Nitartha Digital Library
Tibetan
 
previousབཞི་པ། སྒྲུབ་ཐབས་ཀྱི་ལེའུ།next

བཞི་པ། སྒྲུབ་ཐབས་ཀྱི་ལེའུ།


DTG010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྐྱེད་མཛད་བདག་གིས་དབང་བསྐུར་བདུན་པོ་རྣམས་དང་བུམ་པ་དང་ནི་གསང་བའི་དབང་དག་དང༌། །ཤེས་རབ་ཡེ་ཤེས་དབང་བསྐུར་སྲིད་པའི་འཇིགས་པ་འཇོམས་པ་རྣལ་འབྱོར་དག་གིས་བགྲོད་བྱ་བཞི་པ་ཐོབ། །སླར་ཡང་རྒྱལ་བ་མཆོག་དང་བཅས་པ་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་ཡང་དག་པར་ནི་བདག་ཞུའོ། །ཟླ་བ་བཟང་པོའི་ཚིག་གསན་ནས་ནི་རྒྱལ་བའི་བདག་པོས་རྡོ་རྗེ་ཅན་དག་གི་ཡང་སྒྲུབ་ཐབས་གསུངས། ༡ །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ནི་བསྒྲུབ་པར་བྱ། ༢ །སྐྱེད་མོས་ཚལ་ལམ་རི་བོ་དང་ནི་རྒྱལ་བ་མཆོག་གི་གནས་དང་ལྷ་ཡི་གནས་ནི་སྟོང་པ་དང༌། །གྲུབ་པའི་གནས་དང་དུར་ཁྲོད་དང་ནི་མཚོ་དང་བཟང་པོའི་གནས་དང་དེ་བཞིན་ཉིད་དུ་སྦས་པའི་ས། །གང་དུ་སེམས་ནི་རབ་ཏུ་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་


DTG011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་མི་ཡི་བདག་པོ་ཀྱེ། །ངེས་པར་འཇམ་པའི་མལ་སྟན་དག་དང་གདན་ལ་ཉེ་བར་འདུག་ནས་སྔར་བརྗོད་བསྲུང་བ་བྱས་ནས་ནི། ༣ །དང་པོར་སྙིང་གར་ཟླ་བའི་དབུས་སུ་དེ་ཉིད་འོད་ཟེར་སྣ་ཚོགས་རྣམས་ནི་ཕྱོགས་བཅུར་བསྒོམ་པར་བྱ། །ཁ་ལ་སོགས་པ་དག་པ་བྱས་ནས་སླར་ཡང་ནམ་མཁའ་དག་ལ་སྤྲོས་པའི་རྒྱལ་བ་རྣམས་ལ་ནི། །མཆོད་པ་རྣམ་པ་སྣ་ཚོགས་བྱས་ནས་སྡིག་པ་རྣམ་པ་མང་པོ་བསགས་པ་དག་ནི་བཤགས་བྱས་ཏེ། །སྒྲུབ་པ་པོ་ཡིས་ལུས་དང་ངག་དང་སེམས་རྣམས་དག་པ་ཡིས་ནི་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། ༤ །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་བྱས་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་གྲོལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། ༥ །སྟོང་པ་དངོས་པོའི་ངོ་བོའི་རང་བཞིན་འགྲོ་བ་མཐའ་དག་འདི་ནི་དངོས་པོ་དག་གིས་རྣམ་པར་དམན། །དེ་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན་སྙིང་རྗེ་དག་དང་མཚན་མའི་དམ་བཅའ་མེད་པ་སྟེ། །མཐའ་དག་དེ་ལྟར་ཤེས་ནས་དེ་ལྟ་ན་ཡང་མི་ཡི་བདག་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དཔག་མེད་ཡོན་ཏན་དཀྱིལ་འཁོར་དབང་པོ་དཀྱིལ་འཁོར་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ། ༦ །ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་དག་གིས་བྱ། །ཕྱི་ནས་འཛིན་མ་དག་ནི་ཆུ་རུ་འགྱུར་ཏེ་ལན་ཚྭ་བཞིན་དུ་ཆུ་ཡི་དབུས་སུ་རབ་ཏུ་ཞུགས། །རླུང་ནི་ཆུ་བོ་དེ་དག་བསྐམས་ནས་ནམ་མཁའ་ལ་ནི་སྣང་བ་མིན་པར་མྱུར་དུ་འགྲོ་བར་འགྱུར། །སེམས་ནི་མེ་དང་མུན་པའི་མཐའ་མ་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱིས་ལ་གཞག་པར་བྱ། ༧ །སྟོང་པ་རླུང་མེ་ཆུ་དང་ས་དང་ལྷ་ཡི་རི་བོ་ཆུ་སྐྱེས་ཟླ་བ་ཉི་མ་མེ་རྣམས་ནི། །ཁང་པ་བརྩེགས་པ་ཀུན་ནས་དྲི་མེད་འོད་ཟེར་འཕྲོ་བ་འམ་ནི་རྡོ་རྗེ་ལས་སྐྱེས་གུར་དག་གོ །དེ་ཡི་དབུས་སུ་རྡོ་རྗེའི་ས་ལ་ནོར་བུའི་འོད་


DTG011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཚོགས་ཀྱི་དཀྱིལ་འཁོར་རྣམ་པར་འཕྲོ་བ་སྟེ། །ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པདྨ་ཟླ་བ་དང་ནི་ཉི་མ་དག་གི་གདན། ༨ །ཕྱི་རོལ་དུ་ནི་གསུང་གི་དཀྱིལ་འཁོར་ནོར་བུ་པདྨ་འདི་ནི་ཟླ་བ་ཉི་མས་རྣམ་པར་དམན། །ཕྱི་རོལ་ཕྱོགས་དང་ཟུར་གྱི་ཆར་ནི་ཉིན་མོར་བྱེད་པའི་པདྨ་སྒོ་ཡི་དབུས་སུ་ཤིང་རྟ་རྣམས། །ཉི་མའི་སྒོ་རྣམས་སུ་ནི་རྒྱལ་པོ་ནོར་བུ་གསེར་གྱི་རང་བཞིན་རྟ་བབས་རྣམས་དང་དུར་ཁྲོད་དང༌། །སྙིང་པོར་བརྒྱད་གཉིས་ཀ་བ་རྡོ་རྗེའི་རང་བཞིན་ཤིན་ཏུ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྒྱལ་བ་ཡི། ༩ །ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་རྡོ་རྗེ་དང་བཅས་མེ་ལོང་ལ་སོགས་ལྔ་རྣམས་ཀྱིས། །འོད་ཟེར་ལྔ་རྣམས་འགྱེད་པར་བྱེད་ཅིང་དྲི་མ་མེད་པའི་ཟེར་འཕྲོ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །རྡོ་རྗེའི་རྒྱན་དང་ལྡན་པའི་ལུས་དང་རྒྱལ་བའི་ཕྱག་གི་པདྨ་ཉི་མའི་དཔུང་པ་དུས་ཀྱི་ཞལ། །མགྲིན་པ་གསུམ་དང་ཉི་མའི་སྤྱན་ཏེ་རྣམ་པར་རྒྱས་པའི་ཞལ་ཡང་མཆེ་བ་ཕྱེད་ནི་གཙིགས་པའོ། ༡༠ །དཔལ་ལྡན་ཨོཾ་ཡིག་ལས་སྐྱེས་རྒྱལ་བའི་བདག་པོའི་པདྨར་ཟླ་བ་ཉི་མ་མེ་ཡི་སྟེང་དུ་ནི། །དྲག་པོ་ལུས་མེད་གཉིས་ཀྱི་སྙིང་གར་རྒྱལ་བའི་དབང་པོ་ཤིན་ཏུ་རོལ་པའི་ཞབས་ནི་གཡས་བརྐྱང་སྟབས། །གཡས་པ་དམར་པོའི་མཆོག་གི་ཞབས་ཀྱི་འོག་ཏུ་བདུད་དེ་དཀར་པོ་གཡོན་པར་ཡང་ནི་དྲག་པོའོ། །དབུས་དང་གཡས་དང་གཡས་མིན་མགྲིན་པ་དག་ཀྱང་བུང་བ་ཉི་མ་དང་མཚུངས་ཟླ་བ་དག་གི་མདོག་༡༡ །ཕྲག་པ་སྔོན་པོ་དང་ནི་དམར་དང་རི་བོང་འཛིན་པ་ལྟར་དཀར་གཡས་པ་དང་ནི་གཡོན་དུ་ཡང༌། །གཡས་དང་གཡས་མིན་དཔུང་པ་གཉིས་གཉིས་དག་ནི་གནག་དང་ཉི་མའི་ལུས་དང་ཟླ་བའི་མདོག་རྣམས་ཏེ། །དེ་བཞིན་ངེས་པར་མཚོན་ཆ་དག་དང་བཅས་པའི་ཕྱག་རྣམས་དག་ཀྱང་བརྒྱད་གསུམ་གྱིས་ནི་རིམ་པས་སོ། །ཕྱག་གི་པདྨ་རི་བོང་ཅན་ལ་ཚིགས་གསུམ་སོར་མོ་ལྔ་པོ་རྣམས་ནི་ཁ་དོག་ལྔ་རྣམས་འཕྲོ། ༡༢ །གནག་དང་དམར་དང་དཀར་བའི་རབ་མཆོག་ཕྱག་གི་མཐིལ་དུ་མཚོན་ཆའི་ཚོགས་ནི་ཡང་དག་གནས་པ་ཡང༌། རྡོ་རྗེ་རལ་གྲི་དག་དང་རྩེ་གསུམ་པ་དང་སྲིད་པ་འཇིགས་བྱེད་གྲི་གུག་དང་ནི་མེ་ཡི་མདའ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་


DTG011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་སྒྲ་དང་བཅས་པའི་ཌ་མ་རུ་དང་ཐོ་བ་འཁོར་ལོ་ཉིད། །མདུང་དང་དབྱུག་པ་དགྲ་སྟ་རྣམས་ནི་རྡོ་རྗེ་ཅན་གྱི་ཉི་མའི་ཕྱག་གི་པདྨ་གཡས་ལའོ། ༡༣ །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ག་ནི་རྣམ་པར་རྒྱས་པའི་ཁ་དང་ཁྲག་གིས་གང་བའི་ཐོད་པ་དང༌། །གཞུ་དང་ཞགས་པ་རིན་ཆེན་པདྨ་ཆུན་རྒྱུ་བ་དག་དང་མེ་ལོང་དང་ནི་ལྕགས་སྒྲོག་དང༌། །ཚངས་པའི་མགོ་བོ་པདྨས་བརྒྱན་པ་རིག་བྱེད་གདོང་ལྡན་གང་ཡིན་རྒྱལ་བའི་གཡོན་གྱི་ཕྱག་ནའོ། །བདུད་དང་དྲག་པོའི་ལྷ་མོ་དག་ནི་ཞབས་ཀྱི་མཐིལ་ལ་འཛིན་ཅིང་གདོང་ནི་དམན་པ་དག་ཏུ་བྱེད། ༡༤ །གསེར་མདོག་རིག་བྱེད་ཞལ་ལྡན་ནོར་གྱི་ཕྱག་གི་པདྨས་འཁྱུད་པ་དག་ནི་སྣ་ཚོགས་ཡུམ་ཡིན་ཏེ། །གཡས་ན་གྲི་གུག་ལྕགས་ཀྱུ་ངེས་པར་སྒྲ་དང་བཅས་པའི་ཌ་མ་རུ་དང་བགྲང་ཕྲེང་རིམ་པས་སོ། །གཡོན་ན་ཐོད་པ་ཞགས་པ་དང་ནི་འདབ་མ་བརྒྱ་པའི་པདྨ་མཆོག་གི་རིན་ཆེན་དེ་བཞིན་ཉིད། །གཡོན་བརྐྱང་ཉི་མའི་སྤྱན་དང་རྒྱལ་བའི་བདག་པོའི་ཅོད་པན་ཕྱག་རྒྱ་རྣམས་ཀྱིས་རྒྱ་ཡིས་བཏབ་པའོ། ༡༥ །འདབ་བརྒྱད་ལ་ནི་ལྷ་མོ་བརྒྱད་རྣམས་ནོར་གྱི་ཕྱག་གི་པདྨ་རིག་བྱེད་ཞལ་དང་ཉི་མའི་སྤྱན། །དེ་དག་རྣམས་ལས་བཞི་ནི་སྤྲུལ་གྱི་རྔ་ཡབ་འཛིན་ཏེ་ཟུར་དུ་རྒྱལ་བའི་ཞལ་གྱི་དབྱེ་བས་སོ། །དབང་ལྡན་བདེན་བྲལ་དང་ནི་རྩེ་མོ་ཅན་དང་རླུང་གི་ཟུར་དུ་ཆོས་ཀྱི་དུང་དང་ག་ཎྜཱི་དང༌། །དེ་བཞིན་ཡིད་བཞིན་ནོར་བུར་འགྱུར་ཏེ་ངེས་པར་དེ་བཞིན་དུ་ནི་དཔག་བསམ་ཤིང་དུ་རིམ་པས་འགྱུར། ༡༦ །ནག་མོ་ཡིས་ནི་དང་པོའི་ཕྱག་གི་མཐིལ་ན་སྤོས་ཀྱི་སྣོད་དང་གཉིས་པ་དག་ན་བསིལ་བའི་སྣོད། །དམར་པོ་སྦྱར་བ་གསུམ་པ་ན་སྟེ་མྱོས་བྱེད་དང་བཅས་རི་བོང་འཛིན་པ་གཡས་ཀྱི་ཕྱག་བཞི་ན། །གཡོན་ན་དྲིལ་བུ་པདྨ་ལྷ་ཡི་ཤིང་གི་མེ་ཏོག་དང་ནི་མེ་ཏོག་ཕྲེང་བ་རིམ་པས་སོ། །དམར་མོའི་གཡས་ན་མར་མེ་དོ་ཤལ་དག་དང་ཅོད་པན་དང་བཅས་གདུ་བུ་རྣམས་ཏེ་ཕྱག་གཡོན་ན། ༡༧ །གོས་དང་སྐ་རགས་དང་ནི་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་རྣ་རྒྱན་དང་ནི་རྐང་གདུབ་བོ། །སེར་མོའི་གཡས་ཀྱི་ཕྱག་ན་དུང་དང་གླིང་བུ་ནོར་བུ་དང་བཅས་ཌ་མ་རུ་ནི་རིམ་པས་ཏེ། །གཡོན་ན་རྒྱུད་མངས་དང་ནི་རྔ་དང་སིལ་སིལ་རབ་ཏུ་


DTG011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པའི་འཁར་བ་དག་དང་ཟངས་དུང་ངོ༌། །འོ་མ་ཆུ་དང་སྨན་དང་ཆང་དང་བདུད་རྩི་རོ་དང་འབྲས་བུ་ཟན་གྱི་སྣོད་ནི་དཀར་མོ་ཡི། ༡༨ །ཕྱོགས་ཀྱི་པདྨར་ཆུ་གཏེར་སངས་རྒྱས་རྣམས་ནི་ངེས་པར་སྤྱན་དགུ་མེ་ཡི་ཞལ་དང་དུས་ཀྱི་ཕྱག །ཟུར་དུ་སྒྲོལ་མ་ལ་སོགས་ལྷ་མོ་རྣམས་དང་སླར་ཡང་དེ་དག་མཚམས་བརྒྱད་དུ་ནི་བུམ་པ་བརྒྱད། །ལྷ་དང་ལྷ་མོ་གནག་དང་དམར་དང་སེར་བ་དང་ནི་རི་བོང་འཛིན་པ་ལྟ་བུར་དཀར་བ་སྟེ། །ནག་པོ་དཀར་པོ་ཟླ་བའི་སྟེང་དུ་ཡང་ན་ཕྱོགས་བྲལ་དུ་གནས་དམར་པོ་སེར་པོ་ཉི་མའི་སྟེ། ༡༩ །མཁའ་སྙིང་ལ་སོགས་རྩིག་པ་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་རེག་བྱ་རྡོ་རྗེ་མ་ལ་སོགས། །ཤར་དང་ཕྱོགས་གཞན་གྱི་ནི་གཡས་དང་གཡས་མིན་པདྨ་དག་ལ་ཀུན་ཏུ་བཟང་པོ་དེ་བཞིན་ཉིད། །དཔལ་ལྡན་ཕྱག་ན་རྡོ་རྗེ་ངེས་པར་སྒྲ་ཡི་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་ནི་རིམ་པས་སོ། །རྨུགས་བྱེད་རེངས་བྱེད་ཁེངས་བྱེད་དག་སྟེ་ཤིན་ཏུ་སྟོབས་ཤེས་གང་ཡིན་སྒོ་སྐྱོང་དེ་ནི་ཤར་དུའོ། ༢༠ །ཤེས་རབ་ཕང་བར་ཐབས་ནི་རི་བོང་འཛིན་པའི་པདྨ་ལ་སྟེ་ལྷ་རྣམས་ཀྱི་ཡང་ལྷ་མོའོ། །གཉིས་པོ་དག་ནི་རང་གི་ཕྱག་གི་ཆུ་སྐྱེས་རང་རང་མཚན་མས་མཚན་པ་དག་གིས་ཕན་ཚུན་འཁྱུད། །མཚན་མ་གང་ཞིག་གང་གི་གཡས་ཀྱི་དང་པོའི་ཕྱག་མཐིལ་ན་སྟེ་དེ་ཡི་ཕྱག་རྒྱ་ཆུ་སྐྱེས་དམན། །ཤེས་རབ་ཐབས་ཀྱིས་འཁོར་ལོ་མཆོག་གི་བདེ་བར་གནས་པ་པདྨ་དང་ནི་རྡོ་རྗེའི་གདན་གྱིས་བཞུགས། ༢༡ །ནག་པོ་རྣམས་ཀྱི་གཡས་ཀྱི་ཕྱག་ན་རལ་གྲི་གྲི་གུག་དག་དང་སྲིད་པ་འཇིགས་བྱེད་རྩེ་གསུམ་སྟེ། །གཡོན་པའི་ཕྱག་གི་མཐིལ་དུ་ཕུབ་དང་ཐོད་པ་དག་དང་ཁ་ཊྭཱཾ་ག་ནི་དཀར་པོ་ཉིད་དུ་འགྱུར། །མདའ་དང་རྡོ་རྗེ་ལྕགས་ཀྱུ་སྒྲ་དང་བཅས་པའི་ཌ་མ་རུ་ནི་གཡས་ཀྱི་ཕྱག་ན་རིམ་པ་ཡིས། །གཞུ་དང་ཞགས་པ་དག་དང་དྲི་མེད་འཕྲོ་བའི་ནོར་བུ་དམར་པོ་རྣམས་ཀྱི་གཡོན་ན་དེ་བཞིན་ཉིད། ༢༢ །སེར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་ན་འཁོར་ལོ་དབྱུག་པ་དང་ནི་འཇིགས་བྱེད་རྡོ་རྗེ་རིམ་པས་ཏེ། །གཡོན་དུ་དཔལ་ལྡན་དུང་དང་ལྕགས་སྒྲོག་དང་ནི་ངེས་པར་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུར་འགྱུར། །རི་བོང་འཛིན་པ་ལྟ་བུར་དཀར་བ་རྣམས་ཀྱི་གཡས་ན་དཔལ་


DTG011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐོ་བ་མདུང་དང་རྩེ་གསུམ་སྟེ། །གཡོན་ན་པདྨ་དཀར་པོ་འདབ་མ་བརྒྱ་དང་ལྡན་པ་དག་དང་མེ་ལོང་དང་ནི་བགྲང་ཕྲེང་ངོ༌། ༢༣ །ལྗང་གུ་རྣམས་ཀྱི་གཡས་སུ་རྡོ་རྗེ་གྲི་གུག་དང་ནི་དགྲ་སྟར་རིམ་པས་རབ་ཏུ་འགྱུར་བ་སྟེ། །གཡོན་དུ་དྲིལ་བུ་དང་ནི་ཐོད་པ་མཐའ་དག་ཡོན་ཏན་གཏེར་དང་ཚངས་པའི་གདོང་པ་དེ་ཉིད་དོ། །ལྷ་མོ་སྔོན་མོ་རྣམས་དག་གི་ཡང་རང་བཞིན་ཡོན་ཏན་དབང་གིས་དེ་བཞིན་དུ་ནི་རིག་པར་བྱ། །གནག་དང་དམར་དང་དཀར་དང་མཆོག་གི་གསེར་དང་མཚུངས་པ་ཤར་གྱི་ས་ལ་སོགས་པའི་ལྷ་མོ་རྣམས། ༢༤ །དུ་བ་ལ་སོགས་ལྷ་མོ་བརྒྱད་པོ་དོར་ནས་རྒྱལ་བའི་བདག་པོའི་པདྨ་དག་ལ་རེས་འགའ་ནི། །དཔལ་ལྡན་འཁོར་ལོ་སྙིང་པོའི་དབུས་སུ་མི་ཡི་བདག་པོ་ཉི་ཤུ་ལྔ་ཡི་བདག་ཉིད་དུ་ཡང་འགྱུར། །རང་གི་སེམས་ཀྱི་ནུས་པ་ཤེས་ནས་བཅོམ་ལྡན་འདི་ཡང་རྣལ་འབྱོར་པ་རྣམས་དག་གིས་བསྒོམ་པར་བྱ། །དབང་གི་དོན་དུ་དཀྱིལ་འཁོར་དག་ནི་རིགས་ཀྱི་དབང་གིས་ཕྱི་ཡི་འཁོར་ལོ་རབ་ཏུ་དམན་པར་འགྱུར། ༢༥ །ཕྱི་རོལ་དུ་ནི་བརྒྱད་པ་བརྒྱད་ཀྱིས་པད་འདབ་བརྒྱད་པོ་རྣམས་ལ་ཕྱོགས་བརྒྱད་ལྷ་མོ་རྣམས་དང་ནི། །ཙ་རྩི་ཀཱ་སོགས་རྣལ་འབྱོར་མ་རྣམས་ཟླ་བ་ཉི་མ་དང་བྲལ་རིག་བྱེད་ཕྱག་དང་སྤྱན་གསུམ་མ། །ཤར་གྱི་པདྨར་ཙ་རྩི་ཀཱ་སྟེ་མེར་ནི་མཁའ་འགྲོའི་བདག་པོས་འགྲོ་མ་ཕག་མོ་གདོང་དྲུག་མ། །གཤིན་རྗེ་བདེན་བྲལ་ཟུར་དག་ཏུ་སྟེ་ཆུ་བཅས་རླུང་དུ་རྡོ་རྗེ་ལག་དང་ཆུ་གཏེར་གདོང་མའོ། ༢༦ །དྲག་མོ་དཔལ་མོ་བྱང་དང་དབང་ལྡན་དུ་སྟེ་མཚོན་ཆ་དང་བཅས་ཐབས་ཀྱི་སྐུ་ལ་འཁྱུད་པའོ། །བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་གང་པདྨའི་འདབ་མ་ལ་གནས་གཙོ་མོའི་ཁ་དོག་ཞལ་རྣམས་སོ། །ཤར་ལ་སོགས་པར་དང་པོའི་ཕྱག་གི་མཐིལ་ན་གྲི་གུག་དང་ནི་རྩེ་གསུམ་འཁོར་ལོ་བེ་ཅོན་དང༌། །དབྱུག་པ་རལ་གྲི་དང་ནི་མདུང་ཐུང་ལྕགས་ཀྱུ་དག་ནི་གཡས་ཀྱི་ཕྱག་གི་པདྨ་ཟུང་ལའོ། ༢༧ །རྡོ་རྗེ་མདའ་དང་པདྨ་དང་ནི་དྲི་མེད་གློག་མཚུངས་ཚངས་པའི་དབྱུག་པ་དག་དང་རྩེ་གསུམ་དང༌། །སྣ་ཚོགས་རིན་ཆེན་གྱིས་བཅིངས་སྒྲ་དང་བཅས་པའི་ཌ་མ་རུ་དང་པདྨ་ཉིད་དང་བགྲང་ཕྲེང་སྟེ། །གཡོན་ན་ཐོད་པ་དང་ནི་ཁ་ཊྭཱཾ་ག་དང་པདྨ་དུང་དང་ལྕགས་


DTG011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་དག་དང་ཕུབ་དང་ནི། །ངེས་པར་རིན་པོ་ཆེ་དང་ཞགས་པ་སྒྲ་ནི་རབ་ཏུ་སྒྲོགས་པའི་རྡོ་རྗེ་དྲིལ་བུ་གཞུ་དག་དང༌། ༢༨ །སྤྱི་བླུགས་སྣོད་དང་ཁ་ཊྭཱཾ་ག་དང་སྤྲུལ་དང་དེ་ནས་ཆུ་ལས་སྐྱེས་དང་རིན་པོ་ཆེ་ཉིད་དེ། །པདྨ་ནོར་འདབ་ལ་ནི་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་ཡི་ཕྱག་གི་མཚོན་ཆ་དེ་བཞིན་ནོ། །འཇིགས་མ་དྲག་མོ་དུས་ཀྱི་མཆེ་བ་མེ་འབར་གདོང་མ་རླུང་གི་ཤུགས་མ་དང་ནི་རབ་གཏུམ་མ། །དྲག་སྤྱན་མ་དང་སྣ་ཆེན་མ་རྣམས་ཙི་རྩི་ཀཱ་ཡི་པདྨ་ནོར་འདབ་ལ་ནི་ཕྱོགས་རྣམས་སུ། ༢༩ །གཡང་མོ་སྒྱུ་མ་གྲགས་དཔལ་རབ་མཆོག་རྣམ་པར་རྒྱལ་མ་དཔལ་ལྡན་རྒྱལ་མ་དཔལ་ལྡན་རྒྱལ་བྱེད་མ། །བརྒྱད་པ་དཔལ་ལྡན་འཁོར་ལོ་ཅན་མ་ནོར་འདབ་པདྨ་ལ་ནི་ཁྱབ་འཇུག་མ་ཡི་ཕྱོགས་ཀྱི་ཆར། །ཀེང་རུས་མ་དང་དུས་ཀྱི་མཚན་མོ་རབ་ཏུ་ཁྲོས་པའི་གདོང་མ་དུས་ཀྱི་ལྕེ་དང་གཙིགས་མ་དང༌། །ནག་མོ་འཇིགས་རུང་གཟུགས་ངན་མ་རྣམས་ནོར་འདབ་པདྨ་ལ་སྟེ་ཕག་མོའི་འདབ་མའི་ལྷ་མོ་ལའོ། ༣༠ །པདྨ་ལུས་མེད་གཞོན་ནུ་མ་དང་རི་དགས་བདག་པོས་འགྲོ་མ་རིན་ཆེན་ཕྲེང་བ་མིག་བཟང་མ། །རུལ་མ་བཟང་མོ་གང་ན་གཙོ་མོ་མཆོག་གི་རྨ་བྱས་འགྲོ་མའི་ཆུ་སྐྱེས་འདབ་ལ་རྒྱལ་པོ་ཀྱེ། །རྡོ་རྗེ་འོད་དང་རྡོ་རྗེ་ལུས་དང་མཆོག་གི་གསེར་ལྡན་ཨུ་རྦ་སཱི་དང་བཀྲ་བའི་རི་མོ་དང༌། །ར་མྦྷ་ཟུག་མེད་ཤིན་ཏུ་སྒྲོལ་མ་པདྨ་ནོར་འདབ་རྡོ་རྗེ་ལག་མ་ལྷག་པའི་ལྷ་ཅན་ལའོ། ༣༡ །སཱ་བི་ཏྲཱི་དང་པདྨའི་མིག་དང་ངེས་པར་ཆུ་སྐྱེས་ཅན་མ་བློ་དང་ངག་གི་དབང་ཕྱུག་མ། །གཱ་ཡ་ཏྲཱི་དང་གློག་ཉིད་དྲན་མ་དག་ཀྱང་པདྨ་རིག་བྱེད་གདོང་ནི་ལྷག་པའི་ལྷ་ཅན་ལ། །གཽ་རཱི་གངྒཱ་དང་ནི་རྟག་མ་ཤིན་ཏུ་མཆོག་ཏུ་མྱུར་མ་ཏོ་ཏ་ལཱ་དང་མཚོན་བྱེད་མ། །དམར་སེར་ནག་མོ་བརྒྱད་ནི་དེ་བཞིན་གང་ན་དྲག་མོ་གཙོ་མོའི་པདྨ་ནོར་གྱི་འདབ་མ་ལའོ། ༣༢ །དཔལ་ལྡན་དཀར་མོ་ཟླ་བའི་རི་མོ་རི་བོང་འཛིན་པའི་གདོང་མ་དང་བའི་མདོག་དང་འཛིན་མ་དང༌། །པདྨའི་དབང་མོ་སྐར་མིག་དྲི་མེད་རི་བོང་འཛིན་མ་དབང་ལྡན་པདྨ་དག་ལ་མཚན་མར་བཅས། །དེ་ཡི་ཕྱི་རོལ་ཉི་མའི་པདྨ་ལ་ནི་ལྷ་མིན་གཡོ་དང་གཤིན་རྗེ་མེ་དང་གདོང་དྲུག་དང༌། །གནོད་སྦྱིན་བརྒྱ་བྱིན་ཆུ་གཏེར་གདོང་དང་ཕྱུགས་བདག་རྒྱ་མཚོ་དཔལ་ལྡན་ཚོགས་ཀྱི་དབང་པོ་


DTG011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འཇུག་གོ །༣༣ །རལ་གྲི་གྲི་གུག་ལྗོན་ཤིང་དབང་པོ་ལྷ་ཡི་ཤིང་གི་མེ་ཏོག་དབྱུག་པ་རལ་གྲི་ཤཀྟི་དང༌། །དབྱུག་པ་ཤཀྟི་དག་དང་མདུང་དང་ནོར་བུ་དང་ནི་བེ་ཅོན་རྡོ་རྗེ་ཉིད་དང་མེ་ཡི་མདའ། །ཁབ་དང་བགྲང་ཕྲེང་དག་ནི་ཕྱག་གི་མཐིལ་དུ་འགྱུར་ཏེ་རྩེ་གསུམ་པ་དང་མདའ་དང་ཞགས་པ་དང༌། །རིན་ཆེན་དགྲ་སྟ་རྡོ་རྗེ་དང་ནི་འཁོར་ལོ་དབྱུག་པ་འཕྲོག་བྱེད་དག་གི་གཡས་ཀྱི་ཕྱག་ཏུ་འགྱུར། ༣༤ །གཡོན་དུ་ཕུབ་དང་ཐོད་པ་དཀར་པོ་མིན་པའི་ནོར་བུ་དང་ནི་ཨུཏྤལ་དང་ལྕགས་སྒྲོག་དང༌། །ཞགས་པ་ཆུ་སྐྱེས་སྤྱི་བླུགས་དག་ནི་ངེས་པར་གཡོན་གྱི་ཕྱག་ཏུ་རིམ་པས་འགྱུར་རོ་མི་ཡི་བདག །རིན་ཆེན་མེ་ལོང་དང་ནི་དེ་བཞིན་ནེའུ་ལེ་དང་བཅས་ཆུ་སྐྱེས་རྡོ་རྗེ་དྲིལ་བུ་གཞུ་དང་ནི། །པདྨ་དང་ནི་སྤྱི་བླུགས་སྤྲུལ་དང་གཞུ་དང་དེ་བཞིན་ཀླུ་ཡི་ཞགས་པ་དག་དང་རིན་ཆེན་དང༌། ༣༥ །ཞགས་པ་རིན་པོ་ཆེ་དང་པདྨ་སྐྱེ་བ་ལྔ་པའི་དུང་ནི་ལྷ་མིན་དགྲ་བོ་དག་གིར་འགྱུར། །པདྨའི་འདབ་མ་དག་ལ་ནག་པ་སོགས་ཀྱི་ནོར་ལག་ཚེས་རྣམས་ལྟེ་བ་ལ་ནི་རྫོགས་པ་གཉིས། །མཆོག་གི་ཟླ་བའི་ཆ་རྣམས་ཐམས་ཅད་སྟོང་དུས་འཇིག་རྟེན་དག་ཏུ་ལོ་ཡི་སྦྱོར་བས་རིག་པར་བྱ། །སྒོར་ནི་ལྷ་མོ་ཤིང་རྟ་ལ་གནས་རལ་གྲི་རྡོ་རྗེ་འཛིན་དང་ལྕགས་ཀྱུ་དང་བཅས་མདའ་ཡི་ཕྱག་༣༦ །དཔལ་ལྡན་འཁོར་ལོ་དབྱུག་པའི་ཕྱག་དང་རང་བཞིན་ཡོན་ཏན་དབང་གིས་ཐོ་བ་དང་ནི་མདུང་གི་ཕྱག །དཔལ་ལྡན་གྲི་གུག་རྡོ་རྗེའི་ཕྱག་དང་ངེས་པར་ཕྱག་ན་དགྲ་སྟ་ཕྱག་ན་རྩེ་གསུམ་གཡས་ན་སྟེ། །གཡོན་གྱི་ཕྱག་ན་ཕུབ་དང་སྦྲུལ་ཏེ་རང་བཞིན་ཡོན་ཏན་དབང་གིས་ཞགས་པ་དང་ནི་གཞུ་ཡི་ཕྱག །དཔལ་ལྡན་དུང་དང་རིན་ཆེན་ཕྱག་དང་པདྨ་རི་བོང་འཛིན་པ་མེ་ལོང་ཕྱག་ཀྱང་དེ་བཞིན་ནོ། ༣༧ །དཔལ་ལྡན་དྲིལ་བུ་ཐོད་པའི་ཕྱག་དང་ངེས་པར་ཕྱག་ན་ལག་འགྲོ་ཉིད་དང་ཁ་ཊྭཱཾ་ག་ཡི་ཕྱག །འོད་ཟེར་ཅན་ལ་སོགས་པ་ཞལ་གཅིག་དུས་ཀྱི་ཕྱག་གི་པདྨ་རྣམས་ནི་རིམ་པས་རིག་པར་བྱ། །ཀ་བའི་འོག་ཏུ་ཀླུ་བརྒྱད་རྣམས་ཀྱང་བུམ་པ་རྡོ་རྗེའི་ཕྱག་དང་པདྨ་ནོར་བུ་དག་གི་ཕྱག །རླུང་ལ་སོགས་པའི་དཀྱིལ་འཁོར་ལ་ནི་པདྨ་ཀ་རྐོ་ཊ་སོགས་དུས་ཀྱི་ཕྱག་གི་པདྨ་རྣམས། ༣༨ །ཁྱི་གདོང་ཕག་གདོང་མ་དང་ཅེ་སྤྱང་གདོང་མ་ངེས་པར་གཡོ་


DTG011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་ལ་ནི་ཕྱོགས་རྣམས་སུ། །སྟག་གདོང་མ་ནི་བྱང་དུ་གནས་ཏེ་དུར་ཁྲོད་ས་གཞི་ལ་གནས་གྲི་གུག་དང་ནི་ཐོད་པའི་ཕྱག །བྱ་རོག་གདོང་དང་བྱ་རྒོད་གདོང་དང་མཁའ་འགྲོ་བདག་པོའི་གདོང་དང་འུག་གདོང་མ་ནི་ཟུར་དུའོ། །རྡོ་རྗེ་མིག་དང་ཤིན་ཏུ་སྔོན་མོས་འོག་ནམ་མཁའ་ལ་གནས་འབྱུང་པོའི་སྐྱེ་གནས་གཡོ་བའི་མཐར། ༣༩ །ཡི་དགས་དམར་དང་མཁའ་འགྲོའི་དབང་པོ་མ་ཧེ་རྨ་བྱ་གླང་པོ་དང་བ་གླང་དང་གདོང་ལྔ་པ། །རིམ་པས་ཙཱ་མུ་ཎྜཱ་ལ་སོགས་པའི་པདྨའི་གདན་དུ་རབ་འགྱུར་ཕྱོགས་དང་ཕྱོགས་བྲལ་རྣམས་སུའོ། །ལྷ་མིན་ལ་སོགས་རྣམས་ཀྱི་དེ་བཞིན་ནོར་བདག་རྩེ་མོ་ཅན་དང་ཆུ་གཏེར་རླུང་དང་ཚོགས་ཀྱི་ནི། །གླང་པོའི་དབང་པོ་དང་ནི་ལུག་དང་ཆུ་སྲིན་ཞེས་དང་རི་དགས་དང་ནི་བྱི་བ་རིམ་པས་སོ། ༤༠ །བྷེ་རུ་ཎྜ་དང་ཁྲུང་ཁྲུང་མིག་སྔོན་བཤང་ལམ་གདོང་ནི་བྱ་རོག་གདོང་ལ་སོགས་པའི་ཟུར་དུ་སྟེ། བསེ་དང་དོམ་དང་སེང་གེ་གཡག་ནི་ཁྱི་གདོང་མ་ལ་སོགས་པ་ཡི་སྟེ་ཕྱོགས་སུ་རབ་ཏུ་འགྱུར། །རྡོ་རྗེ་མིག་གི་རྐང་པ་བརྒྱད་པས་ཡི་ཤིང་རྟ་ལ་གནས་མཁའ་ལ་སྔོན་མོའི་ཤིང་རྟ་ཡི། །མཁར་བགྲོད་ཁྲོ་བ་དང་བཅས་ཁ་དོག་ལྔ་པ་ལུས་རྒྱས་མིག་གསུམ་ལྡན་པ་ཨ་ནི་ལ་ཞེས་པ། ༤༡ །འོད་ཟེར་ཅན་དང་ཙུ་ནྡཱ་ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་གྱི་ཤིང་རྟ་རྣམས་ལ་ཕག་དང་ནི། །རྟ་དང་གླང་པོ་སེང་གེ་བདུན་གྱི་གྲངས་སུ་འགྱུར་ཏེ་ལྷ་དང་གཤིན་རྗེ་ཆུ་དང་བྱང་དུའོ། །ཤར་དུ་དྲི་དང་ཕྲེང་བ་མ་སྟེ་གཤིན་རྗེ་ཆུ་ལ་གནས་པ་སྤྲོས་མ་མར་མེ་སྒེག་མོ་དང༌། །བཞད་མའོ་གར་མ་རོལ་མོ་མ་ནི་ནོར་སྦྱིན་ས་གཞི་ལ་སྟེ་མཁའ་ལ་གླུ་མ་འདོད་མའོ། ༤༢ །སྙིང་པོར་བརྒྱད་ནི་ཁ་ཁྱེར་ལ་སྟེ་མཁའ་དང་འོག་ན་གནས་པ་རྟ་བབས་འོག་ཏུ་ངེས་པར་སྦྱར། །གཟུངས་མ་རྣམས་ནི་སྣམ་བུ་ལ་སྟེ་གདེངས་ཅན་རིགས་དང་བཅས་པའི་ཕྱིར་འདོད་མ་རྣམས་ཁ་ཁྱེར་ལ། །དབྱེ་བ་དང་ནི་བསྐྱོད་པ་འདོད་མར་འགྱུར་ཏེ་མི་ཡི་བདག་པོ་དེ་བཞིན་རྒྱས་དང་རེངས་འདོད་མ། །ལྷ་མོ་སྒྲོལ་མ་ལ་སོགས་དག་པ་ཡིས་ཏེ་སྲིད་གསུམ་སྐྱེད་མ་གསོད་པ་དང་ནི་སྐྱེད་འདོད་མ། ༤༣ །རོལ་མོ་འདོད་མ་དང་ནི་རྒྱན་འདོད་མར་འགྱུར་མི་ཡི་བདག་པོ་ཟས་འདོད་མ་དང་དེ་བཞིན་ཉིད། །དྲི་འདོད་མ་དང་


DTG011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ནི་འདོད་མར་འགྱུར་ཏེ་ངེས་པར་འཁྲིག་པ་འདོད་མ་དག་ནི་དྲུག་པའོ། །ལུས་ལ་འཕྲུག་འདོད་མ་དང་ཁ་ན་གནས་པའི་མཆིལ་མ་འདོར་དང་ལུས་ཀྱི་དྲི་མ་འདོད་མ་དང༌། །གར་འདོད་མ་དང་སྟན་འདོད་མ་དང་ཆུ་དང་མལ་སྟན་དག་ལ་རྐྱལ་དང་བསྙེས་པར་འདོད་མ་དང༌། ༤༤ །ཙཱ་མུ་ཎྜཱ་སོགས་བརྒྱད་ཀྱི་བྱ་བ་རྣམས་ཏེ་དེ་བཞིན་ས་ལ་ཁྲོ་སྐྱེས་རྣམས་ཀྱི་འདོད་མ་ཡང༌། །ཀུན་ཏུ་གདུང་དང་འཆིང་འདོད་མ་དང་ངེས་པར་འཇམ་པོར་སྨྲ་བ་དང་ནི་སྐེམས་དང་སྐྲོད་འདོད་མ། །རེག་དང་དགུག་པ་དག་དང་འཆིང་དང་མི་ཡི་བདག་པོ་ཕུར་བུ་འདེབས་དང་རྒྱུག་པ་འདོད་མར་འགྱུར། ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་རབ་ཏུ་གསལ་ཞིང་ངེས་པར་བཤང་གཅི་ཟག་པར་འདོད་མ་དང༌། ༤༥ །སེམས་ཅན་རྣམས་ལ་སླུ་འདོད་མ་དང་ངེས་པར་རྩོད་པ་མང་པོ་ལྔ་པ་ལྷག་མ་ཟ་བ་དང༌། །གཡུལ་འདོད་མ་དང་སྦྲུལ་འཆིང་མ་དང་བྱིས་པ་ཁྲོ་བར་འདོད་མ་རྣམས་ནི་ལྷ་མིན་རིགས་ལ་འགྱུར། །སུམ་ཅུ་རྩ་བདུན་ཕྱིར་འདོད་མ་རྣམས་སླར་ཡང་དེ་ནས་ཕྱི་རོལ་དཀྱིལ་འཁོར་དག་གི་ཁ་ཁྱེར་ལ། །ཉིན་ཞག་སོ་སོའི་དུས་སུ་གང་ཞིག་ཅུང་ཟད་སེམས་ཅན་བྱ་བ་རྣལ་འབྱོར་མ་ཡི་བྱ་བ་འདིར། ༤༦ །ཞེས་པ་དེ་ལྟར་རྡོ་རྗེ་ཅན་གྱིས་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་དཀྱིལ་འཁོར་རྣམ་པར་གསུངས། །ཕྱི་དང་ལུས་དང་གཞན་ལ་ཡང་ནི་སྤྲོ་དང་སྡུད་པ་དག་ལ་དངོས་པོའི་སྐྱེ་བ་ཡང་དག་གནས། །དེ་ལ་རྟག་པ་མཁའ་ཡི་རྡོ་རྗེ་རྣམ་གསུམ་སྲིད་པ་ལ་གནས་མི་རྟག་ཉིད་དུ་འགྱུར་མ་ཡིན། །འབྱུང་པོའི་ཚོགས་ནི་རྟག་པ་མིན་པར་འགྱུར་ཏེ་མི་ཡི་བདག་པོ་མིག་འཕྲུལ་ཇི་བཞིན་ཉིད་དུའོ། ༤༧ །རྟག་དང་མི་རྟག་མཐོང་སྟེ་དེ་ལྟ་ན་ཡང་བླུན་པོའི་བློ་ཅན་སེམས་ནི་དག་པའི་དོན་སླད་དུ། །སྒྲུབ་ཐབས་དག་ནི་བརྗོད་པར་བྱ་སྟེ་སྙིང་པོར་གྱུར་པ་འགའ་ཡང་འདིར་ནི་བསྒྲུབ་པར་བྱ་བ་མེད། །གང་ཞིག་བསྒྲུབ་བྱ་སྒྲུབ་པ་པོ་དེ་འཁྲུལ་པ་ཞེས་པ་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང༌། །དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་འཁོར་དབང་པོར་རབ་ཏུ་བྱ། ༤༨ །དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེ་འགྱུར་ཏེ་མི་བདག་དཀྱིལ་འཁོར་སྐུ་ཡི་རྡོ་རྗེའོ། །ལྷ་རྣམས་འཁོར་ལོ་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་གསུང་


DTG011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྡོ་རྗེ་ཟླ་བ་ཉི་མའི་སྟེང་དུའོ། །རྩ་བ་སྡོང་བུ་དག་ནི་ཨ་ཡིག་འདབ་མ་དང་ནི་དེ་བཞིན་གེ་སར་རྣམས་ཀྱང་ཨུ་ཡིག་གོ །དབུས་སུ་དཔལ་ལྡན་ལྟེ་བ་དང་ནི་ཟླ་བ་ཉི་མ་རྣམ་གཉིས་རྐང་པའི་གནས་དག་མ་ཡིག་གོ །༤༩ །ཧོ་ཡིག་ཐོག་མ་ཐ་མའི་སྙིང་པོ་བདེ་མཉམ་འབྲས་བུ་སྟེར་བ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་ནི་ཤེས་རབ་ཆགས་པས་ཞུ་བ་ཁྱབ་བདག་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ་བཞིན་བལྟས་ནས། །ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། ༥༠ །རྡོ་རྗེ་ཅན་དེས་གླུ་དག་གསན་ནས་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་མིག་འཕྲུལ་ལྟ་བུར་ནི། །གཟིགས་ནས་སྐྱེད་པ་མཛད་དེ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་རང་གི་མཚན་མ་སྤྲོས་བྱས་ནས། །རྡོ་རྗེའི་རྒྱན་དང་ལྡན། ཞིང་རྒྱལ་བའི་བདག་པོའི་ཅོད་པན་ཤེས་རབ་ཀྱིས་ནི་འཁྱུད་པར་གྱུར་པ་ཡང༌། །ཤེས་རབ་ཐབས་ཀྱིས་རྒྱལ་པོ་སླར་ཡང་དཀྱིལ་འཁོར་མ་ལུས་པ་ནི་རབ་ཏུ་སྤྲོ་བ་དག་ཀྱང་ངོ༌། ༥༡ །འོད་ཟེར་སྔོན་པོ་འཇིགས་པའི་སྐུ་སྟེ་རབ་ཏུ་བཞད་པའི་ཞལ་དང་མཆེ་བ་ཕྱེད་ནི་གཙིགས་པ་དང༌། །སྒྲ་དྲག་སྒྲོགས་བྱེད་ཉི་མའི་སྤྱན་དང་གཉིས་ལྷག་རྒྱལ་བའི་ཕྱག་སྟེ་རིག་བྱེད་ཞལ་དང་ཞབས་གཉིས་པ། །ཤེས་རབ་ཐབས་ལ་རབ་བྱུང་མཚོན་ཆ་རྣམས་དང་བཅས་པ་རྐང་པ་བརྒྱད་པའི་ཤིང་རྟ་དག་ལ་གནས། །རྒྱལ་བའི་དགྲ་ནི་འཇོམས་པར་བྱེད་པ་རྡོ་རྗེ་ཤུགས་ཏེ་ཡེ་ཤེས་འཁོར་ལོའི་སླད་དུ་བསྐུལ་བར་བྱ། ༥༢ །དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་འཁོར་ལོའི་དབང་ཕྱུག་དག་ནི་ལྟེ་བར་ལྕགས་ཀྱུས་བསྣུན་བྱས་ཤིང༌། །ཕྱག་རྣམས་རང་གི་རྡོ་རྗེ་གདེངས་ཅན་དག་གིས་དེ་བཞིན་རབ་བཅིངས་མཚོན་ཆ་རྣམས་ཀྱིས་འཇིགས་བྱས་ཏེ། །མཐའ་དག་བསྒྲུབ་བྱར་བྱས་ཤིང་འཁོར་ལོ་བཟང་པོ་བསྐྱོད་པར་བྱས་ནས་འདི་ནི་སླར་ཡང་འགྲོ་བ་སྟེ། །གཞུག་དང་བཅིང་དང་མཉེས་པ་དང་ནི་རོ་མཉམ་བྱེད་པ་དག་ནི་རྨུགས་བྱེད་ལ་སོགས་རྣམས་ཀྱིས་བྱེད། ༥༣ །རྫོགས་པའི་རྣལ་འབྱོར་དག་ལ་སེམས་ནི་ནམ་མཁའ་དང་བཅས་སྙིང་པོའི་པདྨར་མེ་ཡི་སྟེང་དུ་འགྱུར། །ཤར་དུ་


DTG011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ནག་མོ་འབར་མ་མཆོག་གི་པད་འདབ་ལ་ནི་ལྷོ་རུ་དམར་མོ་འབར་མ་སྟེ། །བྱང་དུ་དཔལ་ལྡན་དཀར་མོ་འབར་མར་འགྱུར་ཏེ་རིགས་ཀྱི་དབང་གིས་ནུབ་ཏུ་སེར་མོ་འབར་མའོ། །མེར་ནི་དུ་བ་ད་ནུའི་བུ་ཡི་ཕྱོགས་སུ་སྨིག་རྒྱུ་མ་དང་དབང་ལྡན་ཕྱོགས་སུ་མཁའ་སྣང་མ། ༥༤ །རླུང་དུ་དཔལ་ལྡན་མར་མེ་མ་སྟེ་ནོར་བུ་དང་ནི་ཤིང་དང་ཆོས་ཀྱི་ག་ཎྜཱི་དག་དང་དུང༌། །མེ་དང་རླུང་དང་ལྷ་མིན་དང་ནི་འཕྲོག་བྱེད་ཕྱོགས་སུ་དེ་བཞིན་བར་གྱི་ཟུར་གྱི་ཆ་ལའོ། །ཤར་དུ་འདུ་བྱེད་དང་ནི་ས་དག་ངེས་པར་པདྨ་ལ་གནས་ལྷོ་རུ་ཚོར་བ་ཆུ་དག་གོ །བྱང་དུ་འདུ་ཤེས་དང་ནི་མེ་རུ་འགྱུར་ཏེ་ནུབ་ཏུ་ཡང་ནི་རླུང་དང་བཅས་པའི་གཟུགས་ཉིད་དོ། ༥༥ །མེ་ཡི་ཕྱོགས་སུ་རླུང་དང་གཟུགས་སུ་འགྱུར་ཏེ་ལྷ་མིན་བདག་པོར་མེ་དང་འདུ་ཤེས་གཉིས་པོའོ། །དབང་ལྡན་དུ་ནི་ཆུ་དང་ཚོར་བ་དག་སྟེ་རླུང་དུ་འཛིན་མ་འདུ་བྱེད་ཕུང་པོར་ལྡན་པའོ། །ལྷ་མོ་སངས་རྒྱས་པར་རྣམས་སུ་ནི་ལེ་ཚེ་བརྒྱད་ཀྱི་གནས་སུ་བདུད་རྩིའི་རོ་ཡི་བུམ་པ་རྣམས། །སླར་ཡང་འཕར་མ་ཕྱི་མ་ལ་ནི་ཤར་དུ་སྣ་དང་དྲི་སྟེ་ལྷོ་རུ་མིག་དང་གཟུགས་དག་གོ །༥༦ །བྱང་དུ་ལྕེ་དང་རོ་རུ་འགྱུར་ཏེ་ཆུར་ནི་དེ་བཞིན་ཉིད་དུ་ལུས་དང་རེག་བྱ་དག་ཏུ་འགྱུར། །ས་འོག་ཏུ་ནི་རྣ་བ་སྒྲ་རུ་འགྱུར་ཏེ་རིགས་ཀྱི་དབང་གིས་ལྷོ་ཡི་སྒོ་ཡི་གཡོན་དུའོ། །ནམ་མཁའ་ལ་ནི་ངེས་པར་སེམས་དང་ཆོས་ཀྱི་དབྱིངས་སུ་འགྱུར་ཏེ་ཤར་གྱི་སྒོ་ཡི་གཡོན་དུའོ། །དང་པོར་ཐབས་ནི་དྲུག་པོ་དག་ཀྱང་རྒྱལ་བའི་དབང་གིས་དཀྱིལ་འཁོར་གྱི་ནི་ལྷག་པའི་ལྷ་རུ་འགྱུར། ༥༧ །ཕྱི་ནས་ཤེས་རབ་ལ་སོགས་དྲུག་ནི་རབ་ཏུ་གསལ་བར་བདག་པོ་རང་རང་པདྨའི་གདན་ལའོ། །ཤར་གྱི་སྒོར་ནི་རབ་གཏུམ་རལ་གྲི་འཛིན་པ་ཤིན་ཏུ་སྟོབས་ཏེ་དེ་ཡི་ཕྱག་རྒྱ་རེངས་བྱེད་མའོ། །གཡས་སུ་རྨུགས་བྱེད་དང་ནི་ང་རྒྱལ་མར་འགྱུར་ནོར་སྦྱིན་དུ་ཡང་ཁེངས་བྱེད་དང་ནི་རྨུགས་བྱེད་མ། །ཆུ་རུ་རེངས་བྱེད་དང་ནི་མཐའ་ཡས་བརྩོན་འགྲུས་མར་འགྱུར་སྒོ་ཡི་དབུས་ན་གནས་པ་པདྨ་ལའོ། ༥༨ །དབྱུག་སྔོན་འོད་ཟེར་ཅན་དང་མི་གཡོ་ཞེས་དང་ཁྲོ་གཉེར་ཅན་མ་བརྩོན་འགྲུས་མཐའ་ཡས་ལྕགས་སྒྲོག་མ། །འདོད་པ་ཙུ་ནྡཱ་ཤིང་རྟ་ལ་གནས་ལྷ་དང་ནོར་སྦྱིན་གཞན་དང་ལྷོ་ཡི་སྒོ་ཡི་དབུས་སུ་སྟེ། །གནོད་མཛེས་དྲག་


DTG011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་མ་ནི་འོག་ཏུ་འགྱུར་ཞིང་མཁའ་ལ་གཙུག་ཏོར་དང་ནི་ཤིན་ཏུ་སྔོན་མོ་ཉིད། །ཤར་གྱི་སྒོ་ཡི་སྟེང་དང་གཞན་དུ་ཡང་ནི་ངེས་པར་འགྱུར་ཏེ་གཉིས་པ་དག་གི་ཤིང་རྟ་ཡང༌། ༥༩ །གསུང་ལས་སྐྱེས་པའི་དཀྱིལ་འཁོར་ལ་ནི་ནོར་གྱི་ཕྱོགས་སུ་འབྱུང་པོ་ལས་སྐྱེས་རྣམས་ཀྱི་གདན་དུ་འགྱུར། །ཤར་དུ་ཙཱ་མུ་ཎྜཱ་དང་དབང་པོར་འགྱུར་ཏེ་རྩེ་མོ་ཅན་དུ་ཁྱབ་འཇུག་མ་དང་རིག་བྱེད་གདོང༌། །གཤིན་རྗེར་ཕག་མོ་དྲག་པོར་འགྱུར་ཏེ་ལྷ་མིན་བདག་པོར་གདོང་དྲུག་མ་དང་བགེགས་ཀྱི་མགོན་པོའོ། །ནུབ་ཏུ་དབང་མོ་བདེན་བྲལ་དུ་འགྱུར་རླུང་དུ་ངེས་པར་དུས་ཀྱི་གདོང་མ་དང་ནི་ཁྱབ་འཇུག་ཉིད། ༦༠ །གནོད་སྦྱིན་དུ་ནི་དྲག་མོ་གཤིན་རྗེར་འགྱུར་ཏེ་ཕྱུགས་ཀྱི་བདག་པོར་དཔལ་མོ་ཉིད་དང་གདོང་དྲུག་པ། །ཕྱི་རོལ་གྱི་ནི་དབང་པོའི་སྒོ་ཡི་གཡས་སུ་ལྷ་མིན་བདག་དང་དེ་ཡི་ཕྱག་རྒྱ་སྲིན་མོར་འགྱུར། །མེ་ནི་རླུང་དང་རབ་གཏུམ་མ་སྟེ་མེ་དང་ཆུ་ལྷ་མོ་ཡང་ལྷོ་ཡི་སྒོ་ཡི་གཡས་སུའོ། །ལྷ་མིན་བདག་པོར་དཔལ་ལྡན་གདོང་དྲུག་པ་དང་དཔལ་མོར་འགྱུར་ཏེ་ནུབ་ཏུ་དབང་པོ་རླུང་ལྷ་མོ། ༦༡ །རླུང་དུ་ཚངས་པ་དང་ནི་གློག་མར་འགྱུར་ཏེ་ནོར་སྦྱིན་དུ་ཡང་རྒྱ་མཚོ་དང་ནི་ཕག་མོའོ། །དབང་ལྡན་དུ་ནི་ཚོགས་ཀྱི་དབང་པོ་གཞོན་ནུ་མ་སྟེ་ནོར་སྦྱིན་གཤིན་རྗེའི་སྒོ་ཡི་གཡོན་གྱི་ཆར། །དྲག་པོ་དུས་ཏེ་ཁྱབ་འཇུག་དང་ནི་ནོར་སྦྱིན་ཞེས་པ་ལྷོ་དང་ནུབ་ཀྱི་སྒོ་ཡི་གཡོན་དུའོ། །དེ་དག་རྣམས་ཀྱི་ཕྱག་རྒྱར་རབ་གྲགས་རི་སྲས་གཤིན་རྗེ་མ་དང་དཔལ་མོ་ནོར་གྱི་དབང་མོར་འགྱུར། ༦༢ །ཕྱི་རོལ་དུ་ནི་ལྷ་དང་གཤིན་རྗེ་ནོར་སྦྱིན་ནུབ་ཀྱི་ཁ་ཁྱེར་དག་ལ་ཀླུ་རྣམས་མཐའ་དག་སྟེ། །པདྨ་དང་ནི་སྟོབས་ཀྱི་རྒྱུ་དག་གཡོ་བའི་དཀྱིལ་འཁོར་ལ་གནས་ནོར་རྒྱས་བུ་དང་དུང་སྐྱོང་ནི། །མེ་ལ་གནས་པ་དག་སྟེ་ཆུ་ཡི་སྟེང་དུ་རིགས་ལྡན་མཐའ་ཡས་ཀླུར་ནི་རབ་ཏུ་གྲགས་པར་འགྱུར། །དེ་བཞིན་ས་ཡི་དཀྱིལ་འཁོར་ལ་གནས་རིགས་ཀྱི་དབང་གིས་འཇོག་པོ་དང་ནི་པདྨ་ཆེན་པོར་འགྱུར། ༦༣ །དེ་རྣམས་ཤེས་རབ་རབ་གཏུམ་མ་རྣམས་དུར་ཁྲོད་ས་ལ་གནས་པ་ཁྱི་གདོང་མ་ལ་སོགས་པ་སྟེ། །དེ་རྣམས་ཐབས་ནི་པདྨ་ལ་སོགས་གཞན་གྱི་རིགས་ཀྱི་དབང་གིས་བདེ་བ་དམ་པའི་དོན་དུ་འགྱུར། །ཤར་གྱི་འཁོར་ལོར་


DTG011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོས་འབིགས་པའི་དུར་ཁྲོད་དུ་ནི་གཡོ་བའི་དཀྱིལ་འཁོར་ལ་གནས་ཁྱི་གདོང་མ། །གཤིན་རྗེ་དག་ཏུ་ངེས་པར་རོ་ནི་བསྲེག་པར་ཕག་གི་གདོང་མ་བྱང་དུ་རུལ་པ་དང་བཅས་པར། ༦༤ །སྟག་གདོང་མ་སྟེ་ཆུ་རུ་རྣག་གི་དྲིར་ནི་དེ་བཞིན་ཉིད་དུ་ཅེ་སྤྱང་དག་གི་གདོང་མར་འགྱུར། །མེ་དང་ལྷ་མིན་བདག་པོར་ལྷག་མ་དང་ནི་མི་བཟད་གཡུལ་དུ་བྱ་རོག་གདོང་མ་བྱ་རྒོད་བཅས། །རླུང་དུ་སྦྲུལ་གྱིས་ཟོས་པར་མཁའ་འགྲོའི་བདག་པོའི་གདོང་མ་དབང་ལྡན་དུ་ཡང་བྱིས་པ་ཤི་བར་ནི། །འཁོར་ལོ་ལ་གནས་འུག་གདོང་མ་སྟེ་ས་ཡི་དཀྱིལ་འཁོར་ལ་གནས་ཟླ་ཉི་དག་ཀྱང་བསྒོམ་པར་བྱ། ༦༥ །གཡོན་བརྐྱང་བ་ནི་ཡུམ་གྱིར་འགྱུར་ཏེ་མཉམ་པའི་སྟབས་ནི་འདབ་མ་དག་གི་ལྷ་མོའི་ཚོགས་ཀྱིའོ། །བཅུ་དང་ནོར་གྱི་ཚོགས་དག་གི་ནི་གཡོན་བརྐྱངས་ག་ལྷ་མིན་མོ་རྣམས་ཀྱི་ཡང་ཟླུམ་པོའོ། །གཡོན་བརྐྱང་དག་ལ་གནས་པ་རྣམས་ཀྱི་སྙོམས་པར་འཇུག་པ་གཡས་བརྐྱང་སྟབས་སུ་ངེས་པར་འགྱུར་བ་སྟེ། །ས་ག་ལ་ནི་ས་གཉིད་ཅེས་བྱ་བར་འགྱུར་ཞིང་ངེས་པར་ཟླུམ་པོ་ལ་ཡང་ཟླུམ་པོའོ། ༦༦ །དཀྱིལ་འཁོར་དུ་ཡང་ལྷག་མའི་ལྷ་རྣམས་རབ་ཏུ་གསལ་ཞིང་ངེས་པར་རྡོ་རྗེ་གདན་གྱིས་གནས་པ་སྟེ། །རང་རིགས་ཕྱོགས་གནས་ལྷ་མོ་རྣམས་ནི་རང་རང་པདྨ་ཟླ་བའི་སྟེང་དུ་པདྨའི་གདན་གྱིས་གནས། །གདེངས་ཅན་རིགས་དང་བཅས་པ་རང་རང་ཕྱོགས་ཀྱི་བཞོན་པར་གནས་པའི་ལྷ་རྣམས་རྡོ་རྗེ་གདན་གྱིས་གནས། །ལྷ་རྣམས་འདབ་མར་ལྷ་མོ་རྣམས་ནི་རོལ་པའི་སྟབས་ཏེ་འབྱུང་པོ་ལས་སྐྱེས་རྣམས་ཀྱི་དེ་བཞིན་ཉིད། ༦༧ །གཡས་བ་བསྐུམ་པ་དག་ཀྱང་ས་གཞི་ལ་ནི་ངེས་པར་བཀོད་ཅིང་རྐང་པ་གཡོན་པ་བརྐྱང་བ་དག །ཕྱེད་དང་བཅས་པའི་ཁྲུ་གཉིས་པ་སྟེ་མི་ཡི་བདག་པོ་དེ་ནི་གཡོན་པ་བརྐྱང་བའི་སྟབས་སུ་འགྱུར། །གཡོན་པའི་སྦྱོར་བ་ཡིས་ནི་གཡས་བརྐྱང་དུ་འགྱུར་རྐང་པ་ཟུང་ནི་མཉམ་པ་དག་ཀྱང་མཉམ་པའི་སྟབས། །ཡོན་ཏན་དབང་གིས་པུས་མོ་ཟུང་ནི་རབ་ཏུ་བརྐྱང་བ་དག་ལས་ས་ག་དང་ནི་ཟླུམ་པོར་འགྱུར། ༦༨ །ཅུང་ཟད་པུས་མོ་ཕྱེད་ནི་འཁྱོག་པ་རོལ་པར་འགྱུར་ཏེ་ལྷག་མ་དག་ནི་རབ་ཏུ་གྲགས་པ་ཉིད། །སླར་ཡང་རྣལ་འབྱོར་པ་ཡིས་བྷ་ར་ཏ་ལས་ཤེས་པར་བྱ་སྟེ་རྡོ་རྗེ་གར་གྱི་


DTG011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུའོ། །ཅོད་པན་དག་ལ་ཕན་ཚུན་རྡོ་རྗེ་ཡི་ནི་རྡོ་རྗེར་འགྱུར་ཏེ་སངས་རྒྱས་ལྔ་རྣམས་རེ་འགའ་ན། །གཟུགས་ཀྱི་སྟེང་དུ་མི་བསྐྱོད་པ་སྟེ་གསལ་བར་པདྨ་འཛིན་པའི་རྣམ་པར་སྣང་མཛད་ཉིད་དུ་འགྱུར། ༦༩ །རིན་ཆེན་དབང་པོའི་ཆུ་སྐྱེས་འཛིན་དང་དོན་ཡོད་གྲུབ་པའི་ཅོད་པན་ལ་ནི་རབ་མཆོག་ནོར་བུའི་ཕྱག །དྲུག་གི་ཅོད་པན་རལ་པ་ཞེས་བྱར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷག་མའི་འཁོར་ལོ་ཡི་ཡང་གཞན། །ས་ལས་འཁོར་ལོ་རབ་ཏུ་སྐྱེ་བར་འགྱུར་ཏེ་ཆུ་ལས་པདྨ་དང་ནི་མེ་ལས་ནོར་བུའོ། །རླུང་ལས་རལ་གྲི་དང་ནི་སྟོང་པ་དག་ལས་རྡོ་རྗེར་འགྱུར་ཏེ་འགྱུར་མེད་ལས་ནི་གྲི་གུག་གོ །༧༠ །གོས་དང་བདུད་རྩིའི་སྣོད་དུ་འགྱུར་ཏེ་ངེས་པར་མེ་ལོང་དང་བཅས་ཕྲེང་བ་དང་ནི་རྒྱུད་མངས་དང༌། །དྲུག་པ་ཆོས་འབྱུང་ངེས་པར་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའི་ཞི་བ་དག་ལས་སོ། །ཕུབ་དང་མདུང་དང་མདའ་དང་དགྲ་སྟ་དང་ནི་ཌ་མ་རུ་དག་མཚན་མ་ལྔ་སྟེ་དེ་བཞིན་དུ། །དབྱུག་པ་ཞགས་པ་ལྕགས་ཀྱུ་དག་དང་ངེས་པར་དེ་བཞིན་ཐོ་བ་དང་ནི་རྩེ་གསུམ་དག་ཏུ་འགྱུར། ༧༡ །གཞུ་དང་ཨུ་ཏྤ་ལ་དང་སླར་ཡང་དེ་བཞིན་མགོ་བོ་དང་ནི་ཁ་ཊྭཱཾ་ག་དང་དྲིལ་བུ་དང༌། །དེ་བཞིན་ལྕགས་སྒྲོག་ལ་སོགས་ཆུ་ན་རྒྱུ་བ་ཐོད་པ་སྟག་ལྤགས་དང་ནི་གླང་པོའི་པགས་པ་སྟེ། །འདིར་ནི་ལྷག་མ་ཉེ་བའི་མཚན་མ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་པ། །དེ་དག་རང་བཞིན་ཡོན་ཏན་དབང་གི་ས་ཤེས་པར་བྱ་བ་ཉིད་དེ་ལྷ་དང་ལྷ་མོ་རྣམས་ཀྱིའོ། ༧༢ །གང་ཞིག་ལྀ་ལ་སོགས་པ་སུམ་ཅུའི་དབྱངས་ནི་ས་ཆུ་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་པ། །ཐུང་ངུ་རིང་པོའི་རབ་དབྱེ་རྣམས་ཀྱིས་རིམ་པར་ཡོངས་བཀོད་ངེས་པར་པདྨ་ལ་གནས་ཟླ་བ་དང༌། །ཉི་མའི་གདན་ལ་གནས་པ་དེ་དག་མཐའ་དག་འཁོར་ལོ་ལ་སོགས་མཚན་མ་རྣམས་ཀྱི་རང་གི་སྔགས། །གང་ཞིག་ཁོ་ནར་མཚན་མ་དྲུག་པར་གྱུར་པ་དེར་ནི་ཡོན་ཏན་དབང་གིས་གཞོམ་དུ་མེད་པར་འགྱུར། ༧༣ །ནཱ་ད་དཔལ་ལྡན་རྡོ་རྗེ་སེམས་དཔར་འགྱུར་ཏེ་མི་ཡི་བདག་པོ་ཐུགས་ཀྱི་རྡོ་རྗེ་ཨ་ཡིག་གོ །ཨི་ཡིག་ཐུང་ངུ་རལ་གྲི་ལྡན་པར་འགྱུར་ཏེ་སླར་ཡང་རྀ་ཡིག་


DTG011_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་ཕྱག་ན་རིན་ཆེན་ནོ། །ཨུ་ཡིག་ཐུང་ངུ་སྣང་བ་མཐའ་ཡས་སུ་འགྱུར་སླར་ཡང་འདིར་ནི་ལྀ་ཡིག་རྣམ་པར་སྣང་མཛད་དོ། །བསམ་པའི་རབ་ཏུ་དབྱེ་བས་དབྱངས་ཀྱི་ཚོགས་པ་རིང་པོ་མཐའ་དག་རྒྱལ་བ་དྲུག་གི་རིམ་པས་སོ། ༧༤ །དཔལ་ལྡན་ཡུམ་ནི་གཞོམ་དུ་མེད་པ་ཞེས་པར་འགྱུར་ཏེ་དེ་བཞིན་ཨཱ་ཡིག་ལས་སྐྱེས་ནམ་མཁའི་ཁམས། །རླུང་དང་མེ་དང་ཆུ་དང་ས་རྣམས་ལ་ནི་ཨཱི་རཱྀ་ཨཱུ་ལཱྀ་ཐམས་ཅད་རིམ་པས་གནས་པར་འགྱུར། །མཆོག་གི་རྒྱལ་བའི་བདག་པོ་སྣ་ཚོགས་ཡུམ་ནི་བདེ་བའི་དོན་དུ་ཕན་ཚུན་ལུས་དང་བསམ་པ་སྟེ། །མི་བསྐྱོད་སྟོང་པའི་ཁམས་དང་ཕྱག་གི་པདྨ་རལ་གྲི་དང་ནི་སྤྱན་མ་ལུས་དང་བསམ་པའོ། །༧༥ །རིན་ཆེན་དབང་པོ་མཱ་མ་ཀཱི་དང་གསལ་བར་པད་འཛིན་གོས་དཀར་མོ་ནི་ལུས་དང་བསམ་པ་སྟེ། །དེ་བཞིན་འཁོར་ལོ་ཅན་དང་སྒྲོལ་མ་རང་བཞིན་ཡོན་ཏན་དབང་གིས་ཐུང་དང་རིང་བའི་དབྱངས་ཀྱིས་སོ། །ཨཾ་ཡིག་ཀུན་ཏུ་བཟང་པོར་འགྱུར་ཏེ་ཡོན་ཏན་དབང་གིས་ཨ་ཡིག་དག་ཀྱང་ཕྱག་ན་རྡོ་རྗེའོ། །ཨེ་ཡིག་ཐུང་ངུ་ནམ་མཁའི་སྙིང་པོ་ཨར་ཡིག་དག་ཀྱང་དེ་བཞིན་ཡང་དག་ས་ཡི་སྙིང་པོར་འགྱུར། ༧༦ །ཨོ་ཡིག་འཇིག་རྟེན་མགོན་པོ་ཨ་ལ་ཡང་དེ་བཞིན་འདིར་ནི་རྣམ་པར་སེལ་བར་འགྱུར་ཏེ་ལུས་ལའོ། །ཨཱ་ཡིག་ཆོས་ཀྱི་དབྱིངས་སུ་འགྱུར་ཏེ་ངེས་པར་དེ་བཞིན་ཨཱཿ་ཡིག་ཡས་སྐྱེས་སྒྲ་ཡི་རྡོ་རྗེ་མ། །ཨཻ་ཡིག་རེག་བྱ་རྡོ་རྗེ་མ་སྟེ་ལུས་ཀྱི་དབྱེ་བས་ཨཱ་ར་ཡིག་ལས་སྐྱེས་རོ་ཡི་རྡོ་རྗེ་མ། །ཨཽ་ཡིག་གཟུགས་ཀྱི་རྡོ་རྗེ་མར་འགྱུར་ངེས་པར་དེ་བཞིན་ཨཱ་ལ་ཡིག་ལས་སྐྱེས་དྲི་ཡི་རྡོ་རྗེ་མ། ༧༧ །དཔལ་ལྡན་བཟང་པོ་ཆོས་ཀྱི་དབྱིངས་དང་ཕྱག་ན་རྡོ་རྗེ་དང་ནི་སྒྲ་ཡི་རྡོ་རྗེ་མ་དག་ཟུང༌། །ནམ་མཁའ་སྙིང་པོ་དྲི་ཡི་རྡོ་རྗེ་མ་དང་འཇིག་རྟེན་མགོན་པོ་རོ་ཡི་རྡོ་རྗེ་མ་དག་ཟུང༌། །ས་ཡི་སྙིང་པོ་གཟུགས་ཀྱི་རྡོ་རྗེ་མ་དང་རེག་བྱ་རྣམ་པར་སེལ་བ་དག་ནི་ཟུང་དུ་འགྱུར། །དེ་ལྟར་རིགས་ནི་དྲུག་པོ་རྣམ་དག་རང་བཞིན་ཡོན་ཏན་དབང་གིས་ཡང་དག་པར་ནི་རིག་པར་བྱ། ༧༨ །ཧཾ་ཡིག་གཙུག་ཏོར་འཁོར་ལོ་ཅན་འགྱུར་ལུས་ཀྱི་དབང་གིས་འདིར་ནི་ཧཿ་ཡིག་ཤིན་ཏུ་སྔོན་མོའོ། །ཧ་ཡིག་ཐུང་ངུ་གནོད་མཛེས་སུ་འགྱུར་ངེས་པར་དེ་བཞིན་རིང་པོ་ལས་སྐྱེས་དྲག་པོའི་མིག་མའོ། །ཡཾ་ལཱཿ་རིམ་པས་


DTG011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གསལ་བར་ཤིན་ཏུ་སྟོབས་དང་རེངས་བྱེད་མ་སྟེ་གཉིས་པོ་དག་ཀྱང་ཟུང༌། །རཾ་ཝཱཾཿ་རྨུགས་བྱེད་ང་རྒྱལ་མ་སྟེ་ཝཾ་དང་རཱཿ་ཞེས་པ་ནི་ཁེངས་བྱེད་རྨུགས་བྱེད་མར་འགྱུར་རོ། ༧༩ །ལཾ་ཡཱཿ་རེངས་བྱེད་ཤིན་ཏུ་བརྩོན་འགྲུས་མར་འགྱུར་ཡ་ཝ་ར་ལ་དབྱུག་པ་སྔོན་པོ་མི་གཡོ་བ། །འདོད་པ་དང་ནི་མཐའ་ཡས་བརྩོན་འགྲུས་སུ་འགྱུར་ལུས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་རིང་པོ་སྟེ། །ཡཱ་ཝཱ་རཱ་ལཱ་དེ་བཞིན་གླང་པོ་རྟ་དང་སེང་གེ་དང་ནི་ཕག་གི་ཤིང་རྟ་དག་ལ་འགྱུར། །དབྱུག་སྔོན་འོད་ཟེར་ཅན་དང་མི་གཡོ་ཞེས་དང་ཁྲོ་གཉེར་ཅན་མ་བརྩོན་འགྲུས་མཐའ་ཡས་ལྕགས་སྒྲོག་མ། ༨༠ །འདོད་པ་ཙུ་ནྡཱ་ཟུང་དུ་འགྱུར་ཏེ་མི་བདག་དཀྱིལ་འཁོར་ལ་ནི་བདེ་བ་དམ་པའི་དོན་དུའོ། །ཨ་ཡིག་དག་དང་ཨོཾ་དང་རྣམ་པར་བཅད་པ་ཧཾ་དང་ཧཿ་དང་ཧ་ཧཱ་ལས་སྐྱེས་ནུས་མ་བརྒྱད། །བུམ་པ་རྣམས་ལ་དེ་བཞིན་ཧ་ཡིག་རླུང་དང་མེ་དང་ཆུ་དང་ས་ཡི་དབྱངས་ཀྱིས་ཕྱེ་བར་འགྱུར། །ཨོཾ་ཧཱུཾ་ཧོ་ཨཱཿ་དུང་དང་དྲི་མེད་ཡོན་ཏན་ནོར་བུ་དང་ནི་རྐང་འཐུང་ཆོས་ཀྱི་ག་ཎྜཱིའོ། ༨༡ །ཧ་ཡིག་ཙཱ་མུ་ཎྜཱ་སྟེ་ཧཾ་དང་ཧཿ་ཞེས་བྱ་བ་འདིར་ནི་དབང་ཕྱུག་མ་དང་ཕག་མོའོ། །ཧཱ་དང་ཀྵ་ཀྵཾ་ཀྵཾ་ཀྵཿ་དབང་མོ་མཁའ་འགྲོའི་བདག་པོས་འགྲོ་མ་ཚངས་མ་དཔལ་མོ་གཞོན་ནུ་མ། །ཧཱི་ཧྲཱྀ་ཧཱུ་ཧྲཱྀ་རྒྱབ་ཏུ་པདྨ་མཆོག་གི་འདབ་མ་ལ་སྟེ་ཐུང་ངུའི་དབྱངས་རྣམས་མདུན་དུའོ། །ཀྵཱི་ཀྵཱྀ་ཀྵཱུ་ཀྵཱྀ་དེ་བཞིན་ཉིད་དེ་རབ་ཏུ་གསལ་ཞིང་ངེས་པར་ཐུང་ངུའི་དབྱངས་རྣམས་དེ་བཞིན་ནོ། ༨༢ །ཤར་དང་གཡས་དང་གཡས་མིན་ཆུ་དང་མེ་དང་ལྷ་མིན་དབང་ལྡན་དང་ནི་རླུང་གི་པདྨ་ལ། །འདབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་གིས་ཕྱེ་ཐུང་ངུ་རིང་པོ་རྣམས་ནི་རིམ་པར་ཡོངས་བཀོད་པ། །ཧི་ཀྵི་ལ་སོགས་ལ་མཐའ་ཐམས་ཅད་ནོར་ནི་གདེངས་ཅན་གྱིས་བསྒྱུར་ལྷ་མོ་རྣམས་ཀྱི་འདབ་མ་ལ། །རིགས་ཀྱི་དབང་གིས་མངོན་ཕྱོགས་ཙཱ་མུ་ཎྜཱ་ལ་སོགས་པའི་ཐབས་སུ་འགྱུར་ཏེ་སྔགས་ཀྱི་དབྱེ་བས་སོ། ༨༣ །ཏཾ་ནཿ་བརྒྱ་བྱིན་ཆུ་གཏེར་གདོང་སྟེ་པཾ་མཿ་ཞེས་པ་རྒྱ་མཚོ་དང་ནི་དཔལ་ལྡན་ཚོགས་ཀྱི་དབང༌། །ཊཾ་ཎཿ་མོ་དང་གཞོན་ནུ་དག་སྟེ་ཅཾ་དང་ཉཿ་ཞེས་བྱ་བ་སྲིན་པོའི་དབང་པོ་དག་དང་རླུང༌། །ཀཾ་དཿ་ཁྱབ་འཇུག་དུས་ཏེ་འཕྲོག་བྱེད་ཅེས་དང་ནོར་སྦྱིན་དག་ཀྱང་སཾ་དང་འདིར་ནི་ཋྐཿ་ཉིད་དོ། །ཙ་


DTG011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྲེ་པ་དབྱངས་དང་བཅས་པ་རྣམས་ནི་ལྷ་ཡི་པདྨའི་འདབ་མར་ལྷ་མོ་རྣམས་ཀྱིར་འགྱུར། ༨༤ །ནག་པའི་ཟླ་བ་སོགས་ཀྱི་ཚེས་རྣམས་དུས་ཀྱི་ངེས་པའི་དབང་གིས་སྟོང་པ་དྲུག་དང་མེ་ཡི་གྲངས། །དེ་ཉིད་ལ་ཞོན་ཧ་ཡིག་རླུང་མེ་ཆུ་དང་ས་རྣམས་དག་ལ་ཤར་ལ་སོགས་པའི་ཀླུ་རྣམས་ཀྱི། །སྡེ་བདུན་བརྩེགས་པ་ལ་གནས་ཀྵ་ཡ་ར་ཝ་ལར་ལྡན་དུར་ཁྲོད་དུ་ནི་ལྷ་མིན་མོ་རྣམས་ཀྱི། །ཤེས་རབ་ཐབས་ཀྱི་ལུས་དང་བསམ་པས་རིགས་ཀྱི་དབང་ལས་འདིར་ནི་གང་ཞིག་དབུས་སུ་མངོན་ཕྱོགས་འགྱུར། ༨༥ །དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་བཟངས་རིགས་ཀྱི་དབང་གིས་རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེར་འགྱུར། །དོན་ཡོད་གྲུབ་དང་ནམ་མཁའི་སྙིང་པོ་དྲི་མེད་ནོར་བུའི་ཕྱག་དང་ས་ཡི་སྙིང་པོ་ཡང་དག་གོ །ཕྱག་ན་འཁོར་ལོ་རྣམ་པར་སེལ་བར་འགྱུར་ཏེ་རིགས་ཀྱི་དབང་གིས་འོད་དཔག་མེད་དང་འཇིག་རྟེན་མགོན། །དཔལ་ལྡན་ཡུམ་དང་ཆོས་ཀྱི་དབྱིངས་ཏེ་སྒྲ་ཡི་རྡོ་རྗེ་མ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ༨༦ །དཔལ་ལྡན་སྒྲོལ་མ་རེག་བྱ་རྡོ་རྗེ་མ་སྟེ་རིགས་ཀྱི་དབྱེ་བས་གོས་དཀར་རོ་ཡི་རྡོ་རྗེ་མ། །མཱ་མ་ཀཱི་དང་གཟུགས་ཞེས་གྲགས་པར་འགྱུར་ཏེ་རིགས་ཀྱི་དབང་གིས་སྤྱན་མ་དྲི་ཡི་རྡོ་རྗེ་མ། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་རྒྱལ་བའི་བདག་པོར་འགྱུར་ཏེ་ཀུན་ཏུ་བཟང་པོ་དེ་ཉིད་དོ། །གཙུག་ཏོར་མི་བསྐྱོད་པ་ཉིད་འདིར་ནི་སླར་ཡང་ཤིན་ཏུ་སྟོབས་དང་དོན་ཡོད་གྲུབ་པར་རབ་ཏུ་གྲགས། ༨༧ །རྨུགས་བྱེད་དང་ནི་ཕྱག་ན་རིན་ཆེན་དུ་འགྱུར་རིགས་ཀྱི་དབང་གིས་ཁེངས་བྱེད་དང་ནི་འོད་དཔག་མེད། །རེངས་བྱེད་དང་ནི་རྣམ་པར་སྣང་མཛད་དུ་འགྱུར་སྟོབས་ལྡན་ཕྱག་ན་རྡོ་རྗེ་དག་དང་གནོད་མཛེས་སོ། །མཁའ་སྙིང་དང་ནི་དབྱུག་པ་སྔོན་པོ་རང་བཞིན་ཡོན་ཏན་དབང་གིས་ས་ཡི་སྙིང་པོ་འདོད་པའོ། །རྣམ་པར་སེལ་དང་ཤིན་ཏུ་བརྩོན་འགྲུས་སུ་འགྱུར་རིགས་ཀྱི་དབང་གིས་འཇིག་རྟེན་མགོན་པོ་མི་གཡོ་བ། ༨༨ །ཡུམ་དང་ཁྲོ་བོའི་དབང་པོའི་ཕྱག་རྒྱར་འགྱུར་ཏེ་རིགས་ཀྱི་དབང་གིས་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད། །སྟོང་པར་གྲགས་པ་ཤིན་ཏུ་སྔོན་མོ་རླུང་མེ་ཆུ་དང་ས་ལ་སོགས་པ་མཐའ་ཡས་བརྩོན་འགྲུས་དང༌། །རྨུགས་བྱེད་མ་དང་ཁེངས་མ་རེངས་བྱེད་མར་ནི་རིམ་པས་རབ་ཏུ་གསལ་ཞིང་ངེས་པར་རབ་ཏུ་གྲགས། །


DTG011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྤྱན་སྒྲ་ཡི་རྡོ་རྗེ་མར་འགྱུར་རིགས་ཀྱི་དབང་གིས་ལྕགས་སྒྲོག་མ་དང་རེག་བྱ་རྡོ་རྗེ་མ། ༨༩ །འོད་ཟེར་ཅན་དང་དྲི་ཡི་རྡོ་རྗེར་རབ་ཏུ་འགྱུར་ཏེ་ཁྲོ་གཉེར་ཅན་དང་ཙུ་ནྡཱ་ར་རབ་གྲགས་པ། །རིགས་ཀྱི་དབྱེ་བས་ངེས་པར་རོ་ཡི་རྡོ་རྗེ་མ་དང་གཟུགས་ཀྱི་རྡོ་རྗེར་རིམ་པས་ཤེས་པར་བྱ། །འདིར་ནི་རེངས་བྱེད་དུས་མཐར་བྱེད་པ་ཉིད་དེ་སླར་ཡང་ཤིན་ཏུ་སྟོབས་དང་བགེགས་དགྲར་རབ་ཏུ་གྲགས། །རྨུགས་བྱེད་ཤེས་རབ་མཐར་བྱེད་དག་ཏུ་རབ་ཏུ་འགྱུར་ཏེ་དེ་བཞིན་ཁེངས་བྱེད་དང་ནི་པདྨའི་དགྲ། ༩༠ །རླུང་མེ་ཆུ་ས་ཙཱ་མུ་ཎྜཱ་དང་ཕག་མོ་དབང་ཕྱུག་མ་དང་དེ་བཞིན་དབང་མོ་བཞི་པ་སྟེ། །དྲི་དང་གཟུགས་དང་རོ་དང་རེག་བྱ་ཞེས་པ་གཡོ་བ་འཕྲོག་བྱེད་ལྷ་མིན་མེར་ནི་གནས་པ་ཡང༌། །ཚངས་པ་དང་ནི་རྣམ་པར་སྣང་མཛད་དུ་འགྱུར་རིགས་ཀྱི་དབང་གིས་རྒྱ་མཚོ་དག་དང་འོད་དཔག་མེད། །མེ་དང་དཔལ་ལྡན་ཕྱག་ན་རིན་ཆེན་དུ་འགྱུར་རླུང་དང་དོན་ཡོད་གྲུབ་པ་དག་ནི་དེ་བཞིན་ཉིད། ༩༡ །མི་བསྐྱོད་པ་དང་ལྷ་མིན་དགྲ་བོར་འགྱུར་ཏེ་རྒྱལ་བའི་བདག་པོ་དང་ནི་བདེ་བྱེད་རབ་ཏུ་གྲགས། །རྣམ་པར་སེལ་བ་གང་དེ་བརྒྱ་བྱིན་དུ་འགྱུར་འཇིག་རྟེན་མགོན་པོ་ཚོགས་ཀྱི་བདག་པོ་དེ་བཞིན་ཉིད། །ས་ཡི་སྙིང་པོ་གདོང་དྲུག་པར་འགྱུར་དཔལ་ལྡན་མཁའ་སྙིང་ད་ནུའི་བདག་པོར་རབ་ཏུ་གྲགས་པ་ཡིན། །དཔལ་ལྡན་ཕྱག་ན་རྡོ་རྗེ་དུས་སུ་འགྱུར་ཏེ་དྲུག་པ་ཀུན་ཏུ་བཟང་པོ་ནོར་གྱི་བདག་པོའོ། ༩༢ །རིག་མ་དྲུག་དང་ཕྱག་རྒྱ་དྲུག་ནི་རང་བཞིན་ཡོན་ཏན་དབང་གིས་དེ་རྣམས་རང་རང་ཕྱག་རྒྱ་སྟེ། །ཕྱག་རྒྱ་རིག་མ་ལ་སོགས་ཉི་མ་ལྷ་ཡི་མཆོག་གི་བདག་རྣམས་དཀར་པོ་ནག་པོ་རྫོགས་པའོ། །དེ་དག་རྣམས་ཀྱི་པད་འདབ་ལ་ནི་ནོར་ལག་ཚེས་ཏེ་མཆུ་ཡི་ཟླ་བ་ལ་སོགས་གང་དེ་རྣམས། །ཟླ་བ་དྲུག་ནི་སྔ་མ་དྲུག་ཏུ་འགྱུར་ཏེ་རིགས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་ཕྱི་མ་ཡང༌། ༩༣ །ཀླུ་བརྒྱད་གང་དེ་བུམ་པ་རྣམས་ཏེ་ཁྱབ་བདག་པདྨའི་འདབ་ལ་ནུས་མ་དེ་རྣམས་རབ་གཏུམ་མ། །དཔལ་ལྡན་དུ་བ་བྱ་རོག་གདོང་མར་འགྱུར་ཏེ་རིགས་ཀྱི་དབང་གིས་བྱ་རྒོད་གདོང་མ་སྨིག་རྒྱུ་མ། །མཁའ་སྣང་མ་ནི་འུག་པའི་གདོང་མ་དཔལ་ལྡན་མར་མེ་མཁའ་འགྲོའི་བདག་པོའི་གདོང་མར་རབ་ཏུ་གྲགས། །ནག་མོ་འབར་མ་ཁྱི་གདོང་མ་སྟེ་དམར་མོ་འབར་


DTG011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤིན་ཏུ་རྣམ་འགྱུར་བཞིན་ལྡན་ཕག་གདོང་མ། ༩༤ །དཀར་མོ་འབར་མ་སྟག་གི་གདོང་མར་འགྱུར་ཏེ་རིགས་ཀྱི་དབང་གིས་སེར་མོ་འབར་མ་ཅེ་སྤྱང་མ། །དེ་བཞིན་སྒེག་མོ་ལ་སོགས་ཐམས་ཅད་རབ་ཏུ་གསལ་བ་རྣམ་བཅུ་སྣ་ཚོགས་ཡུམ་ནི་ལྷག་མའོ། །ལྷ་མོ་སངས་རྒྱས་རིག་མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོའི་དབང་པོ་བྱང་ཆུབ་སེམས་དཔའ་ངེས་པར་རོ་ཡི་རྡོ་རྗེ་མ་ནི་ཆོས་ཀྱི་སྐུ་དེ་ཉིད། ༩༥ །རྣལ་འབྱོར་མ་རྣམས་ལོངས་སྤྱོད་སྐུ་སྟེ་རབ་མཆོག་ཤིང་རྟ་ལ་གནས་ལྷ་ནི་ཉི་མར་རབ་གྲགས་པ། །ཀླུ་ནི་བརྒྱད་པོ་རྣམས་དང་རབ་གཏུམ་མ་རྣམས་འཁོར་དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་ན་ཡང༌། །མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པར་རབ་ཏུ་འགྱུར། ༩༦ །སྟོན་པ་ལྷ་མོ་སོགས་དང་བུམ་པ་ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་དབུས་སུའོ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་སྟེ་ངེས་པར་རོ་ཡི་རྡོ་རྗེ་མ་སོགས་ལོངས་སྤྱོད་རྫོགས་པའི་སྐུ། །ཁྲོ་བོ་སྤྲུལ་པའི་སྐུ་རུ་འགྱུར་ཏེ་ཡོན་ཏན་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས། །ཕྱི་རོལ་དུ་ནི་ཙཱ་མུ་ཎྜཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་དག་པའི་སྐུ། ༩༧ །ལྷ་ལ་སོགས་པ་ཆོས་ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གཏུམ་མོ་རྣམས་ནི་སྤྲུལ་པའི་སྐུར་འགྱུར་མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུའོ། །སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་ནི་ཟུང་དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་སླད་དུའོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ཡང་ཟུང་དུ་འགྱུར་ཏེ་ཆོས་ཉིད་བསྟན་པའི་དོན་དུའོ། ༩༨ །ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཟུང་དུ་འགྱུར་ཏེ་སེམས་ཅན་ཀུན་གྱི་དོན་ནི་བྱེད་པ་པོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་དག་ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་པ་སྟེར་བ་ཉིད། །ཤེས་རབ་ཐབས་ཀྱི་ལུས་དང་བསམ་པ་མཉམ་དང་མི་མཉམ་རིགས་ནི་ཉི་ཟླ་ཀ་སོགས་ཨ་སོགས་དང༌། །རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་རྣམ་ཤེས་དབྱེ་བ་དག་གིས་རྣལ་འབྱོར་པ་ཡིས་རིག་


DTG011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། ༩༩ །རྡོ་རྗེ་སྭཱ་ཧཱའི་མཐའ་ལྡན་དག་གིས་མགོ་དང་མགྲིན་པ་སྙིང་ག་ལྟེ་བ་གསང་བ་སྤྱི་བོར་ཏེ། །འདི་དག་གིས་ནི་བྱིན་བརླབས་ཡན་ལག་རབ་མཆོག་རྒྱལ་བའི་བདག་པོ་ལྷ་མོ་རྣམས་ཀྱིས་བཀྲུ་བར་བྱ། །སྟོང་པ་ཆོས་ཀྱི་དབྱིངས་དང་རྡོ་རྗེ་གསུམ་གྱི་དུས་དང་ཡེ་ཤེས་མཆོད་པ་རྗེས་སུ་ཆགས་པ་ལ། །སྐྱབས་སུ་འགྲོ་བ་གསུམ་ནས་སྒྲུབ་པ་པོ་ཡིས་ཏ་ཏ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཉ་ཧཾ་བརྗོད་པར་བྱ། ༡༠༠ །བུམ་པ་རྣམས་དང་དུ་བ་ལ་སོགས་བརྒྱད་པོ་རྣམས་ཀྱིས་སྙིང་གར་ཆོས་ཀྱི་འཁོར་ལོར་རབ་ཏུ་འགྱུར། །རིག་མ་རྣམས་དང་སངས་རྒྱས་ཉིད་ཀྱིས་མགོ་བོར་རྩིབས་བཅུ་དྲུག་པ་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔའ་ལ་སོགས་ཉིས་འགྱུར་མི་བདག་རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་འགྱུར། །འཇིགས་པ་ལ་སོགས་ནོར་ནི་གདེངས་ཅན་དག་གིས་བསྒྱུར་བ་རྣམས་ཀྱིས་ལྟེ་བར་སྤྲུལ་པའི་འཁོར་ལོར་འགྱུར། ༡༠༡ །ལག་པ་རྐང་པའི་ཚིགས་ལ་ལྷ་རྣམས་ཀྱི་ནི་ལས་ཀྱི་འཁོར་ལོ་དགུ་བཅུ་དུས་ཀྱིས་བསྣུན་པ་སྟེ། །ཀླུ་དང་གཏུམ་མོ་མི་ཡི་བདག་པོ་རྣམས་ཀྱིས་སོར་མོའི་ཚིགས་ཀྱི་མཚམས་ལ་བྱ་བ་ཞེས་བྱར་འགྱུར། །དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་བདག་ལོ་དང་ཟླ་བ་ལ་སོགས་དབྱེ་བས་སོ། །ཐུགས་ཀྱི་རྣམ་པ་ཉི་མ་མ་ཡིན་ཉིན་ཞག་སོ་སོའི་དབང་གིས་སྣ་ཚོགས་ཡུམ་ནི་རྣམ་པར་དག་༡༠༢ །རླུང་གི་དག་པས་དུ་བ་ལ་སོགས་རང་གི་སྙིང་གའི་པདྨར་རྩ་ཡི་འཁོར་ལོ་ལ་གནས་རྣམས། །ཉོན་མོངས་རྣམས་ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ཀྱི་འོག་ཏུ་བདུད་ཀྱི་ཚོགས་ཀྱི་བདུད། །དུང་དང་ག་ཎྜཱི་མ་ཎི་ལྗོན་པ་ཞེས་པ་དག་ཀྱང་དེ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་གིས་ཏེ་རྒྱལ་དང་རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་སོགས་ཀྱིས། ༡༠༣ །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་དང་སྟོབས་ཁྲག་བཤང་བ་གཅི་བ་རྣམ་པར་དག་པའོ། ལྷ་མོ་དྲུག་ནི་ཁམས་རྣམས་ཀྱིས་ཏེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་


DTG011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་སྟོབས་རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ཀྱིས། ༡༠༤ །ཙཱ་མུ་ཎྜཱ་སོགས་ཐུན་བརྒྱད་ཀྱིས་ཏེ་པདྨའི་འདབ་མར་གནས་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་ཀྱིས། །ལྷ་མིན་ལ་སོགས་ཉི་མའི་ཟླ་བས་པདྨའི་འདབ་མར་གནས་རྣམས་ཆུ་ཚོད་དབུགས་ཀྱི་གྲངས་ཀྱིས་སོ། །གསང་བར་མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཀྱིས་ཀླུ་རྣམས་དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག །དེ་བཞིན་འདོད་མ་ལ་སོགས་དེ་དག་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག་༡༠༥ །སྐྲ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་བ་སྤུ་རྣམས་ཀྱིས་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས། །དེ་ཉིད་རྣམས་ཀྱིས་གཙོ་བོའི་མཚོན་ཆ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱིས་ཕྱི་ཡི་ཕྱག་རྒྱའོ། །རྡོ་རྗེས་ནང་གི་ཕྱག་རྒྱ་རྡོ་རྗེ་འཛིན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡང་དག་གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་ནི་རྣམ་གསུམ་སྲིད་གནས་འགྱུར་མེད་ཡེ་ཤེས་དབྱེ་བ་ལས། ༡༠༦ །དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པོའི་སེམས་ཅན་ཀུན་དོན་བྱེད་པ་པོ། །བཞི་པའི་གནས་སྐབས་ཤིན་ཏུ་གཉིད་ལོག་ངེས་པར་སླར་ཡང་གཞན་དང་ལུས་ཀྱི་དབྱེ་བས་སད་པ་སྟེ། །དེ་ལྟར་ལུས་ཀྱི་རབ་ཏུ་དབྱེ་བས་སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད་ནི་རྣམ་པ་བཞི་རུ་གནས། ༡༠༧ །སྤྲུལ་པར་ཡིད་ནི་ལོངས་སྤྱོད་བྱེད་པ་པོ་རུ་རབ་ཏུ་འགྱུར་ཏེ་ལུས་དང་ངག་གི་དབང་པོས་སོ། །ལོངས་སྤྱོད་རྫོགས་ལམ་མཐོང་སེམས་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཆོས་ཀྱི་སྐུ་ལ་གཉིད་ཀྱང་ངོ༌། །དག་པ་ལ་ནི་བདེ་བར་རབ་འགྱུར་འདིར་ནི་ཉིན་མཚན་དུས་སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར། །དེ་ཕྱིར་དེ་ནི་ཉིན་མཚན་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་སྟེ་འགྱུར་མེད་དོན་དུའོ། ༡༠༨ །གཡོན་དུ་སྲོག་ནི་རབ་ཏུ་རྒྱུ་བར་འགྱུར་བ་དེ་བཞིན་དུ་ནི་གཡས་པ་བསྐུམ་པ་གང་ཡིན་པ། །དེ་ནི་གཡོན་བརྐྱང་སྟབས་ཏེ་མཉམ་པའི་སྟབས་དང་གཞན་པ་གཡས་བརྐྱང་མེ་དང་ཉི་མའི་རྒྱུ་བ་ལས། །ས་ག་དང་ནི་ཟླུམ་པོ་ཉིད་དང་


DTG011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རོལ་པའི་སྟབས་དང་པདྨ་དང་ནི་རྡོ་རྗེའི་གདན། །ནམ་མཁའ་སོགས་ལ་རབ་ཏུ་རྒྱུ་བ་མཉམ་དང་མི་མཉམ་བགྲོད་པ་དག་ལ་སྲོག་རླུང་རྣམ་པ་ལྔ། ༡༠༩ །གཏུམ་མོ་ལྟེ་བའི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ་ཙ་རྩི་ཀཱ་སོགས་ལྷག་པའི་ལྷ་དང་ལྡན། ཧོ་ཡིག་ཡེ་ཤེས་སྙིང་པོ་ལ་ནི་དྲི་མེད་གློག་དང་མཚུངས་པའི་ཡེ་ཤེས་མེ་ནི་རབ་རྒྱས་པ། །ལྟེ་བར་རྣམ་པར་སྣང་མཛད་ལ་སོགས་བསྲེག་ཅིང་མི་ཡི་བདག་པོ་སྤྱན་མ་མིག་ལ་སོགས་པ་རྣམས། །ཐམས་ཅད་བསྲེགས་ནས་མགོ་བོར་ཟླ་བ་བཟང་ལས་ཐིག་ལེའི་གཟུགས་ནི་འཛག་པ་གང་དེ་རྡོ་རྗེ་ཅན། ༡༡༠ །ཤེས་རབ་ཆོས་འབྱུང་དག་ལ་གནས་པ་མཐའ་དག་སླར་ཡང་སྤྲོ་བ་བྱས་ཏེ་ངེས་པར་ཐིག་ལེ་ཡིས། །སྣ་ཚོགས་རྒྱན་དང་ལྡན་ཞིང་མེ་ལོང་དག་ལ་གནས་པ་ལྟ་བུའི་ཡེ་ཤེས་འཁོར་ལོ་རང་བྱུང་བ། །འདོད་པ་དང་ནི་གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོ་དག་ཀྱང་རིམ་པས་སྦྱངས་བྱས་ཏེ། །ཕྱི་ནས་ཡེ་ཤེས་མེ་ལྕེ་དག་གིས་སྲིད་པ་གསུམ་པོ་མཐའ་དག་དུས་གཅིག་ཏུ་ནི་དགུག་པར་བྱ། ༡༡༡ །ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱིས་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །སོ་སོར་སྡུད་པ་ལ་སོགས་དྲུག་གིས་གསེར་བཟང་པདྨ་ལ་ནི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཏེ། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་ཆུ་སྐྱེས་དག་ལ་རོ་མཉམ་གྱུར་པས་བསྒོམ་པ་རྡོ་རྗེ་གསུམ། །ཤེས་རབ་པདྨར་སེམས་ཀྱི་ཐིག་ལེ་དག་ལ་ལྷན་སྐྱེས་བདེ་བའི་དབང་གིས་བསྒོམ་པ་གཞོམ་མེད་འགྱུར། ༡༡༢ །བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། །སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་སྒྲུབ་པར་འགྱུར། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་བསྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་སྦྱར་ལ་གང་ཚེ་འཕོ་མེད་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར། ༡༡༣ །དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །དེ་ནས་གཟུགས་དག་བསྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཡི་གེ་དགོད་པ་ཉིད་ཡིན་ཏེ། །འདི་


DTG011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱི་ཡི་བསྙེན་པ་ཆུ་ཡི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་སྒྲུབ་པ་དག་ནི་འབྲིང་པོ་ཡང༌། །འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་དམན་དང་བརྟན་པ་བསྒྲུབ་པའི་ཡན་ལག་དག་ལ་དེ་བཞིན་ཉིད། ༡༡༤ །སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ། ༡༡༥ །སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྐྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། ༡༡༦ །གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གི་ལས་དང་ཀུན་རྟོག་མཆོག་རྣམས་སོ། ༡༡༧ །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། ༡༡༨ །རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་


DTG011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་དག་གིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། ༡༡༩ །བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་ལ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་སྒྲུབ་པ་ལ། །བདེ་བ་མ་ཉམས་གཅིག་པུ་ཞི་བའི་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ། ༡༢༠ །སྲོག་གི་རྩོལ་བ་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་ཇི་སྲིད་མགོ་ཡི་བར་དུ་འདོད་པ་སྟེ། །དེ་ལས་སྟེང་དུ་འདོད་པ་མ་ཡིན་འཆི་བའི་འཇིགས་པ་བྱེད་པ་ཕུང་པོ་ངེས་པར་འཇིག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་འགྲོ་ན་མཆོག་གི་བདེ་བའི་གོ་འཕང་དག་ལ་ངེས་པར་སྦྱར་བར་བྱ། །ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་འཇུག་སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན། ༡༢༡ །དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་སྣ་ཚོགས་ཡུམ་ལ་ཡུལ་དང་རྣམ་པར་བྲལ་བའི་འཁྱུད་པ་སྟེ། །པདྨར་ཞུགས་པའི་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་ཞུགས་པ། །བདེ་བ་ས་བོན་མ་ལྷུང་བ་ལ་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་རྣམས་ཀྱི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་དོན་སླད་ཁྱབ་བདག་གི་ནི་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་བའོ། ༡༢༢ །གཙུག་ཏོར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་ཕྱི་རོལ་རྩེ་མོ་དག་ནི་ཉིས་འགྱུར་གྱི། །རྡོ་རྗེ་ཆོས་ཀྱི་འཁོར་ལོར་འགྱུར་ཞིང་ཉིས་འགྱུར་གཞན་མ་དང་ནི་དེ་ཡི་ཉིས་འགྱུར་དག་ཀྱང་གཞན། །དེ་ཡི་ཡང་ནི་ཉིས་འགྱུར་གཞན་དུ་འགྱུར་ཏེ་ལྷན་སྐྱེས་ལོངས་སྤྱོད་རྫོགས་དང་སྦྲུལ་པའི་འཁོར་ལོར་རོ། །དེ་ཡི་སྙིང་པོར་རྩེ་མོ་གཅིག་པ་བདེ་མཉམ་འབྲས་སྟེར་གསང་བའི་པདྨའི་ཁོངས་སུ་གནས་པའོ། ༡༢༣ །རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་པ་དག་བྱ་བ་དེ་ནི་སྲོག་ཉམས་


DTG011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཏེ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་དག་ཀྱང་སྙིང་ལ་གྱུར་པ་དེ་ནི་བརྫུན་དུ་སྨྲ་བ་ཉིད། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་ནི་འཛིན་པ་དག་ཀྱང་རྣལ་འབྱོར་པ་ཡིས་བརྐུ་བར་གསུངས། །ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་བ་ཆགས་བྲལ་མིན་ལས་གཞན་གྱི་བུད་མེད་བསྟེན་པའོ། ༡༢༤ །སྲོག་གི་རྩོལ་བའི་མེ་ཡིས་རི་བོང་ཅན་ནི་ཞུ་བ་དག་ཀྱང་བཏུང་བ་ཆང་ནི་འཐུང་བའོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་ཉིད་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བ། ༡༢༥ །བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབས་གནས་སྐབས་སུ་ཞིག་རྒྱལ་བ་འདོད་པ་དེ་ནི་སུ། ༡༢༦ །ཉིན་དང་མཚན་མོར་ཐིག་ལེ་དག་ལས་དཀར་པོའི་རྒྱུན་འབབ་གང་ཞིག་མཱ་མ་ཀཱི་སྟེ་ཆང་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་སོགས་པ་ཉིན་ཞག་སོ་སོར་སྤྲོ་སྟེ་ཤ་གཞན་རེས་འགའ་དག་ཀྱང་མིན། །རང་རིགས་ས་ལ་གནས་པའི་ལྷ་རྣམས་དག་གིས་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་ནི་རབ་ཏུ་ཞུགས་པས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལ་མ་ཡིན། ༡༢༧ །ནོར་ནི་གཏོང་བ་སྦྱིན་པ་ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་འཕོ་བ་མེད་པ་ཚུལ་ཁྲིམས་ཏེ། །བཟོད་པ་སྒྲ་ལ་སོགས་པ་མི་འཇུག་པ་སྟེ་རླུང་གི་གཉི་གའི་བགྲོད་པ་འཇིག་པ་བརྩོན་འགྲུས་ཉིད། །བསམ་གཏན་ཤེས་རབ་དག་ཀྱང་ལྷན་སྐྱེས་བདེ་ལ་གནས་པའི་སེམས་དང་ཀུན་ཏུ་འགྲོ་བ་ཀུན་གྱི་སྐད། །དེ་ལས་སེམས་ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་འཐོབ་སྟེ་གཞན་པ་བཞི་རྣམས་སོ། ༡༢༨ །


DTG011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུའི་སྐུ་ནི་ནུས་པ་དང་ལྡན་གནས་དགུ་དང་བཅས་ཉི་ཤུ་ལྔ་ཡི་བདག་ཉིད་ལ་སོགས་པ། །བསྒོམས་ན་ཕྱག་རྒྱ་ལ་སོགས་གྲུབ་པ་རྣམས་སུ་ངེས་པར་ཉིན་ཞག་འགའ་ཞིག་དག་གིས་ཡང་དག་འགྱུར། །རེངས་པ་དང་ནི་ཞི་དང་དབང་དང་སྲིད་པ་འཇིག་པ་དག་ནི་ཞལ་གྱི་དབྱེ་བ་རྣམས་ཀྱིས་བྱེད། །འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་ལྷ་མིན་ལག་འགྲོའི་རིགས་འདི་བསྒོམས་པ་ཡིས་ནི་བསྒྲུབ་པར་བྱ། ༡༢༩ །དཀར་པོ་ཡིས་ནི་ཞི་དང་རྒྱས་པ་བྱེད་དེ་རང་གི་ཡིད་ལ་དམར་པོ་ཡིས་ནི་དགུག་དང་དབང༌། །སེར་པོས་རེངས་དང་རྨོངས་པ་དག་སྟེ་ནག་པོའི་སྤྲིན་དང་མཚུངས་པས་གསད་པ་དང་ནི་བསྐྲད་པའོ། །བསྒོམ་དང་བཟླས་པ་དེ་བཞིན་ཉིད་དུ་རང་གི་ཡིད་ལ་བྱེད་དེ་སྐུ་གསུང་ཐུགས་དང་རྡོ་རྗེ་ནི། །འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་སྲིད་པ་གསུམ་པོ་མཐའ་དག་ལས་ཀྱི་དབྱེ་བས་བསྒྲུབ་བར་བྱ། ༡༣༠ །ཕྱོགས་ནི་ལྷག་པ་ལས་བྱུང་བུང་བ་དང་ནི་གསེར་དང་མཚུངས་པ་གཡས་དང་ཅིག་ཤོས་དག་གིས་ནི། །ཕུང་པོའི་བདུད་ལ་གླང་ཆེན་པགས་པ་དག་ཀྱང་མ་ལུས་བཤུས་ཏེ་རྐང་པ་ཟུང་ཞིག་དག་ནས་འཛིན། །ལྷ་མིན་དབང་པོའི་ཁྲག་གི་ཐོད་པ་རབ་མཆོག་ཕྱག་མཐིལ་ན་སྟེ་འཆི་བདག་བདུད་ཀྱི་གདོང་གི་ཕྱག །ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྱེལ་བ་གཉིས་ལྷག་རྒྱལ་བའི་ཕྱག་ནི་གཞན་གྱི་དོན་དུ་བསྒོམ་པར་བྱ། ༡༣༡ །དེ་ལ་ཡུམ་ནི་ཞལ་གཅིག་ཟུང་གི་ཕྱག་གི་པདྨ་དག་ལ་གྲི་གུག་དཔལ་ལྡན་ཐོད་པ་སྟེ། །ཉི་མ་ལས་ནི་ཟླ་བས་རང་གི་རྒྱུ་བ་བཅུ་གཉིས་ལྷག་པའི་གཅིག་རྒྱུ་བགྲོད་པའི་དབང་གིས་སོ། །དེ་ཕྱིར་ལུས་ཀྱི་རབ་ཏུ་དབྱེ་བས་རྒྱལ་བའི་བདག་པོར་འགྱུར་ཏེ་སྣ་ཚོགས་ཡུམ་ནི་དེ་བཞིན་ཉིད། །ཤེས་རབ་ཐབས་ཀྱི་ལུས་དང་བསམ་པ་བདེ་མཉམ་འབྲས་སྟེར་ཟླ་བ་ཉི་མའི་རབ་ཏུ་རྒྱུ་བས་སོ། ༡༣༢ །གཅིག་ལ་སོགས་པ་མཐའ་ཡས་ཞལ་ཏེ་ཕྱག་དང་ཞབས་མང་དུ་མའི་ཁ་དོག་མུན་པ་དག་གི་མཐར། །ཤེས་རབ་ཐབས་ཀྱི་བདག་ཉིད་ངེས་པར་བདེ་མཉམ་སྟེར་ཏེ་རྩ་ནི་ཟླ་བ་ཉི་མ་འགོག་པ་ལས། །ས་ལ་སོགས་པ་རྣམས་ནི་ཀུན་ནས་འབིགས་བྱེད་དྲི་མེད་ནོར་བུ་དང་མཚུངས་སྟོང་པ་གཅིག་པུ་སྟེ། །ཐོག་མ་མེད་ཅིང་མཐའ་མེད་དབུས་


DTG011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེད་ལ་ཡུལ་མེད་ཡུལ་ནི་བསྒྲུབས་པ་དུས་ཀྱི་འཁོར་ལོའོ། ༡༣༣ །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་གཉིས་ལྷག་རྒྱལ་བའི་ཕྱག་དང་རིག་བྱེད་ཞལ་དང་ཞབས་གཉིས་པ། །དམར་སེར་སྤྱན་དང་དབུ་སྐྲ་དམར་སེར་རྒྱལ་བའི་བདག་པོའི་ཅོད་པན་མཆེ་བ་རྣོན་པོ་གཙིགས་པ་སྟེ། །སྦྲུལ་གྱི་རྒྱན་དང་རབ་མཆོག་སྟག་གི་པགས་པའི་ཤམ་ཐབས་དང་ནི་གཙོ་བོའི་བཞིན་དུ་མཚོན་ཆའི་ཕྱག །སྤྱི་བོར་མཐའ་དག་རྒྱལ་བའི་རིགས་ཀྱི་ཐོད་པ་ཁ་དོག་ལྔ་རྣམས་དག་གིས་ཕྲེང་བ་ངེས་པར་བཅིངས། ༡༣༤ །དྲི་མེད་འོད་ཟེར་འཕྲོ་བ་སྣ་ཚོགས་ཆུ་སྐྱེས་ཉི་མའི་སྟེང་དུ་དཀྱིལ་འཁོར་སྣ་ཚོགས་མདོག་ལ་ནི། །ཞབས་གཉིས་དག་གིས་འབྱུང་པོའི་མགོན་པོ་ལྷག་པའི་སྟོབས་ཀྱིས་མནན་ཅིང་གཡས་བརྐྱང་སྟབས་ཀྱིས་ཡང་དག་གནས། །འབྱུང་པོ་རྣམས་དང་ལྷ་མིན་གདེངས་ཅན་ལྷ་རྣམས་སྐྲག་པར་བྱེད་ཅིང་ཡེ་ཤེས་སེམས་དཔའ་གཅིག་གྱུར་པ། །བསྒོམས་ན་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ས་ལ་གནས་པ་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ། ༡༣༥ །ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ་རྒྱལ་དང་རྣམ་རྒྱལ་དག་ནི་ཉི་མའི་སྟེང་དུ་བསྒྱེལ་བྱས་ནས། །ཞབས་དག་གིས་ནི་གདེངས་ཅན་བདག་པོ་ཟུང་དང་པདྨའི་འདབ་མར་གནས་པ་རྣམས་ཀྱིས་མཇུག་མ་ཡི། །རྩེ་མོ་ཐམས་ཅད་མནན་ནས་སྤྲིན་གྱི་རིགས་ནི་ལྟོ་བ་དག་ནས་ངེས་པར་ཀུན་ཏུ་སྤྲོ་བྱེད་པ། །དེ་ལྟར་ཁྲོ་བོའི་དབང་པོ་བསྒོམས་པས་ཉིན་ཞག་འགའ་ཞིག་དག་གིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ། ༡༣༦ །ཞེས་པ་ལ་སོགས་མི་ཡི་བདག་པོ་ལྷ་རྣམས་དང་ནི་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་སོ་སོ་རུ། །དཀྱིལ་འཁོར་འདིར་ནི་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་རྣམས་ཀྱིས་འགྱུར། །རེངས་དང་ཞི་བ་དག་དང་དབང་དང་གཞན་ནོར་འཕྲོག་དང་གསད་པ་དང་ནི་བསྐྲད་པ་དག་ལ་ཡང༌། །སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་འགྱུར་ཏེ་སླར་ཡང་བཟླས་དང་སྦྱིན་སྲེག་རང་གི་ས་བོན་གྱིས། ༡༣༧ །ཞི་བ་ལ་ནི་བསམ་གཏན་དག་ཀྱང་ཞི་བ་རི་བོང་འཛིན་པ་ལྟར་དཀར་ལྷ་ནི་ཞི་བའི་གཟུགས། །དྲག་པོ་ལ་ཡང་བསམ་གཏན་དྲག་པོ་དང་ནི་སྤྲིན་ནག་དང་མཚུངས་ལྷ་རྣམས་དྲག་པོ་ཉིད་ཀྱི་གཟུགས། །དབང་


DTG011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་ལ་བསམ་གཏན་ཆགས་པ་དང་བཅས་ཉིན་མོར་བྱེད་པའི་སྐུ་སྟེ་ལྷན་ཆགས་པའི་གཟུགས། །རེངས་པ་ལ་ནི་བསམ་གཏན་རྨོངས་པ་དང་བཅས་མཆོག་གི་གསེར་དང་མཚུངས་པའི་ལྷ་རྣམས་རེངས་པའི་གཟུགས། ༡༣༨ །ཞི་དང་རྒྱས་པ་དག་ཀྱང་སྲས་བཅས་རྒྱལ་བའི་རིགས་དང་རྒྱལ་པོ་ལྷ་མོ་རྣམས་ཀྱིས་འགྲུབ་པར་འགྱུར། །དབྱེ་དང་བསྐྲད་པ་དག་ཀྱང་རང་བཞིན་ཡོན་ཏན་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར། །དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་རབ་གསལ་ལྷ་མིན་རིགས་ལ་ཕུར་བུས་གདབ་པའང་ལྷ་མིན་མོ་རྣམས་ཀྱིས། །ཡུམ་དག་གིས་ནི་ལས་རྣམས་ཐམས་ཅད་གཉི་གའི་རྡོ་རྗེའི་རིགས་ལ་གསད་པ་དང་ནི་གསོ་བ་ཡང༌། ༡༣༩ །དང་པོར་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་ནི་སྲིད་གསུམ་སྐྱེད་མ་འབད་པ་ཡིས་ནི་བསྒྲུབ་པར་བྱ། །དེ་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་ཞི་བ་ལ་སོགས་ལས་རྣམས་དག་ཀྱང་བསྒྲུབ་པར་བྱ། །ཕ་དང་མ་ཡིས་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་འཇིག་རྟེན་གྲགས། །དེ་ཕྱིར་བདེ་མཉམ་འབྲས་སྟེར་གཉིས་པོ་བསྒྲུབ་པར་བྱ་སྟེ་རྣམ་པ་གཞན་དུ་ལས་ནི་འགྲུབ་པ་མིན། ༡༤༠ །གཙོ་བོའི་ཐུགས་ཁར་པདྨའི་དབུས་སུ་རི་བོང་ཅན་དང་ཉི་མ་མེ་ཡི་སྟེང་དུ་རྡོ་རྗེ་ནི། །ཧཱུཾ་ཡིག་ཡེ་ཤེས་ལས་སྐྱེས་འཇིག་དུས་སྤྲིན་དང་མཚུངས་པ་རྩེ་ལྔ་འོད་ཟེར་དང་བཅས་དགོད་པར་བྱ། །དེ་ཡི་དབུས་སུ་ཛཿ་ཡི་ལྕགས་ཀྱུའི་འོད་ཟེར་རྣམས་ཀྱིས་སྲིད་པ་གསུམ་པོ་མཐའ་དག་བཀང་བྱས་ནས། །རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་འཁོར་ལོ་བཀུག་ནས་རྡོ་རྗེའི་ལམ་དུ་རབ་ཏུ་གཞུག་བྱ་སྟེ། ༡༤༡ །ཐམས་ཅད་ཟླ་བ་ཞུ་བ་དང་མཚུངས་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོ་བར་བྱ། །དེ་ནི་ཉི་མར་རབ་ཏུ་ཞུགས་པ་རོ་མཉམ་དག་ཏུ་འགྱུར་ཏེ་ཨ་སོགས་ཀ་སོགས་རབ་ལྡན་པ། །དེ་ཡི་དབུས་སུ་ཞི་བ་ལ་སོགས་ལས་ཀྱི་ཡེ་ཤེས་ས་བོན་དུ་འགྱུར་རིགས་ཀྱི་དབང་གིས་སོ། །དེ་ཡིས་རྫོགས་པའི་ལྷ་མོ་འམ་ནི་ལྷ་ཡང་རྣལ་འབྱོར་པ་ལ་འབྲས་བུ་སྟེར་བ་ཉིད་དུ་འགྱུར། ༡༤༢ །ཛཿ་ཧཱུཾ་བཾ་ཧོཿ་རིམ་པས་ལྕགས་ཀྱུ་ཞེས་དང་རྡོ་རྗེ་དང་ནི་རྡོ་རྗེ་ཞགས་པ་དྲིལ་བུ་སྟེ། །ཨོཾ་ཨཱཿ་ཧཱུཾ་ཧོཿ་དེ་བཞིན་དུ་


DTG011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཟླ་བ་ཉི་མ་རྡོ་རྗེ་དེ་བཞིན་ཉིད་དུ་འགྱུར་མེད་དོ། །ཨཱི་རཱྀ་ཨཱུ་ལཱྀ་དེ་བཞིན་ཉིད་དུ་རབ་གསལ་ཡ་ར་ཝ་ལ་རླུང་མེ་ཆུ་དང་ས་རྣམས་སོ། །ཧཿ་ཧཱུཾ་ཧཾ་ཕྲེཾ་ཉི་མ་དང་ནི་རྡོ་རྗེ་ཟླ་བ་དག་དང་གྲི་གུག་ཏུ་ཡང་དེ་བཞིན་གསུངས། ༡༤༣ །ཟླ་བ་ཉི་མའི་དབུས་སུ་ཨཱ་ལི་ཀཱ་ལི་དང་བཅས་ཆུ་ཡི་ས་བོན་བདག་ཉིད་ཆུ་སྐྱེས་ཏེ། །དེ་ལས་རྫོགས་པའི་ལྷ་མོ་ཟླ་བའི་མདོག་ཅན་ཞལ་གཅིག་མ་སྟེ་ཟུང་གི་ཕྱག་གི་པདྨ་ཅན། །གླང་ཆེན་དཀར་པོ་ལ་ཞོན་ཕྱག་ན་ཆུ་སྐྱེས་དཀར་དང་མི་འཇིགས་པ་དང་གོས་ནི་དཀར་པོ་དང༌། །དཀར་བའི་རྒྱན་དང་ལྡན་ཞིང་རབ་ཏུ་བཞད་པའི་ཞལ་ནི་བསྒོམས་ནས་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། ༡༤༤ །དེ་ནས་བསྒྲུབ་བྱ་བཟུང་ནས་སླར་ཡང་ཁྱབ་བདག་དཀྱིལ་འཁོར་དུ་ནི་ཡང་དག་རབ་ཏུ་གཞུག་པར་བྱའོ། །གཙོ་བོའི་བཀའ་ནི་རབ་ཏུ་ཐོབ་ནས་སྤྱན་མ་ལ་སོགས་རབ་དགྱེས་རྣམས་ཀྱིས་བདུད་རྩིའི་བུམ་པ་ཡིས། །བསྒྲུབ་བྱ་དེ་ནི་བཀྲུ་བར་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་ནུས་མ་རྣམས་ཀྱིས་མཆོད་པར་བྱེད། །གཟུགས་ལ་སོགས་པ་རྣམས་ཀྱིས་གསོ་བར་བྱེད་ཅིང་རབ་གསལ་སྒེག་མོ་ལ་སོགས་བཅུ་ཡིས་ཚིམ་པར་བྱེད། ༡༤༥ །འབྱུང་པོར་གྲགས་པ་རྣམས་ཀྱིས་འཇིགས་པ་མེད་བྱེད་རབ་མཆོག་རྣམ་བཅུ་ཁྲོ་སྐྱེས་རྣམས་ཀྱིས་སྐྱོང་བར་བྱེད། །ཀླུ་མོ་རྣམས་ཀྱིས་འོ་དག་བྱེད་ཅིང་འཆི་མེད་ན་ཆུང་བཅུ་གཉིས་རྣམས་ཀྱིས་འཁྱུད་པ་དག་ཏུ་བྱེད། །གཏུམ་མོ་རྣམས་ཀྱིས་བསྲུང་བ་བྱེད་དེ་མཐའ་དག་ས་གཞི་དག་ལ་ཞི་རྒྱས་དོན་གྱི་སླད་དུའོ། །དེ་ལྟར་བསྒྲུབ་བྱ་ཡི་ནི་མཆོག་གི་བདེ་བ་བྱེད་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ༡༤༦ །ཟླ་བ་ཉི་མའི་དབུས་སུ་ཧྲཱིཿ་སྟེ་ཨུཏྤལ་ཁ་མ་བྱེ་བའི་མདའ་ཉིད་དང་ནི་ཨི་ཀྵུའི་གཞུ། །དེ་ལས་རྫོགས་པ་ཉི་མ་ལྟར་གསལ་ཕྱག་ནི་གཉི་གས་གཞུ་དང་མདའ་ནི་རྣ་བའི་བར་དུ་བཀང༌། །པདྨ་དང་ནི་རི་བོང་འཛིན་པར་གཡོན་བརྐྱང་རྟ་ལ་ཞོན་པ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། །བསྒྲུབ་བྱ་ཡི་ནི་སྙིང་ག་ལྟེ་བ་གསང་བ་དག་དང་མགོ་དང་ཁ་ལ་མདའ་ཡིས་བསྣུན་བྱས་ཤིང༌། ༡༤༧ །མགྲིན་པར་གཞུ་ཡིས་བཅིངས་ནས་དེ་ཡིས་བསྐྱོད་པ་དག་ཀྱང་དཀྱིལ་འཁོར་དུ་ནི་ཁྲིད་


DTG011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་སྟེ། །གཏུམ་མོ་རྣམས་ཀྱིས་གོས་དང་བྲལ་བ་བྱས་ཤིང་ཀླུ་མོ་རྣམས་ཀྱིས་ཀྱང་ནི་ངེས་པར་བཀྲི་བ་བྱས། །ལྷ་མོ་རྣམས་ཀྱིས་སྤྱོ་བར་བྱེད་ཅིང་ཁྲོ་སྐྱེས་རྣམས་ཀྱིས་གཏུན་ཤིང་དབྱུག་པར་བཅས་པ་དག་གིས་བསྣུན། །འབྱུང་པོ་རྣམས་ཀྱིས་འཇིགས་པར་བྱེད་ཅིང་སྒེག་མོ་ལ་སོགས་རྣམས་ཀྱིས་ཀྱང་ནི་སེན་མོ་རྣོན་པོ་འདེབས། ༡༤༨ །རྡོ་རྗེ་མ་རྣམས་ཀྱིས་ནི་བློ་གྲོས་ཉམས་བྱས་ས་དང་ཆུ་དང་བསྲེག་ཟ་རླུང་རྣམས་དག་གིས་བཅིངས། །ནུས་མ་རྣམས་ཀྱིས་གོས་བྲལ་རྒྱགས་པ་མཐའ་དག་བཅོམ་ཞིང་གཙོ་བོ་ཡིན་ཞབས་ལ་ལྟུང་བར་བྱས། །དེ་ལྟར་དབང་དུ་བྱས་ནས་སླར་ཡང་ཁྱབ་བདག་དག་གིས་ཚིམ་པར་བྱས་ཏེ་དེར་ནི་བསྒྲུབ་པར་བྱ། །དེ་བཞིན་ཞགས་པ་ལྕགས་ཀྱུ་དག་གིས་ཁམས་གསུམ་པོ་ནས་དགུག་པའི་ལས་ནི་རྣམ་པ་མང་པོར་འགྱུར། ༡༤༩ །ཉི་མ་ཟླ་བའི་དབུས་སུ་སྤྲིན་ནག་དང་མཚུངས་ཧཱུཾ་ཡིག་རིང་པོ་ལས་སྐྱེས་རལ་གྲི་བསྒོམས་བྱས་ནས། དེ་ལས་བྱུང་བ་བུང་བའི་མདོག་ཅན་ཕྱག་གི་པདྨ་རལ་གྲི་དང་ནི་སྡིགས་མཛུབ་ཞགས་པའི་ཕྱག །རྔ་མོའི་སྟེང་དུ་གཡོན་པ་བརྐྱང་ཞིང་རབ་ཏུ་ཁྲོས་པའི་ཞལ་ནི་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། །བསྒྲུབ་བྱ་ཞགས་པས་བཅིང་བ་བྱས་ནས་ཁྲོས་པའི་ཞལ་གྱིས་དཀྱིལ་འཁོར་གྱི་ནི་སྒོ་རུ་ཁྲིད་བྱས་ཏེ། ༡༥༠ །ཡཿ་ཡིག་ལས་སྐྱེས་རྔ་མོ་མགྱོགས་པ་རླུང་ལྟར་བགྲོད་པ་དེ་ལ་གཙོ་བོའི་གསུང་གིས་བསྒྲུབ་བྱ་ནི། །ཞོན་པ་རྩེ་མོ་ཅན་དང་གཡོ་བའི་དཀྱིལ་འཁོར་ཇི་སྲིད་ཉིད་དུ་རང་བཞིན་གྱིས་ནི་བསྐུལ་བར་བྱ། །དེ་ལྟར་ལྷ་ཡི་བདག་པོ་དག་ཀྱང་ངེས་པར་བསྐྲད་པར་འགྱུར་ན་མི་རྣམས་དག་ནི་སྨོས་ཅི་དགོས། །དབྱེ་བ་ལ་ཡང་རྔ་མོས་དམན་ཞིང་རྩོད་མང་བྱས་པ་དག་ནི་གཡས་དང་གཡོན་དུ་བཀྲི་བར་བྱ། ༡༥༡ །ཉི་ཟླའི་དབུས་སུ་ལཿ་ཞེས་བྱ་བ་ཡོངས་གྱུར་འཁོར་ལོ་བཟང་པོ་ཁ་དོག་སེར་པོ་བསྒོམས་བྱས་ནས། །དེ་ལས་བྱུང་བ་ཞལ་གཅིག་པ་སྟེ་མཆོག་གི་གསེར་དང་མཚུངས་པ་ཕྱག་ན་ལྕགས་སྒྲོག་འཁོར་ལོ་ཅན། །རུས་སྦལ་ལ་ནི་ལྷ་མིན་གདན་གྱིས་གནས་ཤིང་ཤིན་ཏུ་དལ་འགྲོ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། །བསྒྲུབ་བྱ་འཁོར་ལོས་འཇིགས་པར་བྱས་ནས་ས་ལ་རབ་ཏུ་བསྒྱེལ་ཏེ་ལྕགས་


DTG011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་གིས་ནི་རྐང་པ་བཅིངས། ༡༥༢ །དཀྱིལ་འཁོར་དུ་ནི་ཀུན་ཏུ་ཁྲིད་ཅིང་རྒྱལ་བའི་བདག་པོའི་བཀའ་ཡིས་འཛིན་མ་ལ་ནི་བསྒྱེལ་བྱས་ནས། །དེ་ཡི་སྟེང་དུ་བསྒྲུབ་བྱའི་ལུས་ལ་ལྷུན་པོ་མཆོག་གི་གསེར་གྱི་རང་བཞིན་དགོད་བྱ་རེངས་ལ་སྟེ། །ཕུར་བུས་གདབ་པའི་དོན་དུ་ཚིགས་དྲུག་ལ་ནི་རྡོ་རྗེའི་རང་བཞིན་ཕུར་བུ་རྣམས་ཀྱིས་གདབ་པར་བྱ། །རྨོངས་པ་ལ་ཡང་སྦྲུལ་རྣམས་ཀྱིས་ནི་ཀུན་ཏུ་ཟ་བར་བྱེད་ཅིང་ས་ལ་འགྱེལ་བར་བསྒོམ་པར་བྱ། ༡༥༣ །ཉི་མ་ཟླ་བའི་དབུས་སུ་དྲི་མེད་གློག་དང་མཚུངས་པའི་གྲི་གུག་ཕྲེཾ་གྱི་རང་བཞིན་བསྒོམས་བྱས་ནས། །དེ་ལས་བྱུང་བའི་རབ་ཏུ་གཏུམ་མོ་འཇིག་དུས་སྤྲིན་དང་མཚུངས་པ་ཕྱག་ན་གྲི་གུག་ཐོད་པ་ཅན། །རྟ་ཡིད་གྲ་ཡི་སྟེང་དུ་གཡོན་པ་བརྐྱང་ཞིང་གོས་དང་བྲལ་བར་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། །བསྒྲུབ་བྱའི་སྐྲ་རྣམས་དག་ལས་མྱུར་དུ་བཟུང་ཞིང་དེ་ཡིས་དཀྱིལ་འཁོར་དུ་ནི་གོས་ཀྱིས་དམན་པ་ཡང༌། ༡༥༤ །ཀུན་ཏུ་ཁྲིད་དེ་དཔལ་ལྡན་དུར་ཁྲོད་དག་ཏུ་རྒྱལ་བའི་བདག་པོའི་བཀའ་ཡིས་བྱ་རྒོད་བྱ་རོག་དང༌། །ཅེ་སྤྱང་རྣམས་ཀྱིས་བསྒྲུབ་བྱའི་ཡན་ལག་ཀུན་ལས་ཁྲག་འཐུངས་ཤ་དང་དེ་བཞིན་དུ་ནི་ཁམས་ཀུན་ཟོས། །དེ་ལྟར་མ་ལུས་པ་ནི་རབ་མཆོག་ས་ཡི་གཞི་ལ་བསྒོམ་པར་བྱ་སྟེ་གསད་པ་དག་ལའོ། །བསམ་གཏན་འདི་ཡིས་བརྒྱ་བྱིན་དག་ཀྱང་གཤིན་རྗེའི་གྲོང་ཁྱེར་འགྲོ་ན་མངལ་ནས་སྐྱེས་པ་སྨོས་ཅི་དགོས། ༡༥༥ །ཞི་དང་རྒྱས་པ་ལ་ཡང་རིགས་ཀྱི་དབང་གིས་ཆུ་ཡི་ས་བོན་ལས་ནི་བསམ་གཏན་དཀར་པོར་འགྱུར། །དབང་དང་དགུག་པ་ལ་ཡང་དམར་པོ་ལུས་ནི་སྲེག་པར་བྱེད་པ་མེ་ཡི་ས་བོན་བདག་ཉིད་དོ། །དབྱེ་བ་དང་ནི་བསྐྲད་པ་ལ་ཡང་འཇིག་དུས་སྤྲིན་དང་མཚུངས་པ་རླུང་གི་ས་བོན་བདག་ཉིད་དོ། །རེངས་པ་རྣམས་ནི་ཕུར་བུས་གདབ་བ་སོགས་ལ་གསེར་ཞུན་དང་མཚུངས་ས་ཡི་ས་བོན་རང་བཞིན་ནོ། ༡༥༦ །སྟོང་པའི་ས་བོན་ལས་ནི་སྔོན་པོའི་མདོག་དང་ལྗང་གུར་འགྱུར་ཏེ་གསད་དང་གསོ་བ་དག་ལའོ། །ས་ཡི་ཟད་པར་ཀུན་ནས་ཆུ་ཡི་གཏེར་དུ་འགྲོ་བ་ལ་སྟེ་རླུང་གི་ཟད་པར་ཆར་པ་ནི། །ཉམས་པའི་དོན་ཏེ་མེ་ཡི་ཟད་པར་དག་ཀྱང་ས་ཡི་དཀྱིལ་འཁོར་བཞུ་བའི་དོན་ཏེ་མེ་དག་ཀྱང༌། །ཉམས་པའི་དོན་དུ་ཆུ་ཡི་ཟད་པར་དུ་འགྱུར་སྟོང་པའི་


DTG011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་མཁའ་ལ་འགྲོ་དང་སྣང་མིན་ལ། ༡༥༧ །གླང་པོའི་བདག་པོ་གཞོམ་པ་ལ་ནི་མེ་ཡི་ས་བོན་ཉིད་ལས་གདོང་ལྔ་པ་ཡི་བསམ་གཏན་འགྱུར། །ཀླུ་ཡི་དབང་པོ་གཞོམ་པ་ལ་ནི་མཁའ་ལྡིང་དཀར་པོ་ཆུ་ཡི་ས་བོན་བདག་ཉིད་ཅན་དུ་འགྱུར། །བསེ་དང་སེང་གེ་དག་ལ་རྐང་བརྒྱད་འཇིག་དུས་སྤྲིན་དང་མཚུངས་པ་རླུང་གི་ས་བོན་བདག་ཉིད་ཅན། །རྟ་ཡི་དགྲ་ལ་བསེ་ཞེས་གྲགས་པ་ས་ཡི་རིགས་ཀྱི་དབང་གིས་ལྷ་མིན་གཞོམ་ལ་ཁྲོ་བོ་སྐྱེས། ༡༥༨ །ཁྱབ་བདག་གི་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ཡིས་དང་པོར་བསྒྲུབ་པར་བྱ། ཕྱི་ནས་ཉི་མའི་དབྱེ་བ་རྣམས་ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། །སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། །དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་བསྒྲུབ་པར་བྱ། ༡༥༩ །དཔའ་བོ་གཡུལ་གྱི་དུས་སུ་ལྷུང་བར་གྱུར་པ་ཞེས་པ་འམ་ནི་དེ་བཞིན་ཆོམ་རྐུན་དབྱངས་པ་དག །བརྒྱད་དང་འབྱུང་པོའི་མཚན་མོ་མི་ཡི་བདག་པོ་རོ་བསྲེག་སར་ནི་བུམ་པ་བརྒྱད་ཀྱིས་བཀྲུ་བར་བྱ། །དྲི་དང་སྤོས་དང་མར་མེ་དང་ནི་རྣམ་མང་ཁ་ཟས་མེ་ཏོག་དམར་པོ་རྣམས་ཀྱིས་རབ་མཆོད་ནས། །མགོ་དང་སྙིང་ག་དང་ནི་སྤྱི་བོ་ལྟེ་བ་ལ་སོགས་སུ་ཡང་རྡོ་རྗེ་དགོད་པ་རབ་བྱས་ཏེ། ༡༦༠ །ཐབ་ཁུང་ཟུར་གསུམ་དུ་ནི་རྡུལ་ཚོན་དམར་པོས་སྙིང་པོའི་པདྨ་གང་ཞིག་མཚན་མར་བཅས་པ་དང༌། །འདབ་མར་རྒྱལ་རྣམས་མཚན་མ་ཕྱོགས་སུ་ཕྱོགས་བྲལ་དུ་ནི་དེ་བཞིན་ལྷ་མོ་རྣམས་ཀྱི་རང་མཚན་མ། །ཕྱི་རོལ་རེ་ཁཱ་གསུམ་ལ་ཕྱོགས་བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་བོའི་མཚན་མ་རྣམས་བྱས་ནས། །དེ་ཡི་གཡས་མིན་དུ་ནི་ཡི་དགས་ལག་པད་རལ་གྲི་དཀྱིལ་འཁོར་ལས་ནི་གཡས་སུ་རྐང་པའོ། ༡༦༡ །སྔར་བརྗོད་མ་མོའི་སྐྱོན་ལས་རྒྱལ་བའི་བདག་པོའི་རྡོ་རྗེ་རྣམས་ཀྱིས་བདག་ཉིད་བསྲུང་བ་རབ་བྱས་ནས། །སྔགས་པས་ཐབ་ཀྱི་གཡས་སུ་ཁྲག་དང་བཅས་པའི་ཤ་རྣམས་དག་གིས་སྦྱིན་སྲེག་ཉིད་ནི་རབ་བྱེད་པ། །དེ་ཡི་སྔགས་ནི་ཨོཾ་ཧྲཱིཾ་ཕྲེཾ་ཧཱུཾ་ཕཊ་ཀྱི་མཐའ་སྟེ་བཅུ་ཡིས་བསྒྱུར་བའི་བརྒྱར་


DTG011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྦྱིན་སྲེག་བྱ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་འཆི་མེད་རི་བོ་བཞིན་དུ་གཡོ་བ་མེད་པ་ཉིད་དུ་མཚན་མོ་ཕྱེད། ༡༦༢་།སྦྱིན་སྲེག་རྫོགས་ན་རི་འཛིན་རལ་གྲི་ལྟ་བུར་འཁྱུག་ཅིང་འབར་ལ་མཆེ་བ་རྣོན་པོ་མིག་གསུམ་པ། །གང་ཞིག་སྒྲ་སྒྲོགས་ས་ཡང་རྐང་པས་རྣམ་པར་འགེམས་ཤིང་སྒྲུབ་པ་པོ་ནི་འཇིགས་པར་བྱེད་པ་དེ། །ཐབ་ཀྱི་མཐའ་རུ་གནས་ནས་ཀ་ཧ་ཀ་ཧ་དགོད་པར་བྱེད་ཅིང་འཇིགས་པའི་ལུས་ཀྱིས་གར་བྱེད་དེ། །དེ་མཐོང་ནས་ནི་འཇིགས་པའི་སྔགས་པ་སེམས་ཉམས་སྐད་ཅིག་གིས་ནི་གཤིན་རྗེའི་གྲོང་ཁྱེར་འགྲོ་བར་འགྱུར། ༡༦༣་།རོ་བསྲེག་གནས་སུ་སྔགས་པས་དངོས་གྲུབ་རྒྱུར་ནི་ལྷ་མིན་དབང་པོ་ལས་ཀྱང་འཇིགས་པར་མི་བྱ་སྟེ། །གཡོ་བ་མེད་པའི་སེམས་མཐོང་ནས་ནི་སླར་ཡང་བསྒྲུབས་པའི་འབྱུང་པོའི་མགོན་པོ་འདི་སྐད་སྨྲ་བར་འགྱུར། །དཔའ་བོ་བཟང་པོ་ཁྱོད་ཀྱིས་བདག་ནི་གྲུབ་བོ་མཐའ་དག་སྨྲོས་ཤིག་ད་ནི་བདག་གིས་ཅི་ཞིག་བགྱི། །དེ་སྐད་བརྗོད་ན་སྒྲུབ་པ་པོ་ཡིས་གཞན་གྱི་དོན་དུ་རང་ཡིད་ལ་འདོད་དོན་དུ་གཉེར་བར་བྱ། ༡༦༤ །རལ་གྲི་རེག་པ་བཅུད་ཀྱི་དབང་པོ་བདུད་རྩིའི་འབྲས་བུའི་རིལ་བུ་རོ་ཙ་ན་དང་མིག་སྨན་དང༌། །རྐང་པ་བྱུག་དང་ཤིང་ལྷམ་དག་དང་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཁྱོད་ཀྱིས་བདག་ལ་སྩོལ། །དབྱེ་དང་བསྐྲད་པ་དང་ནི་སྲིད་པ་གཞོམ་པ་ཉིད་དང་རེངས་པ་དང་ནི་དགུག་པ་དག་དང་དབང༌། །བདག་གི་དངོས་གྲུབ་ཐམས་ཅད་མཛོད་ཅིག་དེ་ཡིས་སླར་ཡང་འདི་དག་ཐམས་ཅད་བདག་གིས་བགྱིའོ་སྨྲ། ༡༦༥ །འབྱུང་པོའི་དབང་པོ་བསྒྲུབས་ནས་མི་ཡི་བདག་པོ་སྒྲུབ་པ་པོ་ནི་ས་འོག་དག་དང་བར་སྣང་དང༌། །ལྷ་ཡི་མཆོག་གི་ཁང་པ་དང་ནི་ལྷུན་པོའི་རྩེ་དང་རྒྱ་མཚོའི་ཕ་རོལ་གང་ཡིན་དེར་འགྲོ་སྟེ། །དེ་ལ་ཞོན་པ་ཕྱག་ན་རལ་གྲི་ཐོགས་པས་ས་ཡི་སྟེང་གི་གནས་སུ་འཇིག་རྟེན་བྱ་བ་བྱེད། །དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་མཆོག་གི་སྙིང་རྗེ་ཡིས་ནི་ལྷ་མིན་དབང་པོ་བསྒྲུབ་པར་བྱ། ༡༦༦ །མིང་གི་དང་པོ་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་ཡི་བདག་པོ་ལྷ་དང་ལྷ་མོ་རྣམས་ཀྱིའོ། །གསུང་གི་རྡོ་རྗེ་མིང་གི་ཡི་གེ་ཐམས་ཅད་དེ་ལས་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ། །དེ་ལས་ཡན་ལག་སོ་སོའི་སྔགས་ནི་རྣམ་པ་མང་པོར་འགྱུར་ཏེ་བཀླགས་པས་གྲུབ་པ་བརྒྱ་ལམ་ན། །བསྒོམ་བྱ་མཆོད་བྱ་བཟླས་བྱ་རང་


DTG011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱལ་བའི་རིགས་ཀྱི་དབང་གིས་ཐུགས་གསུང་སྐུ་ཡི་དབྱེ་བས་སོ། ༡༦༧ །སོ་སོར་སྔགས་ཀྱི་རིགས་ནི་ངེས་པར་བྱེ་བ་བཟླས་པར་རབ་ཏུ་འགྱུར་ཏེ་རབ་ཏུ་གྲགས་པའོ། །སྦྱིན་སྲེག་དེ་ལས་བཅུ་ཡི་ཆ་ཤས་རང་བཞིན་ཡོན་ཏན་དབང་གིས་གྲུབ་པར་འགྱུར་བ་ཇི་སྲིད་ཉིད། །ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་འབྲས་བུ་སྟེར་བར་རབ་འགྱུར་རྣམ་པ་གཞན་དུ་འགྲུབ་མི་འགྱུར། །བསམ་གཏན་དང་བཅས་བཟླས་དང་སྦྱིན་སྲེག་བརྟུལ་ཞུགས་ངེས་ལྡན་རྣམས་ཀྱི་སྔགས་ཀྱི་སྐྱེ་གནས་སྒྲུབ་པར་བྱ། ༡༦༨ །གྲུབ་པ་ལྕགས་གསུམ་གྱིས་བཅིངས་མཁའ་ལ་འགྲོ་བའི་ཤ་ཡི་རིལ་བུས་མཁའ་ལ་སྤྱོད་པ་ཉིད་དག་སྟེར། །ཁྱི་དང་རྟ་ལ་སོགས་པའི་སྒྲོན་མ་རྣམས་ཀྱིས་ལུས་ལ་བཀྲེས་སྐོམ་ལ་སོགས་ནད་རྣམས་འཕྲོག་པར་བྱེད། །དེ་དག་རྣམས་ཀྱི་མིག་དང་མཁྲིས་པ་རྣམས་ཀྱིས་མི་མཆོག་རྣམས་ཀྱི་མིག་སྨན་ས་ནི་རབ་འབྱེད་དང༌། །མི་སྣང་བ་དང་དབང་དུ་བྱ་བ་ན་ཆུང་ཡིད་འཕྲོག་དཔལ་ལྡན་དུར་ཁྲོད་དུ་ནི་བསྒྲུབས་པའོ། ༡༦༩ །ནག་པོའི་བརྒྱད་ཀྱི་མཚན་མོ་དག་གམ་ཡང་ན་མ་ནུའི་ཉིན་ཞག་ལ་ནི་དཀྱིལ་འཁོར་བཞེངས་བྱས་ནས། །བསྲུང་བ་དག་ཀྱང་ཀུན་ནས་བྱས་ཏེ་དེ་ཡི་དབུས་སུ་ཤ་ཡི་རིལ་བུ་དག་གམ་མིག་སྨན་ནི། །བྱས་ནས་ཤིན་ཏུ་དྲི་བཟངས་མེ་ཏོག་རྣམས་ཀྱིས་ཡང་དག་མཆོད་དེ་སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །ཇི་སྲིད་མཁའ་ལ་ཉི་མ་བཞིན་དུ་འོད་ཟེར་འཕྲོ་བའི་བར་ཏེ་དེ་ནས་བླངས་ལ་གཟུང་བར་བྱ། ༡༧༠ །འཚོ་བར་ཕོ་ཉ་དེ་ནི་འཚོ་ལ་ནམ་མཁའི་ཕྱོགས་སུ་གནས་ན་སོས་ཟིན་འཆི་བ་ཐོབ་པར་འགྱུར། །ཕོ་ཉའི་དྲི་བ་མི་མཉམ་པ་གང་ངེས་པར་བདེ་བའི་འབྲས་སྟེར་མཉམ་པ་འཆི་བ་སྟེར་བར་བརྗོད། །ཕོ་ཉ་སྦྲུལ་ལ་སོགས་པའི་མིང་དག་རབ་ཏུ་བརྗོད་ན་དེ་ལས་སོས་ཟིན་འཆི་བ་ཐོབ་པར་འགྱུར། །གལ་ཏེ་སྲོག་ནི་རབ་ཏུ་འཇུག་ལ་དྲིས་ན་དགེ་བར་འགྱུར་ཏེ་འབྱུང་བ་ལ་ནི་དགེ་མིན་འགྱུར། ༡༧༡ །ཕོ་ཉའི་རྐང་པ་གཡོན་པ་མདུན་ན་ན་ཆུང་མར་བརྗོད་གཡས་པ་མདུན་དུ་ཡིན་ན་སྐྱེས་པའོ། །ལག་པས་རང་གི་ཡན་ལག་དག་ལ་གང་དུ་རེག་པའི་ཕྱོགས་འདིར་མི་དེ་སོ་ཡིས་ཟིན་པ་སྟེ། །མིག་དང་ཁ་ནི་རབ་ཏུ་གདངས་པ་དག་དང་རྣ་བའི་རྩ་བར་ནག་པོ་ཡང་ནི་འཆི་བར་


DTG011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །གལ་ཏེ་སྙིང་གའི་པདྨ་དཀར་པོར་སྒྲ་ནི་ཅུང་ཟད་གྱུར་ན་དེ་ནི་རབ་ཏུ་བསྡུ་བར་བྱ། ༡༧༢་།དང་པོར་བསྲུང་བའི་ཆོ་ག་སོ་ཡིས་ཟིན་པ་དང་ནི་བདག་ཉིད་ལ་ཡང་བདེ་བ་བྱེད་པར་འགྱུར། །ས་ཆུ་མེ་རླུང་དེ་བཞིན་ནམ་མཁའ་དག་ཀྱང་མཐེ་བོ་ལ་སོགས་ལ་ནི་ངེས་པར་སྦྱར་བར་བྱ། །ལ་ལ་སོགས་པ་ཧ་ཡི་མཐའ་རྣམས་རིམ་པས་བརླ་དང་ལྟོ་བ་སྙིང་ག་ཁ་ནང་དཔྲལ་བ་ལ། །ཧཱུཾ་ཀྵཱུཾ་ཧྱ་ཧྱཱ་ལ་སོགས་ཀླུ་བཅུ་མི་མཉམ་མཉམ་པ་ཐུང་ངུ་རིང་པོའི་རབ་ཏུ་དབྱེ་བ་ཡིས། ༡༧༣་།གཡོན་གྱི་ལུས་ལ་ས་བོན་ཐུང་ངུ་རྣ་བ་མགྲིན་པ་ལ་གནས་མཆན་ཁུང་དཀུ་དང་བརླ་ཕྱོགས་ལ། །གཡས་ཀྱི་ལུས་ལ་གདེངས་ཅན་རྣམས་ཀྱི་རིང་པོ་ཉིད་དུ་རབ་འགྱུར་སྤྲོ་དང་བསྡུ་བའི་དབྱེ་བས་སོ། །རྒྱལ་བ་ཞེས་གྲགས་སོར་མོ་ཤིན་ཏུ་མཉམ་པའི་འདམ་བུ་སྦྲུལ་གྱི་ས་བོན་ལྡན་པས་བསྲུང་བྱས་ནས། །ཧཱུཾ་ཀྵཱུཾ་ལྡན་པས་སྙིང་གར་ཤིན་ཏུ་བསྣུན་ན་མྱུར་དུ་སོ་ཡིས་ཟིན་པ་བསྐྱོད་པར་བྱེད་པར་འགྱུར། ༡༧༤ །ས་ཡི་ས་བོན་དཔྲལ་བ་ལ་སྟེ་མཁའ་སྐྱེས་རྐང་པར་གནས་པས་མྱུར་དུ་རེངས་པར་བྱེད་པར་འགྱུར། །སྤྱི་བོར་ཆུ་དང་རྩེ་མོ་ཅན་ནི་ལྟོ་བར་རབ་ཏུ་བཅུག་ན་དུག་ནི་མེད་པ་ཉིད་དུ་འགྱུར། །དཔྲལ་བར་རླུང་གི་ས་བོན་དང་ནི་སྙིང་གར་རྩེ་མོ་ཅན་གྱིས་ངེས་པར་དུག་ནི་འཕོ་བ་སྟེ། །སྤྱི་བོར་སྟོང་པ་རབ་ཏུ་ཞུགས་ཞིང་ས་ནི་རྐང་པར་གནས་པས་ངེས་པར་དུག་ནི་གཅོད་པར་བྱེད། ༡༧༥ །དཔྲལ་པར་ཐིག་ལེ་དཀར་པོ་ཡིས་ནི་རྣམ་པ་གསུམ་གྱི་དུག་ཀྱང་ངེས་པར་དུག་ནི་མེད་པར་བྱེད། །དམར་པོས་བསྐྱོད་ཅིང་ནག་པོའི་སྤྲིན་དང་མཚུངས་པས་འཇུག་པ་དང་ནི་ཁ་དོག་སེར་པོས་རེངས་པར་བྱེད། །ཚ་བ་གསུམ་པོ་སྦྱར་བའི་སྡོང་བུ་སྲོག་ནི་རབ་ཏུ་འབབ་པར་དུག་མེད་བྱེད་ལ་སྦྱར་བྱས་ཏེ། །ཡང་ན་ཁ་ནི་རྣམ་པར་ཕྱེ་བའི་ལྕེའུ་ཆུང་ལ་སོར་མོ་ཡིས་ནི་ཊཾ་ག་ཎ་སྦྱར་བྱ། ༡༧༦ །ཛཱ་ཏཱི་བཛྲཱི་གཞོན་ནུ་ཚ་བ་གསུམ་དང་ལན་ཚྭ་ལངྒ་ལཱི་དང་དེ་བ་དཱ་ལི་དང༌། །བྲ་ཧྨཱི་ཀྵཱ་རོ་ཨ་ཤྭ་ག་ནྡྷ་ཉིན་མོར་བྱེད་པ་དང་བཅས་བན་དྷ་ཀ་རྐོ་ཊ་ཀི་དང༌། །བཤང་བ་ཤ་དང་ཁུ་བ་ཁྲག་ནི་མཉམ་པ་དག་ཀྱང་མི་བསྐྱོད་པས་བཏགས་རིལ་བུ་བྱས་པ་ནི། །སྣ་རུ་བཀོད་པས་འབྱུང་པོ་འམ་ནི་འབྱུང་པོ་རིམས་དང་བརྟན་དང་ལྟོས་འགྲོའི་དུག་ནི་ངེས་པར་འཇོམས། ༡༧༧ །ཉི་མ་ལ་སོགས་གཟའ་བདུན་དག་ནི་ཉིན་


DTG011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་མོའི་དུས་ཏེ་བདུན་གྱི་ཆ་ཡི་མཐའ་རུ་ནི། །སྤེན་པ་ཉི་མའི་དབུས་སུ་སྟོང་པ་རིགས་ལྡན་མ་དག་འཆི་གཟུགས་ཆུ་ཚོད་ཕྱེད་ནི་རབ་ཏུ་རྒྱུ། །དེ་ལ་ཀླུ་དང་རྩེ་བར་མི་བྱ་རྣམ་པ་གསུམ་པོ་དག་གི་དུག་ཀྱང་བཟའ་བར་མི་བྱ་སྟེ། །དེ་ཉིད་ལ་ནི་སྦྲུལ་གྱི་སོས་ཟིན་འབྱུང་པོས་བཏབ་དང་མཚོན་གྱིས་ཕུག་པ་གཤིན་རྗེའི་གྲོང་ཁྱེར་འགྲོ། ༡༧༨ །ཉི་མ་གུང་དང་མཚན་མོ་ཕྱེད་ལ་ཉིན་མཚན་དུས་སུ་རྟག་ཏུ་རྒྱུ་བའི་རབ་ཏུ་དབྱེ་བ་དང༌། །ཐོ་རངས་དག་དང་ཉི་མ་ནུབ་པ་ལ་ཡང་དེ་བཞིན་དུ་ནི་འཆི་བའི་དུས་ཀྱི་ཆུ་ཚོད་དེ། །ཐུན་མཚམས་དབུས་སུ་སྟོང་པ་ཆུ་གཏེར་དག་ལ་རིགས་ལྡན་དུས་ཀྱིས་སོས་ཟིན་ཆུ་ཚོད་གཅིག་རབ་རྒྱུ། །འདི་དག་སྒྲ་གཅན་གདོང་པ་རྣམས་སུ་ཉིན་ཞག་སོ་སོའི་དུས་སུ་ཡང་དག་པར་ནི་རིག་པར་བྱ། ༡༧༩ །ཉི་མ་ལ་ནི་མཐའ་ཡས་ལོངས་སྤྱོད་ཉིན་དང་མཚན་མོའི་དུས་སུ་ཉིན་མོའི་དང་པོའི་ཆ་ལའོ། །ཕྱི་ནས་ལྷག་མ་ཅན་ཏེ་འདིར་ནི་ལྟོ་འཕྱེ་རྣམས་དག་གཟའ་བདུན་རབ་ཏུ་དབྱེ་བས་འཆར་བར་འགྱུར། །མཁའ་དུས་མཁའ་དང་བུག་པ་མཁའ་མདའ་མཁའ་དུས་མཁའ་ནོར་མཁའ་རི་མཁའ་མེ་དག་གི་ཆུ་ཚོད་རྣམས། །ཉི་མ་ལ་སོགས་ལས་ཀྱང་གདེངས་ཅན་ནོར་རྣམས་དག་གི་ལོངས་སྤྱོད་ལོངས་སྤྱོད་དབྱེ་བས་དུག་ཏུ་འགྱུར། ༡༨༠ །མཐའ་ཡས་རིགས་ལྡན་ཞེས་པ་བྲམ་ཟེ་ཁ་བའི་མདོག་སྟེ་ནོར་རྒྱས་བུ་དང་དུང་སྐྱོང་རྒྱལ་རིགས་དམར། །པདྨ་ཆེན་པོ་དང་ནི་དེ་བཞིན་ཉིད་དུ་འཇོག་པོ་རྗེ་རིགས་མཆོག་གི་གསེར་དང་མཚུངས་པའོ། །སྟོབས་ཀྱི་རྒྱུ་དང་པདྨ་དམངས་རིགས་སྤྲིན་ནག་དང་མཚུངས་མཐར་སྐྱེས་དག་ནི་ཁ་དོག་སྣ་ཚོགས་སོ། །དེ་དག་རྣམས་ཀྱི་སྐྱེ་གནས་དག་ཀྱང་ཆུ་དང་རྩེ་མོ་ཅན་དང་འཛིན་མ་རླུང་དང་ནམ་མཁའི་ཁམས། ༡༨༡ །མཁའ་ལྡིང་ཞེས་པ་རྐང་པ་ནས་ནི་དཔྱི་མཐར་སེར་པོ་དེ་བཞིན་ལྟེ་བའི་མཚམས་སུ་ཁ་བའི་མདོག །མགྲིན་པའི་བར་དུ་ཁ་དོག་དམར་པོ་སྤྲིན་ནག་དང་མཚུངས་སྨིན་མའི་འཁྲི་ཤིང་ཇི་སྲིད་ཉིད་དུ་སྟེ། །དེ་ཕྱིར་ངེས་པར་ཁ་དོག་སྣ་ཚོགས་གདེངས་ཅན་རིགས་དང་བཅས་པ་དེ་ཉིད་ལྔ་ཡིས་རྒྱས་བཏབ་པ། །བསྒོམས་ན་དེ་ཡི་ཕྱག་རྒྱས་གདེངས་ཅན་དུག་དང་འབྱུང་པོའི་ནད་ལ་སོགས་པ་དག་ཀྱང་ངེས་པར་འཕྲོག་༡༨༢་།རང་གི་སྙིང་གའི་པདྨ་དག་ལ་ཉི་མའི་སྟེང་དུ་ཀྵིཾ་གྱི་ཡི་གེ་འདབ་ཆགས་


DTG011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ནི། །ཀླུ་ཡི་རྒྱན་དང་ལྡན་ཞིང་མཐའ་དག་རིགས་ཀྱི་དབང་གིས་ཁ་དོག་ལྔ་རྣམས་འཕྲོ་བ་བསྒོམ་པར་བྱ། །དེ་ནས་འདབ་ཆགས་མགོན་པོའི་སྔགས་ནི་དང་པོར་ཨོཾ་ཡིག་དག་དང་པ་ཀྵི་སྭཱ་ཧཱའི་མཐའ་ཅན་ཏེ། །དེ་ནི་བྱེ་བ་ཕྲག་གཅིག་བཟླས་ནས་གདེངས་ཅན་རིགས་དང་བཅས་པའི་འདབ་ཆགས་མགོན་པོ་བསྒྲུབ་པར་བྱ། ༡༨༣་།མཁའ་ལྡིང་གྲུབ་ན་གདེངས་ཅན་དབང་པོ་རྣམས་དང་གདེངས་ཅན་བདག་པོའི་བུ་རྣམས་མངག་གཞུག་ཉིད་དུ་འགྱུར། །རབ་མཆོག་ས་ཡི་སྟེང་དུ་འབྱུང་པོ་གནོད་སྦྱིན་གདོན་རྣམས་དག་དང་མཁའ་འགྲོ་མ་དང་མ་མོ་རྣམས། །སྔགས་ཀྱིས་དགུག་པར་རབ་ཏུ་འགྱུར་ཏེ་གདོན་གྱི་ཚོགས་པ་མཐའ་དག་དུས་ཀྱི་སོས་ཟིན་རྗོད་པར་བྱེད། །དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་དང་པོར་མི་རྣམས་ཀྱིས་ནི་མཁའ་ལྡིང་དབང་པོ་བསྒྲུབ་པར་བྱ། ༡༨༤ །རིག་བྱེད་དང་ནི་འདབ་བརྒྱད་ཉིད་དང་མི་ཡི་བདག་པོ་སོ་དང་ཆུ་གཏེར་དྲུག་དང་གཉིས་སྐྱེས་ལ། །སྙིང་པོར་བསྒྲུབ་བྱ་རང་གི་ཕྱོགས་སུ་དང་པོར་ཨོཾ་ཨ་ཟུང་སྟེ་ཨི་ལ་སོགས་པ་འདབ་བརྒྱད་ལ། །ཨེ་ཡ་ལ་སོགས་བཅུ་དྲུག་ལ་སྟེ་ཀ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་དང་ཧ་ཀྵ་གཉིས་སྐྱེས་ལ། །ཐུན་མཚམས་འདབ་མ་རྣམས་ལ་བསྒྲུབ་བྱ་ཚེས་ཀྱིས་བསྒྱུར་བའི་དུས་ལ་ལ་མཐའ་དབྱངས་དང་བཅས་པ་རྣམས། ༡༨༥ །ཨ་སོགས་དབྱངས་ནི་རེ་རེ་དག་གིས་ཆུ་སྲིན་བུམ་པའི་དབང་ལས་རིང་པོ་ཐུང་ངུ་དག་ཀྱང་ལྔ། །ཕྱི་རོལ་འདབ་མ་སུམ་ཅུ་གཉིས་ལ་བདག་གི་སྙིང་པོ་བཛྲ་ཏཱི་ཀྵྞ་ལ་སོགས་ཡི་གེ་རྣམས། །དེ་དག་རྣམས་ཀྱི་ཕྱི་རོལ་དུ་ཡང་ཞི་སོགས་ལས་ལ་ཝ་ཡ་ར་ལ་དཀྱིལ་འཁོར་རྣམས་ཉིད་དོ། །སྙིང་པོར་ཡི་གེ་ཡན་ལག་མཆོག་དང་རྩེ་མོ་ཅན་དང་གཡོ་བར་རྐང་པ་དབང་དང་དགུག་པ་ལ། ༡༨༦ །ཞི་བ་སོགས་ལ་སྙིང་པོར་རྐང་པ་དང་ནི་མེ་དང་རླུང་དུ་མགོ་བོ་སྔགས་པས་བྲི་བར་བྱ། །ཞི་བ་དང་ནི་རྒྱས་པ་སྲིད་པ་གཞོམ་པ་དག་དང་བསྐྲད་དང་དགུག་དང་དབང་དུ་བྱ་བ་དང༌། །རེངས་པ་དང་བཅས་རྨོངས་པ་དག་ཀྱང་སྲིད་པ་གསུམ་གྱི་གནས་སུ་འཁོར་ལོ་འདི་ནི་བྱེད་དེ་འདིར། །སྔགས་བརྗོད་བཟླས་པ་སྦྱིན་སྲེག་རྣམས་ཀྱིས་དང་པོར་བཛྲ་ཏཱི་ཀྵྞ་ལ་སོགས་སྔགས་ཆེན་བསྒྲུབ་པར་བྱ། ༡༨༧ །རྩིབས་བརྒྱད་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་བཅུ་གཉིས་རྩིབས་དང་བཅུ་དྲུག་རྩིབས་ལ་བར་དུ་ཡང༌། །བསྒྲུབ་བྱ་


DTG011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་རྣམས་སུ་སྟེ་དབུས་སུ་རབ་འགྱུར་ཡ་མ་རཱ་ཛ་ས་དོ་མེ་རུ་ཎ་ལས་ཡོ། །དེ་ནས་སྙིང་པོའི་རྩིབས་ཀྱི་དབུས་ནས་ད་ནི་ར་ཡ་ཀྵེ་ཙྪ་དེ་ནས་མཐར་ནི་ནི་རུ་འགྱུར། །དེ་ཡི་ཕྱི་རོལ་ཨོཾ་ཧྲཱིཾ་ཥྚཱིཾ་དང་བི་ཀྲྀ་ཏཱ་ན་ན་ལས་རྣམ་གཉིས་ཧཱུཾ་དང་ཕཊ་དུ་འགྱུར། ༡༨༨ །རེ་མིག་ནས་ནི་རེ་མིག་བར་ལ་འགྱུར་ཏེ་མི་ཡི་བདག་པོ་བསྒྲུབ་བྱའི་མིང་དང་སྔགས་འདིའོ། །དབྱེ་དང་གསད་དང་དབང་ལ་ཡ་མ་རཱ་ནི་རབ་ཏུ་འགྱུར་ཏེ་ཀྵེ་ད་མེ་དོ་ས་ཙ་སོགས། །རེངས་དང་དགུག་དང་རྨོངས་པ་དང་ནི་སྟོབས་ནི་བྱེད་པ་དག་དང་ཞི་བ་དང་ནི་བསྐྲད་པ་ལ། །དེར་ནི་སྙིང་པོ་ངག་ནས་ཡ་ཡིག་འགྲོ་སྟེ་ཡོན་ཏན་དབང་གིས་ཕྱི་རོལ་ཐམས་ཅད་སྔ་མ་བཞིན། ༡༨༩ །ཡི་གེ་རྣམས་ཀྱི་ཡན་ལག་མཆོག་ལས་མདུན་དུ་དབྱངས་ཀྱིས་འཁྱུད་པ་དག་ནི་མ་རུ་རབ་ཏུ་འགྱུར། །ཡི་གེ་རྣམས་ཀྱིས་སྡེ་མཐའི་ཡི་གེ་རྡོ་རྗེ་རིགས་ཀྱི་དབང་གིས་ལྔ་པ་ཧཾ་དང་སཾ་དུ་གསུངས། །ཐིག་ལེ་གཉིས་ཀྱིས་དབྱངས་མཆོག་སྦྱར་བ་ལ་ནི་འདི་ཡང་བདག་གིས་ཤེས་རབ་ཡི་གེ་ཨུ་རུ་འགྱུར། །མཾ་མུཿ་ཧཾ་ཧུཾཿ་སཾ་སུཿ་མ་ཉྫུཿ་ཉིད་ནི་པདྨ་ནོར་འདབ་ལ་སྟེ་ཉི་མའི་འདབ་མ་ལ། ༡༩༠ །ཕྱི་རོལ་དུ་ཤྲཱི་བཛྲ་གྷོ་ཥཿ་ས་དང་ལྡན་པའི་མ་ནྟ་བྷ་དྲ་ཧཱུཾ་དང་ཕཊ་དུ་འགྱུར། །བསྒྲུབ་བྱ་འདིར་ནི་ལྟེ་བ་ལ་སྟེ་ཆེ་གེ་མོ་ཡང་མཛོད་ཅིག་དཔལ་ལྡན་ཞི་བ་སོགས་ལ་བསྐུལ། །དེ་བཞིན་སྔར་བརྗོད་འཁོར་ལོ་རྣམས་དག་ལ་ཡང་རྟག་ཏུ་བསྒྲུབ་བྱའི་མིང་ནི་བྲི་བར་བྱ་བར་འགྱུར། །འདི་དག་ཐམས་ཅད་བདག་གིས་དྲིན་ལས་རྒྱལ་བའི་བདག་པོའི་བཀའ་ཡིས་མི་རྣམས་ཀྱིས་ནི་འགྲུབ་པར་འགྱུར། ༡༩༡ །སྒྲ་ནི་གང་ཞིག་སྙིང་གའི་ཕྱོགས་ན་ཡོད་པ་མི་མཆོག་རྣམས་ཀྱི་རྣ་བའི་བུ་གས་ཐོས་གྱུར་པ། །དེ་ལ་མི་ཡིས་སེམས་ནི་གཅིག་ཏུ་གྱུར་པར་སྦྱར་བ་དག་ཀྱང་རོ་ནི་མཉམ་པར་འགྱུར་བ་སྟེ། །འཇིག་རྟེན་ཀུན་དུ་སྒྲ་ནི་གང་ཞིག་སྲིད་པར་སྐྱེས་པས་བརྗོད་པ་དེ་དང་དེ་ནི་དེ་བཞིན་ཐོས། །ཁྱབ་བདག་གི་ནི་རྣམ་ཤེས་ཉིད་དང་རིང་དུ་ཐོས་པ་དག་ཀྱང་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ༡༩༢་།སྐྱིལ་ཀྲུང་བཅིང་བ་བྱས་ནས་ཕན་ཚུན་སོ་དག་རེག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་དང་ནི་བཀྲེས་དང་


DTG011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །དཔྲལ་བར་ཐིག་ལེ་དཀར་པོ་དབྱངས་ཀྱིས་ཡོངས་སུ་བསྐོར་བ་བདུད་རྩི་སྤྲོ་བར་བྱེད་པ་ཡིས་ཀྱང་ངོ༌། ༡༩༣་།ཁ་ཡང་བཀབ་སྟེ་སྣ་ཡི་བུག་པ་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་པ། །དུས་ཀྱིས་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མེ་ཡི་དབུས་སུ་རོ་ནི་མཉམ་པར་འགྱུར། །ལུས་ལ་ཟས་ལ་སོགས་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། ༡༩༤ །ཉི་མ་ལས་ནི་གཞན་དུ་ཕྱོགས་ཏེ་ཉི་འོད་ལ་གནས་རང་གི་གྲིབ་མ་བརྟན་པའི་མིག་གིས་བལྟ། །ཕྱི་ནས་ནམ་མཁའ་དག་ལ་མངོན་པར་བརྟགས་ན་རོ་མཉམ་སྐྱེས་བུ་དུ་བའི་ཁ་དོག་མཐོང་བར་འགྱུར། །ཟླ་བ་དྲུག་ཏུ་གོམས་པའི་སྦྱོར་བ་དག་ལས་ས་ལ་གནས་པའི་གཏེར་ནི་ས་ཡི་བུ་གར་མཐོང༌། །ཡང་ན་ཤིང་གི་གྲིབ་མར་རབ་ཏུ་ཞུགས་ཏེ་ནམ་མཁའི་མཐིལ་དུ་ཐིག་ལེའི་ཕྲེང་བ་བསྒོམས་པས་སོ། ༡༩༥ །ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང༌། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག་༡༩༦ །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་གི་སྣ་ཚོགས་ཡུམ། ༡༩༧ །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་


DTG011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་དང་སེམས་བྱུང་ལ་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཀྱིས་དེ་ནི་གཅིག་པུའོ། ༡༩༨ །སྙིང་ནི་རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དག་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་གཏང་བྱ་སྟེ། །ཡང་དག་རྫོགས་པའི་བྱང་ཆུབ་སླད་དུ་རྒྱལ་བ་མཆོག་གི་སྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གིས་བགྲོད་བྱ་བརྩེགས་པར་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་བསྒོམ་པར་བྱ། ༡༩༩ །སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་བ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། ༢༠༠ །བ་ལང་བསེ་རྟ་གླང་པོའི་མགོན་སོང་མཆོད་སྦྱིན་དུས་སུ་ལུས་ཀྱི་ཡུལ་ལ་ཁྱོད་ཀྱི་དབང་པོ་ནི། །བདེ་བར་བཟུང་བགྱི་གང་དེ་ཡུལ་དང་ཡུལ་ཅན་རྣམས་ནི་ཡེ་ཤེས་སྦྱོར་བ་དག་ལ་འགོག་པ་སྟེ། །བསླབ་ལྡན་རྣམས་ཀྱི་བ་ལང་པགས་པར་སོ་མ་བ་ལླིའི་བཏུང་བ་ཁྲག་དང་བཅས་པར་གྱུར་པ་གང༌། །དེ་ནི་སྤྱི་བོའི་ཟླ་བའི་བདུད་རྩི་བྷ་གའི་རྡུལ་ལ་གནས་ཤིང་ཀུན་ཏུ་འགྲོ་བ་དགའ་བའི་གཟུགས། ༢༠༡ །ཚངས་པ་སྲོག་ཆགས་རྣམས་ཀྱི་ལུས་དང་འཕྲོག་བྱེད་ངག་སྟེ་ཁྱབ་འཇུག་ཀྱང་ཡིད་དེ་དག་རིག་བྱེད་གསུམ། །ཨོཾ་ཡིག་དེ་དག་ཡི་གེ་གསུམ་སྟེ་ཟླ་ཉི་བསྲེག་ཟ་དེ་དག་རྣམས་དང་ཡོན་ཏན་རྩ་གསུམ་མོ། །རིགས་ཅན་ལུས་ཀྱི་རིགས་ལ་གཞན་པ་ཡུལ་དང་ཡོན་ཏན་ལ་གནས་སྲིད་སྲུང་ནཱ་དའི་གཟུགས་ཅན་ཏེ། །དེ་ཡི་དབུས་སུ་གཞོམ་མེད་གང་དེ་ཡུལ་དང་རྣམ་པར་བྲལ་ཞིང་ཡོན་ཏན་མེད་པའི་འགྱུར་མེད་དོ། ༢༠༢་།རིག་བྱེད་མཐའ་ལས་གསང་བ་འདི་དག་ཚངས་པ་ཡིས་ནི་རྣལ་འབྱོར་པ་རྣམས་དག་ལ་སྔོན་བརྗོད་དེ། །དུས་ཀྱི་ཤེས་པ་རབ་ཉམས་ཐུབ་པ་རྣམས་ཀྱིས་འདིར་


DTG011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྲོག་ཆགས་རྣམས་ལ་གསོད་པ་དག་ཀྱང་བསྟན། །མི་རྣམས་མཐོ་རིས་དོན་དུ་དེ་ལ་རབ་ཏུ་འཇུག་སྟེ་དམྱལ་བ་ངན་པའི་འབྲས་བུ་སྟེར་བར་འགྱུར། །སོལ་བ་འོ་མའི་རྒྱུན་གྱིས་མངོན་པར་བཀྲུས་པ་འདིར་ནི་ཟླ་བའི་མདོག་ཏུ་འགར་ཡང་འགྱུར་མ་ཡིན། ༢༠༣་།སྦྱོར་བ་མེད་པའི་རིག་བྱེད་ཚིག་ནི་དམ་ཚིག་རྣམ་པར་བྲལ་བ་དག་གིས་བསླུས་པའི་མི་རྣམས་གང༌། །དེ་རྣམས་གཞན་གྱི་བུ་ནི་མི་སྐྱེད་དོན་དུ་ཉིན་མཚན་དུས་སུ་རང་གི་བུད་མེད་བསྲུང་བྱས་ནས། །བུ་ཡིས་བྱིན་པ་དག་ཀྱང་ཡི་དགས་ཀྱི་ནི་འཇིག་རྟེན་དུ་སོང་ཕ་ཡི་སྦྱིན་པར་འགྱུར་རོ་ལོ། །དེས་ན་བདེ་མཉམ་འབྲས་བུ་སྟེར་བ་འདོད་པའི་སྦྱིན་པ་འདི་ནི་གདུག་པའི་བྲམ་ཟེ་རྣམས་ཀྱིས་སྦས། ༢༠༤ །གལ་ཏེ་རིགས་ཀྱི་རྟ་ཡིས་རྒོད་མ་བཟང་མོ་ལ་ནི་རྟ་མཆོག་སྐྱེས་བུ་གཞན་དུ་གྱུར་པ་ན། །དཔལ་ཡང་འདི་ཡི་མཐུ་ལས་སླར་ཡང་འགྱུར་ཏེ་བདག་པོ་ཡི་ནི་རྙེད་པ་དག་ཀྱང་ཅིས་མ་ཡིན། །གང་གིས་ཆགས་པ་ཅན་རྣམས་ཉིན་ཞག་སོ་སོའི་དུས་སུ་རང་རང་བུད་མེད་དག་ནི་སྲུང་བར་བྱེད། །ཤི་བར་གྱུར་ན་ཁྱོད་སུ་ཁྱོད་ཀྱི་རང་གི་བུད་མེད་སུ་སྟེ་ཀྱེ་མ་མི་དགེའི་ལས་ཀྱིས་བཅིངས། ༢༠༥ །བ་ལང་སྦྱིན་དང་ས་གཞི་སྦྱིན་པ་དེ་བཞིན་གཞན་ཡང་མི་ཡི་འཇིག་རྟེན་དུ་ནི་ལོངས་སྤྱོད་སྟེར། །སྨན་དང་ཁ་ཟས་སྦྱིན་པ་དག་ནི་མཐའ་དག་ནད་འཕྲོག་བཀྲེས་པ་དག་ནི་སྐོམ་པ་དག་ཀྱང་འཕྲོག །འདོད་པའི་སྦྱིན་པ་ཐམས་ཅད་དུ་ནི་བདེ་མཉམ་འབྲས་སྟེར་འཁོར་ལོའི་དུས་སུ་སྨོས་ཀྱང་ཅི་ཞིག་དགོས། །ཡིད་འོང་ཆུང་མ་སྲིང་མོ་སྐལ་བཟངས་བུ་མོ་རྣམས་ཀྱང་གསང་བ་སྦྱིན་པ་ལ་ནི་རབ་སྦྱིན་བྱ། ༢༠༦ །སྨད་འཚོང་དམ་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་མེད་དམ་ཚིག་སྟེ། །རང་དབང་ཆོས་ཀྱི་ཕྱག་རྒྱ་ཡུལ་ནི་མང་པོ་ལ་དགའ་རང་གི་ཆུང་མ་ཡེ་ཤེས་ཕྱག་རྒྱའོ། །སྨད་འཚོང་དམ་པ་བཅུ་གཉིས་ལོ་ལོན་མཆོག་གི་བདེ་བ་ལ་དགའ་གཞན་གྱི་བུད་མེད་བཅུ་དྲུག་ལོ། །རང་དབང་ལོ་ནི་ཉི་ཤུ་ལོན་པ་བུ་མོ་དང་བཅས་རང་གི་ཆུང་མ་སུམ་ཅུའི་ལོ་རུ་འགྱུར། ༢༠༧ །སྔོན་ཚེ་སངས་རྒྱས་རྣམས་ཀྱི་འཛིན་མ་དང་ནི་གླང་ཆེན་རྟ་དང་ཤིང་རྟ་དུ་མ་གསེར་གྱི་ཁུར། །སངས་རྒྱས་ཉིད་ཀྱི་སླད་དུ་བྱིན་ཞིང་སླར་ཡང་མགོ་དང་ཁྲག་དང་ཤ་རྣམས་དག་ཀྱང་རབ་ཏུ་བྱིན། །འདི་རྣམས་ཀྱིས་ནི་བཞེད་པའི་སངས་


DTG011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཉིད་དུ་མ་གྱུར་དེ་ནས་འདོད་པའི་སྦྱིན་པ་རབ་ཏུ་བྱིན། །གསང་བའི་སྦྱིན་པ་དེ་ཡིས་སྐྱེས་བུ་རྣམས་ནི་རྒྱལ་བ་སྐྱེད་བྱེད་རིགས་ལ་སངས་རྒྱས་ཉིད་དུ་འཁྲུངས། ༢༠༨ །ཟངས་མ་ཡིས་ནི་གསེར་དང་མཚུངས་ཤིང་མཆིང་བུ་དུམ་བུས་ལྷ་ཡི་ཅོད་པན་ནོར་བུ་དག་དང་མཚུངས། །སྨད་འཚོང་དམ་པའི་འདོད་པའི་སྦྱིན་པས་འཆི་མེད་རིགས་ཀྱི་བུ་མོ་པགས་པ་དུམ་བུ་གླ་རྩི་སྟེ། །བོང་བུ་ཡིས་ནི་རིགས་ཀྱི་རྟ་དང་ར་ཡིས་རབ་མཆོག་གླང་ཆེན་བདག་པོ་གལ་ཏེ་རྙེད་པ་ན། །ཆུང་མའི་སྦྱིན་པས་རྒྱལ་བ་སྐྱེད་མཛད་རིགས་ལ་ལྷ་མོ་དེ་ལ་འདི་ནི་རྙེད་པ་ཅིས་མ་ཡིན། ༢༠༩ །བྱམས་པའི་གནས་ལ་སྦྱིན་པ་དག་ནི་བདེ་མཉམ་འབྲས་སྟེར་མ་ཡིན་སེམས་ཅན་མཚུངས་པའི་མཐུ་ལས་ཏེ། །ལྟོས་པ་དང་བཅས་གནས་ལ་དེ་བཞིན་རབ་མཆོག་རྒྱལ་བའི་རིགས་ལ་སེམས་ཅན་བདུད་ཀྱི་རང་བཞིན་ཕྱིར། །སྙིང་རྗེ་དགའ་དང་བཅས་པའི་གནས་ནི་ཟུང་ལ་གཞན་གྱི་དོན་དུ་བདེ་བར་གཤེགས་པ་པ་རྣམས་ཀྱིས། །རབ་ཏུ་བྱིན་ན་དམན་པ་ཉིད་དང་མཆོག་ཉིད་ཕྱིར་ན་ཚོགས་གཉིས་རབ་རྫོགས་མི་ཟད་བདེ་འབྲས་སྟེར། ༢༡༠ །གང་ལ་རིགས་ནི་ཚད་མར་གྱུར་པ་དེ་ལ་མི་ཡི་བདག་པོ་རིག་བྱེད་དག་ནི་ཚད་མར་འགྱུར། །གང་ལ་རིག་བྱེད་ཚད་མར་གྱུར་པ་དེ་ལ་ངེས་པར་ས་གཞིའི་གནས་སུ་མཆོད་སྦྱིན་ཚད་མ་སྟེ། །གང་ལ་མཆོད་སྦྱིན་ཚད་མ་དེ་ལ་རྣམ་མང་ཕྱུགས་དང་མི་རྣམས་དག་ལ་འཚེ་བ་ཚད་མར་འགྱུར། །གང་ལ་འཚེ་བ་ཚད་མར་གྱུར་པ་དེ་ལ་དམྱལ་བའི་འཇིགས་པ་བྱེད་པའི་སྡིག་པ་ཚད་མའོ། ༢༡༡ །གནས་ནི་འཛིན་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་གཙུག་ལག་ཁང་གི་རབ་གནས་བཞེད་པར་གསུངས། །དེ་ལ་སྨན་དང་ཁ་ཟས་སྦྱིན་པ་ནད་ནི་ཞི་བར་བྱེད་པ་སྦྱིན་པ་པོ་ཡིས་སྦྱིན་ནོ་ཟེར། །སྦྱིན་པ་མེད་ན་གཙུག་ལག་ཁང་འདི་ས་ཡི་སྟེང་གི་གནས་སུ་དུད་འགྲོ་རྣམས་ཀྱི་གནས་ས་སྟེ། །གང་དུ་དགེ་འདུན་གཅིག་ནི་འཛིན་པར་གྱུར་པ་དེར་ནི་མི་ཡི་བདག་པོ་ཆོས་དང་སངས་རྒྱས་ཀྱང༌། ༢༡༢་།སངས་རྒྱས་ཆོས་དང་དགེ་འདུན་ལ་ནི་མི་རྣམས་ཐར་པའི་སླད་དུ་སྐྱབས་སུ་ཉེ་བར་འགྲོ་བ་སྟེ། །འདིར་ནི་སངས་རྒྱས་གཙུག་ལག་ཁང་ན་གནས་པ་འདི་དང་ཡི་གེ་བྲིས་པའི་གླེགས་བམ་ཆོས་ཉིད་དང༌། །དགེ་འདུན་དུར་སྨྲིག་འཛིན་པ་མཆོག་གི་ཁྱབ་བདག་བདེ་བ་སྐྱེ་བ་


DTG011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་རྣམས་ཀྱིས་སྟེར་བ་མིན། །སློབ་དཔོན་དག་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་ཡི་གཞི་ལ་ཆོས་ནི་དེ་ཡི་བསྟན་པའོ། ༢༡༣་།དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་སྙིང་དང་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །དེ་འདིར་རྣམ་བཞི་རྣམ་པ་གཉིས་གསུངས་འདིར་ནི་སླར་ཡང་ཉན་ཐོས་པ་དང་བླ་ན་མེད་པའོ། །དགེ་སློང་རྣམས་དང་དགེ་སློང་མ་དང་སླར་ཡང་འདིར་ནི་དགེ་བསྙེན་ཆེན་པོ་དག་དང་དགེ་བསྙེན་མ། །རྣལ་འབྱོར་མ་དང་རྣལ་འབྱོར་པ་རྣམས་ལྷན་སྐྱེས་བདེ་བ་ལ་དགའ་དགེ་བསྙེན་མ་དང་དགེ་བསྙེན་ཡང༌། ༢༡༤ །བསོད་ནམས་ཡེ་ཤེས་དོན་གྱི་སླད་དུ་རྟག་པར་མཆོག་ཏུ་འདོད་པའི་སྦྱིན་པ་རྣམ་པ་སྣ་ཚོགས་ཀྱང༌། །ཉན་ཐོས་རྣམས་ལ་མཆོད་སྟོན་ལ་སོགས་རྣལ་འབྱོར་པ་ལ་མཆོག་གི་བདེ་བྱེད་འདོད་པའི་སྦྱིན་པ་ཡང༌། །སྦྱིན་པ་པོ་གང་རབ་ཏུ་དགའ་བའི་སྙིང་དང་དུས་ཀུན་དུ་ནི་ཆགས་པའི་སེམས་ཀྱིས་སྦྱིན་བྱེད་པ། །དེ་དག་བསོད་ནམས་ཡེ་ཤེས་རྫོགས་ཏེ་མཆོག་གི་བདེ་བའི་གནས་སུ་སྐྱེ་བ་འདི་ལ་འགྲོ་བར་འགྱུར། ༢༡༥ །སློབ་དཔོན་དང་ནི་རྒྱལ་བ་ལ་ཡང་མཁས་པ་མིན་པའི་ཉན་ཐོས་གང་དག་གསལ་བར་སྨོད་བྱེད་པ། །དེ་དག་བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་འཇིགས་པ་བྱེད་པའི་མནར་མེད་དུ་ནི་མྱུར་དུ་འགྲོ། །གང་ལ་རབ་མཆོག་རྒྱལ་བའི་བདག་པོས་སྔགས་ཀྱི་མཐུ་རྣམས་ཀྱིས་ནི་རང་ཉིད་བྱིན་གྱིས་བརླབ་པ་མཛད། །མི་རྣམས་དག་ལས་དགེ་སློང་སུ་ཞིག་བརྟུལ་ཞུགས་ངེས་པའི་གནས་ལ་དེ་དང་ཚངས་པར་སྤྱོད་པ་མཚུངས། ༢༡༦ །མཆོག་གི་བདེ་བ་ལ་དགའ་དགེ་སློང་དག་གམ་ཀུན་ཏུ་རྒྱུ་དང་གཅེར་བུ་མགོ་ཟླུམ་རལ་པ་ཅན། །ཐོས་དང་ཀློག་པ་ལ་དགའ་མཁས་པ་ལམ་ཉམས་ཐམས་ཅད་བྱེད་པོ་དང་ནི་བདག་ཏུ་ཞེན་པ་དང༌། །འདིར་ནི་རྟག་ཏུ་རང་གཞན་བུ་དང་ཆུང་མར་ཞེན་དང་བཟའ་དང་བཟའ་བ་མིན་པར་ཞེན་པ་དང༌། །རིགས་དང་རིགས་ནི་མིན་པ་ལ་དགའ་སྣོད་དང་སྣོད་མིན་དག་ཏུ་ཞེན་པས་དཀའ་བ་བྱེད་པའོ། ༢༡༧ །སངས་རྒྱས་ཞིང་ནི་སངས་རྒྱས་དང་བཅས་བདེ་མཉམ་འབྲས་སྟེར་ལུས་དང་ངག་དང་ཡིད་དང་ཆགས་པ་སྟེ། །འདི་དག་ཀུན་ཏུ་བོར་ནས་སྡིག་པའི་བློ་ཡིས་ཁྱབ་བདག་གཞན་པ་དག་ཀྱང་ཡང་དག་ཚོལ་བྱེད་དེ། །ཞིང་དང་འཇུག་ངོགས་ཡུལ་གཞན་


DTG011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་བརྟུལ་ཞུགས་ངེས་པ་བརྒྱ་དང་བསྙུང་གནས་རི་ལས་མཆོང་བ་དང༌། །གཡུལ་དང་ཉི་མ་གཟའ་ཡིས་ཟིན་ལ་ཡུལ་གྱི་བདེ་འདོད་དུ་མའི་མཚོན་དང་མེ་ལ་མཆོང་བས་སོ། ༢༡༨ །བདུད་རྣམས་དག་གིས་ཁྲག་ནི་བཏུང་བའི་སླད་དུ་འདི་དག་མཐའ་དག་སྔོན་གྱི་ཚེ་ཡང་བཀོད་པ་སྟེ། །འཇུག་ངོགས་བསྙུང་གནས་དག་གིས་ཤི་བར་གྱུར་དང་གཡུལ་དུ་བསྣུན་པ་ཉིད་དང་བ་ལང་ཉི་མ་ནི། །གྲོལ་བའི་དོན་དང་ཁྱིམ་དང་ནོར་གྱི་ཡུལ་དང་བྲམ་ཟེའི་བྱ་བ་དག་ལ་ཤི་བ་མཐོ་རིས་སོ། །དེ་ཡི་ཕྱིར་ན་རང་དང་གཞན་གྱི་ལུས་ནི་བདེ་བ་མཉམ་པའི་གནས་འདི་བསྲུང་བར་བྱ་བ་ཡིན། ༢༡༩ །གང་ཞིག་རྒྱུད་ཀྱི་རྒྱལ་པོ་ལས་ནི་རྒྱལ་བ་མཆོག་གི་སྤྱོད་པ་ཐོས་ཤིང་དབང་ནི་བླངས་ནས་ཀྱང༌། །སླར་ཡང་ཕྲག་དོག་བྱེད་ན་དེ་ནི་དམྱལ་བ་བརྒྱད་པ་ཇི་སྲིད་ཉིད་དུ་རབ་ཏུ་འཇུག་འགྱུར་ཏེ། །གང་ལ་ཁབ་རྩེའི་ས་ལ་མི་དགེའི་འབྲས་བུའི་དབང་གིས་དམྱལ་བ་རྣམས་ནི་ཀུན་དུ་རྒྱུ་བར་བྱེད། །དེ་ཕྱིར་མི་རྣམས་སེམས་ལ་ཕྲག་དོག་ཡོད་ཀྱི་བར་དུ་དབང་ནི་བླང་བར་བྱ་བར་མི་འགྱུར་རོ། ༢༢༠ །རྒྱལ་བ་སྐྱེད་མཛད་རིགས་ལ་སྦྱིན་པ་ཚུལ་ཁྲིམས་རབ་ཏུ་རྫོགས་དང་བཟོད་པ་བརྩོན་འགྲུས་རྫོགས་པ་དང༌། །བསམ་གཏན་ཤེས་རབ་དང་ནི་ཐབས་དང་སྨོན་ལམ་དག་དང་སྟོབས་དང་ཡེ་ཤེས་རྫོགས་པ་ཆུང་མ་ཡི། །སྦྱིན་པ་འདི་ཡིས་མྱུར་དུ་རབ་ཏུ་དགའ་བའི་ཡིད་ཅན་རྣལ་འབྱོར་པ་ཡི་སྐྱེ་བ་འདི་ལ་སྟེ། །གང་ཞིག་རྨོངས་པའི་མི་དེ་རྣམས་ཀྱིས་དེ་ལ་རྗེས་སུ་འཆིང་བ་བྱས་ནས་དམྱལ་བར་ཉེ་བར་འགྲོ། ༢༢༡ །ས་དང་དཔལ་འབྱོར་སླད་དུ་ཤིན་ཏུ་གཡོ་བའི་སྙིང་ལྡན་སྔར་མ་ཡིས་ནི་རལ་གྲི་རྣོན་པོ་དག །བཟུང་སྟེ་ཀུན་ནས་འཐབ་མོ་པ་ཡིས་དཀྲིགས་པའི་ཡན་ལག་བཞི་ལྡན་གཡུལ་དུ་རབ་ཏུ་ཞུགས་པ་ན། །གླང་ཆེན་ཚོགས་པ་མཐོང་ནས་འཇིགས་པ་དེ་ཡི་ལག་པའི་མཐིལ་ནས་རལ་གྲི་དག་ནི་ལྷུང་གྱུར་པ། །དེ་ལ་རལ་གྲིའི་སྐྱོན་དུ་འགྱུར་བ་མ་ཡིན་ཇི་ལྟ་དེ་བཞིན་ཉིད་དུ་སྔགས་ཀྱི་རིགས་ཀྱིའོ། ༢༢༢་།སྔགས་དང་དཔའ་བོའི་རིམ་པ་ཡིས་ཀྱང་ལྷ་མིན་གདེངས་ཅན་ལྷ་རྣམས་དྲག་པོའི་ས་ལ་བསྒྲུབ་པར་བྱ། །རང་བྱིན་བརླབ་པས་ལྷ་མོ་དམ་ཚིག་རིགས་ལ་གནས་རྣམས་བསམ་གཏན་བཟླས་པ་སྦྱིན་སྲེག་དག་གིས་ཀྱང༌། །དག་པའི་རིམ་པས་


DTG011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྟེ་སྔགས་པ་ཡིས་ནི་རྒྱུན་ཆད་མེད་པར་དགའ་བ་ཆེན་པོའི་སེམས་ཀྱིས་སོ། །ཡེ་ཤེས་ཡིད་བཞིན་ནོར་བུར་གང་ཞིག་རབ་ཏུ་གྱུར་པ་དེ་ལས་ཀྱང་ནི་རྒྱལ་བའི་ལམ་འདིའོ། ༢༢༣་།མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་ངག་གི་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། ༢༢༤ །སྐྱེད་མོས་ཚལ་ལམ་རེ་བོ་དག་ནི་སྐྱེ་བོ་རི་དགས་བྲལ་བར་ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ། །དྲག་པོ་རྣམས་ནི་དྲག་པོའི་དུར་ཁྲོད་དུ་སྟེ་ལྷ་མཆོག་གནས་སུ་རེངས་པ་དང་ནི་རྨོངས་པ་ཡང༌། །དབང་དང་དགུག་པ་སྔགས་པས་མཆོག་གི་ས་ལ་བདེ་བ་ཕྱག་རྒྱ་ཀུན་དང་རབ་ཏུ་སྦྱོར་བ་ལ། །གནས་གཞན་དང་ནི་སྐྱེ་གནས་གཞན་དུ་མི་རྣམས་ཀྱི་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར། ༢༢༥ །ཁྱིམ་དང་གྲོང་དུ་བགྲང་ཕྲེང་དག་གིས་ཉིན་དང་མཚན་མོའི་དུས་སུ་སྔགས་ཀྱི་བཟླས་པ་བྱས་ནས་ནི། །ངལ་ཞིང་རྨོངས་ཏེ་ཆགས་པ་དང་བྲལ་སླར་ཡང་འདི་ནི་སྔགས་ཀྱི་དངོས་གྲུབ་མེད་པ་རྗོད་པར་བྱེད། །གནས་དང་སྟོང་པ་དུས་དང་མཆོག་གི་མཚན་མོ་ལ་གནས་ཡང་དག་པར་ནི་ཤེས་པ་མིན་པ་ཉིད། །རྐང་པའི་སོར་མོ་རྣམས་ཀྱི་ནད་ལ་སྤྱི་བོར་སྨན་རྣམས་ཀྱིས་ནི་རབ་ཏུ་བྱུག་པ་བྱེད་པ་བཞིན། ༢༢༦ །བསམ་གཏན་དང་ནི་སྔགས་ཀྱི་བཟླས་པ་བྱེད་པ་དག་དང་དཀྱིལ་འཁོར་ཆེན་པོ་རྣམས་དང་གདན་རྣམས་དང༌། །སྦྱིན་སྲེག་སྔགས་ཀྱི་རབ་གནས་རྡུལ་ཚོན་ལ་ནི་རྒྱལ་བའི་རིགས་རྣམས་སྤྱན་དྲངས་བསྐུལ་བ་མེད་པར་ཡང༌། །བུད་མེད་སྦྱོར་བ་རྣམ་པར་སྤངས་ནས་རབ་མཆོག་ཁྱབ་བདག་བདེ་བ་ཕྱག་རྒྱའི་དངོས་གྲུབ་སྟེར་བར་བྱེད། །དེ་ཕྱིར་དེ་ནི་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་བ་ཡིས་ཐར་པའི་སླད་དུ་བསྒོམ་པར་བྱ། ༢༢༧ །རང་གི་སེམས་ནི་བརྒྱལ་དང་གཉིད་ལ་རབ་ཏུ་ཞུགས་པ་མི་ཡི་བདག་པོ་རང་བཞིན་མེད་པར་འགྱུར། །སད་ལ་རང་བཞིན་དང་བཅས་གསལ་བར་བྱེད་དེ་དེ་དག་སྲོག་ཆགས་རྣམས་


DTG011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐར་པའི་ལམ་མ་ཡིན། །དངོས་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་པ་རྣམས་དག་ལ་བདེ་མཉམ་སྟེར་བ་མིན། །གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་པ་སྟེར། ༢༢༨ །ཨོཾ་ཨཱཿ་ཧཱུཾ་ཧོ་རིམ་པར་གནས་པས་དང་པོར་འདིར་ནི་རྟག་ཏུ་ཆང་ནི་སྦྱངས་ནས་རྟོགས་པར་བྱ། །རབ་ཏུ་འབར་བར་བྱས་ཏེ་རི་བོང་ཅན་ནི་ཞུ་བ་བཞིན་དུ་རིམ་པས་བསྒོམ་པར་བྱས་ནས་ནི། །སྣོད་དེ་ནས་ནི་ཐིག་ལེ་དག་གིས་ལག་པད་རི་བོང་ཅན་གྱི་མིང་མེད་རྩེ་མོས་ས་དག་ལ། །ཕྱི་རོལ་ཏུ་ནི་ཟུར་གསུམ་བྱས་ནས་དེ་ཡི་དབུས་སུ་ཉིན་མོར་བྱེད་པ་དང་མཚུངས་ཟླུམ་པོའོ། ༢༢༩ །དེ་ཡི་དབུས་སུ་འདི་ཡི་ཡེ་ཤེས་འཁོར་ལོ་སྲིད་གསུམ་གནས་པ་དག་ཀྱང་སྔགས་པས་བསྒོམས་བྱས་ནས། །མཐེ་བོ་དང་ནི་མིང་མེད་དག་གིས་ཉིན་ཞག་སོ་སོའི་དུས་སུ་ཚིམ་པར་བྱེད་པ་ལ་སོགས་བྱ། །ཡུལ་དང་གྲོང་གི་བདག་པོ་རྣམས་ལ་ཐོག་མར་འདིར་ནི་གཏོར་མ་དང་པོ་དབུས་མཐའི་མིང་གིས་ཏེ། །འཕྲོག་མ་ལ་ནི་ཆང་བུ་གཉིས་དང་སླར་ཡང་སྔགས་པས་ཁྲོ་བོའི་རྒྱལ་པོ་ལ་ནི་གཏོར་མའོ། ༢༣༠ །ཕོ་ཉ་མོ་རྣམས་དག་ལ་ཟས་ཀྱི་ཕུང་ནི་ས་སྟེང་རྣམས་སུ་བདག་པོ་རྡོ་རྗེ་རྣམས་ཀྱིས་སྦྱིན། །འབྱུང་པོ་རྣམས་ལ་ཟོས་པའི་ལྷག་མ་སླར་ཡང་དགེ་བའི་དོན་དུ་སྦྱིན་པའི་ཚིགས་བཅད་འདི་བཀླག་གོ །མགོ་དང་མགྲིན་པ་སྙིང་ག་ལྟེ་གསང་གཙུག་ཏོར་དུ་ནི་རང་གི་རྡོ་རྗེ་རྣམས་ཀྱིས་ཡན་ལག་དགོད། །གཉི་གའི་རིགས་ལ་གནས་པའི་ཡན་ལག་སྒོ་རྣམས་ཀྱིས་ནི་གཉིད་ཀྱི་དུས་དང་མཆོད་དང་འཁྲིགས་པ་ལ། ༢༣༡ །ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། ༢༣༢་།གཟུགས་སམ་ཡང་ན་དཀྱིལ་འཁོར་དག་ཀྱང་དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་བསྒོམ་པར་བྱ། །ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བ་དག་གིས་རང་སེམས་མཚང་མེད་པ་མཐའ་དག་མཐོང་གྱུར་


DTG011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ལོ་ཡི་ཕྱེད་དང་ལོ་གཅིག་བླ་མའི་ངེས་པའི་དབང་གིས་ཇི་སྲིད་ཉིད་དུ་བརྟན་པར་འགྱུར་གྱི་བར། །དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་དག་གིས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། ༢༣༣་།རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྣལ་འབྱོར་པ་རྣམས་དག་ལ་གསུངས། །བྱིས་པ་རྣམས་ནི་སྨིན་པར་བྱེད་པའི་དོན་དུ་མཆོག་གི་སྙིང་རྗེ་དག་གིས་སྣ་ཚོགས་གཙོ་བོས་སྦས། །དེ་ཕྱིར་དེ་ནི་དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱག་རྒྱའི་དངོས་གྲུབ་དོན་སླད་རྒྱལ་བ་མཆོག་གི་སྐྱེད་མཛད་གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོའོ། ༢༣༤ །དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ལས། སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།


previousབཞི་པ། སྒྲུབ་ཐབས་ཀྱི་ལེའུ།next