་པར་དག་པས་ས་ཆུ་བསྲེག་ཟ་རླུང་རྣམས་བལྟ་བར་བྱ། ༥༢ །གཙུག་ཏོར་ཞལ་དང་མགྲིན་པ་སུམ་འགྱུར་གདེངས་ཅན་རེ་མིག་དག་གིས་དཀྱིལ་འཁོར་ལ་ནི་སྦྱང་བར་བྱ། །དེ་ནས་ལྷུན་པོ་མཐའ་དག་སུམ་འགྱུར་གདེངས་ཅན་རེ་མིག་དག་གིས་ས་ནི་ཇི་སྲིད་ཉིད་དུ་སྟེ། །རེ་མིག་དྲུག་དྲུག་དག་གིས་རིམ་པས་གསལ་བར་ཀླུ་ཡི་སྲིད་པ་དང་ནི་ས་འོག་བདུན་པོ་ཉིད། །དེ་ལྟར་ས་ལ་སོགས་པ་ཐམས་ཅད་སླར་ཡང་དེ་བཞིན་རང་གི་ལུས་དག་ལ་ནི་སྦྱང་བར་བྱ། ༥༣ །གཉིས་དང་ཆུ་གཏེར་གཅིག་དང་ཆུ་གཏེར་གཅིག་ཉི་དུས་རོ་རྩེ་མོ་ཅན་གཉིས་དུས་ཕྱེད་དུས་ཕྱེད་དང༌། །དུས་དང་དུས་ནི་རབ་ཕྱེ་དག་དང་དུས་དང་རོ་དག་ཀྱང་སྟེ་སྐྱོན་གྱི་ཆ་རྣམས་རིམ་པ་ཡིས། །སྙིང་པོར་ལྟེ་བ་རྩིབས་སམ་པདྨའི་འདབ་མ་དག་དང་དེ་ནས་


DTG011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་རྡོ་རྗེའི་ཕྲེང་བ་དང༌། །པདྨ་རྡོ་རྗེའི་ཕྲེང་བར་འགྱུར་ཏེ་ས་དག་དང་ནི་དེ་ནས་སྒོ་དང་སྒོ་ཁྱུད་ལ་སོགས་དང༌། ༥༤ །ཀ་བ་ར་བ་ཁ་ཁྱེར་དག་དང་སླར་ཡང་དེ་ནས་སྣམ་བུ་དང་ནི་དོ་ཤལ་ས་དག་དང༌། །མེ་ལོང་ས་ཡི་སྣམ་བུར་འགྱུར་རོ་མི་ཡི་བདག་པོ་རྟ་བབས་རབ་ཏུ་གསུངས་པའི་ཆ་རྣམས་ཀྱིས། །ཕྱི་རོལ་དུ་ནི་སྒོ་སོགས་ཐམས་ཅད་ཉིས་འགྱུར་དུ་འགྱུར་ཕྱི་རོལ་དུ་ཡང་དེ་ཡི་ཉིས་འགྱུར་རོ། །ཕྱི་རོལ་དུ་ནི་པདྨ་འཁོར་ལོ་རྣམས་དང་ཤིང་རྟའི་དཀྱིལ་འཁོར་རྣམས་ནི་ཉིན་བྱེད་དག་གིས་སོ། ༥༥ །ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པདྨ་ཟླ་བ་ཉི་མ་དག་གི་གདན་སྟེང་དུ། །ཨ་སོགས་ཀ་སོགས་སྟོང་པར་བཅས་པ་དག་དང་སྲིད་གསུམ་སྐྱེད་པར་བྱེད་པའི་ཡུམ་ནི་གཞག་པར་བྱ། །སྟོང་པ་ཨ་ཡིག་རྣམ་པར་བཅད་པ་དབྱངས་དང་བྲལ་བ་མཆོག་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཡང་དག་འབྱུང་བ་སྔགས་ཀྱི་སྐྱེ་གནས་མཆོག་གི་བདེ་བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ། ༥༦ །རྒྱལ་བའི་བདག་པོའི་པདྨ་སྣ་ཚོགས་མདོག་ལ་ཟླ་བ་ཉི་མ་མེ་ཡི་སྟེང་དུ་ཧཱུཾ་ཡིག་སྟེ། །ཕྱོགས་འདབ་རྣམས་ལ་ཨ་སོགས་སྟོང་པ་ཕྱོགས་བྲལ་འདབ་མ་ལ་ཡང་ཧ་སོགས་སྟོང་པ་རྣམ་པ་བཞི། །དབང་ལྡན་བདེན་བྲལ་ཟུར་དང་རྩེ་མོ་ཅན་དང་རླུང་དུ་སྐུ་དང་གསུང་དང་ཐུགས་དང་ཆགས་པ་སྟེ། །ཧཱི་ཡིག་ལ་སོགས་བུམ་པ་རྣམས་ཀྱི་བཅུ་རུ་འགྱུར་ཏེ་ཧཾ་ཧཿ་ཞེས་པ་དག་གི་མཐའ་འདིར་རོ། ༥༧ །ཤར་གྱི་ཆུ་སྐྱེས་སྟེང་དུ་ཨི་ཡིག་རྩེ་མོ་ཅན་དུ་པདྨ་ལ་གནས་ཨཱི་ཡིག་རིང་པོ་ཉིད། །གཤིན་རྗེ་ལྷ་མིན་དུ་ནི་རྀ་ཡིག་དག་སྟེ་ནོར་སྦྱིན་འཕྲོག་བྱེད་དུ་གནས་ཐུང་རིང་ཨུ་ཡིག་དག །ཆུ་དང་རླུང་གི་ཟུར་དག་ཏུ་ཡང་པདྨ་ལ་གནས་ཐུང་ངུ་རིང་པོ་དག་གི་ལྀ་ཡིག་སྟེ། །ནག་པོ་དམར་པོ་དག་དང་དཀར་པོ་གསེར་མཆོག་དང་མཚུངས་ཞལ་གྱི་དབྱེ་བ་དག་གིས་དགོད་པར་བྱ། ༥༨ །ཤར་གྱི་སྒོ་ཡི་ལྷོ་དང་མེ་ཡི་པདྨ་ལ་གནས་ཐུང་དང་རིང་བ་དག་ནི་དེ་བཞིན་ཉིད། །དེ་བཞིན་ཨར་ཡིག་ཟུང་ནི་གཤིན་རྗེ་ལྷ་མིན་དག་ཏུ་གནས་ཏེ་ནུབ་ཏུ་ཨལ་ཡིག་ཟུང་དག་གོ །ཨོ་ཨཽ་གནོད་སྦྱིན་དྲག་པོ་རུ་སྟེ་ལྷ་ཆུ་གཤིན་རྗེ་གནོད་སྦྱིན་དང་བཅས་སྒོ་ཡི་བྱང་དུ་ནི། །ཨཾ་


DTG011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿ་སོགས་ཏེ་རིམ་པ་ཡིས་ནི་སླར་ཡང་ཡར་ཝ་ལ་ལྷ་སོགས་སྒོ་ཡི་པདྨ་ལའོ། ༥༩ །ཤར་དང་བྱང་གི་སྒོར་ནི་རི་བོང་འཛིན་པ་དག་ཀྱང་ཁྲོ་བོ་དག་གི་གདན་དུ་འགྱུར་བ་སྟེ། །ལྷོ་དང་ནུབ་ཏུ་པདྨར་ཉི་མ་དག་ནི་གཉིས་པོ་དག་གི་གདན་དུ་ངེས་པར་རབ་ཏུ་འགྱུར། །ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གིས་པདྨར་ཟླ་བ་ཉི་མ་དག་ཀྱང་གདན་དུ་འགྱུར། །གཡས་དང་རྒྱབ་ཏུ་ཉི་མར་འགྱུར་ཏེ་ལྷ་ཡི་བདག་པོ་ནོར་སྦྱིན་དུ་ཡང་ཟླ་བའི་གདན་དུ་འགྱུར། ༦༠ །ཐིག་ལེའི་རྣམ་པ་དག་གིས་རྣམ་ཕྱེ་ངེས་པར་པདྨ་ལ་གནས་ཀ་སོགས་སྡེ་ཡི་ཡི་གེ་ཡང༌། །རྩ་བ་སྡོང་བུ་འདབ་མ་དང་ནི་གེ་སར་ལྟེ་བ་དག་ལ་རིམ་པས་ཡོངས་སུ་བཀོད་པ་སྟེ། །ས་སོགས་ནམ་མཁའི་མཐར་ནི་ཀ་ཁ་ག་གྷ་ང་ཞེས་ཐུང་ངུ་རིང་པོ་རང་གི་ས་ལའོ། །ཐིག་ལེ་ཟླ་བ་རྣམ་པར་བཅད་པ་ཉིན་བྱེད་དུ་འགྱུར་གདན་ཡང་ལྟེ་བ་དག་གི་སྟེང་དུའོ། ༦༡ །སྡེ་དྲུག་ཐུང་དང་རིང་རྣམས་རང་བཞིན་ཡོན་ཏན་དབང་གིས་ཁ་ཁྱེར་དག་ལ་ཀ་བའི་ངོས་སུ་ནི། །དྲི་ལ་སོགས་རྣམས་རིམ་པས་རང་རིགས་ས་ལ་གནས་ཏེ་ཤར་གྱི་ཆ་ནས་རང་གི་ཕྱོགས་རྣམས་སུའོ། །ཕྱི་རོལ་དུ་ནི་ཐིག་ལེ་ལ་སོགས་ཀྱིས་ཕྱེ་སུམ་འགྱུར་ཉི་མས་ཁ་ཁྱེར་དག་ལ་དེ་བཞིན་ཉིད། །འདོད་མ་ཐམས་ཅད་ཀུན་ནས་རང་རིགས་ཕྱོགས་སུ་གནས་ཏེ་རྒྱལ་བ་རྣམས་ཀྱི་ཁ་དོག་དབྱེ་བས་སོ། ༦༢ །ཐུང་དང་རིང་བའི་ཧ་ཡིག་དག་ནི་ལྷ་དང་ནོར་སྦྱིན་ནུབ་དང་ལྷོ་རུ་ཙ་རྩི་ཀཱ་སོགས་ཀྱི། །ཁྱབ་འཇུག་མ་སོགས་དག་གི་ཀྵ་ཡིག་ཨ་སོགས་ཀྱིས་ཕྱེ་མེ་དང་འཕྲོག་བྱེད་རླུང་དང་ལྷ་མིན་དུ། །ཧི་ལ་སོགས་དང་ཀྵི་ལ་སོགས་པ་གྲངས་བརྒྱད་པདྨའི་འདབ་མ་ལ་གནས་མདུན་རྒྱབ་རང་ཕྱོགས་སུ། །ཡ་སོགས་ཐུང་དང་རིང་བ་དྲུག་རྣམས་ལྷ་ཡི་པད་འདབ་མེ་ཡི་པདྨ་དག་ལ་རིམ་པ་ཡིས། ༦༣ །དེ་བཞིན་གཤིན་རྗེ་ལྷ་མིན་པདྨའི་འདབ་མར་ཐུང་ངུ་རིང་པོའི་རབ་ཏུ་དབྱེ་བས་ར་སོགས་ཏེ། །གནོད་སྦྱིན་དྲག་པོར་ཝ་ལ་སོགས་དང་ཆུ་གཏེར་དང་བཅས་རླུང་གི་པད་འདབ་རྣམས་ལ་ལ་ལ་སོགས། །ཤར་གྱི་སྒོ་ཡི་ལྷོ་དག་ཏུ་ཡང་པདྨའི་འདབ་མ་ལ་གནས་དབྱངས་ཀྱིས་ཕྱེ་བ་ཙ་ཡི་སྡེ། །ཐུང་དུ་ལྷ་མིན་གྱི་སྟེ་རིང་པོ་རྣམས་ཀྱང་མེ་ཡི་ཟུར་ན་གནས་པ་རླུང་གི་ཡིན་པར་འགྱུར། ༦༤ །དེ་བཞིན་


DTG011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེར་མེ་དང་རོ་ཡི་གདོང་པ་དག་གི་ཊ་སྡེ་ཐུང་དང་རིང་པོའི་རབ་དབྱེ་ཡིས། །གཡོན་དང་དབང་ལྡན་དུ་ཡང་བ་སྡེར་འགྱུར་ཏེ་ཆུ་གཏེར་དང་ནི་རིང་པོའི་དབྱེ་བས་ཚོགས་ཀྱིའོ། །བརྒྱ་བྱིན་དང་ནི་ཚངས་པ་དག་གི་ཆུར་བཅས་རླུང་དུ་ཐུང་ངུ་རིང་པོ་ཏ་ཡི་སྡེ་པའོ། །ཤར་གྱི་སྒོ་ཡི་བྱང་དུ་པདྨའི་འདབ་མར་ལྷ་མིན་དགྲ་ཡི་ཀ་སྡེ་ཐུང་ངུར་འགྱུར་བ་སྟེ། ༦༥ །ལྷོ་རུ་གཤིན་རྗེ་དག་གི་རིང་པོར་འགྱུར་ཏེ་མི་ཡི་བདག་པོ་བྱང་དག་དང་ནི་ནུབ་ཏུ་ཡང༌། །ཕྱུགས་ཀྱི་བདག་པོ་ཛ་མྦྷ་ལ་ཡི་ཐུང་དང་རིང་བ་ས་སྡེར་འགྱུར་བ་ཉིད་དོ་རྒྱལ་པོ་ཀྱེ། །ལྷ་མིན་ལ་སོགས་རྣམས་ཀྱི་རང་གི་ས་བོན་དུ་འགྱུར་འདབ་མ་ལྷ་མིན་རང་རང་སྡེ་མཐའ་དབུས། །འདབ་མ་ཉི་ཤུ་རྩ་བརྒྱད་ལ་ཡང་ཉིན་ཞག་དབང་གིས་རང་རང་སྡེ་པ་དག་གི་ཡི་གེ་རྣམས། ༦༦ །ཡཱ་རཱ་ཝཱ་ལཱ་ཧཾ་ཧཿ་དྲུག་ཀྱང་ངེས་པར་ཤིང་རྟ་དག་ལ་སྟེང་དང་རྩ་བ་ལྷ་སོགས་སུ། །སྒོ་ལས་གཡས་དང་གཡོན་དུ་གདེངས་ཅན་རྣམས་ཀྱི་ཡ་སོགས་ལ་གནས་ཧ་ཡིག་དག་ཏུ་རབ་ཏུ་འགྱུར། །སྡེ་དྲུག་བརྩེགས་པའི་གཟུགས་དང་སླར་ཡང་ཧ་ཡ་ར་ཝ་ལ་དང་ཀྵ་སོགས་ལྡན་པའི་ཡ་སོགས་ནི། །ཕྱོགས་ཀྱི་འཁོར་ལོར་ཀ་སོགས་སྡེ་རྣམས་གཡོ་བའི་དཀྱིལ་འཁོར་ལ་གནས་ཙ་སོགས་གཞན་ལ་ལུགས་མཐུན་ཏེ། ༦༧ །ཤར་དང་གཤིན་རྗེ་བྱང་དང་ཆུ་དང་མེ་དང་ལྷ་མིན་དང་ནི་དབང་ལྡན་རླུང་གི་ཟུར་དུའོ། །ཨཾ་ཨཿ་ཟླ་བ་ཉི་མ་དག་གི་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས་ཀྱི་སྔགས་རྣམས་སོ། །ཧཱུཾ་གི་ཡི་གེ་ཆོས་ཀྱི་འཁོར་ལོ་དང་ནི་དེ་བཞིན་ཨཱཿ་ཡིག་བུམ་པའི་ས་བོན་དག་ཏུ་འགྱུར། །ཨོཾ་ཡིག་རྔ་བོ་ཆེ་ཡིར་འགྱུར་ཏེ་ཆུ་རུ་ཧོ་ཡང་བྱང་ཆུབ་ཤིང་དག་གིར་ནི་རབ་ཏུ་འགྱུར། ༦༨ །ཞེས་པ་དེ་ལྟར་དབྱངས་ལྡན་རྣམས་ནི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལ་སྔགས་ཀྱི་དབྱེ་བར་འགྱུར། །ཕྱག་རྒྱ་མཚན་མ་རྣམས་ཀྱི་ཁ་དོག་མཐའ་དག་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བ་དག་གིས་འགྱུར། །ཐབ་ཏུ་སྦྱིན་སྲེག་དག་ཀྱང་དེ་བཞིན་འགྱུར་ཏེ་སླར་ཡང་འཇུག་ངོགས་པ་རྣམས་སྤྱན་དྲང་བ་དག་དང༌། །དཔལ་ལྡན་ས་ལ་བསང་བ་དང་ནི་མཆོད་ཡོན་ཆོ་ག་དེ་བཞིན་བདུད་ནི་གཞོམ་པ་དག་ཀྱང་ངོ༌། ༦༩ །སྒོ་རྣམས་བསྲུང་བའི་དོན་དུ་བརྟུལ་ཞུགས་ངེས་པ་དང་ལྡན་དག་པའི་སློབ་མ་རྣམས་ནི་རབ་དགོད་བྱ། །དཔལ་


DTG011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བུམ་པ་དག་གི་རྣལ་འབྱོར་མ་རྣམས་མེ་དང་ལྷ་མིན་རླུང་དབང་ཟུར་དུ་རིམ་པས་སོ། །སློབ་དཔོན་དཔལ་ལྡན་ཚོགས་ཀྱི་དབང་པོར་འགྱུར་ཏེ་མི་བདག་ལས་ཀྱི་རྡོ་རྗེ་ཅན་དག་རབ་བྱས་ནས། །སློབ་མ་མེད་ན་ཚོགས་ཀྱི་དབང་པོ་རང་གིས་ཀྱང་ནི་སྦྱིན་སྲེག་ལས་ལ་སོགས་པ་དག་ཀྱང་བྱ། ༧༠ །ཟླུམ་པོ་འམ་ནི་རིག་བྱེད་ཟུར་དག་རིགས་ཀྱི་དབང་གིས་ཞི་དང་རྒྱས་པ་དག་གི་ཐབ་ཏུ་འགྱུར། །བྱང་ངམ་དྲག་པོའི་ཟུར་དང་གཞན་ཡང་དཀར་པོའི་ས་ལ་རྩ་བའི་པདྨ་དག་ནི་ཉིས་འགྱུར་རོ། །ཟབས་ནི་པདྨའི་ཚད་དུ་འགྱུར་ཏེ་དེ་ཡི་ནང་དུ་རྩ་བའི་པདྨ་མཚན་མར་བཅས་པའོ། །པདྨ་ཕྱེད་ལ་པདྨའི་ཕྱི་རུ་བུམ་པ་དང་བཅས་རལ་གྲི་རིན་ཆེན་སོགས་ཀྱི་མཚན་མར་འགྱུར། ༧༡ །དེ་ཡི་ཕྱེད་ཀྱིས་ཀྱང་ནི་མཆུ་སྟེ་དེ་ལས་ཉིས་འགྱུར་དག་ཀྱང་ཁ་ཁྱེར་དག་གི་བརྒྱ་ཡི་ཆ། །སྟེང་དུ་རྡོ་རྗེ་ཕྲེང་བ་དག་ཀྱང་མཆུ་ཡི་ཕྱེད་ཀྱིས་དཔངས་དག་ཏུ་ནི་ངེས་པར་རབ་ཏུ་འགྱུར། །ཕྱི་རོལ་འོག་ཏུ་པདྨའི་འདབ་མ་རྣམས་དང་ཀུ་ཤའི་བཀོད་པ་ཕྱོགས་རྣམས་ཀུན་ཏུ་རབ་ཏུ་བྱ། །དེ་ཡི་མཐར་ནི་ནུབ་ཕྱོགས་དག་ཏུ་ངེས་པར་རེ་ཁཱ་གསུམ་གྱི་སྒོ་གཅིག་ཏུ་ནི་རབ་ཏུ་འགྱུར། ༧༢ །སློབ་དཔོན་དག་གི་གདན་ནི་ངེས་པར་མཉམ་པར་འགྱུར་ཏེ་སྙིང་པོའི་པདྨ་དག་ལས་ཉིས་འགྱུར་རོ། །གཡོན་དུ་མཆོད་ཡོན་གདན་དུ་འགྱུར་ཏེ་མི་ཡི་བདག་པོ་སྦྱིན་སྲེག་སྣོད་དག་གི་ཡང་གཡས་སུ་འགྱུར། །ཀུན་གྱི་རྡོ་རྗེའི་མཚན་མར་འགྱུར་ཏེ་རྒྱལ་བའི་བདག་པོའི་ཡང་ན་མཁའ་ཡི་པདྨ་ཡུམ་གྱིའོ། །ཞལ་དང་གསང་བ་དག་ཀྱང་ཐབ་ཁུང་རྣམ་པ་གཉིས་སུ་འགྱུར་ཏེ་རྒྱལ་པོ་ཕྱི་དང་ལུས་ལའོ། ༧༣ །ཐབ་ཀྱི་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ་ཁྲོ་བོའི་རྒྱལ་པོ་ལྷ་མོར་བཅས་པས་བསྲུང་བ་བྱས་ནས་ནི། །དཔལ་ལྡན་རྡོ་རྗེ་དག་གིས་བསང་བ་སོགས་དང་ཆུར་བཅས་མེ་ཏོག་རྣམས་ཀྱིས་མེ་ལ་མཆོད་ཡོན་ཉིད། །དེ་ཡི་རྣལ་འབྱོར་ལྡན་པས་སྦྱིན་པར་བྱ་སྟེ་རང་སྙིང་པདྨར་ཟླ་བའི་སྟེང་དུ་བསྒོམ་ནས་སོ། །ཞལ་གཅིག་ཁ་དོག་དཀར་པོ་དུས་ཀྱི་ཕྱག་གི་པདྨ་གཡོན་ན་རིལ་བ་ཆུ་སྐྱེས་དག་དང་ནི། ༧༤ །གཡས་ན་དབྱུག་པ་བགྲང་ཕྲེང་རལ་པ་ཤིན་ཏུ་སེར་སྐྱ་དམར་སེར་མིག་ལྡན་གོས་དང་བཅས་པ་སྟེ། །མེ་ཡི་སྙིང་གར་ཟླ་བའི་སྟེང་དུ་དྲི་མེད་འཕྲོ་བྱེད་ཛཿ་ལས་ལྕགས་ཀྱུ་ངེས་པར་བསྒོམ་པར་བྱ། །དེ་ཡིས་བཀུག་པའི་ཀུན་འགྲོ་


DTG011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་ཤིན་ཏུ་རོ་མཉམ་དག་ཏུ་མཛོད། །དེ་ལྟར་ཐབ་ལ་ཡང་ནི་ཡང་དག་འགྱུར་ཏེ་མི་ཡི་བདག་པོ་དེ་བཞིན་མེ་ནི་སྤྱན་དྲང་ངོ༌། ༧༥ །མཆོག་སྦྱིན་ལག་པ་དག་གི་མཐེ་བོ་ཡིས་ཀྱང་མེ་ཡི་ཞལ་དུ་སྦྱིན་སྲེག་དག་ནི་རབ་ཏུ་བྱ། །གཙོ་བོའི་རྡོ་རྗེ་ཡན་ལག་གིས་ཀྱང་མདའ་བརྒྱའི་ཡམ་ཤིང་འབྲུ་དང་དཱུར་བ་མར་དང་འོ་མ་ཡིས། །སྐྱིལ་ཀྲུང་དུ་གནས་རབ་ཏུ་ཞི་ཞིང་གཡོ་བ་མེད་པའི་སེམས་ལྡན་གསང་སྔགས་རིག་པ་སྔགས་ཀྱི་སྐུ། །སློབ་དཔོན་ལས་ཀྱི་རྡོ་རྗེ་ཅན་གྱིས་སླར་ཡང་མེ་ལ་བསྲེགས་བླུགས་དག་ནི་ངེས་པར་སྦྱིན་པར་བྱ། ༧༦ །རིམ་པ་ཡིས་ནི་སྦྱིན་སྲེག་བྱས་ནས་འཐོར་འཐུང་དག་ཀྱང་དེ་བཞིན་མེ་དང་བདག་ཉིད་དག་ལ་ཡང༌། །དྲིལ་སོགས་དང་སྤོས་དག་ཕུལ་ནས་རང་སྙིང་པདྨར་ཡེ་ཤེ་མེ་ནི་གཤེགས་སུ་གསོལ་བར་བྱ། །ཕྱི་ནས་སློབ་མ་ལ་ནི་དབང་བསྐུར་དཔལ་ལྡན་བླ་མ་མཐའ་དག་ཡོན་ཏན་གཏེར་གྱིས་ངེས་པར་སྦྱིན། །དང་པོར་བདུད་རྩི་ལྔ་ནི་རྒྱལ་བ་མཆོག་གི་རྡོ་རྗེས་བྱིན་གྱིས་བརླབས་པ་དག་པའི་སླད་དུའོ། ༧༧ །རང་གི་སྔགས་ཀྱིས་སྦྱིན་སྲེག་གྲུབ་ཅིང་རྡུལ་ཚོན་བཏབ་སྟེ་སྔགས་ཀྱི་མཚན་མ་རབ་ཏུ་བཀོད་པ་ན། །ཟུར་དུ་ཤེལ་གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་དཀྲིས་པ་རྣམས་ནི་ཡང་དག་གཞག་པར་བྱ། །སློབ་དཔོན་ཤར་གྱི་ཞལ་དུ་རྡོ་རྗེ་པདྨ་ལས་སྐྱེས་རབ་བགྲོད་ཁྲོ་བོའི་རྒྱལ་པོ་རྣམས་དག་གིས། །སྤྱན་དྲངས་ནས་ནི་ཡེ་ཤེས་འཁོར་ལོ་རྡུལ་ཚོན་དག་ལ་རོ་མཉམ་དུ་བྱ་དབང་གི་དོན་དུའོ། ༧༨ །ལྷ་དང་ལྷ་མོ་རྣམས་ནི་ཐམས་ཅད་དག་གི་མིང་གི་སྔོན་དུ་ཨོཾ་ཞེས་བྱ་བར་འགྱུར་བ་སྟེ། །སྦྱིན་སྲེག་ལ་ནི་སྭཱ་ཧཱའི་མཐའ་སྔགས་སྙིང་པོ་དེ་བཞིན་ཉིད་དེ་མཆོད་པ་དག་ལན་མཿའི་མཐའ། །ཛཿ་ཧཱུཾ་བཾ་ཧོཿ་ལྕགས་ཀྱུ་ལ་སོགས་རིམ་པས་ཡོངས་སུ་བཀོད་རྣམས་སྤྱན་དྲང་གཞུག་དང་བཅིང་བ་དང༌། །མཉེས་ལའོ་མཆོད་ཡོན་སྦྱིན་པ་ལ་ཡང་ཨི་དཾ་གྲྀ་ཧྞ་གྲྀ་ཧྞ་ཨ་རྒྷ་ཀཾ་མེ་ཞེས་པར་འགྱུར། ༧༩ །རྒྱས་པ་ལ་ནི་སྭཱ་ཧཱའི་མཐའ་ཡི་སྔགས་སུ་འགྱུར་ཏེ་མི་བདག་ཞི་བ་ལ་འདི་ན་མཿའི་མཐའ། །དགུག་པ་ལ་ནི་བཽ་ཥཊ་མཐའ་རུ་འགྱུར་ཏེ་བཽ་ཥཊ་མཐའ་ཡང་དབང་ལ་དེ་བཞིན་ཉིད་དུ་ནི། །ཧཱུཾ་ཡིག་མཐའ་ཅན་མངོན་སྤྱོད་ལ་སྟེ་རང་བཞིན་ཡོན་ཏན་དབང་གིས་ཕཊ་མཐའ་ཕུར་བུས་གདབ་སོགས་ལའོ། །དཀར་དང་དམར་དང་ནག་པོ་མཆོག་གི་གསེར་དང་མཚུངས་


DTG011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་སྟེ་ལས་ཀྱི་དབྱེ་བ་དག་གིས་སྔགས། ༨༠ །ཤར་དུ་དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་དག་ནི་སྤྲིན་ནག་དང་མཚུངས་བྱང་དུ་སྐུ་ཡི་རྡོ་རྗེ་དང༌། །ལྷོ་རུ་གསུང་གི་རྡོ་རྗེ་ནུབ་ཏུ་ཡང་ནི་རང་རིགས་ཕྱོགས་སུ་གནས་པ་ཡེ་ཤེས་རྡོ་རྗེ་སྟེ། །དཀར་དང་དམར་དང་སེར་པོ་དག་ནི་རིགས་ཀྱི་དབང་གིས་ས་ཡི་ཆ་ལ་ཁྱབ་པར་བྱེད་པར་འགྱུར། །རླུང་མེ་ཆུ་དང་ས་ཡི་ལྷ་རྣམས་དག་གི་སྐྱེ་བའི་གནས་ནི་མི་བདག་ཨི་རྀ་ཨུ་ལྀའོ། ༨༡ །ཨོཾ་ཨཱཿ་ཧཱུཾ་ནི་ཕྱག་རྒྱ་གསུམ་སྟེ་སྭཱ་ཧཱའི་ཚིག་དང་བཅས་པ་རིང་པོའི་དབྱེ་བ་ལས་ཀྱང་ལྔ། །ཧཱུཾ་ཨཱཿ་ཨོཾ་ཧོཿ་རང་གི་ཞལ་རྣམས་གཞན་པ་དག་ཀྱང་དེ་བཞིན་གཞོམ་དུ་མེད་པ་ལྔ་པར་འགྱུར། །ཨ་སོགས་དང་བཅས་ཧྲཾ་ཡིག་དྲུག་སྟེ་རོ་རྐང་ན་མཿ་སོགས་ཀྱི་དཔལ་ལྡན་ཡན་ལག་དྲུག་ཏུ་འགྱུར། །ཕྲིཾ་གྱི་ཡི་གེ་སྣ་ཚོགས་ཡུམ་གྱིར་འགྱུར་ཏེ་རྣམ་བཅུ་བརྩེགས་པའི་སྔགས་ནི་རྒྱལ་བ་དག་གིའོ། ༨༢ །ཧཱུཾ་ཡིག་ཡེ་ཤེས་ས་བོན་སྙིང་པོ་དག་ཀྱང་བརྩེགས་པ་ཆེན་པོའི་སྔགས་ནི་ཞལ་དང་བཅས་པ་སྟེ། །ཧྲཱཾ་ཡིག་ལ་སོགས་ཡན་ལག་དྲུག་པོ་སྐུ་ཡི་རྡོ་རྗེ་དང་པོར་ལྡན་པ་འདི་ནི་ཉེ་སྙིང་ངོ༌། །ལྷ་དང་ལྷ་མོ་རྣམས་ཀྱི་ཕྲེང་བའི་སྔགས་ནི་དེ་བཞིན་གཞན་ཏེ་ལས་ཀྱི་དབྱེ་བ་དུ་མ་ཡིས། །རྣམ་མང་དུ་འགྱུར་ཤེས་པར་བྱ་སྟེ་དུས་འཁོར་དཀྱིལ་འཁོར་འདིར་ནི་རང་བཞིན་ཡོན་ཏན་དབང་གིས་སོ། ༨༣ །རིན་ཆེན་གསེར་ཟླ་མེ་ཏོག་དང་ནི་རྣམ་པ་མང་པོའི་གོས་དང་དྲི་དང་སྤོས་དང་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་རེ་དང་ནི་རྣམ་མང་འབྲས་བུ་བ་དན་སོགས་དང་གར་དང་རོལ་མོ་ཡིས། རྣམ་བཀྲ་མཆོད་པ་བྱས་ཏེ་གཞན་པ་རྣམ་བཅུ་དག་ཀྱང་བདག་ཉིད་ནུས་པས་ཇི་ལྟར་གསུངས་པ་བཞིན། །སློབ་དཔོན་དག་གི་ཞབས་ཀྱི་རྩ་བར་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བར་བྱ། ༨༤ །དག་པ་གསུམ་གྱི་རྫས་དང་བདག་ཉིད་བུ་དང་བུ་མོ་དང་བཅས་རིགས་ལས་སྐྱེས་པའི་གཞོན་ནུ་མ། །དེ་རིང་ཉིད་ནས་མི་བཟང་འཁོར་བས་འཇིགས་པ་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་དག་གིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་གདབ་པར་འགྱུར། ༨༥ །འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་སྤྱི་བོས་གཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་


DTG011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། ༨༦ །སློབ་མ་ཁྲུས་བྱས་དྲི་ཡིས་རྗེས་བྱུགས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱི་སར་ནི་བཞག་བྱས་ཏེ། །དངོས་གྲུབ་དོན་དུ་སོ་ཤིང་རྒྱལ་བ་མཆོག་གི་རྡོ་རྗེ་དག་གིས་མངོན་པར་བསྔགས་པ་རབ་སྦྱིན་བྱ། །ལྕེ་ལའང་བདུད་རྩི་ངེས་པར་རྒྱལ་བ་མཆོག་གི་དམ་ཚིག་དག་གིས་སྤོས་ནི་དབབ་པའི་དོན་དུའོ། །སྔགས་ནི་ཧཱུཾ་གི་ཡི་གེ་གཅིག་སྟེ་ཨ་ར་ལ་དང་བཅས་པ་ཁྲོ་བོའི་གཙོ་བོ་བསྐུལ་བའོ། ༨༧ །ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་བསྡིགས་བྱེད་ཅིང༌། །གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བཅིང་བདག་གིས་རྡོ་རྗེའི་གར་གྱི་གར་བྱེད་དེ། །བཞད་དང་ཧཱུཾ་གི་ཡི་གེ་འདྲེས་པ་དགྲ་ལ་འཇིགས་པ་སྟེར་བ་དང་ནི་རྡོ་རྗེའི་གླུ་ཡང་བྱེད། །ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་གཞན་དག་ཀྱང་ཞི་བའོ། ༨༨ །སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་བྱུང་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། ༨༩ །ས་ཕེབས་པས་ནི་རྣལ་འབྱོར་པ་དག་རི་དང་མཚུངས་པར་འགྱུར་ཏེ་ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར། །མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར། །སྟོང་པ་ཕེབས་པས་མི་སྣང་བར་འགྱུར་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། །དེ་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་ཡོན་ཏན་དབང་གིས་རིམ་པ་ཡིས་ནི་རིག་པར་བྱ། ༩༠ །དབབ་པ་ལ་ནི་ངེས་པར་འགྱུར་ཏེ་མི་ཡི་བདག་པོ་སྔགས་པ་རྣམས་ཀྱི་བསྒོམ་པའི་སྟོབས་དང་ནི། །བསྙེན་པའི་དབྱེ་བ་དང་ནི་རྣམ་མང་དམ་ཚིག་སྔགས་ཀྱི་བཟླས་པ་སོགས་ཀྱིས་འགའ་ཞིག་


DTG011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཚེ། །སངས་རྒྱས་རོ་མྱོང་བྱེད་པས་བདུད་རྩིའི་དབང་ལས་དཀྱིལ་འཁོར་འགའ་ཞིག་ཏུ་ནི་མཆོག་གི་བུ་ལའོ། །རང་བྱིན་བརླབས་པས་དམན་པ་རྣམ་མང་སྲིད་པ་དག་གིས་སྔགས་པ་རྣམས་ལ་དངོས་གྲུབ་ཡོད་པ་མིན། ༩༡ །ཕེབས་པ་བཏང་སྟེ་ཕྱི་ནས་མགོ་བོ་དང་ནི་སྙིང་ག་སྤྱི་གཙུག་ལྟེ་བ་དག་དང་མགྲིན་པ་དང༌། །གསང་བར་རྒྱལ་བ་དང་ནི་རང་གི་རིགས་ཀྱི་སར་གནས་རང་གི་རྡོ་རྗེ་གསུམ་གྱིས་བསྲུང་བར་བྱ། །ལུས་ལ་སེར་པོའི་གོས་དག་བྱིན་ཏེ་མིག་ནི་བསྒྲིབས་པར་གྱུར་པའི་སློབ་མ་འདིར་ནི་གཞུག་པར་བྱ། །ཀུན་རྫོབ་དོན་དུ་བརྟུལ་ཞུགས་རབ་མཆོག་བགྲོད་པ་དག་ལ་བགྲོད་པ་དེ་དག་ཉིད་ནི་སྦྱིན་པར་བྱ། ༩༢ །འཆེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། ༩༣ །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་གི་བརྟུལ་ཞུགས་ཉི་ཤུ་ལྔ། ༩༤ །དཔལ་ལྡན་སྔགས་ཀྱིས་མངོན་པར་བསྔགས་ཏེ་ལག་པའི་པདྨ་སྦྱར་བར་མེ་ཏོག་གཅིག་ནི་རབ་སྦྱིན་བྱ། །དང་པོར་ལན་གསུམ་བསྐོར་ཏེ་ལག་པའི་པདྨ་སྦྱར་བ་དག་ལས་དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །གང་གི་གནས་སུ་མེ་ཏོག་བཟང་པོ་ལྷུང་བ་དེ་ནི་མི་ཡི་བདག་པོ་དེ་ཡི་རིགས་སུ་ངེས། །ཕྱི་ནས་དབང་ནི་བདུན་པོ་དག་དང་རྣམ་གསུམ་འདིར་ནི་ཇི་བཞིན་བླ་མེད་ཡང་དག་རབ་སྦྱིན་བྱ། ༩༥ །ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་དག་གམ་རྒྱལ་པོ་ས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ལྷ་མོ་རྣམས་ཀྱིས་ཁྲུས་བྱའོ། །སངས་རྒྱས་རབ་ཏུ་དབྱེ་བས་ཅོད་པན་སྦྱིན་ཏེ་མཆོག་གི་བླ་མས་ནུས་མ་རྣམས་ཀྱིས་དར་དཔྱངས་ཉིད། །རྡོ་


DTG011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དྲིལ་བུ་ཉི་ཟླ་ལས་ཏེ་བརྟུལ་ཞུགས་དག་ཀྱང་དབང་པོར་བཅས་པའི་ཡུལ་གྱིས་སྦྱར་བར་བྱ། ༩༦ །ཁྲོ་བོ་རྣམས་ཀྱིས་བྱམས་སོགས་མིང་སྟེ་གསལ་བར་རྒྱལ་བའི་བདག་པོས་རྗེས་གནང་འདོགས་བཅས་རབ་ཏུ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །༩༧ །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གདོལ་པ་མོ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། ༩༨ །ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉིད་ཟླ་དག་དང་བརྟུལ་ཞུགས་དག་ཀྱང་ཡུལ་ཏེ་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། ༩༩ །དབང་བདུན་དག་གིས་མངོན་པར་དབང་བསྐུར་དགེ་བའི་དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག །ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། ༡༠༠ །རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་


DTG011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དག་པ་མེད། །རྩ་བའི་ལྟུང་བ་བྱུང་ན་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། ༡༠༡ །དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། ༡༠༢ །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པར་རྣམས་ལའོ། ༡༠༣ །ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་དག་གམ་རྒྱལ་པོས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་གདན་གྱི་དབུས་སུ་ཁྲུས་བྱས་ཏེ། །ཀླུ་དག་གིས་ནི་དཔལ་ལྡན་ཅོད་པན་བཅིངས་ཏེ་ནོར་འདབ་པདྨར་བཞི་ཡིས་དར་དཔྱངས་བཅིང་བར་བྱ། །ཕྱག་རྒྱ་ལ་ནི་དཔལ་ལྡན་བུམ་པ་ཡིས་ཏེ་འདིར་ནི་པདྨ་དང་བྲལ་རེ་ཁཱ་ལྔ་པོ་སྤངས། ༡༠༤ །དང་པོར་ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར་ཏེ་བུམ་པ་ལ་ཡང་དགེ་ཚུལ་དག་ཏུ་འགྱུར། །གསང་བའི་དབང་ལ་དགེ་སློང་དང་ནི་གོང་མའི་བྱེད་པ་ལ་ཡང་གནས་བརྟན་ཞེས་པར་འགྱུར་བ་སྟེ། །ཕྱག་རྒྱ་དར་དཔྱངས་ཅོད་པན་དག་དང་རྡོ་རྗེ་མཆོད་ཕྱིར་ཐོགས་ནི་བླ་མ་མཆོག་གིས་སྦྱིན་པར་བྱ། །དེ་དག་སློབ་དཔོན་སླད་དུ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཕྱག་རྒྱ་རྣམ་པར་དག་པ་ཉིད། ༡༠༥ །སྟེང་དུ་བླ་རེ་བཀོད་ཅིང་ས་ཡི་མཐིལ་གྱི་གནས་དག་ཏུ་ཡང་རི་མོ་གསུམ་ནི་ཀུན་ནས་སོ། །དེ་རྣམས་ཐུར་དུ་ནོར་བུ་གསེར་གྱི་བུམ་པ་ཆུར་བཅས་སྐུད་པ་དང་ལྡན་པདྨའི་ཁ་རྣམས་སོ། །དུང་སོགས་གསེར་གྱི་སྣོད་དང་ཡང་ན་


DTG011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་གྱི་རང་བཞིན་དག་ཏུ་དྲི་ཡི་ཆུ་ནི་བསྒྲུབ་པར་བྱ། །སྙིང་པོར་གསེར་གྱི་རང་བཞིན་གསལ་བའི་གདན་དག་རབ་ཏུ་བཀོད་དེ་དེ་ལ་ཁྲུས་ནི་བརྩམ་པར་བྱ། ༡༠༦ །མེ་ཏོག་སོགས་དང་དྲི་ཡི་ཏིལ་མར་ཉི་མ་མེ་ཡིས་སྨིན་པ་དག་གིས་ལྷ་ལ་བྱུག་པར་བྱ། །ཕྱེ་མ་རྣམས་ཀྱིས་དྲིལ་ཕྱིས་བྱས་ནས་སྦྲང་རྩི་མར་དང་ཞོ་དང་འོ་མ་ཆུ་ཡིས་བཀྲུ་བར་བྱ། །དོན་གྲུབ་རྣམས་དང་མར་མེ་དག་དང་རྣམ་མང་འབྲས་བུ་མཆོག་གིས་འདི་ལ་ངེས་པར་བྱ་བས་ནས་ནི། །དེ་ཡི་གནས་ནས་བསྐྱོད་པར་བྱ་སྟེ་སྐུ་ཡང་དམར་པོའི་གོས་དག་གིས་ནི་ཡང་དག་གཡོགས་པའོ། ༡༠༧ །དཔལ་ལྡན་དཀྱིལ་འཁོར་མཐར་ནི་མཉམ་པའི་ས་ཡི་གནས་ལ་རྒྱལ་བའི་ཆ་ཡིས་རེ་ཁཱ་ལྔ་བྱས་ཏེ། །དབུས་སུ་པདྨ་འདབ་མ་བརྒྱད་པ་རང་རིགས་ཕྱོགས་སུ་གནས་པའི་མཚན་མ་ལྔ་ཡིས་བརྒྱན་པའོ། །དེ་ཡི་དབུས་སུ་གཞག་པར་བྱ་བ་ཞལ་གྱི་པདྨ་ནུབ་ཏུ་ཕྱོགས་པའི་ལྷ་དང་ལྷ་མོ་འམ། །མཆོད་རྟེན་སོགས་དང་གླེགས་བམ་དག་གམ་ཐང་སྐུ་ཞེས་པའང་དེ་བཞིན་དེ་ལ་མངོན་ཕྱོགས་སྔགས་པའོ། ༡༠༨ །རྒྱལ་བ་མཆོག་དང་བཅས་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོང་པའི་རང་བཞིན་དག་ཏུ་བྱས་ནས་ནི། །ཕྱི་ནས་སྔར་བརྗོད་སྦྱོར་བ་དག་གིས་ཟླ་ཉི་རྡོ་རྗེ་ལས་སྐྱེས་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །རིག་པའི་ལྷ་མོ་སོགས་དང་སངས་རྒྱས་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་རང་རང་ས་བོན་གྱིས་བསྐྱེད་རྣམས། །སྙིང་མགྲིན་ལྟེ་བ་གསང་བ་མགོ་དང་གཙུག་ཏོར་འཁོར་ལོ་དག་ལ་རིགས་ཀྱི་དབང་གིས་བསྒོམ་པར་བྱ། ༡༠༩ །དེ་ལྟར་ངེས་པ་ཉིད་དུ་བསྒོམ་པར་བྱ་སྟེ་སླར་ཡང་མཐའ་དག་ལྷ་རྣམས་དག་གི་ལུས་ལ་ཡང༌། །ཁྲོ་བོའི་རྒྱལ་པོ་དག་གིས་སྲིད་མེད་སྲིད་མཉམ་ཡེ་ཤེས་སེམས་དཔའ་བཀུག་སྟེ་གཞུག་པ་དག་དང་ནི། །བཅིང་དང་མཉེས་པ་དང་ནི་རོ་མཉམ་བྱེད་པ་དག་ཀྱང་ལྷ་རྣམས་ཀྱི་ནི་རང་གི་ལུས་ལ་བྱ། །དེ་ནས་སློབ་དཔོན་ཉིད་ཀྱིས་ཞལ་ནི་རབ་ཏུ་གསལ་བར་བྱས་པའི་ལྷ་ལ་ཕྱག་དག་འཚལ་བར་བྱ། ༡༡༠ །ཨ་སོགས་ཀ་སོགས་དག་ལས་ལྷ་དང་ལྷ་མོ་རྣམས་ཀྱི་རང་རིགས་ཡོན་ཏན་ལ་གནས་ས་བོན་གང༌། །རང་གི་ས་བོན་དེ་ནི་སྙིང་གི་དབུས་སུ་ཟླ་ནི་ཁ་སྦྱོར་ལ་གནས་སྐུ་གསུང་ཐུགས་ལྡན་པར། །མཐའ་དག་ལུས་ལ་གནས་པའི་སུམ་ཅུ་རྩ་གཉིས་མཚན་


DTG011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡན་ལག་དཔེ་བྱད་མཁའ་དང་བརྒྱད་ཀྱིས་ཏེ། །ཡི་གེ་རྣམས་ཀྱིས་ཕྱེ་བ་དེ་ཉིད་རབ་གསལ་འདབ་མ་འདབ་མར་གླེགས་བམ་རྣམས་ལ་བསྒོམ་པར་བྱ། ༡༡༡ །མཆོད་རྟེན་སྙིང་པོར་དཔལ་ལྡན་འཁོར་ལོ་རྡོ་རྗེ་ནོར་བུ་པདྨ་དག་དང་བྱང་དུ་རལ་གྲི་ཉིད། །བགྲང་ཕྲེང་ལ་ནི་ཧཱུཾ་གི་ཡི་གེ་ནོར་བུ་ཡོངས་སུ་བགྲང་བ་རྣམས་ནི་མཚན་དང་དཔེ་བྱད་རྣམས། །དྲིལ་བུའི་སྐུ་ལ་དབྱངས་ནི་གསུམ་གྱིས་བསྒྱུར་བའི་བཅུ་རྣམས་དག་དང་ཀ་སོགས་སྡེ་རྣམས་རྡོ་རྗེ་ལ། །དེ་དག་ཁོ་ན་མཆོད་ཕྱིར་ཐོགས་ལ་བཅུ་ཡིས་བསྒྱུར་བ་ནོར་གྱི་དཔེ་བྱད་རྣམས་ནི་སྟོད་གཡོགས་ལ། ༡༡༢ །ཀ་སོགས་སྡེ་པ་དབྱངས་དང་བཅས་པ་མཁའ་རོ་ཡོན་ཏན་རྣམས་ནི་པུས་འཁྱུད་དག་ལ་བསྒོམ་པར་བྱ། །ཧཾ་ཧཿ་དཔལ་ལྡན་རྣ་ཆ་ལ་སྟེ་ཨཾ་ཨཿ་ཞེས་པ་ཟུང་ནི་མགུལ་རྒྱན་སྐ་རགས་དག་ལའོ། །དེ་བཞིན་དུ་ཡང་ཨ་ཡིག་ཟུང་ནི་གདུ་བུ་དག་ལ་འགྱུར་ཏེ་རྐང་གདུབ་དག་ལ་ཧ་ཧཱ་ཡང༌། །མཐའ་དག་ལུས་ལ་གནས་པ་སྟོང་པའི་རྣམ་པ་ལྔ་པོ་དག་ནི་ཐལ་བདག་ལ་བསྒོམ་པར་བྱ། ༡༡༣ །རང་ལུས་ཡེ་ཤེས་རྣམ་པ་དག་ལས་རྡོ་རྗེ་གསུམ་དང་བཅས་པའི་ཕུང་པོ་ཁམས་ལ་སོགས་པ་ཀུན། །ལྷ་རྣམས་ཀྱི་ནི་རང་གི་སྙིང་གའི་པདྨར་རང་རང་ས་བོན་དག་གི་རིམ་པས་དགོད་པར་བྱ། །ས་བོན་བཀོད་ན་རབ་ཏུ་གནས་པར་འགྱུར་ཏེ་མི་ཡི་བདག་པོ་མཆོད་རྟེན་སྐུ་གཟུགས་སོགས་ལའོ། །ཉེ་བར་བསྡུ་བའི་དུས་སུ་ལག་པའི་རྡོ་རྗེ་དག་གིས་རང་གི་ལུས་ལ་ས་བོན་གཞུག་པར་བྱ། ༡༡༤ །འདི་དང་དང་པོ་རུ་ཡང་རི་མོར་བྲིས་པའི་ཐང་སྐུ་རྣམས་ཀྱི་མེ་ལོང་ལ་ནི་ཁྲུས་སུ་འགྱུར། །ཕྱི་ནས་དྲི་དང་སྤོས་དང་ཤིན་ཏུ་དྲི་བཟང་མེ་ཏོག་རྣམས་དང་གླུ་དང་རོལ་མོ་དག་དང་ནི། །གར་དང་རྣམ་མང་མཆོག་གི་གོས་དང་རྔ་ཡབ་དང་ནི་གདུགས་རྣམས་དག་གིས་ལྷ་ལ་མཆོད་པར་བྱ། །དེ་ལྟར་རབ་གནས་བྱས་ནས་རྣམ་མང་མཆོག་གི་རོ་རྣམས་དག་གིས་དགེ་འདུན་མཆོད་སྟོན་རབ་ཏུ་སྦྱིན། ༡༡༥ །ཁྲོན་པ་རྫིང་དང་མཚེ་འུར་ཕྱོགས་དང་ཕྱོགས་བྲལ་དུ་ནི་ཀླུ་ཡི་རྒྱལ་པོ་ནོར་རྣམས་དགོད་པར་བྱ། །ཆུ་གཏེར་བདུན་པོ་རང་གི་ས་བོན་གྱིས་ཏེ་སྦྲང་རྩི་ཆུ་དང་ལྡན་པའི་དྲི་ལྔ་གཞུག་པར་བྱ། །སྦྱིན་སྲེག་མཐར་ནི་རྫིང་བུ་ལ་སོགས་དག་ལ་ཆུ་ལྷ་དཀར་པོ་ཕྱག་ན་ཞགས་པ་བསྒོམ་པར་བྱ། །སྐྱེད་མོས་


DTG011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་དུ་ཤིང་གཅིག་དཔག་བསམ་ལྗོན་པ་མཐའ་དག་ཤིང་ལ་གནས་པར་དབང་ནི་བསྐུར་ནས་སོ། ༡༡༦ །ཅོད་པན་དར་དཔྱངས་དག་དང་དོ་ཤལ་གདུ་བུ་དང་ནི་དེ་བཞིན་རྣ་ཆ་སྐ་རགས་ལ་སོགས་པ། །སློབ་དཔོན་ལ་ནི་རབ་ཏུ་སྦྱིན་བྱར་འགྱུར་ཏེ་མི་ཡི་བདག་པོ་ཡོན་ཡང་བདག་ཉིད་ནུས་པས་སོ། །སྦྱིན་བདག་གིས་ནི་བསོད་ནམས་སླད་དུ་མཐའ་དག་ཚོགས་ཀྱི་རིགས་ལ་གཞན་དོན་དོན་དུ་གཉེར་བྱ་སྟེ། །བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག ༡༡༧ །ཇི་སྲིད་ཕྱོགས་ཀྱི་ལོ་ནི་གཅིག་པུ་རྣམ་པ་བཅུ་རུ་འགྱུར་ཏེ་བལྟ་བ་དང་ན་རིག་པར་བྱ། །དེ་ནས་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་གཡོ་བ་ལ་སོགས་རྣམས་ནི་བསྟེན་པར་བྱ། །ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྟེ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ། །དབང་གི་དོན་དུ་དྲུག་དང་བཞི་སྟེ་བདེ་མཉམ་འབྲས་བུ་སྟེར་བ་གཞན་ནི་བསྒོམ་པའི་དོན་དུའོ། ༡༡༨ །དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་བར་བྱ། ༡༡༩ །རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་མའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། ༡༢༠ །སྐྲག་དང་རྣམ་པར་འཕྲུལ་བའི་སེམས་ལྡན་གཡོ་སྒྱུ་གཞན་དབང་འགྲོ་མ་ནད་དང་ལྡན་དང་བུ་སྐྱེས་མ། །ཁྲོ་ཁེངས་ནོར་ལ་སྲེད་དང་མི་བདེན་རྩོད་པ་ལ་དགའ་རང་གི་ཡན་ལག་དམན་དང་རྣམ་དག་མིན། །ཤེས་རབ་འདི་དག་དབང་ལ་ཤིན་ཏུ་མཁས་པའི་བླ་མ་དག་གིས་སྤང་བར་བྱའོ་མི་ཡི་དབང༌། །སྔར་བརྗོད་སངས་རྒྱས་ལ་གུས་བླ་མའི་དམ་ཚིག་


DTG011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མ་རྣམས་ནི་ཕྱག་འཚལ་བ་དང་མཆོད་པར་བྱ། ༡༢༡ །འདོད་པ་སྐྱོད་པར་བྱེད་པ་འགྲོ་བ་རང་གི་ཡིད་ལའོ་གང་བ་དག་ནི་གང་བ་ཉིད་དུ་འགྱུར། །གང་བ་ཡན་ལག་མཆོག་དག་ལས་ནི་རི་བོང་འཛིན་པ་ཁུ་བར་བྱས་ནས་ཐིག་ལེ་བཟང་པོ་འཛག །ཨོ་ཌྜས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །བལྟ་དང་རེག་དང་འགྲོགས་ལ་འཛག་པའི་བདེ་བ་འདི་དག་དགའ་བའི་དབྱེ་བ་ལ་སོགས་དག་གིས་སོ། ༡༢༢ །འདོད་པ་དགའ་བར་བྱེད་དེ་དང་པོ་དག་ཀྱང་མི་རྣམས་ཀྱི་ནི་མིག་གིས་བལྟ་བ་དག་ལའོ། །ཕྱི་ནས་གང་བ་རབ་ཏུ་སྦྱར་བ་ལ་སྟེ་སླར་ཡང་མཆོག་གི་དགའ་བ་ཉིད་དོ་རང་ལུས་ལ། །འབར་བ་ཐིག་ལེ་འཛག་པ་དང་ནི་དགའ་བ་ཡང་སྟེ་ཁྱད་པར་དགའ་བ་རྡོ་རྗེས་པདྨ་ལ། །ཨོ་ཌྜ་ཐིག་ལེ་གསུམ་གྱི་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། ༡༢༣ །འདོད་དང་དགའ་བ་དང་ནི་འདར་དང་འགྱུར་མེད་དག་དང་བཞི་པོ་ཡིས་ནི་སྦྱར་བ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་ཉིད་ནི་གཉིས་པར་ངེས་པར་འགྱུར། །འབར་བ་དང་ནི་ཐིག་ལེ་བརྒྱལ་བ་དག་དང་སླར་ཡང་ཁྱད་པར་དགའ་བ་ཉིད་ནི་གསུམ་པའོ། །ཨོ་ཌྜ་དང་ནི་ནཱ་ད་དག་དང་གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ནི་བཞི་པར་འགྱུར། ༡༢༤ །སེམས་ཀྱི་བསམ་པ་ཡིས་ནི་མ་རུ་འགྱུར་ཏེ་རེག་པ་དང་ནི་བལྟ་བ་དག་གིས་སྲིད་མོའོ། །རྡོ་རྗེ་ཞུགས་པས་བུ་མོ་བྱེད་པ་དང་བཅས་ཤིན་ཏུ་དགའ་བས་ཚ་མོ་དག་ནི་དེ་བཞིན་ཉིད། །ཐིག་ལེ་ལྷུང་ན་ཆུང་མ་གཞན་གྱི་རིགས་ལ་གནས་པའི་རྣལ་འབྱོར་མར་ནི་འདོད་ཆགས་ཉམས་ལས་སོ། །འདི་དག་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ་ས་ཆུ་བསྲེག་ཟ་རླུང་དང་མཁའ་དང་ཆད་པའི་དངོས་རྣམས་སོ། ༡༢༥ །ཆུ་སྐྱེས་ལ་ནི་རྡོ་རྗེ་རབ་ཞུགས་རྩེ་མོ་ཅན་ལ་རླུང་དང་ཐིག་ལེ་མི་ལྷུང་གསུམ་པའོ། །འདི་དག་རྣལ་འབྱོར་གསུམ་གྱིས་རབ་ཏུ་གསལ་ཞིང་ངེས་པར་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་སྟེ། །ཆགས་དང་ཆགས་བྲལ་མཐར་གྱུར་དང་པོ་མཆོག་བདེའི་གཏེར་ནི་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་བཞི་པའོ། །ཕྱག་རྒྱ་རྣམས་ལས་དེ་ནི་ལེགས་པའི་མ་རུ་འགྱུར་ཏེ་རྣམ་བཅུ་དཔལ་ལྡན་བླ་མའི་ཞལ་འདིའོ། ༡༢༦ །ཤེས་


DTG011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡུམ་ནི་མཆོག་གི་ཡུམ་སྟེ་སྲིད་གསུམ་སྐྱེད་མ་སྤྱན་ལ་སོགས་པ་རྣམས་ནི་སྲིང་མོའོ། །རྡོ་རྗེ་དྲུག་ནི་ཚ་མོ་རྣམས་ཏེ་ཕྱུགས་ཀྱི་སྐྱེ་བོ་འཇིགས་སྟེར་ཙ་རྩི་ཀཱ་སོགས་ཡང་ཚ་མོ། །འཁོར་ལོ་ལ་གནས་དུས་ཀུན་ཏུ་ནི་རང་རིགས་ས་ལ་གནས་རྣམས་རྣལ་འབྱོར་པ་ཡིས་བསྟེན་པར་བྱ། །ཞིང་དང་གནས་དང་དུར་ཁྲོད་སྐྱེ་བོ་དང་བཅས་སྐྱེ་བོ་མེད་པར་ནམ་ཡང་དོར་བར་མི་བྱའོ། ༡༢༧ །དཔལ་ལྡན་རྡོ་རྗེ་ཅན་ནི་དཔལ་ལྡན་ཡབ་སྟེ་སྲིད་གསུམ་སྐྱེད་མཛད་སངས་རྒྱས་ཐམས་ཅད་མིང་པོའོ། །སྤྱན་ལ་སོགས་པ་མིང་པོའི་བུ་སྟེ་གཞན་ནི་རྣམ་མང་ཡང་ཚ་རྣམས་དང་ཡང་ཚའི་བུ་རྣམས་སོ། །འཁོར་ལོ་ལ་གནས་རང་རིགས་སར་གནས་རབ་དགའ་རྣམས་ནི་རྣལ་འབྱོར་མ་རྣམས་དག་གིས་བསྟེན་པར་བྱ། །ཞིང་དང་གནས་དང་དུར་ཁྲོད་སྐྱེ་བོ་དང་བཅས་སྐྱེ་བོ་མེད་པར་ནམ་ཡང་དོར་བར་མི་བྱའོ། ༡༢༨ །བུད་མེད་ཟླ་བའི་བཞིན་དང་ཨུཏྤལ་མིག་ཅན་མཆོག་གི་དྲི་ཡིས་རྗེས་སུ་བྱུགས་པ་གང་སུ་དག །བསོད་ནམས་དག་གི་རྒྱུ་རུ་དག་པ་གསུམ་གྱིས་སློབ་དཔོན་ལ་ནི་རྡོ་རྗེའི་མཆོད་པ་འབུལ་བྱེད་ན། །ས་གཞི་སྦྱིན་དང་གླང་པོ་རྟ་དང་ཤིང་རྟ་དུ་མའི་བུ་མོ་རབ་ཏུ་སྦྱིན་ལས་བསོད་ནམས་གང༌། །བསོད་ནམས་དེ་དག་ཐམས་ཅད་དེ་ལས་འགྱུར་ཏེ་མི་བདག་མཁའ་གནས་ཟླ་བ་ཉི་མའི་མཚམས་སུའོ། ༡༢༩ །སྒྲོལ་མ་དམངས་མོ་རྣམ་པ་བཞི་རུ་ས་ཡི་སྟེང་དུ་འགྱུར་ཏེ་གོས་དཀར་མོ་ནི་རྒྱལ་རིགས་མ། །ས་ནི་རྗེའུ་རིགས་མ་རྣམས་རྣམ་གསུམ་མཱ་མ་ཀཱི་ནི་གཉིས་སྐྱེས་སྐྱེ་བོའི་རིགས་སྐྱེས་རྣམ་བདུན་འགྱུར། །སྒྲ་ཞེས་བྱ་བ་འཁོར་བ་མཁན་མོ་ངེས་པར་རོ་ཡི་རྡོ་རྗེ་ཆང་འཚོང་གཟུགས་ཀྱི་རྡོ་རྗེ་མ། །ཡང་དག་ངེས་པར་གསེར་མཁན་མར་འགྱུར་མི་ཡི་བདག་པོ་འཛིན་མ་དག་ལ་དྲི་ཡི་རྡོ་རྗེ་ནི། ༡༣༠ །ཕྲེང་བ་མཁན་དུ་རབ་ཏུ་གྲངས་ཏེ་རང་བཞིན་ཡོན་ཏན་དབང་གིས་རེག་བྱ་རྡོ་རྗེ་ཐགས་མཁན་མ། །རྡོ་རྗེའི་མཐའ་ཅན་ཆོས་ཀྱི་དབྱིངས་ནི་ནོར་བུ་མཁན་མོར་འགྱུར་བར་འཇིག་རྟེན་དུ་ནི་རབ་ཏུ་གྲགས། །ཙཱ་མུ་ཎྜཱི་ནི་ཤ་འཚོང་མར་འགྱུར་རང་བཞིན་ཡོན་ཏན་དབང་གིས་ཁྱབ་འཇུག་མ་ནི་རྫ་མཁན་མ། །ཕག་མོ་ཁུར་བ་མཁན་དུ་ངེས་འགྱུར་གདོང་དྲུག་མ་ནི་སྨད་འཚོང་མ་སྟེ་དབང་མོ་ཚེམ་བུ་མ། ༡༣༡ །ཚངས་མ་ཉ་པ་


DTG011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མོར་འགྱུར་ས་གཞིའི་གནས་དག་ཏུ་ཡང་དབང་ཕྱུག་མ་ནི་གར་མཁན་མ་རུ་འགྱུར། །དཔལ་མོ་ཟླ་བ་གང་བའི་ཞལ་ནི་བརྒྱད་པ་ཚོས་མཁན་མར་ཡང་འགྱུར་ཏེ་འབྱུང་པོའི་སྐྱེ་གནས་སོ། །རྨུགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མོར་འགྱུར་ཏེ་མི་བདག་རེངས་བྱེད་མ་ནི་སྲིན་བལ་མཁན་མོའོ། །ཁེངས་མ་ཞེས་བྱ་ཏིལ་མར་འཚིར་མ་རབ་ཆེ་ཤིན་ཏུ་སྟོབས་ནི་ལྕགས་མཁན་མོ་སྟེ་བཞི་པའོ། ༡༣༢ །འོད་ཟེར་ཅན་ནི་ཀོ་ལྤགས་མཁན་མར་རབ་འགྱུར་ཁྲོ་གཉེར་ཅན་ནི་ཤིང་མཁན་མ་དག་དེ་བཞིན་ཉིད། །དཔལ་ལྡན་ཙུ་ནྡཱ་འབྲེག་མཁན་མ་སྟེ་ས་ཡི་སྲིད་པ་ལ་གནས་ལྕགས་སྒྲོག་མ་ནི་སྨྱུག་མ་མཁན། །དྲག་སྤྱན་མ་ནི་ཁྲོན་པ་བྱེད་མར་འགྱུར་ཏེ་བཅུ་པ་འོད་མའི་གར་མ་ཤིན་ཏུ་སྔོན་མོའོ། །ཁྲོ་བོའི་ཆ་ཤས་ཁྲོ་བོ་ལས་སྐྱེས་བུད་མེད་བཅུ་པོ་རྣམས་ནི་རྣལ་འབྱོར་པ་ཡིས་མཆོད་པར་བྱ། ༡༣༣ །དཔལ་ལྡན་ཁྱི་གདོང་མ་ནི་ཀླ་ཀློ་མར་འགྱུར་མི་ཡི་བདག་པོ་ཕག་གདོང་མ་ནི་འཕྱག་པ་མོ། །ཅེ་སྤྱང་གདོང་མ་གཏུམ་མོ་དག་དང་ས་ཡི་གཞི་ཡི་གནས་ལ་སྟག་གདོང་མ་ནི་སྟག་གཟིག་མ། །བྱ་རོག་གདོང་མ་བསྙོན་ཐབས་མ་སྟེ་རབ་ཏུ་གསལ་ཞིང་ངེས་པར་བྱ་རྒོད་གདོང་མ་རོ་སྲེག་མ། །མཁའ་ལྡིང་གདོང་མ་དཔལ་ལྡན་བྷི་ལླཱིར་འགྱུར་ཏེ་བརྒྱད་པ་འུག་པའི་གདོང་མ་དག་ཀྱང་རི་ཁྲོད་མ། ༡༣༤ །སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་གཞིའི་གནས་སུ་རྣལ་འབྱོར་མ་རྣམས་དག་གི་རིགས་རྣམས་ཏེ། །ཞིང་དང་གནས་དང་ཉེ་བའི་གནས་དང་ཡུལ་དང་གྲོང་མཆོག་དཔལ་ལྡན་ནགས་སུ་ཡང་དག་གནས་པ་ནི། །རྨོངས་རྣམས་འཆིང་བར་བྱེད་ཅིང་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར་པ་རྣམས་དག་ལ་དངོས་གྲུབ་སྟེར། །བཞི་དང་དྲུག་དང་དེ་བཞིན་བརྒྱད་དང་བཅུ་དང་བཅས་པའི་ནོར་དང་གཅིག་པུ་གཅིག་ནི་རིམ་པས་སོ། ༡༣༥ །བཞི་ནི་སངས་རྒྱས་དབྱེ་བ་རྣམས་ཏེ་སླར་ཡང་དུས་ནི་བྱང་ཆུབ་སེམས་དཔའི་རག་ཏུ་དབྱེ་བ་རྣམས། །ཁྲོ་བོ་རྣམས་ནི་ཕྱོགས་ཀྱི་རབ་དབྱེ་ས་སྟེང་གནས་སུ་ཡི་དགས་དབྱེ་བ་རྣམས་ནི་དེ་བཞིན་བརྒྱད། །ལྷ་མིན་དག་ཀྱང་བརྒྱད་ཀྱི་དབྱེ་བ་གདེངས་ཅན་སྲིད་པར་གནས་རྣམས་རྣལ་འབྱོར་པ་ཡིས་རིག་པར་བྱ། །གཅིག་པུ་གཅིག་ནི་སྣ་ཚོགས་གཙོ་བོ་སྲིད་གསུམ་གནས་སུ་དཔལ་ལྡན་རིགས་རྣམས་


DTG011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཁྱབ་བྱེད་དོ། ༡༣༦ །ས་འོག་རྣམས་སུ་གཏུམ་མོ་བརྒྱད་དེ་མི་ཡི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་འཁོར་ལ་ནི་ཁྲོ་སྐྱེས་གནས། །ཡི་དགས་ཞེས་བྱ་ཡི་དགས་འཇིག་རྟེན་དུ་སྟེ་ལྷ་མཆོག་གནས་སུ་སྒྲ་ཡི་རྡོ་རྗེ་ལ་སོགས་དྲུག །ཚངས་པའི་ཡུལ་སར་དཔལ་ལྡན་བཞི་སྟེ་རབ་མཆོག་ཞི་བའི་གྲོང་དུ་ཁམས་གསུམ་དག་གི་ཡུམ་གཅིག་མ། །རབ་ཏུ་ཁྲོས་པའི་ཞལ་རྣམས་སྣ་ཚོགས་ཡང་དག་སྡུད་བྱེད་དགྱེས་པ་རྣམས་ནི་སྐྱོང་བར་བྱེད་པ་ཉིད། ༡༣༧ །བུ་མོ་རྒན་མོ་དར་མ་རྣམས་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེའུ་མོ་དམངས་མོ་མཐར་སྐྱེས་རྣམས་སམ་མིག་དང་ལག་པ་དང་བྲལ་རྣམ་ཆུ་སྣ་ནི་ཆད་མ་རྣམས། །མཐའ་དག་བྱང་ཆུབ་རྒྱུ་རུ་ཤེས་རབ་ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་དང༌། །བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་ཞོན་པས་སོ། ༡༣༨ །དང་པོར་བུད་མེད་གསང་བའི་ཕྱག་རྒྱར་འགྱུར་ཏེ་དམ་ཚིག་ལ་ནི་དཔལ་ལྡན་སྐྱེས་པ་མཆོག་ཕྱག་རྒྱ། །རྩེད་མོའི་ཡན་ལག་ལས་ཀྱི་ཕྱག་རྒྱར་འགྱུར་ཏེ་དབང་པོ་གཉིས་ཀྱི་བདེ་མཉམ་དག་གིས་ཆོས་ཕྱག་རྒྱ། །ཕོ་ཉ་མོ་རྣམས་དག་གི་དྲི་ལྔ་ལུས་དང་པདྨ་ལ་གནས་དེ་དག་རྣམས་ཀྱི་རིགས་ལྔ་སྟེ། །རང་བཞིན་ཡོན་ཏན་དབང་གིས་གླ་རྩི་དང་ནི་པདྨ་གཅིན་དང་ཤ་དང་རུལ་པའི་དྲི་རྣམས་སོ། ༡༣༩ །དཔལ་ལྡན་བཟང་མོ་པདྨ་ཅན་དུ་ངེས་འགྱུར་ཆུ་ལ་རྒྱུ་མ་སྣ་ཚོགས་མ་དང་གླང་ཆེན་མ། །དཔལ་ལྡན་སྒྲོལ་མ་གོས་དཀར་ཞེས་བྱར་འགྱུར་ཏེ་རིགས་ཀྱི་དབང་གིས་མཱ་མ་ཀཱི་དང་སྤྱན་མ་ཡང༌། །རྣལ་འབྱོར་པ་ནི་སེང་གེ་རི་དགས་རྟ་རུ་འགྱུར་ཏེ་ཁྱུ་མཆོག་གླང་པོ་རིགས་ཀྱི་དབྱེ་བ་ལས། །མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་དྲི་མེད་ནོར་བུའི་ཕྱག་དང་ཕྱག་ན་པདྨ་འཁོར་ལོ་ཅན། ༡༤༠ །ཡན་ལག་ཕྲ་ལྡན་སྐྲ་རྣམས་ཕྲ་ཞིང་རྐང་ལག་འཇམ་ལ་མཉེས་གཤིན་དཔལ་ལྡན་ཤིན་ཏུ་བཟང་མོའོ། །ཅུང་ཟད་ཕྲ་བ་དང་ལྡན་རིང་ཞིང་མིག་ནི་གཡོ་བ་མེད་ལ་སྐྲ་ནི་འཁྱོག་པ་པདྨ་ཅན། །ངོ་ཚ་མེད་ཅིང་འདོད་པ་དྲག་ལ་རྩོད་མང་ལ་དགའ་སྐྲ་ནི་ཤིན་ཏུ་ཆུང་བ་དུང་ཅན་མ། །རིང་ཞིང་ཡན་ལག་ཐམས་ཅད་རྫོགས་ལ་ངེས་པར་ཡང་བའི་ཡུལ་དང་སྐྲ་ནི་རིང་བ་སྣ་ཚོགས་མ། ༡༤༡ །སྦོམ་ཞིང་ཐུང་ལ་ཡན་ལག་


DTG011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ལྡན་ཤིན་ཏུ་སྲ་བའི་ཡུལ་དང་སྐྲ་ནི་སྦོམ་པ་གླང་ཆེན་མ། །ཕོ་ཉ་མོ་རྣམས་དག་པའི་རིགས་ནི་འགའ་ཞིག་དག་ཏུ་འདིར་འགྱུར་དུས་ཀུན་ཏུ་ནི་འདྲེས་པའི་རིགས། །སེང་གེ་དག་ཀྱང་འབྲོག་ན་གནས་ཤིང་ཡུལ་དང་རྣམ་བྲལ་འཇིགས་པ་མེད་ལ་གཏོང་བའི་ངང་ཚུལ་ཅན། །རི་དགས་མགྱོགས་འགྲོ་དང་ལྡན་འགྱུར་ཞིང་ཡང་པའི་ཡུལ་དང་སྐྲག་པའི་སེམས་ཏེ་ཤིན་ཏུ་འཇིགས་པའོ། ༡༤༢ །རྟ་ནི་ངེས་པར་འདོད་ལ་སྲེད་པར་འགྱུར་ཏེ་གཞན་དབང་གཅིན་གྱི་དྲི་དང་གཞན་དོན་གཉེར་བའོ། །ཁྱུ་མཆོག་རེངས་པའི་མིག་དང་དམན་པར་འགྲོ་ལྡན་རང་བཞིན་ཡོན་ཏན་བླུན་པོ་ཉ་ཡི་དྲི་རུ་འགྱུར། །གླང་ཆེན་འདོད་ལྡན་ངེས་པར་དལ་བར་འགྲོ་བར་འགྱུར་ཏེ་རུལ་པའི་དྲི་དང་ཤིན་ཏུ་རྨོངས་པའོ། །སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བ་ས་ཡི་སྟེང་གི་གནས་སུ་རིགས་ཀྱི་དྲི་ཡི་རང་བཞིན་ནོ། ༡༤༣ །མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་བ་ཡིས་རིག་པར་བྱ། །ཤིན་ཏུ་དགའ་བ་བྱས་ཀྱང་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡིས་མ་ཚིམ་དངོས་གྲུབ་སྦྱིན་མི་འགྱུར། །མཛེས་མ་ལྷ་མོ་དང་ནི་ཤ་ཟ་མོ་དང་མི་མོ་དང་ནི་སྲིན་མོ་ཀླུ་མོ་དག་ཏུ་འགྱུར། །མཛེས་མ་དཔལ་ལྡན་ཆོས་ཀྱི་དབྱིངས་སུ་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་མོ་སྒྲ་ཡི་རྡོ་རྗེ་མ། ༡༤༤ །ཤ་ཟ་མོ་ནི་དྲི་ཡི་རྡོ་རྗེར་འགྱུར་ཏེ་མི་མོ་དག་ཀྱང་གཟུགས་ཀྱི་རྡོ་རྗེ་མི་ཡི་དབང༌། །གདུག་པ་སྲིན་མོ་གང་ཡིན་དེ་ནི་ངེས་པར་རོ་ཡི་རྡོ་རྗེ་ཀླུ་མོ་རེག་བྱ་རྡོ་རྗེ་མ། །མཛེས་མ་སེམས་ཅན་ཕན་པ་བྱེད་མ་བརྟུལ་ཞུགས་ངེས་པ་ལ་དགའ་སྡོམ་དང་བསམ་གཏན་ངང་ཚུལ་ཅན། །ལྷ་མོ་ལོངས་སྤྱོད་ལ་ནི་རྗེས་ཆགས་འགྱུར་ཏེ་དྲི་མ་ལྡན་ཞིང་ལྷག་མ་ལ་ཆགས་ཤ་ཟ་མོ། ༡༤༥ །མི་མོ་འདོད་ལ་རྗེས་སུ་ཆགས་མ་སྲིན་མོ་མི་ཡི་ཁྲག་ལ་དགའ་ཞིང་གསོད་པའི་སེམས་མ་སྟེ། །ཀླུ་མོ་དག་ཀྱང་འོ་མའི་ཟས་ཅན་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར་པ་ཡིས་མཆོད་པར་བྱ། །དེ་བཞིན་གཞན་དུ་རང་བཞིན་རྣམས་ནི་རང་བཞིན་ཡོན་ཏན་དབང་གིས་རྣལ་འབྱོར་པ་ཡིས་རིག་པར་བྱ། །ས་ཡི་སྟེང་གི་གནས་སུ་མཁའ་སྤྱོད་ས་སྤྱོད་རྣམས་ནི་སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བའོ། ༡༤༦ །ཆང་ནི་ཤེས་རབ་རང་བཞིན་སྦྲང་རྩི་དང་བཅས་བུ་རམ་ལས་སྐྱེས་འབྲས་ལས་སྐྱེས་སམ་ཤིང་


DTG011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཏེ། །ཕྱག་རྒྱ་དང་བྲལ་གང་ཞིག་འཐུང་བྱེད་དེ་ནི་ཡུལ་ཅན་དུ་འགྱུར་བདུད་ཀྱི་ཚོགས་ཀྱིས་བསྐོར་བའོ། །དེ་ཕྱིར་ཤེས་རབ་ལྷག་ལྡན་སྡིག་པའི་དྲི་མ་འཕྲོག་ཅིང་སྔགས་པ་རྣམས་ལ་དངོས་གྲུབ་སྦྱིན་པར་འགྱུར། །ཕྱག་རྒྱ་གང་སུ་རུང་བ་འདིར་ནི་དམ་ཚིག་རྣམ་པར་བྲལ་བ་བཏུང་བའི་སླད་དུ་རབ་ཏུ་བྱ། ༡༤༧ །རྒྱལ་པོ་རི་བོང་མཚན་མ་གཅིག་པུ་ཐམས་ཅད་དུས་སུ་བསྟེན་པ་འཆི་བའི་འཇིགས་པ་འཕྲོག་བྱེད་ན། །ཤེས་རབ་ཆོས་འབྱུང་ལ་གནས་ཉིན་མོར་བྱེད་པ་དང་བཅས་རྣལ་འབྱོར་ལྡན་པ་དག་ནི་སྨོས་ཅི་དགོས། །མི་བསྐྱོད་དོན་ཡོད་གྲུབ་པ་རྒྱལ་བ་མཆོག་བཅས་ཁྱི་དང་རྟ་དང་བ་ལང་གླང་པོ་དང་ལྡན་པ། །ཉོན་མོངས་རྣམས་ཀྱི་རྡོ་རྗེ་དབྱུག་པ་ཕྱུགས་ཀྱི་སྐྱེ་བོ་འཇིགས་སྦྱིན་བརྒྱད་པ་གཞན་ནི་ཤིན་ཏུ་དྲག་༡༤༨ །ཁྱི་རྟ་བ་ལང་གླང་པོ་ལུག་དང་ར་དང་རི་དགས་བོང་བུ་ཕག་དང་རྔ་མོ་འདི་དག་ཕྱོགས། །ཀུམ་བྷཱི་ར་དང་འགྲོན་བུ་ཀུ་ལཱི་ར་དང་ཉ་དང་མ་ཀ་ར་དང་སྦལ་པ་རུས་སྦལ་དུང༌། །བསེ་དང་སྟག་དང་དོམ་དང་ནེའུ་ལེ་དང་བཅས་འབྲི་དང་ཅེ་སྤྱང་དང་ནི་སྲམ་དང་བྱི་ལ་དང༌། །འབྲོག་དགོན་ཁྱི་དང་སེང་གེ་དང་བཅས་ནོར་དང་བཅུ་སྟེ་འདི་ནི་འབྱུང་པོ་སྐྱེས་དང་ཁྲོ་བོ་སྐྱེས། ༡༤༩ །གོ་དྷཱ་བྱི་བ་ཤཱ་ལི་ཛཱ་ཏ་སྤྲེའུ་དང་ནི་རི་བོང་གཟུངས་མོ་ཨི་ཥུ་རྩངས་པ་བརྒྱད། །ཁེངས་ལྡན་འདབ་ཆགས་དང་ནི་ནེ་ཚོ་ཁུ་བྱུག་དག་དང་རི་སྐྱེགས་རབ་ཏུ་གསལ་བར་ཆུ་ཡི་གཏེར། །ལཱ་བ་ཕུག་རོན་གཞན་ནི་བྱ་དཀར་ཞེས་བྱ་ཙ་ཊ་ཀ་དང་དུར་པ་དང་ནི་ངང་པ་དང༌། །དཔལ་ལྡན་ཁྲུང་ཁྲུང་ཁུ་བྱུག་མིག་དང་ར་ཛ་ཀི་དང་བྷ་ག་བ་ཏཱི་ཏི་ཏི་རི་དང་བཞད། ༡༥༠ །ཆུ་ལ་འཇུག་པ་དང་ནི་ཆུ་སྐྱར་རོ་དང་བཅས་པའི་ནོར་རྣམས་རིམ་པ་ཡིས་ནི་རིག་པར་བྱ། །བྱ་རོག་བྱ་རྒོད་འུག་པ་རི་དགས་དགྲ་དང་གཙུག་ཕུད་ཅན་དང་བྱ་གག་བྷེ་ཏྲཱ་གྷཱ་ར་དང༌། །ཧོར་པ་ལྗོན་ཤིང་དགྲ་ནི་གཞན་ཏེ་བཅུ་པོ་ཁྲོ་བོ་ལས་སྐྱེས་ཁྲོ་བོ་ཡི་ནི་རིགས་སུ་འགྱུར། །མིག་སྔོན་དཔལ་ལྡན་ཙ་ཀོ་ར་དང་ཨ་ནཱི་ལ་དང་གུ་ད་མུ་ཁ་བུག་ཀི་རྐང་སྟེང་ཉལ། ༡༥༡ །བྷེ་རུ་ཎྜ་དང་ཨོཾ་བ་རཱི་ཀ་བརྒྱད་པ་མཆོག་གི་འདབ་ཆགས་སུ་འགྱུར་མི་ཡི་བདག་པོ་ཀྱེ། །སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་ཡི་སྲིད་པ་ལ་གནས་ས་སྤྱོད་མཁའ་ལ་སྤྱོད་རྣམས་ཀྱི། །རིགས་སུ་གྱུར་པའི་


DTG011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་མཐའ་དག་རྣམས་ནི་མཆོད་པའི་དུས་སུ་རྣལ་འབྱོར་པ་ཡིས་བཟའ་བར་བྱ། །རྨོངས་པས་གཏི་མུག་དག་ལས་གལ་ཏེ་སྤངས་ན་མི་ཡི་བདག་པོ་མྱུར་དུ་ཉམས་པར་རབ་ཏུ་འགྱུར། ༡༥༢ །སོ་དང་སྐྲ་དང་པགས་པ་ལ་སོགས་ཤ་བཅས་ཆུ་རྒྱས་དང་བཅས་རུས་པ་སྙིང་དང་པདྨ་དང༌། །ཤིག་དང་བ་སྤུ་སྲིན་བུ་དག་དང་རབ་མཆོག་མི་ཡི་བདག་པོ་གློ་བ་རྒྱུ་མཆུ་སོ་དག །བད་ཀན་མཁྲིས་པ་ཆུ་དང་རྣག་དང་སྣ་ཚོགས་ལུས་ལ་གནས་པ་ཁྲག་དང་རྡུལ་དང་ཚིལ་བུ་དང༌། །མཆི་མ་དག་དང་མཆིལ་མ་སྣབས་དང་དྲི་ཆུ་ཆུ་སེར་ཞག་དང་ཁ་དོག་དྲི་དང་བཤང་བ་དང༌། ༡༥༣ །ལྕེ་དང་མིག་དང་རྣ་བ་སྣ་དང་རི་བོང་ཅན་བཅས་ཉིན་བྱེད་རྣམས་ཀྱིས་ལྷ་རྣམས་མཆོད་པར་བྱ། །སུམ་ཅུ་རྩ་དྲུག་ཡི་གེ་རྣམས་ནི་རང་བཞིན་ཡོན་ཏན་དབང་གིས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱང༌། །སུམ་ཅུ་རྩ་དྲུག་ཁམས་ཀྱི་དབྱེ་བ་མཐའ་དག་ལུས་ལ་གནས་པའི་རིགས་དང་མཚན་མ་ཕྱག་རྒྱ་དང༌། །སུམ་ཅུ་རྩ་དྲུག་རྣལ་འབྱོར་རྒྱུད་ནི་ས་གཞི་དག་ལ་གནས་རྣམས་འདིར་ནི་རྣལ་འབྱོར་མ་རྣམས་ཀྱི། ༡༥༤ །ཆུ་དང་མཆོད་ཡོན་དྲི་དང་སྤོས་དང་མེ་ཏོག་དང་ནི་འབྲས་བུ་མ་ཉམས་པ་དང་མར་མེ་དང༌། །ལྷ་བཤོས་དག་དང་འདིར་ནི་ན་བཟར་འགྱུར་ཏེ་བཅུ་པོ་རྣམས་ནི་འཁོར་ལོ་འདུས་པ་དག་ལ་ཡང༌། །ཁུ་བ་གཅིན་དང་རྐང་དང་བཤང་བ་དག་དང་ཤ་དང་མཆིན་པ་དག་དང་མཁྲིས་པ་ཁྲག་དང་ནི། །རྒྱུ་མ་པགས་པ་རྣམས་ནི་རྒྱལ་པོ་རྣམ་པ་བཅུ་རུ་འགྱུར་ཏེ་འཁོར་ལོ་འདུས་པ་དག་ལ་ཡང༌། ༡༥༥ །རྡོ་རྗེ་དང་ནི་རལ་གྲི་མདའ་དང་པདྨ་འདབ་མ་བརྒྱ་པ་ལྔ་པ་འཁོར་ལོའི་མཚན་མ་སྟེ། །རྒྱུད་མངས་དང་ནི་མེ་ལོང་སྣོད་དུ་འགྱུར་ཏེ་མི་ཡི་བདག་པོ་མེ་ཏོག་ཕྲེང་བ་དག་དང་གོས། །དྲུག་པ་ཆོས་འབྱུང་ངེས་པར་ལག་པའི་མཐིལ་དུ་འགྱུར་ཏེ་སྒྲ་ཡི་རྡོ་རྗེ་ལ་སོགས་མཚན་མའོ། །དེ་བཞིན་གྲི་གུག་ལ་སོགས་བུམ་པ་ཞེས་དང་དེ་བཞིན་དུ་ནི་བཅུ་གཟར་གོས་ནི་སེར་པོ་དང༌། ༡༥༦ །ཁབ་བམ་ཡང་ན་ཐོ་བ་རབ་ཏུ་གསལ་ཞིང་ངེས་པ་དག་ཏུ་ཉ་ཡི་རྒྱ་དང་རྩེ་གསུམ་སྟེ། །དཔལ་མོའི་མཚན་མ་བརྒྱད་པ་རྡོ་བར་འགྱུར་ཏེ་མི་ཡི་བདག་པོ་འབྱུང་པོ་ལས་སྐྱེས་རྣམས་ཀྱིའོ། །རྨུགས་བྱེད་ལ་སོགས་རྣམས་ཀྱི་དམར་སྣོད་ཉིན་མོར་བྱེད་པ་དང་མཚུངས་


DTG011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱི་སྲིན་བུ་ཀུ་ཤ་དང༌། །ཆུ་གྲི་དང་ནི་མཐིལ་ལྷམ་དག་དང་སྤུ་གྲི་ཞེས་བྱ་དེ་བཞིན་ཤིང་ལྷམ་དག་དང་གདུགས་དང་ནི། ༡༥༧ །ཏོག་ཙེ་དང་ནི་འོད་མའི་དབྱུག་པ་ཁྲོ་སྐྱེས་རྣམས་ཀྱི་རང་གི་མཚན་མ་བཅུ་རུ་རབ་ཏུ་འགྱུར། །བ་ལང་རྭ་དང་ཁམ་ཕོར་རྒྱུད་ལྡན་འཕང་དང་ཤ་ཡི་གསལ་ཤིང་ལག་པའི་མཐིལ་དུ་འགྱུར་བ་སྟེ། །རྒྱུད་མངས་ཉེ་བའི་ཡན་ལག་དང་ནི་མདའ་དང་གཙུག་ཕུད་ཅན་གྱི་མཇུག་མ་འདིར་ནི་བརྒྱད་པར་འགྱུར། །སུམ་ཅུ་རྩ་དྲུག་མཚན་མའི་དབྱེ་བ་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར་པ་ཡིས་མཆོད་པར་བྱ། ༡༥༨ །སླར་ཡང་དམངས་རིགས་ལ་སོགས་མཚན་མར་འགྱུར་ཏེ་ཡོན་ཏན་དབང་གིས་ཨུཏྤལའམ་ཐོང་གཤོལ་ལོ། །རྒྱལ་རིགས་མ་ཡི་རིན་ཆེན་དར་དཔྱངས་སུ་འགྱུར་མི་ཡི་བདག་པོ་སྨྱུ་གུ་རིན་ཆེན་ཕྲེང་བ་ནི། །རྗེ་རིགས་མ་ཡི་དེ་བཞིན་དུ་སྟེ་དེ་བཞིན་ཆུ་ན་རྒྱུ་བ་དང་བཅས་ཟངས་སྣོད་གཉིས་སྐྱེས་མའི། །ཡུམ་གྱི་མཚན་མ་རྣམ་པ་བཞི་སྟེ་ཌ་མ་རུ་དང་རྔ་ཆེན་ཅོད་པན་ཉིད་དང་བགྲང་ཕྲེང་ངོ༌། ༡༥༩ །བཤང་བ་གཅི་བ་དང་ནི་ཁྲག་དང་ཤ་དང་བཅས་པ་ལྷ་མོ་རྣམས་ནི་བཞི་པོར་འགྱུར་བ་སྟེ། །རྣ་བ་སྣ་དང་མིག་དང་ལྕེ་དང་བཤང་ལམ་དང་ནི་བྷ་ག་སྒྲ་ཡི་རྡོ་རྗེ་ལ་སོགས་དྲུག །རྣག་དང་བད་ཀན་དང་ནི་ཤིག་དང་སྲིན་བུ་ཆུ་སེར་ཞག་དང་བ་སྤུ་སྐྲ་དང་བརྒྱད་པོ་ཡང༌། །རྒྱུ་མ་མཁྲིས་པ་རུས་པ་རྐང་དང་སྣ་ཚོགས་ལུས་ལ་གནས་པ་མཆིན་པ་དང་ནི་གློ་བ་དང༌། ༡༦༠ །རྩ་དང་པགས་པ་རྣམས་དང་སྙིང་དང་ཚིལ་བུ་ལྡན་པ་དག་ནི་བཅུ་རུ་འགྱུར་རོ་མི་ཡི་དབང༌། །རྣ་བ་དང་ནི་སྣ་དང་མིག་དང་ཁ་དང་བཤང་ལམ་དབུས་དང་བྷ་ག་དག་དང་མཆན་ཁུང་སོགས། །ལུས་ཀྱི་ཡན་ལག་བརྒྱད་ལ་གནས་པའི་དྲི་མ་མི་ཡི་བདག་པོ་ལྷ་མིན་མོ་རྣམས་བརྒྱད་དུ་འགྱུར། །སེན་མོ་དང་བཅས་སོ་དང་ཡན་ལག་བཅུ་གཉིས་ཐོད་པ་རྣལ་འབྱོར་མ་རྣམས་བརྒྱད་པ་བརྒྱད་དུ་འགྱུར། ༡༦༡ །བཤང་བ་གཅི་བ་ཁྲག་དང་ཤ་ནི་སྣ་ཚོགས་ལུས་ལ་གནས་པ་གནས་ཀྱི་དབྱེ་བ་དག་ལ་བཞི། །རྣ་བ་སྣ་དང་མིག་དང་ལྕེ་དང་བཤང་ལམ་དག་དང་བྷ་ག་ཞིང་གི་དབྱེ་བ་ལ་ཡང་དྲུག །རྣག་ལ་སོགས་པ་སྐྲ་ཡི་བར་ནི་ས་ཡི་སྟེང་གི་གནས་སུ་ཚན་དོ་ཧ་ཡི་དབྱེ་བ་བརྒྱད། །རྒྱུ་མ་ལ་སོགས་


DTG011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་གྱི་བར་ནི་ཕྱོགས་ཞེས་བྱ་བ་མི་བདག་འདུས་པའི་རབ་ཏུ་དབྱེ་བ་རྣམས། ༡༦༢ །རྣ་བ་ལ་སོགས་ཡན་ལག་བརྒྱད་ཀྱི་ལུས་ལ་ངེས་པར་རྣམ་མང་དྲི་མ་དུར་ཁྲོད་རབ་དབྱེ་རྣམས། །དུས་མེ་ཟླ་བ་ཉི་མ་སྒྲ་གཅན་རབ་ཏུ་གསལ་ཞིང་ངེས་པར་གནས་ཀྱི་དབྱེ་བ་དག་ལ་བཞི། །ས་སྐྱེས་ཟླ་སྐྱེས་སྔགས་པ་པ་སངས་སྤེན་པ་གདེངས་ཅན་རྣམས་ནི་ཞིང་གི་དབྱེ་བ་ལ་ཡང་དྲུག །ས་དང་ཆུ་དང་མེ་དང་རླུང་རྣམས་དང་ནི་ས་སྐྱེས་ཆུ་སྐྱེས་མེ་སྐྱེས་རླུང་ལས་སྐྱེས་པ་དག་༡༦༣ །བརྒྱད་ནི་ཚན་དོ་ཧ་ཡི་དབྱེ་བ་རྣམས་ཏེ་སླར་ཡང་དེ་བཞིན་རོ་དྲུག་དྲི་དང་ཁ་དོག་དང༌། །རེག་བྱ་སྒྲ་ནི་དེ་བཞིན་ཉིད་དུ་རབ་ཏུ་གསལ་བར་འདུས་པ་བཅུ་ཡི་རབ་ཏུ་དབྱེ་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་ནི་ཟད་པ་དག་ཀྱང་མདུན་དང་གཡོན་དང་གཡས་དང་རྒྱབ་ཏུ་སྟེ། །ཁ་དོག་ལ་སོགས་བཞི་པོ་རྣམས་ནི་ཕྱོགས་བྲལ་དག་ཏུ་ཐིམ་པ་དུར་ཁྲོད་བརྒྱད་ཀྱི་དབྱེ་བ་རྣམས། ༡༦༤ །གནས་ནི་སྒྲོལ་མ་ལ་སོགས་ཁྱིམ་སྟེ་གསལ་བར་སྒྲ་ཡི་རྡོ་རྗེ་ལ་སོགས་དེ་བཞིན་ཞིང་དུ་བརྗོད། །ཚན་དོ་ཧ་ནི་ཙ་རྩི་ཀཱ་ལ་སོགས་པར་རབ་ཏུ་འགྱུར་ཏེ་མི་བདག་འདུས་པ་རྨུགས་བྱེད་སོགས། །དུར་ཁྲོད་ཁྱི་གདོང་མ་ལ་སོགས་པ་མཆོག་གི་སར་གནས་རྩ་བའི་གནས་དང་གསང་བར་བཅས་པ་ནི། །ཡུམ་གྱི་ཁྱིམ་རྣམས་གཉིས་ཏེ་དེ་དག་རབ་ཏུ་གསལ་བར་ས་ལ་མཐར་སྐྱེས་མ་དང་མཐར་སྐྱེས་མ། ༡༦༥ །གནས་ནི་བུད་མེད་གསང་བའི་པདྨར་རབ་འགྱུར་དམ་ཚིག་དག་ལ་རྡོ་རྗེ་ཉིད་ནི་ཉེ་བའི་གནས། །ཞིང་དང་ཚན་དོ་ཧ་དང་འདུས་པ་དག་དང་དུར་ཁྲོད་ས་གཞི་དེ་བཞིན་དེ་ལྟར་མཐའ་དག་གོ །གནས་ནི་གཡོན་གྱི་ཡན་ལག་དག་དང་མདུན་ཏེ་གཞན་དང་དེ་བཞིན་གཡས་པ་དག་ཀྱང་ཉེ་བའི་གནས། །དེ་ལྟར་ཞིང་ལ་སོགས་པ་ཐམས་ཅད་ལག་པ་རྐང་པ་ལ་གནས་སོར་མོའི་མཐའ་ཡི་མཚམས་སུའོ། ༡༦༦ །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ལྷ་མོ་ཆུ་གཏེར་དུ་འགྱུར་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས། །ཤེས་རབ་བྱང་ཆུབ་ཡན་ལག་ཡུམ་སྟེ་གཞན་པ་དག་ཀྱང་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག །ཆུ་གཏེར་ཡང་དག་སྤོང་བ་རྣམས་དང་གཞན་པ་ཆུ་གཏེར་རྫུ་འཕྲུལ་རྐང་པ་རྣམས་ཏེ་བརྒྱད་དུ་འགྱུར། །ཁྲོ་བོ་ལྔ་ནི་སྟོབས་རྣམས་དག་སྟེ་རབ་ཏུ་གསལ་ཞིང་


DTG011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་དབང་པོ་རྣམས་ནི་ལྔ་ཉིད་དོ། ༡༦༧ །ཡང་དག་ཡན་ལག་བརྒྱད་ཀྱི་ལམ་ནི་མི་ཡི་བདག་པོ་ལྷ་མིན་དག་ལས་སྐྱེས་པ་བརྒྱད་དུ་འགྱུར། །སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཏེ། །དེ་དག་མཐའ་དག་རྣལ་འབྱོར་མ་རྣམས་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། །དེ་ལྟར་གནས་ལ་སོགས་པ་ཐམས་ཅད་མི་ཡི་བདག་པོ་ཕྱི་དང་ལུས་ལ་ཡང་ནི་དེ་བཞིན་འགྱུར། ༡༦༨ །སངས་རྒྱས་པ་དང་ཞི་བ་པའམ་གཅེར་བུ་སྐལ་ལྡན་ཞེས་དང་དེ་བཞིན་གཙང་གནས་བྲམ་ཟེའམ། །ཐོད་པ་ཅན་དང་སྐྲ་འབལ་དང་ནི་གོས་དཀར་དག་དང་ཞིང་སྐྱོང་རིགས་ཅན་དང་ནི་ཐུབ་པ་དང༌། །སྨྱོན་པའི་གཟུགས་ཅན་དག་དང་སྡིག་པ་མེད་པའི་སེམས་ལྡན་མཁས་པ་དང་ནི་གྲགས་པ་ཉིད་འགྱུར་ཏེ། །རྣལ་འབྱོར་པ་ནི་དངོས་གྲུབ་དོན་སླད་མཐའ་དག་ཡོན་ཏན་གཏེར་ཏེ་དེ་ཉིད་ཐོབ་པ་མི་ཡི་དབང༌། ༡༦༩ །མཐེ་བོ་དང་ནི་མཛུབ་མོ་དག་དང་སླར་ཡང་དེ་བཞིན་དུ་ནི་གུང་མོ་དང་ནི་མིང་མེད་དང༌། །དེ་ཡི་མཐར་ནི་ངེས་པར་མཐེའུ་ཆུང་མཐའ་དག་ཡོན་ཏན་གཏེར་དུ་རྣལ་འབྱོར་པ་ཡིས་རིག་པར་བྱ། །ཕྱག་རྒྱའི་དོན་དུ་མིང་གི་དབྱེ་བར་འགྱུར་ཏེ་ཡོན་ཏན་དབང་གིས་སོར་མོ་རྣམས་ཀྱི་རིམ་པས་སོ། །བཅིང་བ་བརྗོད་ན་རྡོ་རྗེ་བཅིང་བར་འགྱུར་ཏེ་ངེས་པར་ཁུ་ཚུར་བཅིང་བ་ལ་ཡང་དེ་བཞིན་ནོ། ༡༧༠ །ཁུ་ཚུར་བརླ་ཡི་སྟེང་དུ་རྡོ་རྗེ་གདན་ལ་གནས་པ་རྒྱལ་བའི་བདག་པོའི་རྡོ་རྗེའི་ཕྱག་རྒྱར་འགྱུར། །སྐྱིལ་ཀྲུང་ལ་ནི་ལག་པ་གཡོན་པར་འགྱུར་ཏེ་གཡས་པ་པུས་མོའི་ཕྱོགས་ནས་ས་ལ་སོན་གྱུར་པ། །ས་ལ་རེག་པ་མི་བསྐྱོད་ཕྱག་རྒྱ་སླར་ཡང་ལག་པ་གཡས་པ་མཆོག་སྦྱིན་ཕྱག་ན་རིན་ཆེན་གྱི། །གཡོན་གྱི་སྟེང་དུ་ལག་པ་གཡས་པ་གན་རྐྱལ་མཉམ་པར་གནས་པ་ཕྱག་ན་པདྨ་དག་གིར་འགྱུར། ༡༧༡ །གཡོན་པ་སྐྱིལ་ཀྲུང་སྟེང་དུ་གཞན་པ་ལག་པའི་མཐིལ་ན་འཇིགས་པ་མེད་པ་ཕྱག་ན་རལ་གྲི་ཡི། །གཡས་ཀྱི་ཁུ་ཚུར་གཡས་མིན་ལ་སྟེ་ངེས་པར་སླར་ཡང་གཞན་གྱི་མཛུབ་མོ་ཁུ་ཚུར་བཅིངས་པ་ལ། །གསལ་བར་སྙིང་གར་སོན་པ་རྣམ་པར་སྣང་མཛད་ཕྱག་རྒྱ་གཞན་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ནི། །མཛུབ་མོ་མཐེ་བོ་སྦྱར་


DTG011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདུ་བུ་བཞིན་དུ་གྱུར་པ་དང་ནི་གུང་མོ་ལ་སོགས་བརྐྱང་པའོ། ༡༧༢ །ལག་པ་གཡོན་ལ་ཤིན་ཏུ་གང་བའི་དྲི་མེད་རི་བོང་འཛིན་པ་གཡས་ལ་རྡོ་རྗེ་ཉི་མ་སྟེ། །ཉི་མ་ཟླ་བ་སྦྱར་བ་ལ་གནས་འཇིགས་བྱེད་རྡོ་རྗེ་ཁྲོ་བོ་ལས་སྐྱེས་རྩེ་མོ་ལྔ་པ་ནི། །བསྒོམས་ནས་ཡན་ལག་ལ་ནི་རེག་བྱ་ཅོད་པ་ན་དང་བཅས་མགོ་ནས་བརྩམས་ཏེ་རྐང་པའི་མཐའ་ཉིད་དུའོ། །འདི་ནི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཔལ་ལྡན་མཆོག་གི་ཕྱག་རྒྱ་སྡིག་པའི་དྲི་མ་འཕྲོག་པའོ། ༡༧༣ །གང་ཞིག་ཅུང་ཟད་གཟུང་བར་བྱ་བའི་དངོས་པོ་ས་སྐྱེས་ཆུ་སྐྱེས་མངལ་སྐྱེས་དྲོད་གཤེར་སྐྱེས་སོགས་དང༌། །བཟའ་བ་བཏུང་བ་བརྩོན་འགྲུས་དང་བཅས་བླ་མ་དང་ནི་ཞབས་དག་ལ་ཡང་ཕྱག་རྒྱས་རེག་པར་བྱ། །གང་གང་བྱ་བ་ཉེ་བར་སྦྱོར་བར་འགྱུར་བ་ཡོན་ཏན་དབང་གིས་དེ་ལ་དེ་ནི་སྦྱར་བར་བྱ། །ས་ལ་སོགས་ལ་དཀྱིལ་འཁོར་དོན་དང་རྐང་པ་བགྲོད་པ་ལ་ཡང་རྣལ་འབྱོར་པ་ཡིས་བསྣུན་པར་བྱ། ༡༧༤ །ལག་པ་དག་གིས་རྡོ་རྗེ་བཅིངས་པ་ཡིས་ནི་ངེས་པར་ཁྲོ་བོའི་མགོན་བོ་ཆེན་པོའི་ཕྱག་རྒྱར་འགྱུར། །མཛུབ་མོ་ཐོག་མཐའ་བཅིངས་ཤིང་ཁུ་ཚུར་བཅིངས་པས་གཙོ་བོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་ཡི། །མཚན་མའི་རྣམ་པ་དག་ཀྱང་ལྷག་མ་རྣམས་ཏེ་རབ་གསལ་ངེས་པར་ལྷ་དང་ལྷ་མོ་རྣམས་ཀྱིའོ། །ལག་པ་དག་གིས་རྡོ་རྗེ་བཅིངས་ལ་གཡོ་བའི་གདེངས་ཀའི་རྣམ་པ་གདེངས་ཅན་རྣམས་ཀྱི་ཕྱག་རྒྱར་འགྱུར། ༡༧༥ །མཐེ་བོ་དག་དང་མཐེའུ་ཆུང་སྦྱར་བ་པདྨའི་འདབ་མ་དང་མཚུངས་གུང་མོ་དག་ནི་བརྐྱང་བ་དང༌། །མཛུབ་མོ་གཉིས་ནི་ཟླ་བ་ཕྱེད་པ་མིང་མེད་འོག་ཏུ་བསྐུམ་པ་རང་གི་ལག་མཐིལ་སོན་གྱུར་པ། །ཕྱག་རྒྱ་འདི་ནི་རྡོ་རྗེ་ཅན་གྱི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་བསྟན་པར་བྱ་བའོ། །རྩིབས་ཀྱི་རྣམ་པ་སོར་མོ་རྣམས་ཏེ་ལག་པ་གཉི་གའི་མཐིལ་དུ་མཐེ་བོ་ལ་སོགས་མཐའ་དག་རྣམས། ༡༧༦ །ལག་པ་གཉིས་ནི་རྡོ་རྗེ་བཅིངས་པ་རྡོ་རྗེར་འགྱུར་ཏེ་རྡོ་རྗེ་ཁུ་ཚུར་དག་གིས་དྲིལ་བུར་བཅས། །ཁུ་ཚུར་ཕྱེད་པ་མཛུབ་མོ་དང་ནི་གུང་མོ་མདའ་དང་མཚུངས་པ་དག་ཀྱང་རལ་གྲི་རྣོན་པོར་འགྱུར། །མཛུབ་མོ་ལ་སོགས་རྩེ་གསུམ་སླར་ཡང་བཀྲམ་པ་དག་སྟེ་ཁུ་ཚུར་ཕྱེད་པ་ཡིས་ནི་རྩེ་གསུམ་ལ། །དཔལ་ལྡན་གྲི་གུག་ཁུ་ཚུར་བཅིངས་ཤིང་


DTG011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་མཐེའུ་ཆུང་ཟླ་བ་ཕྱེད་པ་འཇིགས་པ་བྱེད་པར་འགྱུར། ༡༧༧ །རྣ་བའི་སྟེང་དུ་ཁུ་ཚུར་བཅིངས་ཤིང་མཐེ་བོང་གུང་མོའི་སྟེང་དུ་འགྱུར་ཏེ་མདའ་ཡི་མཆོག་ལའོ། །ཁུ་ཚུར་བཅིངས་ཤིང་མཛུབ་མོ་ཤིན་ཏུ་འཁྱོག་པོར་འགྱུར་རོ་མི་བདག་དེ་བཞིན་ཉིད་དུ་ལྕགས་ཀྱུ་ལའོ། །རྩ་བར་མཛུབ་མོ་མིང་མེད་དུ་འགྱུར་མདའ་དང་མཚུངས་པའི་སྟེང་དུ་གུང་མོ་ཡང་ནི་མདུང་ལ་སྟེ། །ཐད་ཀར་ཁུ་ཚུར་དབྱུག་པ་ལའོ་ལག་མཐིལ་ཤིན་ཏུ་མཉམ་ལ་མཐེ་བོ་བརྐྱང་བ་དགྲ་སྟ་ལ། ༡༧༨ །སྟེང་དུ་ཁུ་ཚུར་གཉིས་དང་མཛུབ་མོར་འགྱུར་ཏེ་ལྷ་མིན་བདག་པོ་གླང་ཆེན་པགས་པ་དག་ལའོ། །མཆེ་བ་ལ་ནི་ལག་པ་གཉི་གའི་མཐིལ་དུ་ཁུ་ཚུར་བཅིངས་ཤིང་མཐེའུ་ཆུང་ཟླ་བ་ཕྱེད་པའོ། །ཁེ་ཊ་ཀ་ལ་དཔུང་པ་གཡོན་པ་རབ་ཏུ་བརྐྱང་ཞིང་ལག་པའི་མཐིལ་ནི་སྟེང་དུ་སོན་པར་འགྱུར། །ཁ་ཊྭཱཾ་ག་ལ་ཁུ་ཚུར་བུག་པར་འགྱུར་ཏེ་ངེས་པ་ཉིད་དུ་ཕྲག་པར་མཐེའུ་ཆུང་བརྐྱང་བའོ། ༡༧༩ །སོར་མོ་བུག་པ་མེད་པའི་ལག་པ་པད་འདབ་ལྟ་བུ་སྟེང་དུ་བྱས་པ་དཔལ་ལྡན་ཐོད་པ་ལ། །གཞུ་ལ་ལག་པ་གན་རྐྱལ་ཁུ་ཚུར་དུ་འགྱུར་ངེས་པར་དཔུང་པ་གཡོན་པ་རབ་ཏུ་བརྐྱང་བའོ། །གུང་མོ་དག་ནི་མཛུབ་མོ་འཁྱོག་པོ་ཀུན་དུ་བརྟེན་པར་འགྱུར་ཏེ་ངེས་པར་རྡོ་རྗེ་ཞགས་པ་ལ། །རིན་ཆེན་ལ་ནི་སྦྱར་བའི་སོར་མོར་འགྱུར་ཏེ་མི་བདག་དེ་དག་རྣམ་པར་ཕྱེ་བ་པདྨ་ལ། ༡༨༠ །ཆུ་ན་རྒྱུ་བ་ལ་ནི་མཛུབ་མོ་མཐེ་བོ་སྦྱར་བར་འགྱུར་ཏེ་མཐེ་བོའི་འོག་ཏུ་ཁུ་ཚུར་རོ། །མེ་ལོང་ལ་ནི་ཤིན་ཏུ་མཉམ་པའི་ལག་མཐིལ་སོར་མོ་བུག་མེད་དང་བཅས་མངོན་དུ་ཕྱོགས་པར་འགྱུར། །མཐེ་བོ་ལ་ནི་མཛུབ་མོ་ལ་སོགས་སྟེང་དུ་འཁྱོག་པོ་རིམ་པར་ཡོངས་སུ་བཀོད་པ་ལྕགས་སྒྲོག་ལའོ། །མགོ་པོ་ལ་ནི་མཐེ་བོ་ལ་སོགས་བཞི་པོ་གདོང་དང་མཚུངས་ཤིང་འོག་ཏུ་མཐེའུ་ཆུང་བསྐུམ་པའོ། ༡༨༡ །ཅོད་པན་ལ་ནི་ལག་པ་དག་གིས་དུང་གི་ཕྱག་རྒྱ་མཛུབ་མོ་གཉིས་པོ་སྦྱར་བ་ཉིད་དུ་འགྱུར། །ལག་མཐིལ་དག་གི་རྒྱབ་ཏུ་སོར་མོ་ལྔ་པོ་རྣམས་ནི་གཅིག་ཏུ་སྦྱར་བ་དག་ཀྱང་རྣ་རྒྱན་ལ། །ལག་པའི་རྒྱབ་ཏུ་སོར་མོ་རྣམས་ནི་རིམ་པར་ཡོངས་སུ་བཀོད་ཅིང་བཅིངས་པ་མགུལ་བའི་རྒྱན་ལ་སྟེ། །ལག་པ་གཉི་གའི་སོར་མོ་གསུམ་ནི་ཕན་ཚུན་སྦྱར་ཅིང་ཐོག་


DTG011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བསྐུམ་པ་དག་ནི་སྐ་རགས་ལ། ༡༨༢ །ཁུ་ཚུར་བཅིངས་ནས་མཐེ་བོང་དག་དང་གུང་མོ་གཉིས་པོ་ཟླུམ་སྐོར་ལྟ་བུར་བྱས་པ་རྐང་གདུབ་ལ། །དེ་བཞིན་དུ་ནི་དཔུང་རྒྱན་ཟུང་དང་གདུ་བུ་ལ་ཡང་མཛུབ་མོ་ཕན་ཚུན་སྦྱར་བ་དག་ཏུ་འགྱུར། །མཐེ་བོ་མཁའ་འགྲོ་མ་རྣམས་དག་གི་མཆོག་གི་རིགས་སུ་འགྱུར་ཏེ་མཛུབ་མོ་གསང་བ་པ་རྣམས་ཀྱི། །དྲི་ཟ་རྣམས་དང་གདེངས་ཅན་རྣམས་ཀྱི་གུང་མོ་མིང་མེད་དག་ནི་རིམ་པར་ཡོངས་སུ་བཀོད་པའོ། ༡༨༣ །འབྱུང་པོ་རྣམས་ཀྱི་དཔལ་ལྡན་མཐེའུ་ཆུང་རབ་མཆོག་ལག་པའི་མཐིལ་ནི་སྲིན་པོ་རྣམས་ཀྱི་རིགས་སུ་འགྱུར། །གྲུབ་པ་རྣམས་ཀྱི་ཁུ་ཚུར་བཅིངས་པ་མཆོག་གི་རིགས་ཏེ་ཚིགས་ཀྱི་མཆམས་ནི་ལྷ་རྣམས་ངག་གིའོ། །ལག་པ་གཉི་གའི་མཐིལ་དུ་སོར་མོ་ལྔ་པོ་ཕྱེད་འཁྱོག་རིགས་ཀྱི་ཕྱག་རྒྱ་སྡེར་མོ་ཅན་རྣམས་ཀྱི། །ཁུ་ཚུར་བཅིངས་ལས་མཛུབ་མོ་གཉིས་པོ་ཕྱེད་འཁྱོག་ངེས་པར་མགོ་བོར་སོན་པ་རྭ་ཅན་རྣམས་ཀྱིའོ། ༡༨༤ །མི་མཉམ་ལག་པའི་མཐིལ་ལ་མཐེའུ་ཆུང་ཕན་ཚུན་བཅིངས་ཤིང་གཤོག་པ་སྦྱར་བ་སྒོང་སྐྱེས་རྣམས་ཀྱི་སྟེ། །སོར་མོ་ལྔ་པོ་རྩེ་མོ་འཁྱོག་པ་གདེངས་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་ཁྱད་པར་འཕགས་པར་འགྱུར། །ཉིན་ཞག་སོ་སོའི་གཏོར་མ་ལ་ནི་མཛུབ་མོའི་མཐའ་རྣམས་རབ་བརྐྱང་གཞན་པ་འོག་ཏུ་སྦྱར་བྱས་པ། །འབར་བ་དག་ལ་མཐེ་བོ་སྦྱར་ཏེ་མཆོག་གི་ལག་མཐིལ་དག་གི་མཛུབ་མོ་བརྐྱང་བ་གཞན་པའོ། ༡༨༥ །མཛུབ་མོ་བསྟན་ན་ལེགས་པར་འོངས་སམ་དག་ཀྱང་ངེས་པར་བརྗོད་པར་འགྱུར་ཏེ་རྣལ་འབྱོར་པ་ལ་ཡང༌། །གཉིས་ཀྱིས་ཤིན་ཏུ་ལེགས་པར་འོངས་དང་སྐལ་བཟངས་དགེ་བ་མཐེ་བོ་བཅིངས་པས་རབ་ཏུ་བརྗོད་པར་འགྱུར། །སོར་མོའི་སེ་གོལ་རྡེབས་པ་ཁྱོད་ནི་འདི་རུ་སྔགས་པ་མཆོག་ཅེས་ངེས་པར་བརྗོད་པར་འགྱུར་བ་སྟེ། །མཐེ་བོ་དང་ནི་མིང་མེད་དག་གིས་དམ་ཚིག་བཅས་པའི་ཆང་གིས་ཁྱོད་ནི་ཚིམ་པར་བྱེད་པའོ། ༡༨༦ །སོར་མོ་ཐམས་ཅད་རྩེ་མོ་བརྐྱང་བས་སྐལ་བཟངས་ལེགས་པར་འོངས་པ་བརྗོད་འགྱུར་རྣལ་འབྱོར་པ་ལ་ཡང༌། །གཡོན་གྱི་ཡན་ལག་རེག་པས་རྟག་ཏུ་ཁྱོད་ནི་བདག་གི་གཉེན་གཅིག་པུ་དག་རབ་ཏུ་གསལ་བར་བྱེད། །སྐྱེ་གནས་


DTG011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་རེག་པས་གཙོ་བོ་མཆུ་དང་ནུ་མ་ཟུང་དང་ངེས་པར་སེན་མོ་འདེབས་པས་ཀྱང༌། །སོར་མོ་ཕན་ཚུན་བཅིངས་ཤིང་གུང་མོ་དང་ནི་མཐེ་བོ་བརྐྱང་བས་དམ་ཚིག་རྗོད་པར་བྱེད་པ་ཡིན། ༡༨༧ །མཆུ་དང་སྨིན་མ་མིག་དག་ཡོ་ཞིང་མགོ་ལ་འཕྲུག་པར་བྱེད་ན་ཤིན་ཏུ་རྨོངས་པ་བརྗོད་པར་བྱེད། །མཆེ་བའི་དབུས་སུ་མཐེ་ཆུང་དང་ནི་སྙིང་ག་ཁ་རུ་མཛུབ་མོ་འཇིགས་པ་རབ་ཏུ་གསལ་བར་བྱེད། །མཐེ་བོ་ཁུ་ཚུར་བཅིངས་པ་དང་ནི་ལག་པ་རྐང་པ་ས་ལ་རྡེབས་ན་ང་ཡིས་བཟའ་བར་བྱ། །ལྕེ་ལ་རེག་ན་ཟོས་པ་དང་ནི་ལྟོ་དང་སོ་ལ་བསྣུན་པ་དག་གིས་མ་ཟོས་པ་ཉིད་དོ། ༡༨༨ །ལག་པའི་རྒྱབ་ཀྱིས་སོད་ཅིག་ངེས་པར་རབ་ཏུ་བརྗོད་དེ་མངོན་དུ་ཕྱོགས་པས་འདུག་ཅིག་འདུག་ཅིག་གོ །བྱིན་པ་བརླ་ལ་ཉེད་ན་སྐལ་བཟངས་ཁྱོད་ནི་དེ་རིང་ཁོ་ན་ངལ་སོ་ངེས་པར་རྗོད་པར་བྱེད། །རྐང་པ་རབ་ཏུ་རྐྱོང་བས་གཉིད་དང་པུས་མོ་ཟུང་དག་རྐྱོང་བ་བདག་ལ་ཤིན་ཏུ་དགའ་བ་གྱིས། །ཡན་ལག་ཀུན་ལ་རེག་པར་བྱེད་ཅིང་ཁ་རུ་ལག་པ་གནས་པ་བདག་ལ་འདུས་པ་མེད་པའོ། །༡༨༩ །ཕན་ཚུན་ལག་པ་བཅིངས་པས་བདག་གི་ཁྱིམ་དུ་དེ་རིང་འཁོར་ལོ་འདུས་པ་དག་ནི་རྗོད་པར་བྱེད། །མཐེ་བོ་མིང་མེད་རྩེ་མོ་དག་གིས་རྣམ་མང་དམ་ཚིག་རྣམས་ཀྱིས་ཇི་ལྟར་འདོད་པར་མཆོད་པར་བྱ། རྐང་པ་ལ་ནི་འཕྲུག་པར་བྱེད་ན་དེ་བཞིན་དུ་ནི་ཕྱི་རོལ་འདུས་པ་དག་ལ་འགྲོ་བ་ཡང༌། །མཛུབ་མོ་ཕན་ཚུན་བཅིངས་ན་རྡོ་རྗེའི་གྲོགས་པོ་ཁྱོད་ནི་དི་རིང་འཇིགས་པ་འཕྲོག་པར་བྱེད་པའོ། ༡༩༠ །སྐྲ་ནི་རང་གི་སོ་ཡིས་གཅོད་ན་མི་ཡི་ཕྱུགས་ཁྱོད་འདིར་ནི་ལྟུང་བར་བྱ་བ་རྗོད་པར་བྱེད། །སོ་ནི་ཕན་ཚུན་འདར་བར་བྱེད་ན་ཁྱོད་ཀྱི་ཤ་ནི་འདི་དག་བདག་གིས་དི་རིང་བཟའ་བར་བྱ། །ལྕེ་མཆུ་གཡོ་བར་བྱེད་ན་ཁྱོད་ཀྱི་ལུས་ལས་ཁྲག་ནི་བཏུང་བར་བྱའོ་ངེས་པར་རྗོད་པར་བྱེད། །མཆུ་ལ་སོ་ནི་འདེབས་པར་བྱེད་ན་ཁྱོད་ཀྱི་རྒྱུ་མ་ལྟོ་བར་གནས་འདི་བདག་གིས་བཟའ་བར་བྱ། ༡༩༡ །སྒེག་པའི་སྦྱོར་བ་ཡིས་ནི་སྒེག་པར་འགྱུར་ཏེ་མི་ཡི་བདག་པོ་བཞད་པའི་སྦྱོར་བས་བཞད་པའོ། །གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ་རྣམ་པ་མང་པོའི་རོལ་མོའི་སྦྱོར་བས་རོལ་མོའོ། །གླུ་ཡི་སྦྱོར་བ་ཡིས་ནི་


DTG011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་སྟེ་མཆོག་གི་ཡོན་ཏན་རྣམ་མང་དྲི་ཡི་སྦྱོར་བ་དག་གིས་དྲི། །ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ་ཡོན་ཏན་དབང་གིས་སྤོས་ཀྱི་སྦྱོར་བདག་གིས་སྤོས། ༡༩༢ །མར་མེའི་རྣམ་པས་མར་མེ་ངེས་པར་མུན་པ་བཅོམ་པ་དང་ནི་སྣོད་ཀྱི་ཕྱག་རྒྱ་བདུད་རྩིར་འགྱུར། །ཞེས་པ་དེ་ལྟར་ཕྱག་རྒྱ་ཐམས་ཅད་སླར་ཡང་དེ་ནས་ལྔ་ཡི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། །གཞན་པ་ཕྱག་རྒྱ་མཐའ་ཡས་རྣམས་ཀྱང་མཐའ་དག་ལུས་ལ་གནས་པ་རྣལ་འབྱོར་པ་ཡིས་རིག་པར་བྱ། །གང་གང་དངོས་པོའི་རང་བཞིན་དུ་འགྱུར་ས་ཡི་སྟེང་དུ་དེ་ཡི་རང་བཞིན་དག་ཀྱང་ཕྱག་རྒྱ་རྣམས། ༡༩༣ །ཕོ་ཉ་མོ་ནི་འཕྲེད་ལ་ལྟ་བས་ཁྱོད་ནི་གང་ཞིག་ནས་འོངས་སྐལ་པ་བཟང་ལ་རྗོད་པར་བྱེད། །མགོ་བོར་ལག་བཞག་དེ་ཡི་ཕྱོགས་སུ་ངེས་པར་བལྟས་པ་རྣལ་འབྱོར་པ་ཡིས་ལན་ནི་སྨྲས་པར་འགྱུར། །སྟེང་དུ་ལྟ་བས་ཁྱོད་ནི་དགེ་འམ་ས་ཡི་སྟེང་དུ་གནས་པས་ཁྱོད་ནི་འདུག་ལ་ངལ་སོ་ཅིག །ཡོན་པོར་ལྟ་བས་ཁྱོད་སོང་ཆགས་པའི་ལྟ་བས་ཕོ་ཉ་མོ་ནི་ཤིན་ཏུ་དགའ་བ་རྗོད་པར་བྱེད། ༡༩༤ །ཞི་བའི་ལྟ་བས་བདག་གི་གྲོགས་པོ་ཁྲོ་གཉེར་ཁྲོ་བོའི་ལྟ་བས་འཇིགས་པ་རབ་ཏུ་གསལ་བར་བྱེད། །སྐྲ་ལ་ལྟ་བས་བདག་ནི་མ་རུངས་པར་བརྗོད་སྐལ་བཟངས་ལ་ནི་རང་གི་རང་བཞིན་ཟུར་གྱིས་སོ། །མཛོད་སྤུར་ལྟ་བས་བདག་མཆོག་རྣལ་འབྱོར་མ་ནི་སྣ་ལ་ལྟ་བས་ཡོན་ཏན་རབ་ཏུ་གསལ་བར་བྱེད། །མཆུ་ལ་ལྟ་བས་སྐལ་པ་བཟང་སྟེ་ནུ་མ་ཟུང་ལ་ལྟ་ན་བདག་ནི་ཕྱག་རྒྱ་བཟང་མོར་བརྗོད། ༡༩༥ །སྙིང་གར་ལྟ་བས་བསྒོམས་པའི་བདག་ཉིད་ལག་པ་ཟུང་ལ་ལྟ་ན་བདག་ནི་རབ་ཏུ་གཏུམ་མོར་བརྗོད། །ཕྲག་པར་ལྟ་བས་བདག་ནི་ནུས་མ་སེན་མོ་དང་བཅས་ལག་པའི་མཐིལ་ལ་ལྟ་ན་སྲིན་མོའོ། །རྒྱབ་ཏུ་ལྟ་ན་ལག་འགྲོ་མ་སྟེ་ལྟེ་བར་ལྟ་བས་མི་ཡི་དབང་པོ་བདག་ནི་དམ་ཚིག་ཅན། །གསང་བར་ལྟ་བས་བདག་ནི་དག་པ་བརླ་ལ་ལྟ་བས་བདག་ནི་ཤིན་ཏུ་དགའ་ལ་གདུལ་བར་དཀའ། ༡༩༦ །པུས་མོར་ལྟ་བས་བདག་ནི་གྲུབ་པ་ངེས་པར་རྗོད་བྱེད་རྐང་པར་ལྟ་བས་རྫུ་འཕྲུལ་སྦྱིན་པ་མོ། །རྐང་པའི་མཐེ་བོ་ངེས་པར་ལྟ་ན་བདག་ནི་སྲིད་པར་རྡོ་རྗེའི་སྐུ་སྟེ་དཔའ་མོ་གཅིག་པུ་དང༌། །སོར་མོ་


DTG011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྩེ་མོར་ལྟ་བས་སྲིད་པ་གསུམ་གྱི་གནས་སུ་ཀུན་ཏུ་འགྲོ་མ་སྣ་ཚོགས་ཡུམ། །ཕོ་ཉ་མོ་རྣམས་ལྟ་སྟངས་ཉིད་ནི་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། ༡༩༧ །དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་དག་གི་ནི་ཡན་ལག་མཆོག་ཀྱང་སྦྱིན་པ་སྟེ། ལས་ཀྱི་དབང་པོ་རྣམས་ཀྱི་ངག་དང་དབང་པོ་རྣམས་ཀྱི་ནང་ན་ཡོན་ཏན་དང་བཅས་ཡིད་དག་ཀྱང༌། །ཁམས་ཀྱི་ཆ་ཤས་ཁམས་ཀྱི་ནང་ན་རྐང་གཉིས་པ་དང་ཕྱུགས་ཀྱི་ཚོགས་ཀྱི་དེ་ཉིད་ཆ་ཡིས་གཞན། །མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པ་སློབ་དཔོན་ལ་ནི་རབ་ཏུ་ཕུལ་ན་བདེ་བའི་གནས་སུ་འགྲོ། ༡༩༨ །སེམས་ཅན་གང་དག་རྣམ་གསུམ་སྲིད་པར་གནས་རྣམས་འཇིག་རྟེན་ཁམས་ལས་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུ་ཡིས། །བཀུག་སྟེ་དེ་དག་མཐའ་དག་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་སངས་རྒྱས་རྣམས་དང་རྡོ་རྗེ་ཡི། །བདུད་རྩི་མངོན་པར་དབང་བསྐུར་ནས་ནི་དྲི་མེད་རི་བོང་ཅན་ལུས་རྡོ་རྗེ་ཅན་གྱི་ལམ་ཐོབ་པ། །དྲི་མ་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་རྣམས་རང་གི་གནས་སུ་གཏང་བར་བྱ། ༡༩༩ །རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ། །དེ་བཞིན་དུ་བལ་སོགས་ལམ་དང་མཐའ་དག་ཡོན་ཏན་གཏེར་ནི་རྩ་ཡི་རྣལ་འབྱོར་ལྡན་པ་སྟེ། །བསྟན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་གི་སྙིང་གི་དབང་སོན་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ། །གཞན་རྣམས་ལ་ནི་རྒྱལ་བ་མཆོག་གི་སྙིང་པོ་ཡུམ་གྱི་མཆོད་པ་རྣམ་དམན་སྦྱིན་པ་ཉིད་མི་བྱ། ༢༠༠ །དབང་གི་མཐར་ནི་དཔལ་ལྡན་བུམ་པ་རྣམས་ཀྱི་འཇམ་ཞིང་ལུས་ལ་བདེ་སྟེར་སྟོད་ཀོར་གོས་ཟུང་དག །དཔལ་ལྡན་རྣལ་འབྱོར་མ་རྣམས་དག་ལ་སྦྱིན་བྱ་གཞན་ཡང་དེ་བཞིན་སྟོད་ཀོར་དང་ནི་གོས་ཟུང་དག །སྒོ་ན་གནས་པ་རྣམས་ལ་རབ་སྦྱིན་མཐའ་དག་ཡོན་ཏན་རིགས་ལ་བདག་ཉིད་ནུས་པས་དེ་བཞིན་གཞན། །མཐར་ནི་སྦྱིན་སྲེག་བྱས་ནས་རང་གི་སྙིང་གའི་པདྨར་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་བྱ་སྟེ། ༢༠༡ །འཇིག་རྟེན་པ་རྣམས་རང་གི་གནས་སུ་མཐའ་དག་རྡུལ་ཚོན་དག་ཀྱང་དག་པའི་ཀླུང་ལ་སྤྱན་དྲང་བྱ། །ཏཱཾ་བཱུ་ལ་དང་དྲི་


DTG011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མེ་ཏོག་འབྲས་བུར་བཅས་དང་རས་ཡུག་དག་ནི་གཞོན་ནུ་མ་རྣམས་ལ། །བྱིན་ནས་སློབ་དཔོན་སློབ་མར་བཅས་པས་མཐའ་དག་ཚོགས་ཀྱི་རིགས་ནི་ཇི་ལྟར་འདོད་པར་མཆོད་བྱས་ཏེ། །སློབ་མ་ལ་ནི་གནང་བ་རབ་བྱིན་རབ་མཆོག་ཚོགས་ཀྱི་རིགས་ནི་རང་རང་གནས་སུ་གཤེགས་སུ་གསོལ། ༢༠༢ །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང༌། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་བྱེད་ནང་དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུག་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་ཉིན་ཞག་སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། ༢༠༣ །དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བའི་དཔལ་དུས་ཀྱི་འཁོར་ལོ་ལས་མངོན་པར་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།


previousགསུམ་པ། མངོན་པར་དབང་བསྐུར་བའི་ལེའུ།next