Nitartha Digital Library
Tibetan
 
no previousགཉིས་པ། ནང་གི་ལེའུའི་འགྲེལ་བཤད། དྲུག་པ། བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་ཆེན་པོ།next

གཉིས་པ། ནང་གི་ལེའུའི་འགྲེལ་བཤད།

དྲུག་པ། བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་ཆེན་པོ།

DTG012_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ལུས་བསྲུང་བའི་མན་ངག་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ། འཁོར་བ་འདིར་སེམས་ཅན་རྣམས་ཀྱི་ལུས་ལ་སྲོག་དང་ཐུར་སེལ་སྡུད་པའི་རིམ་པས་འབྱུང་བར་འགྱུར་ཞིང་སྐྱེད་པའི་རིམ་པས་རབ་ཏུ་འཇུག་པ་ཇི་ལྟ་བ་དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལྟེ་བའི་པདྨ་སྙིང་མགྲིན་དང༌། །དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། །ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པས་རབ་ཏུ་འབབ་པ་ནི། །འབྱུང་འགྱུར་དེ་ནི་འཇུག་པ་དག །སྐྱེད་པས་འཇུག་སྟེ་ས་ལའོ། །དེ་བཞིན་དུ་ཐུར་སེལ་གྱི་ནུས་པ་ནི། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངང་སེམས་ནི་འབབ་པ་དག །འབྱུང་བ་དང་ནི་འཇུག་པ་སྟེ། །སྡུད་དང་སྐྱེད་པའི་རང་བཞིན་ཅན། །ཞེས་སོ། །རྒྱུ་དེའི་ཕྱིར་དང་པོར་མཐའ་དག་རྒྱལ་བའི་ལུས་ཏེ་ཕུང་པོ་ལྔ་ལ་སོགས་པའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་དག་བསྲུང་བར་བྱ་སྟེ། ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་སྟེ་ཟག་པ་མེད་པའི་བདེ་བ་ཐོབ་

DTG012_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་པ་འང་མེད། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་སྟེ་ལུས་ཀྱི་དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་བསྲུང་བའི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ། ལ་ལ་ནཱ་དང་ར་ས་ནཱ་དག་གི་སྦྱོར་བ་ནི་རྩའི་སྦྱོར་བ་སྟེ་སྲོག་གི་རླུང་དབུ་མར་བསྒོམ་པར་བྱའོ། །བཤང་བ་དང་གཅི་བའི་རྩའི་སྦྱོར་བ་ཐུར་སེལ་ནི་དུང་ཅན་མར་རོ། །ཉིན་དང་མཚན་མོའི་དུས་སུ་དུས་སྦྱོར་བཅུ་གཉིས་སུ་རྩའི་སྦྱོར་བ་འདི་བསྒོམ་པར་བྱའོ། །འདི་བསྒོམས་པས་ལུས་འགྲུབ་སྟེ་ལུས་གྲུབ་པར་གྱུར་ན་གཞན་པའི་དངོས་གྲུབ་འཇིག་རྟེན་པ་མངག་གཞུག་ཉིད་དུ་རབ་ཏུ་འགྱུར་རོ་ཞེས་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ངེས་པའོ། །ད་ནི་སྟོང་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ལམ་གསུངས་ཏེ། འདིར་སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་ཞེས་པ་འཆད་པར་འགྱུར་པའི་རིམ་པས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཏེ་དེའི་མཐར་ཐུག་པར་བསམ་མོ། །མཚམས་དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། ལྟེ་བའི་འཁོར་ལོ་ལ་རྣལ་འབྱོར་པས་སོ། །ཕྱི་ནས་ཟླ་བ་

DTG012_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འགོག་པ་ནི་གཟའ་བཞིན་ཞེས་པ་སྒྲ་གཅན་བཞིན་དུ་བྱེད་དེ། བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །སྲོག་དང་ཐུར་སེལ་དག་ཕན་ཚུན་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ་དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །བྱང་ཆུབ་སེམས་ནི་འཕོ་བའི་སྐད་ཅིག་གོ །འགོག་པ་ནི་ཉེ་བར་ཞི་བ་སྟེ་རྒྱུ་མཐུན་པ་ལ་སོགས་པ་འགྱུར་པ་མེད་པར་བྱེད་དོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ཅེས་པ་ནི་རྒྱུ་མཐུན་པ་དེ་ལས་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་གང་ཅུང་ཟད་བརྗོད་པར་བྱ་བ་མ་ཡིན་པ་འདོད་པ་དེ་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། ཉིན་ཞག་འགའ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་དུས་ཀྱི་འཁོར་ལོའི་ཉིན་ཞག་རྣམས་ཏེ་དེ་དག་གིས་སོ། །སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་སྦྱངས་པའི་ཕུང་པོ་འདི་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ལམ་གྱི་ངེས་པའོ། །ད་ནི་ཉི་མ་ཞེས་པ་ལ་སོགས་པས་དུས་མ་ཡིན་པའི་འཆི་བ་བསླུ་བ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པས་དུས་མ་ཡིན་པའི་འཆི་བའི་མཚན་ཉིད་མཐོང་བ་དེའི་ཚེ་ཉི་མ་ཟླ་བ་འོག་པ་ནི་གཡོན་པ་དང་གཡས་པའི་རྩ་འགོག་པའོ། །མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་ཞེས་པ་ནི་སྡུད་པ་དང་སྐྱེད་པའི་བགྲོད་པ་ལའོ། །དབུ་མ་མེ་ལ་ཞེས་པ་ནི་སྒྲ་གཅན་དུས་མེད་དབུ་མའི་རྩ་ལ་རབ་ཏུ་ཞུགས་པར་བྱའོ། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ན་སྟེ་དབུ་མ་རབ་ཏུ་འབབ་པ་ཉིན་ཞག་གཅིག་སོང་པར་གྱུར་ན། རྣལ་འབྱོར་པ་རྣམས་ཀྱི་དུས་མིན་འཆི་བ་བསླུ་པར་འགྱུར་རོ། །སྲོག་གིས་གང་བར་བྱས་ནས་ཏེ་དཀྱིལ་འཁོར་ལྔ་འབབ་པ་དབུ་མའི་སྦྱོར་བའི་སྲོག་གིས་ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་མཐར་གང་བར་བྱས་ནས་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་མེད་ལག་པའི་པདྨ་རྣལ་འབྱོར་པས་ནི་བསྒོམ་པར་བྱ་སྟེ་འཆང་པར་འགྱུར་པའི་རིམ་པས་སོ། །དུས་མ་ཡིན་པར་འཆི་བ་བསླུ་བའི་ངེས་པའོ། །ད་ནི་ཐུར་སེལ་ཞེས་པ་ལ་སོགས་པས་རླུང་ནད་ལ་སོགས་པ་ཞི་བར་བྱེད་པ་གསུངས་ཏེ། འདིར་ལུས་ལ་ལྟེ་བ་དང་གསང་བ་ན་སྔར་བརྗོད་པ་རླུང་གིས་སྐྱོན་བྱེད་པའི་རྩ་བརྒྱད་ཅུ་སྟེ་དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་ཐུར་སེལ་བསྐུམ་ན་འདོད་པ་

DTG012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་བདེ་བ་བྱེད་པར་འགྱུར་ཏེ་སྔགས་པ་རྣམས་ཀྱིས་རླུང་གི་ནད་གཟིར་བ་ལ་སོགས་པ་མ་ལུས་དག་ལའོ། །དེ་བཞིན་དུ་དཔྲལ་བ་དང་གཙུག་ཏོར་ལ་བད་ཀན་གྱི་སྐྱོན་བྱེད་པའི་རྩ་ཉི་ཤུ་སྟེ་དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྲོག་རྩོལ་འདོད་པར་འགྱུར་རོ། །བད་ཀན་ལ་འགྱུར་ཞེས་པ་ནི་བད་ཀན་གྱི་ནད་སྐྱེས་པར་གྱུར་པ་ན་རྣལ་འབྱོར་པས་སྲོག་དགག་པར་བྱའོ། །སླར་ཡང་དེ་དག་གཏོང་བ་མ་མཁྲིས་པ་དག་གི་སྐྱོན་ལའོ་ཞེས་པ་ནི་མཁྲིས་པའི་ཉེས་པ་སྐྱེས་པར་གྱུར་པ་ན་སྲོག་དང་ཟུར་སེལ་དེ་དག་ཕྱི་རོལ་དུ་གཏང་བར་བྱ་སྟེ་འཆད་པར་འགྱུར་པའི་རིམ་པས་ཕྱི་རོལ་གྱི་རླུང་ཤཱི་ཏ་ཅེས་པས་གཟུང་ནས་ལྕེ་ཆུང་ལ་ལྕེ་བཀོད་ཅིང་སྡུ་ཀ་ལ་སོགས་པའི་བདུད་རྩི་བཏུང་བར་བྱ་སྟེ་མཁྲིས་པའི་ནད་མཐའ་དག་ལའོ། །རྩ་ནི་མགྲིན་པ་དང་སྙིང་ག་ལ་མཁྲིས་པའི་སྐྱོན་བྱེད་པ་བཞི་བཅུ་སྟེ་དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྦྱོར་བ་དེ་བྱའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལ་ཡང་ཞེས་པ་ནི་འདིར་གསང་བ་ལ་འདུས་པ་བྱེད་པའི་རྩ་བཅུ་སྟེ་དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྟེང་དང་འོག་སྲོག་དང་ཐུར་སེལ་དག་འགོག་པར་འདོད་དེ་རིམས་ལ་ཡང་འདོད་དོ། །རྒྱུ་ཅིའི་ཕྱིར་ཞེ་ན་གང་ཞིག་ལྟེ་བའི་སྟེང་དུ་སྲོག་གི་རླུང་འབབ་པ་དེ་ལས་མཐའ་དག་ནད་འཕྲོག་སྟེ། ལྟེ་བའི་རྩ་བར་ཐུར་སེལ་འབབ་པས་ལྟེ་བའི་འོག་ཏུ་ནད་མཐའ་དག་འཕྲོག་སྟེ་གཞན་པ་དག་ཀྱང་ངོ་ཞེས་པའོ། །རླུང་ལ་སོགས་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་བསྐུམ་སྟེ་ཞེས་པ་ལ་སོགས་པས་ལྟོ་བའི་ནད་ཉེ་བར་ཞི་བའི་ཚོ་གའི་མན་ངག་གསུངས་ཏེ། འདིར་གང་གི་ཚེ་ལྟོ་བར་དམུ་ཆུ་ལ་སོགས་པར་གྱུར་ན་དེའི་ཚེ་བསྐུམ་སྟེ་ཐུར་སེལ་རླུང་ནི་འོག་ཏུ་རྣམ་པ་གསུམ་གྱིས་ལམ་དུ་བགྲོད་པ་དག་ཅེས་པ་བཤད་བ་དང་གཅི་བ་དང་ཁུ་བའི་ལམ་དུ་བགྲོང་བ་དག་དང༌། སྲོག་ཉིད་སྟེང་ནས་ཀྱང་བསྐུམ་པར་བྱ་སྟེ་བླ་བ་དང་ཉི་མ་དང་མེའི་ལམ་དུ་བགྲོད་པའོ། །ཇི་སྲིད་དེ་དག་ཡང་དག་ཕྲད་དེ་མེ་ནི་ཞེས་པ་ལྟེ་བའི་མེ་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་འགྱུར་པ་འདི་ནི་དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ཀྱང་སྟེ་ཆུའི་ལྟོ་བ་ལ་སོགས་པ་རྣམས་ཟླ་བའི་སྦྱོར་བས་འཇོམས་པ་སྟེ། དབུགས་ལུད་དང་ནི་

DTG012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གློ་དང་རྣམ་པ་གསུམ་གྱི་དུག་བརྟན་པ་དང་གཡོ་བ་དང་བཅོས་མ་དང༌། མིག་གི་ནད་ལ་སོགས་པ་སྟེ་མགོ་བོའི་ནད་ཀྱང་འཇོམས་སོ། །ལྟོ་བའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་མཆན་ཁུང་ཞེས་པ་ལ་སོགས་པས་འཆི་ལྟས་བསླུ་བའི་སླད་དུ་རྩ་འཆིང་བའི་བཅིང་བ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པས་དབུ་མར་ཉིན་མཚན་དུ་སྲོག་གནས་པར་མ་ནུས་ན། དེའི་ཚེ་བརྗོད་པའི་བཅིང་པ་འདིས་གཡོན་པའི་འཆི་ལྟས་ལ་གཡས་པར་སྲོག་རྒྱུ་བར་བྱེད་ཅིང་གཡས་པའི་འཆི་ལྟས་ལ་གཡོན་པ་རྒྱུ་བར་བྱེད་པ་ཟླ་བ་ཕྱེད་དང་ཟླ་བ་གཅིག་གི་བར་དུའོ། །མཆན་ཁུང་གཡས་ནས་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། །ནུ་མ་གཡས་པ་མནན་པས་གཡོན་པའི་རྩར་འབབ་ཅིང་མཆན་ཁུང་གཡོན་ནས་མནན་པས་གཡས་པའི་རྩར་འབབ་པོ། །དེ་ལྟར་ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ་ཞེས་པ་ལ་རྣལ་འབྱོར་ནི་དགང་བ་དང་དབྱུང་བ་དག་གཅིག་པ་བུམ་པ་ཅན་ཏེ་དེ་དང་ལྡན་པ་ནི་རྣལ་འབྱོར་ལྡན་པའོ། །འཕྲོག་པ་ནི་སེལ་བར་བྱེད་དོ་ཞེས་པ་སྟེ། དུས་མ་ཡིན་པའི་འཆི་བ་བསླུ་བའི་ངེས་པའོ། །ད་ནི་རྒྱབ་ཀྱི་ཟུག་རྡུ་འཇོམས་པར་བྱེད་པ་གསུངས་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་རྐང་པ་ཞེས་པ་སྟེ། རྡོ་རྗེ་སྐྱིལ་ཀྲུང་ནི་བརླ་གཡས་པའི་སྟེང་དུ་རྐང་པ་གཡོན་པ་དང་བླག་གཡོན་པའི་སྟེང་དུ་རྐང་པ་གཡས་པ་སྟེ་རྐང་པ་དེ་དག་རྒྱབ་ཏུ་གནས་པའི་དཔུང་པ་རྡོ་རྗེ་བཅིངས་པའི་ལག་པ་གཡོན་གྱིས་རྐང་པ་གཡོན་པ་བཟུང་ཞིང་གཡས་ཀྱིས་རྐང་པ་གཡས་པའོ། །རྐང་པ་དེ་དག་བཟུང་བ་ལག་པའི་པདྨོ་དག་ནི་རྒྱབ་ཀྱི་ཟུག་རྡུལ་འཇོམས་པར་བྱེད་དོ། །སྟེང་དུ་རྐང་པ་དང་དང་འོག་ཏུ་མགོ་བོ་ལུས་ལ་བད་ཀན་ནད་རྣམས་མཐའ་དག་འཕྲོག་པར་བྱེད་དོ་ཞེས་པའོ། །སྲོག་འགོག་པ་ལས་ཉིན་ཞག་འགའ་ཞིག་གིས་ནི་རབ་འཁྲུ་གཅི་བའི་ནད་དག་ངེས་པར་འཇོམས་པར་བྱེད། ཐོ་རངས་མིང་མེད་དག་གིས་ཆུ་དང་བྲལ་བའི་ཁར་ནི་སྟེ་མ་བཀྲུས་པར་སོ་ཡི་ཕྲེང་བ་དག་ལ་རབ་ཏུ་བདར་བ་ནི་མིག་རྣམས་དག་གི་མིག་སྨན་དུ་འགྱུར་ཏེ། མིག་གི་ནད་འཕྲོག་པར་འགྱུར་རོ། །ཐོ་རངས་ཆུ་ཡིས་གཏོར་བ་དག་ཀྱང་མིག་གི་ནད་འཕྲོག་པར་

DTG012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གན་རྐྱལ་ཉལ་ནས་ལྟེ་བ་ལག་པ་གཡོན་པས་བཟུང་བ་གང་ཡིན་པ་དེ་ནི་ལག་པའི་པདྨ་ས་བཟུང་བ་དག་ནི་མ་ཞུ་བའི་ཟུག་རྡུ་འཇོམས་པ་སྟེ་སྲོག་རྩོལ་དང་བཅས་པས་སོ། །འབྲས་རྣམས་བྱུང་བ་ལ་ནི་སྟེ། འབྲས་དང་སྐྲངས་འབུར་ལ་སོགས་བ་བྱུང་བའི་དུས་སུ་མར་དང་བཅས་པའི་ཚྭ་དང་གོས་ཀྱིས་བཅིངས་པ་ཡིས་བདུགས་ན་འཕེལ་བ་འཇོམས་པར་བྱེད་པ་ཉིད་དེ། དེ་ནས་ཨརྐའི་འོ་མ་བྱུགས་པས་ཀྱང་ངོ་སྟེ། འབྲས་ལ་སོགས་པ་འབྱུང་བ་ལའོ་ཞེས་པ་སྟེ་ངེས་པའོ། །འགའ་ཞིག་ཚེ་ན་སོ་སྲིན་ཟུག་རྡུ་བཅས་གྱུར་ན། དེའི་ཚེ་སྟག་ལྡན་གྱི་ནི་ས་བོན་དུ་བ་སྦུ་བས་ལ་སོགས་པ་དག་གིས་བཟུང་ན་སྲིན་བུ་ལ་སོགས་པ་འཇོམས་ཏེ་སྟག་ལྡན་ཞེས་པ་ཀནྜ་ཀའི་རིའོ། །ནད་སྤྱི་ཉེ་བར་ཞི་བའི་ངེས་པའོ། །ད་ནི་ལོ་ཞེས་པ་ལ་སོགས་པས་མཛེ་ནད་ཉེ་བར་ཞི་བའི་སླད་དུ་ཆོ་ག་གསུངས་སོ། །འདི་ནི་རྣལ་འབྱོར་ཆེན་པོ་སྟེ་སྔོན་དུ་དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱིས་མི་འགྱུར་པ་བདེ་བའི་སྐད་ཅིག་བསྒྲུབས་པའོ། །ཕྱག་རྒྱ་དང་རབ་ཏུ་འདུས་པ་ལ་བྱང་ཆུབ་ཀྱི་སེམས་ལྟུང་དུ་བཅུག་ནས་ཕྱག་རྒྱ་དང་སྦྱར་བས་ལྟུང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་དང་བཅས་པ་དེ་ཉིད་སྲོག་དང་ཐུར་སེལ་དག་གིས་འགོག་པ་ལས་ལོ་ཕྱེད་ཀྱིས་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དགར་བའི་མཛེ་འཕྲོག་དེ་ལས་གཞན་ལྟ་ཅི། གལ་ཏེ་མཛེ་མ་སེལ་ན་དེའི་ཚེ་ཕྱག་རྒྱ་ལོ་བཅུ་དྲུག་མ་བསྟེན་པར་བྱ་སྟེ། རྣལ་འབྱོར་པས་ཉིན་ཞག་སོ་སོར་ཤའི་བཟའ་བ་དང་ཆང་གི་བཏུང་བ་དང༌། ཟླ་བ་དྲུག་གི་ནང་དུ་དེའི་སྐྱེ་གནས་སུ་བསྲུབས་བས་པ་ལ་བྱང་ཆུབ་ཀྱི་སེམས་ལྟུང་བ་རྣམ་པར་བཟུང་བར་གྱུར་ན་མཛེའི་ནད་འཕྲོག་སྟེ་བུམ་པ་ཅན་གྱི་སྦྱོར་བས་སོ། །དེ་བཞིན་གཤེགས་པའི་གསུང་འདི་ལ་ཐེ་ཚོམ་མེད་དོ། །མཛེ་འཕྲོག་པ་འབའ་ཞིག་མ་ཡིན་ཏེ། གཞན་ཡང་བདུན་ཅུའི་ལོ་ཡི་རྒྱ་བ་སྐྲ་དཀར་བཅས་པ་དག་ཀྱང་ཕྱག་རྒྱ་དང་འདུས་པ་ལ་བྱང་ཆུབ་ཀྱི་སེམས་ལྟུང་བ་ལོ་གཉིས་རབ་ཏུ་རྫོགས་ནས་ངེས་པར་འཕྲོག་གོ །སྦྱོར་བ་འདི་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱིས་ཉིན་ཞག་འགའ་ཡིས་ཏེ། དུས་ཀྱི་འཁོར་

DTG012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ལམ་དང་སེམས་ནི་རབ་ཏུ་འགྲོགས་པ་དག་ལས་དེ་སྟེང་ཞེས་པ་རྒ་བ་རྣམ་པར་ཉམས་པའི་སྟེང་དུ་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །མཛེ་ཉེ་བར་ཞི་བའི་ངེས་པའོ། །ད་ནི་སྲོག་རྩོལ་གྱི་ངེས་པ་གསུངས་ཏེ། འདིར་སྔགས་པས་ལུས་ལ་སྲོག་རྩོལ་བུམ་པ་ཅན་བྱ་སྟེ། སྙིང་ག་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་བར་འགྱུར་པ་སྟེ་སྙིང་ག་བསྲེགས་ཤིང་མགོ་པོ་ཡང་གདུང་བར་འགྱུར་པ་དེ་སྲིད་དུའོ། །དེ་ལས་སྟེང་དུ་མི་བྱའོ་ཞེས་པ་ངེས་པའོ། །གལ་ཏེ་དེ་ལས་སྟེང་དག་ཏུ་ནི་བྱེད་ན་བཟང་པོའི་པདྨར་བརྒྱལ་བར་འགྱུར་ཏེ་ཞེས་པ་ལྟེ་བའི་པདྨར་སྲོག་བརྒྱལ་བར་འགྱུར་རོ། །མ་བསྡམས་པའམ་སྟོབས་དག་གིས་གཙུག་ཏོར་ཕྱུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས། འཆི་བ་ཉིད་དུ་འགྲོ་བར་འགྱུར་པ་གང་ཡིན་པ་དེའི་ཕྱིར་ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་སྲོག་རྩོལ་བདེ་འབྲས་སྟེར་བ་མེད་དོ། །སྲོག་རྩོལ་གྱི་ངེས་པའོ། །ད་ནི་ཕྱག་རྒྱ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་དང་མྱང་བ་དང་ཁ་ཟས་དང་རྒྱུ་བའི་ངེས་པ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་གསུངས་པ་ནི་བསྒོམ་པའི་དོན་དུ་རྣལ་འབྱོར་གྱི་ཕྱག་རྒྱ་གསུངས་པ་སྟེ། ཆགས་པ་ཟད་པའི་དོན་ཏེ་རྒྱུར་ཉིན་མཚན་དུ་བུད་མེད་དང་རོལ་པར་གསུངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆང་གི་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་བྱེད་པ་སྟེ། བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ཁ་ཟས་བྱེད་པ་ནི་འདིར་ཁ་ཟས་ཐམས་ཅད་བདེ་བའི་དོན་ཏེ། གང་ཅུང་ཟད་ཁ་ཟས་བྱེད་པ་དེ་ཐམས་ཅད་ཤིན་ཏུ་ཆུང་བ་བདེ་བར་འགྱུར་ཏེ། དེའི་ཕྱིར་ཉིན་ཞག་སོ་སོའི་དུས་སུ་མ་ཞུ་བའི་རྒྱུར་མི་བྱའོ་ཞེས་པ་ནི་ཁ་ཟས་ཀྱི་ངེས་པའོ། །དཔལ་ལྡན་སྤྱོད་པ་སྟེ་རྣལ་འབྱོར་སྤྱོད་པ་དངོས་གྲུབ་རྒྱུར་ཞེས་པ་དངོས་གྲུབ་ཀྱི་རྒྱུར་ཏེ། དེའི་ཕྱིར་མཚན་མོ་དུར་ཁྲོད་གནས་དང་ཉེ་བའི་གནས་ལ་སོགས་པར་

DTG012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམ་པ་དག་རྩེད་མོའི་དོན་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏེ། རྣལ་འབྱོར་གྱི་སྤྱོད་པའི་ངེས་པའོ། །ད་ནི་ཀུན་སྤངས་ཀྱི་རྣལ་འབྱོར་པའི་སྨན་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པའི་ཁ་ན་བར་གྱུར་ན། དེའི་ཚེ་མི་བསྐྱེད་པ་ཅུང་ཟད་དྲོ་བར་བྱས་ཏེ་ཁར་བཟུང་ན་ཁའི་ནད་ཞི་བར་བྱེད་པར་འགྱུར་རོ། །སོ་ཡི་ཟུག་རྡུ་ཉིད་ཀྱི་ཡང་ཞེས་པ་སྟེ་ཡང་ཡིག་ལས་སོ་སྲིན་གྱི་ཡང་ངོ༌། །གང་གི་ཚེ་མགོ་བོ་ན་གྱུར་ན། དེའི་ཚེ་ཐོ་རངས་མི་བསྐྱོད་པ་རྔུབ་པ་བྱས་ན་རྣལ་འབྱོར་པ་རྣམས་ཀྱི་མགོ་ཡི་ནད་འཕྲོག་སྟེ་དེ་བཞིན་ཉིད་དུ་ཆུ་ནི་རྔུབས་པས་སོ། །གང་གི་ཚེ་རྣ་བ་ན་བར་གྱུར་པ་དེའི་ཚེ་གཅིན་དྲོ་བར་བྱས་པ་རྣ་བར་རབ་ཏུ་བླུགས་པ་དང༌། མིག་གི་ནད་ལ་གྲང་མོར་བྱས་པ་མིག་ཏུ་རབ་ཏུ་བླུགས་པས་གྲངས་བཞིན་དུ་གཉིས་ཀའི་ནད་འཕྲོག་སྟེ་གཅིན་ནི་དྲོ་དང་གྲང་མོ་ཞེས་སོ། འབྱུང་པོས་གཟིར་ལ་ཞེས་པ་འབྱུང་པོ་ཡི་དགས་ལ་སོགས་པས་བཟུང་བ་ལ་ཚ་བ་གསུམ་དང་བཅས་པའི་མི་བསྐྱོད་པ་བརྔུབས་ན་བདེ་བ་སྟེར་ཏེ། ཟོས་པ་ཉིད་ལ་ཡང་ཞེས་པ་སྦྲུལ་གྱིས་ཟོས་པ་ཡང་བདེ་བ་སྟེར་བར་འགྱུར་རོ། །ཁའི་ནད་ལ་སོགས་པ་ཉེ་བར་ཞི་བའི་ངེས་པའོ། །ད་ནི་བཤང་བ་ཞེས་པ་ལ་སོགས་པས་ཚེ་འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ་གསུངས་ཏེ། འདིར་ཇི་ལྟར་ཕྱི་རོལ་དེ་བཞིན་དུ་ལུས་ཞེས་གསུངས་པའི་ཕྱིར་ཕྱི་རོལ་གྱི་རྫས་ལྔ་དང་ནང་གི་རྫས་ལྔ་གཅིག་ཏུ་བྱས་པ་ནི་བདུད་རྩི་ལྔའི་སྦྱོར་བ་སྟེ། བདུད་རྩི་ལྔ་པོ་དེ་ཟོས་པས་རྣལ་འབྱོར་པ་རྣམས་ལ་ཚེ་སྟེར་བར་འགྱུར་རོ། །ཕྱི་རོལ་དུ་བཤང་བའི་སྒྲས་རྣམས་པར་སྣང་མཛད་སྟོབས་ལྡན་སྟོབས་ཀྱི་ཞག་སྟེ་མུ་ཟིར་བརྗོད་དོ། །ནང་དུ་ནི་བཤང་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །གཅིན་ནི་ཕྱི་རོལ་དུ་ཁྱབ་འཇུག་མི་བདག་སྟེ་བྷྲིཾ་ག་རཱ་ཛཱའི་ཁུ་བའོ། །ནང་དུ་ནི་གཅིན་ཉིད་དོ། །ཁྲག་ནི་ཕྱི་རོལ་དུ་ལྷང་ཚེར་རོ། །ནང་དུ་ནི་བུད་མེད་ཀྱི་མེ་ཏོག་སྟེ་ཆ་མཉམ་པའོ། །ཁུ་བ་ནི་ཕྱི་རོལ་དུ་དངུལ་ཆུའོ། །ནང་དུ་ནི་ཁུ་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །མི་ཡི་ཤ་ན་ནི་ཕྱི་རོལ་དུ་འབྲས་

DTG012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གསུམ་མོ། །ནང་དུ་ནི་རྐང་སྟེ་འདི་དག་ཀྱང་ཆ་མཉམ་པའོ། །དེ་ལྟར་བཤང་བ་ཆ་གཅིག་དང་ཤ་རྐང་པས་དམན་པའི་ཆ་དང་ཁྲག་ཆ་ཕྱེད་དང་ཁུ་བ་རྐང་པ་གཅིག་སྟེ། །འདི་རྣམས་གཅིག་ཏུ་བྱས་ནས་གཅིན་གྱིས་ལན་བདུན་གྱི་བར་དུ་བསྒོ་བར་བྱ་སྟེ་ཡང་དང་ཡང་དུ་ཉི་མ་ལ་བསྐམས་ནས་སོ། །དེ་ནས་ཉིན་ཞག་སོ་སོར་ཞོ་གཉིས་ཙམ་གྱི་མར་དང་སྦྲང་རྩི་དང་བཅས་པ་ཟོས་ན་ཟླ་བ་དྲུག་གི་མཚམས་སུ་ཚེ་སྟེར་བར་འགྱུར་རོ། །ལོ་མ་དང༌། སྐྱུར་བ་དང༌། ཏིལ་མར་དང༌། ལན་ཚྭ་དང༌། བུད་མེད་དང་སྦྱོར་བ་སྤངས་པ་ལས་སོ་ཞེས་པ་ནི་བདུད་རྩི་ལྔའི་ངེས་པའོ། །ད་ནི་བསམ་གཏན་བཅས་པས་ཞེས་པ་ལ་སོགས་པས་མེ་ཏོག་རྔུབ་པ་གསུངས་ཏེ། འདིར་བསམ་གཏན་ནི་དབུ་མར་སྲོག་རབ་ཏུ་གཞུག་པ་སྟེ་བསམ་གཏན་དེ་དང་བཅས་པ་ནི་བསམ་གཏན་བཅས་པའོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ། །ཕྱི་རོལ་ཏུ་ནི་སྐྲའི་རྒྱལ་པོ་བྷྲིཾ་ག་རཱ་ཛཱ་སྟེ། དེའི་ཁུ་བ་བུད་མེད་ཀྱི་མེ་ཏོག་དང་མཉམ་པའོ། །བསམ་གཏན་བཅས་པར་མེ་ཏོག་རྔུབས་ན་བསམ་གཏན་བཅས་པ་རྣམས་ཀྱི་སྐྲ་དཀར་དང་བཅས་རྒ་བ་དང་ནི་ལུས་སྐྱེས་རྣམས་ཀྱང་ཟླ་བ་དྲུག་གི་མཚམས་སུ་འཕྲོག་སྟེ་རྔུབ་པའི་ངེས་པའོ། །ད་ནི་སྒྲོན་མ་ལྔ་གསུངས་ཏེ། བ་ལང་དང༌། ཁྱི་དང༌། སོ་ལྡན་དང༌། རྟ་དང་མི་རྣམས་ཀྱི་ཤ་སྦྲང་བུའི་སྐྱུགས་པ་དང་དང་བསྲེས་པ་སྟེ། སྦྲང་རྩི་དང་བསྲེས་པའི་སྒྲོན་མ་ལྔ་ཟོས་པས་མཐའ་དག་ནས་ནི་འཕྲོག་པར་འགྱུར་རོ། །སྦྲང་བུའི་སྐྱུགས་པ་གཞན་ནི་སྦྲང་ཆང་སྟེ། དེ་དང་བཅས་པ་མཐའ་དག་ནད་ནི་འཕྲོག་པར་འགྱུར་རོ་ཞེས་པའི་ངེས་པའོ། །བུད་མེད་མེ་ཏོག་ཁུ་བ་དག་དང་བསྲེས་པ་ནི་སྔར་བརྗོད་པའི་ཕྱི་དང་ནང་གི་བདག་ཉིད་དེ། ལོ་གཅིག་ཟོས་ནས་རྒ་བ་ངེས་པར་སེལ་བར་བྱེད་དོ་ཞེས་པ་ནི་སྔར་བརྗོད་པའི་ངེས་པའོ། །ད་ནི་རླུང་ལ་སོགས་པ་ཉེ་བར་ཞི་བ་གསུངས་ཏེ། རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏེ། མངར་དང་བསྐ་བའི་རྫས་དག་ནི་མཁྲིས་པའི་དགྲའོ། །བད་ཀན་འཇོམས་པ་ཁ་པ་ཀུན་དང་ཚ་བ་གསུམ་དང་བཅས་པ་སྟེ་སྨན་རྣམས་སམ་ནི་ཁུ་བའམ་ཞེས་པ་ཟོས་

DTG012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཐུངས་པས་སོ། །བད་ཀན་འཇོམས་པར་ཡི་འོ་མ་ཚ་བ་གསུམ་བཅས་དག་སྟེ་མ་ཧེའི་འོ་མ་ཤ་ཀ་ར་དང་བཅས་པ་མཁྲིས་པའི་དགྲའོ། །རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་རྒྱམ་ཚ་དང་བཅས་པ་སྟེ་རྣམ་གསུམ་ནད་འཕྲོག་པ་ཡི་འོ་མ་གྲངས་བཞིན་དུ་རྒྱམ་ཚ་ལ་སོགས་པ་དང་ལྡན་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་འཇོམས་པའོ། །དེ་བཞིན་མར་ཞེས་པ་བའི་མར་ནི་རིམས་དང་བྲལ་བ་རྣམས་ཀྱི་རྣམ་པ་གསུམ་གྱི་ནད་ཞི་བར་བྱེད་དོ་ཞེས་པ་ངེས་པའོ། །ད་ནི་ཁ་ལ་སོགས་པའི་ནད་ཉེ་བར་ཞི་བའི་དོན་དུ་བསྐོལ་བའི་ཏིལ་མར་ལ་སོགས་པ་གསུངས་པ་ཛཱ་ཏཱི་ཞེས་པ་ལ་སོགས་པ་སྟེ། འདིར་ཐམས་ཅད་དུ་ཆུ་ནི་རྫས་ཀྱི་བརྒྱད་འགྱུར་རོ། །ཛཱ་ཏཱིའི་འདབ་མའི་བརྒྱད་འགྱུར་གྱི་ཆུ་རྐང་བའི་ལྷག་མར་ཛཱ་ཏཱི་བསྐོལ་བའི་ཁུ་བའི་ཆུ་ཅུང་ཟད་དྲོ་བས་ཁ་ནད་ཞི་བར་བྱེད་པར་འགྱུར་ཏེ་སོའི་ཟུག་རྔུ་ཉིད་ཀྱང་ངོ༌། །ཏིལ་མར་ནི་ཏིལ་གྱི་ཏིལ་མར་རོ། །དངོས་པོའི་ཆུ་ནི་རའི་གཅིན་ཏེ་དེ་དང་མཉམ་པ་བསྐོལ་བའི་ཏིལ་མར་ལྷག་མ་ལ་ཚ་བ་གསུམ་དང་ལན་ཚྭ་རྐང་པ་དང་བཅས་པའི་ཆ་ཤད་ཚོས་པའི་མཇུག་ཏུ་རབ་ཏུ་སྦྱིན་ཏེ། དེ་རྣ་བར་རབ་ཏུ་བླུགས་པས་རྣ་བ་ཡི་ནི་ནད་དག་འཇོམས་སོ། །དེ་བཞིན་དུ་མར་ནི་བ་ལང་གི་མར་ཏེའོ་མ་བརྒྱད་འགྱུར་དང་བསྐོལ་བའི་འཇུག་ཏུ་ཀླུ་ནཱ་ག་གེ་སར་དང་དམར་པོ་གུར་གུམ་སྟེ་དེ་དག་རྐང་པའི་ཆ་ཤས་སྦྱིན་ནོ། །མར་འདི་རྔུབས་པས་སྣ་ཡི་ནད་དག་འཇོམས་པ་ཉིད་དོ། །ཀར་ཀོ་ཊཱི་སྟེ་བནྡྷཱ་ཀ་ར་ཀོ་ཊཱི་དང་ལང་ག་ལི་དང༌། ཨིན་དྲཱི་ནི་ཨིནྡྲ་བ་རུ་ནཱི་སྟེ། ཏིག་ཏཱ་དང༌། བོང་བུའི་ཆུ་དང་བཅས་པ་བྱུགས་པས་འབྲས་ཀྱི་ཕྲེང་བ་འཕྲོག་གོ་ཞེས་པ་སྟེ་ངེས་པའོ། །མདོར་བསྡུས་པ་སྟེ་རྒྱས་པར་གསོ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །ད་ནི་ལག་པ་ཞེས་པ་ལ་སོགས་པས་རྡོ་རྗེའི་ཚེར་མ་ཉེ་བར་ཞི་བར་བྱེད་པ་གསུངས་ཏེ། འདིར་གང་གི་ཚེ་སྡིག་པའི་ནད་ཀྱི་ཉེ་བར་འཚེ་བ་བྱུང་ན་དེའི་ཚེ་དང་པོར་ཚ་བ་སྐྱེ་བར་འགྱུར་ཞིང་ལག་པ་དང་རྐང་པའི་ཚིགས་རྣམས་གདུང་བར་འགྱུར་ཏེ། མགོ་བོ་ཡང་གདུང་བར་འགྱུར་རོ། །མཚན་ཉིད་འདི་ཤེས་ནས་ཏིང་ངེ་འཛིན་དམིགས་

DTG012_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ་བུག་པ་མེད་པའི་ཁྱིམ་དུ་ཚ་བ་སྐྱེས་པ་རབ་ཏུ་ཞུགས་ནས་ལག་པ་གཉིས་པོ་དག་ནི་བརླའི་མཐར་ཐུག་པར་རབ་ཏུ་འཕྱང་བར་བྱ་ཞིང་རྐང་པའི་པདྨ་མཉམ་པ་དག་བྱས་ཏེ། སྲོག་གི་རླུང་ནི་འགོག་པ་བུམ་པ་ཅན་བྱའོ། །ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྟུང་བར་མ་གྱུར་པ་དེ་སྲིད་དུ་སྟེ་ཚ་བའི་ནད་ཀྱིས་ས་ལ་རབ་ཏུ་ལྟུང་བར་འགྱུར་རོ། །དེ་ནས་མ་ལྟུང་བའི་བར་དུ་ཡང་དང་ཡང་དུ་སྲོག་རྩོལ་བྱའོ་ཞེས་པ་ནི་ངེས་པའོ། །ཇི་སྲིད་ཚ་བ་དག་ནི་གྲོལ་བར་ཡང་མ་གྱུར་པ་དེ་སྲིད་དུ་བྱ་སྟེ་ཚ་བ་གྲོལ་བར་གྱུར་ན་མི་བྱའོ་ཞེས་པ་ནི་ངེས་པའོ། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་གནས་པས་འཆི་བའི་འཇིགས་པ་བྱེད་པའི་ཚེར་མ་ཅན་ནི་ངེས་པར་འཇོམས་ཏེ་སྙིང་གའི་པདྨར་ཟླ་བའི་གཟུགས་ཅན་དྲི་མེད་རི་བོང་ཅན་མཚུངས་སྣ་ཚོགས་ཡུམ་ནི་བསྒོམས་པས་སོ་ཞེས་པ་ནི་སྲོག་རྩོལ་གྱིས་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་པདྨའི་གདན་ལ་བཞུགས་པ་ཞལ་གཅིག་པ་ཕྱག་གཉིས་པ་སྟེ། པདྨ་དང་མཆོག་སྦྱིན་གྱི་ཕྱག་གོ་ཞེས་པ་ནི་སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་སྡིག་པའི་ནད་ཉེ་བར་ཞི་བའི་དོན་དུ་སྨན་གསུངས་ཏེ། འདིར་གང་གི་ཚེ་སྡིག་པའི་ནད་ཀྱི་མཚན་མ་ཚ་བ་སྐྱེས་པ་དང་ལག་པ་དང་རྐང་པའི་ཚིགས་རྣམས་གདུང་བར་གྱུར་ན། དེའི་ཚེ་སྲན་ཆུང་བཏགས་ནས་ཆུ་གྲང་མོས་ཚ་བས་རྣམ་པར་བསྣུན་པའི་མི་རྣམས་ལ་བྱིན་ན་ཚེར་མ་འཇོམས་པར་བྱེད་དོ། །དེ་བཞིན་དུ་ཚ་བའི་མཐར་ནི་ཞེས་པ་ཉིན་ཞག་གསུམ་པ་ལ་ཚེར་མ་འཐོན་པའི་དུས་སུ་སྡིག་པའི་ནད་ཀྱིས་ཤི་བའི་ཐོད་པ་སྟེ་མ་རྙེད་ན་ཇི་ལྟར་རྙེད་པ་བདར་ནས་མི་བསྐྱོད་པ་བསྲེས་པའི་སྐྱེས་པའི་ཐོད་པ་སྐྱེས་པ་དང༌། བུད་མེད་ཀྱི་ཐོད་པ་བུད་མེད་ཀྱིས་འཐུངས་ཤིང་མ་རྙེད་ན་ཇི་ལྟར་རྙེད་པ་འཐུངས་པས་འཇིགས་པར་བྱེད་པ་འམ་ཚེར་མ་ཅན་འཕྲོག་སྟེ། ཚ་བའི་མཐར་ཐོད་པ་ཇི་ལྟར་རྙེད་པས་སོ་ཞེས་པ་ནི་ངེས་པའོ། །འདིར་སྲན་ཆུང་ལ་སོགས་པ་མངོན་པར་བསྔགས་པའི་སླད་དུ་སྔགས་སུ་འགྱུར་རོ། །དེ་ཡང་དང་པོར་ཨོཾ་ཡིག་སྟེ་སྔགས་ཀྱང་ཆུ་མེ་རླུང་རྣམས་དག་གི་སྔོན་དུ་ཨོཾ་ཡིག་ཅེས་པས་ཐོག་མར་ཨོཾ་ཡིག་གོ །ཆུ་ཞེས་

DTG012_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་པ་སྡེའི་ཡི་གེ་གཉིས་པ་ཆུའི་ཁམས་ཏེ་ཕའོ། །མེ་ཞེས་པ་འོག་ཏུ་རའོ། །སྟེང་དུ་ཨེ་ཡིག་སྟེ་ཆུ་མེ་རླུང་འདི་དག་རྣམས་གཅིག་པ་ཉིད་ནི་ཕྲེཾ་སྟེ་རྗེས་སུ་པོར་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རེ། །བཛྲ་སྔ་མ་ཀཎྜ་ཀཱ་རྣམས་ཀྱི་མིང་ངོ། །དེ་ཉིད་ཀྱིས་ནི་བསྲུང་བ་བྱ་སྟེ་སྲན་ཆུང་ལ་སོགས་པ་ལ་ལན་བདུན་མངོན་པར་བསྔགས་པ་ཇི་ལྟ་བ་དེ་བཞིན་ཉིད་དུ་དེ་ཉིད་ཀྱིས་བསྲུང་བ་སྟེ། མགོ་མགྲིན་སྙིང་ག་ལྟེ་བ་གསང་བ་དང་སོགས་པའི་སྒྲས་གཙུག་ཏོར་ཏེ་གནས་དྲུག་པོ་འདི་རྣམས་སུ་ཐུན་གསུམ་དུ་བསྲུང་བ་བྱའོ་ཞེས་པ་ནི་ངེས་པའོ། །འདིར་སྔགས་ནི་ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ་བཛྲ་ཀཎྜ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། གཞན་བསྲུང་བའི་དོན་དུ་ལྷ་སྦྱིན་གྱི་ཤཱ་ནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་ངེས་པའོ། །འདི་ནི་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་སྟེ། ཉེ་བར་འཚེ་བ་ཐམས་ཅད་ལས་བདག་དང་གཞན་བསྲུང་བ་ལ་དྲན་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སྔགས་འདིས་ལན་བདུན་མངོན་པར་བསྔགས་པའི་སྲན་ཆུང་ཆུ་གྲང་མོས་བཏགས་པ་བཏུང་བར་སྦྱིན་ཞིང་ཚ་བས་ཤི་བའི་ཐོད་པ་མི་བསྐྱོང་བས་བཏགས་པ་སྦྱིན་ནོ། །འབྱུང་པོས་ཟིན་པ་ལ་ཚ་བ་གསུམ་དང་བཅས་པ་མི་བསྐྱོད་པས་བཏགས་ནས་སྦྱིན་ཏེ་སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་མཉམ་པ་ཞེས་པ་ལ་སོགས་པས་ཉི་མའི་གདུང་བ་ཞི་བའི་ངེས་པ་མཛད་པ་དེ་འདིར་གང་གི་ཚེ་སོ་ག་ལམ་དུ་ཉི་མའི་འོད་ཟེར་གྱིས་བསྲེགས་པར་གྱུར་པ་དེའི་ཚེ་མཉམ་པ་དྷཱ་དྲི་ཞེས་པ་སྐྱུ་རུ་རའི་འདབ་མའི་ཕྱེ་མ་དང་དྷཱ་ཉ་པ་ཞེས་པ་ཀུ་སྟུཾ་བུ་རུ་སྟེ་དེ་དང་མཉམ་པའོ། །གཞན་ཡང་དེ་བཞིན་ཏིན་ཏི་རཱི་ཡི་འདབ་མའི་ཕྱེ་མ་ཞེས་པ་བན་དྷཱུ་ལིའི་འདབ་མའི་ཕྱེ་མ་མཉམ་པའོ། །དེ་ལྟར་ཐམས་ཅད་ཆ་མཉམ་པར་བྱས་ནས་ཉི་ཟླ་རེག་པ་ཞེས་པ་ཉི་མ་དང་ཟླ་བའི་འོད་ཟེར་གྱིས་རེག་པའི་ཆུ་ནི་ངེས་པར་དྲི་མ་དང་བྲལ་བ་ཞེས་པ་ཉ་ལྕི་བས་ལ་སོགས་པའི་དྲི་མ་དང་བྲལ་བ་རྐང་པའི་ལྷག་མར་བསྐོལ་བར་བྱ་ཞེས་པ་ནི་རྫས་ཀྱི་བརྒྱང་འགྱུར་གྱི་ཆུ་བླུགས་པ་ནས་ཇི་སྲིད་ཁུ་བ་རྐང་པ་གཅིག་ཏུ་གྱུར་

DTG012_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སྲིད་དུ་རྫས་གསུམ་པོ་བ་སྐོལ་བར་བྱའོ། །བསྐོལ་བའི་ཡུལ་འདི་ལ་སྲང་གིས་ནི་ཚད་མ་ཡིན་ཏེ། ཐམས་ཅད་དུ་བྲེའི་ཚད་དོ་ཞེས་པ་ནི་ངེས་པའོ། །དེའི་ཁུ་བ་རྐང་པའི་ཆ་ཤས་ཙམ་ཀ་ར་དང་བསྲེས་པ་གཞན་པའི་ཉིན་ཞག་ནས་བཏུང་སྟེ། དེ་ལྟར་རིམ་པ་འདི་ཡིས་ཞག་གསུམ་དུ་ཐོ་རངས་ཀྱི་དུས་སུའོ། །སོ་ག་ཉི་མའི་འོད་ཟེར་དག་གིས་བསྲེགས་པས་འཆི་སྟེར་འཕྲོག་སྟེ་ཁམས་བདུན་སོང་བ་དག་ཀྱང་ངོ་ཞེས་པ་སྤུ་དང་པགས་པ་ལ་སོགས་པ་སོངས་བ་སྟེ་ཀྱང་ཡིག་གིས་གཞན་ཡང་ངོ་ཞེས་པ་སྟེ་ངེས་པའོ། །ད་ནི་གསེར་ལ་ཉི་མ་ཞེས་པ་ལ་སོགས་པས་བཅུད་ལེན་གཞན་གསུངས་ཏེ། འདིར་ལུས་ལ་ཕྱི་རོལ་གྱི་བཅུད་ལེན་དོན་དུ་གཉེར་བ་གང་སུ་ཞིག་གིས་གྲུབ་པའི་བཅུད་ལེན་མེད་ན་བཅུད་ལེན་འབྲིང་པོ་འདི་བྱའོ། །འདིའི་ཆོ་ག་གསུངས་པ་ནི་གསེར་ལ་སྟེ་རྣམ་པར་དག་པའི་གསེར་ལ་ཉི་མ་ཞེས་པ་ཟངས་དང་ཁབ་ལེན་ལྕགས་དང་པ་ཌ་ལས་སྐྱེས་ཞིས་པ་ལྷང་ཚེར་གྱི་ལྕག་སྡང་ལྕགས་ཞེས་པ་རྣོན་པོ་སྟེ་སོ་སོར་མཉམ་པའི་ཆ་བཟུང་བ་འདི་དག་རྣམས་ཀྱི་ཆ་དང་གསེར་མཉམ་པའོ། །མཱ་ཀྵི་ཀ་ཡི་ཕྱེ་མ་རབ་ཏུ་བཏབ་པ་ཁ་ཕྱེ་བའི་གོང་བུར་རླུང་དྲག་པོས་སྡུད་པར་བྱ་སྟེ། ཇི་སྲིད་དུ་གསེར་གནས་པའོ། །དེ་ཉིད་ནི་ས་བོན་ཏེ་ས་བོན་དེ་ཕྱེད་ཀྱིས་ཞེས་པ་གསེར་སྲང་གཉིས་ཀྱིས་དངུལ་གྱི་ཆུ་སྲང་བཞིའོ། །དྲི་མ་དག་དང་བྲལ་བ་ཞེས་པ་ནི་ལན་བདུན་གྱི་བར་དུ་སྦྱད་བར་བྱས་པས་ཏེ་བསྒོངས་པས་སྲང་ནི་དྲུག་ཏུ་བྱའོ། །དེ་ནས་བ་ཡི་དར་བ་མར་དང་བྲལ་བ་དྲག་པོའི་རྩེ་མོ་ཅན་གྱིས་ཞེས་པ་མི་བཟད་པའི་མེས་བསད་ནས་བསད་པ་དེ་རས་ཀྱིས་བཙགས་ཏེ་སྙིགས་མ་དོར་ནས་ཤིན་ཏུ་དང་བའི་དངས་མ་གཟུང་བར་བྱའོ། །དངས་མ་དེ་ཉིད་ཁབ་ལེན་གྱི་སྣོད་དུ་གསེར་གྱི་གོང་བུ་དང་ལྷན་ཅིག་བསྐོལ་བར་བྱ་སྟེ་ཇི་སྲིད་ཕྱེད་ཀྱི་ཚད་དུ་གྱུར་པའོ། །དེ་ནས་རབ་ཏུ་བླངས་ཏེ་དག་པའི་ཀ་ར་སྲང་བརྒྱད་ཅེས་པ་ལ་དེ་ནི་རྒྱལ་པོ་ལ་སོགས་པ་མ་ཡིན་པ་རྣམས་ཀྱིས་ཟས་ཡོངས་སུ་འཇུ་བའི་དབང་གིས་དགུ་ལ་སོགས་པ་དང་བདུན་ལ་སོགས་པ་ཡང་ངོ༌། །ཕོ་བ་རིས་ཀྱི་ཕྱེ་མ་ཀ་རའི་དྲུག་ཅུ་རྩ་བཞི་ཆ་

DTG012_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་ལ་བསྲེ་བར་བྱའོ། །དེ་ཉིད་ཐམས་ཅད་དུས་སུ་བཟའ་བར་བྱ་སྟེ། ཁ་ཟས་རྣམ་སྤངས་བགྲོད་པ་ཇི་སྲིད་ཉིད་དུའོ། །ཟླ་བ་དྲུག་གིས་ལྷ་ཡི་ལུས་ཏེ་སྐྲ་དཀར་གཉེར་མ་དང་བྲལ་བ་འདི་ཡིས་འཆི་མེད་ཉིད་དུ་འགྱུར། འདིར་བཏུང་བ་ལ་ཏཱ་མ་བཱུ་ལ་བཟའ་བ་བསྒྲུབ་སྟེ་ཏཱ་མ་བཱུ་ལའི་སྙིགས་མ་དོར་ནས་སོ། །དེ་ནི་ཐམས་ཅད་དུས་སུ་བཟའ་བར་བྱ་ཞེས་པ་ནི་དངས་མ་དེ་ཉིད་ཆོ་ག་ངེས་བཟའ་བར་བྱ་སྟེ། གསེར་གྱི་གོང་བུས་རྣམ་པར་དམན་པ་ལོངས་སྤྱད་པར་བྱའོ། །འོན་ཀྱང་ཇི་སྲིད་གོང་བུ་ཡོད་པ་དེ་སྲིད་དེ་དང་ལྷན་ཅིག་ཏུ་སྟེ་ཕྱི་ནས་དེ་དང་བྲལ་བ་དུས་ཐམས་ཅད་དུའོ་ཞེས་པ་ནི་བཅུད་ལེན་གྱི་ངེས་པའོ། །ད་ནི་སྔར་བརྗོད་ཅེས་པ་ལ་སོགས་པས་ཟན་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་གསེར་ཕྱེད་ལྡན་གསུངས་ཏེ། སྔར་བརྗོད་ས་བོན་རྒྱལ་པོ་མཉམ་པ་དག་སྟེ་གཞན་ཡང་དངུལ་ཆ་ལ་ནི་བླུགས་པ་ཕྱེད་ཙམ་མོ། །ལན་ཚྭ་སྐྱུར་པོ་དག་གིས་མཉེས་ནས་རྣམ་པ་མང་པོའི་སྨན་གྱིས་ཇི་སྲིད་གཅིག་ཉིད་དུ་འགྱུར་པ་ཞེས་པའོ། །དེ་ནས་མཁྲིས་པ་སྐྱུར་པོས་མུ་ཟི་སོགས་དང་ད་ནད་དང༌། ཤི་ལཱ་དག་ཀྱང་ཞེས་པ་ནི། འདིར་དངུལ་ཆུ་གནས་པའི་དོན་དུ་རྫས་རྣམ་པ་གསུམ་ནི་དངུལ་ཆུ་དང་མཚུངས་པ་སྟེ། དངུལ་ཆུ་དང་ལྷན་ཅིག་མཁྲིས་པ་དང་སྐྱུར་གྱིས་མཉེ་བར་བྱ་སྟེ། བ་ལང་གི་མཁྲིས་པ་འམ་ཉའི་མཁྲིས་པའོ། །འབྲས་བུ་སྐྱུར་མོ་ཇི་ལྟར་རྙེད་པ་བཱི་ཛ་པཱུ་ར་ལ་སོགས་པའོ། །མུ་ཟི་དང་ད་ར་ད་དང་ཤི་ལཱ་དང་ཏཱ་ལ་ཀཱ་དང་ཤ་ཤ་ཀ་དང་ཀཱ་ཀཱི་དང་ཀ་ཤི་ས་དང་ཏུད་ཐཱ་ཀ་དང་ཧཻ་མ་གི་རི་ཀཱ་སྟེ། མུ་ཟི་ལ་སོགས་པ་འདི་དག་ནི་ཉེ་བའི་དངུལ་ཆུ་གཉིས་ཏེ་དངུལ་ཆུ་ཆེན་པོ་གཅིག་དང་གསུམ་ནི་དངུལ་ཆུར་མཚུངས་པའོ། །དེ་ཡིས་དངུལ་གྱི་འདབ་མ་བྱུགས་པ་ཉིན་ཞག་གསུམ་ཐབ་ཀྱི་འོག་ཏུ་བཞག་པ་ནི་གསེར་ཉིད་དུ་འགྱུར་ཏེ་ཐབ་ཀྱི་མེས་སྨིན་པ་དག་གོ །ཕྱེད་དང་ལྡན་པ་སྟེ་གསེར་གྱི་སོ་ཞེས་པ་སྟེ་གསེར་ཕྱེད་ཅན་གྱི་ངེས་པའོ། །ད་ནི་རྣོན་པོ་ཞེས་པ་ལ་སོགས་པས་མེ་ཏོག་བྱ་བ་གསུངས་སོ། །འདིར་མེ་ཏོག་གི་སྒྲས་དྲམྨ་གཟུགས་ཅན་གྱི་རྫས་བརྗོད་དེ་རྣོན་

DTG012_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དངུལ་གྱིས་བཀང་ཞིང་བརྡུངས་པའོ། །འདི་ནི་དེའི་འདབ་མ་དག་པ་སྟེ་རྣོན་པོ་དང་ནམ་མཁའ་ལས་སྐྱེས་ཞེས་པ་ལྷང་ཚེར་དེ་ཉིད་དང༌། ཨ་ལ་ཞེས་པ་ཏཱ་ལ་ཀཱ་དང༌། ལན་ཚྭ་ཞེས་པ་རྒྱམ་ཚ་དང་ཡ་བཀྵཱ་ར་དང་སརྫ་ར་ས་སྟེ། རྣོན་པོ་ལ་སོགས་པ་རིམ་པ་ཡིས་འཕེལ་བ་ཞེས་པ་ནི་ཆ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་གི་བར་དུའོ། །དེ་དག་ཐམས་ཅད་གཅིག་ཏུ་བྱས་པ་ཉི་མ་སྟེ་ཟངས་ཉིས་འགྱུར་དག་ལ་རོ་མཉམ་བྱེད་པས་དང་པོ་ཀོང་བུ་ཁ་བསྡམས་པར་བསྲེག་སྟེ། དེ་ནས་ཀོང་བུ་ཁ་ཕྱེ་བར་ཉི་མའི་ལྷག་མར་གྱུར་གྱི་བར་དུ་བསྲེག་པར་བྱའོ། །སླར་ཡང་ལན་ཚྭས་ཏེ་ཊཾ་ག་ནའི་ལན་ཚྭས་དག་པར་འགྱུར་རོ། །དེ་བཞིན་བ་ལས་བྱུང་བ་ལ་སོགས་ཀྱིས་བྲན་འཇམ་པར་འགྱུར་ཞེས་པ་ལ་བ་ལས་བྱུང་བ་ནི་བའི་དར་བའོ། །སོགས་པས་ནི་ཨརྐའི་རྩ་བ་དང༌། བཛྲ་ཀ་ན་ཀའི་རྩ་བ་དང༌། ཨེ་རཎྜྸི་རྩ་བ་དང༌། ཀྵི་ར་ཀཉྩུ་ཀཱའི་རྩ་བ་རྣམས་བཏགས་ནས་ཞག་བདུན་གྱི་བར་དུ་མནན་པར་བྱའོ། །དེ་ནས་ཇི་སྲིད་མཉེན་པར་གྱུར་གྱི་དུ་དར་བ་དེ་ལ་བཀྲུ་བར་བྱའོ། །དེ་ཉིད་དངུལ་ལ་སུམ་ཆ་བྱིན་ཞིང་བཀང་བ་འམ་བསྣུན་པ་དག་ཀྱང་དག་པའི་མེ་ཏོག་ཉིད་དུ་འགྱུར་ཏེ་མེ་ཏོག་གི་འདབ་མའི་ངེས་པའོ། །ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པའི་དོན་དུ་དྲི་དང་སྤོས་ལ་སོགས་པའི་ལེ་ཚེ་སྦྱར་བ་གསུངས་པ། ཨེ་ལ་ཞེས་པ་ལ་སོགས་པ་སྟེ། འདིར་དྲིའི་བསྟན་བཅོས་ལས་གསུངས་པའི་ཆོ་གས་སྦྱངས་པའི་རྫས་རྣམས་རེ་མིག་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ལེ་ཚེ་སྦྱར་བ་ལ་དགོད་པར་བྱ་སྟེ། རེ་མིག་དང་པོ་ལ་ཨེ་ལའོ། །གཉིས་པ་ལ་ག་པུར་རོ། །གསུམ་པ་ལ་ཕྲེང་བ་ཞེས་པ་སྤྲྀ་ཀའི་མེ་ཏོག་གོ །བཞི་པ་ལ་གཡོ་བ་ཞེས་པ་སིཧླ་ཀའི་ཕྱེ་མའོ། །ལྔ་པ་ལ་གྷ་ན་ཞེས་པ་གླ་སྒང་ངོ༌། །དྲུག་པ་ལ་འབྲས་བུ་ཅན་ཏེ་པྲི་ཡང་ཀུའི་མེ་ཏོག་གོ །བདུན་པ་ལ་བྱ་རོག་སྟེ་ཨ་ག་རུ་ནག་པོའོ། །བརྒྱད་པ་ལ་རི་སྐྱེས་ཏེ་ཤཻ་ལཻ་ཡའོ། །དགུ་པ་ལ་ཀཀྐོ་ལའོ། །བཅུ་པ་ལ་སིང་ཧ་མུ་ཏྲའོ། །བཅུ་གཅིག་པ་ལ་ཨུཏྤལ་ཏེ་རུ་རྟའོ། །བཅུ་གཉིས་པ་

DTG012_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲས་བུ་སྟེ་ཛཱ་ཏི་ཕ་ལའོ། །བཅུ་གསུམ་པ་ལ་རི་དགས་སྐྱེས་ཏེ་གླ་རྩིའོ། །བཅུ་བཞི་པ་ལ་དམར་པོ་སྟེ་གུར་གུམ་མོ། །བཅྭ་ལྔ་པ་ལ་དཻ་ཏྱ་སྟེ་མུ་རཱའོ། །བཅུ་དྲུག་པ་ལ་པཱུ་ཏི་སྟེ་པུ་ཏྲ་ཀེ་ཤའོ། །བཅུ་བདུན་པ་ལ་ཀླུ་སྟེ་ནཱ་ག་གེ་སར་གྱི་མེ་ཏོག་གོ ། བཅྭ་བརྒྱད་པ་ལ་བསིལ་བ་སྟེ་ཙནྡན་ནོ། །བཅུ་དགུ་པ་ལ་ར་ཎ་སྟེ་ཨུ་ཤཱི་ར་ཀའོ། །ཉི་ཤུ་པ་ལ་འདབ་མ་སྟེ་ཏ་མཱ་ལའི་འདབ་མའོ། །ཉི་ཤུ་རྩ་གཅིག་པ་ལ་པ་ལ་སྟེ་མཱཾ་སིའོ། །ཉི་ཤུ་རྩ་གཉིས་པ་ལ་ཆུ་སྟེ་པཱ་ལ་ཀའོ། །ཉི་ཤུ་རྩ་གསུམ་པ་ལ་འཁྲི་ཤིང་ཞེས་པ་འཁྲི་ཤིང་གླ་རྩེའོ། །ཉི་ཤུ་རྩ་བཞི་པ་ལ་ནམ་མཁའ་སྟེ་བྷེ་རུཎྜ་བིཥྚའོ། །ཉི་ཤུ་རྩ་ལྔ་པ་ལ་འཁྱོག་པོ་སྟེ་པིཎྜི་ཏ་ཀ་རའི་མེ་ཏོག་གོ །དེ་ལྟར་འདི་དག་ནི་རྫས་རྣམས་ཏེ་ཇི་ལྟར་འདོད་པ་བཞིན་ལེ་ཚེ་སྦྱར་བ་ལས་བྱུང་བའི་རྫས་ལྔ་པོ་འདི་དག་གིས་བཟང་པོའི་དྲི་མཛོད་ཅིག་ཅེས་པ་ནི་ངེས་པའོ། །རི་དགས་རི་བོང་ཅན་སོགས་ཞེས་པ་ནི་གླ་རྩི་དང་ག་པུར་དང་བཅས་པའི་བདུག་པ་དག་གིས་སྨིན་པར་བྱའོ། །མེ་ཏོག་དྲི་བཟང་པོ་རྣམས་ཀྱིས་བསྒོ་བར་བྱའོ། །ཆད་ལ་སོགས་པས་སོ་ཞེས་པ་ནི་ག་པུར་དང་གླ་རྩི་དང་ཛཱ་ཏི་ཕ་ལ་དང་བཅས་པ་འཆད་པར་འགྱུར་པའི་ཆད་ཐམས་ཅད་ཀྱིས་དབུག་པར་བྱའོ་ཞེས་པ་ནི་རྫས་དགོད་པའི་ངེས་པའོ། །ད་ནི་ལེ་ཚེར་སྦྱར་བ་ལ་བཀོད་པའི་རྫས་རྣམས་ཀྱི་ཆ་གསུངས་པ་མིག་ཅེས་པ་ལ་སོགས་པ་སྟེ། འདིར་རེ་མིག་དང་པོ་ལ་བཀོད་པའི་རྫས་ནི་མིག་ཅེས་པ་ཆ་གཉིས་སོ། །གཉིས་པ་ལ་ཟླ་བ་ཞེས་པ་ཆ་གཅིག་གོ ། གསུམ་པ་ལ་མེ་ཞེས་པ་གསུམ་མོ། །བཞི་པ་ལ་རྒྱ་མཚོ་ཞེས་པ་བཞིའོ། །ལྔ་པ་ལ་མདའ་ཞེས་པ་ལྔའོ། །དྲུག་པ་ལ་ཡོན་ཏན་ཞེས་པ་གསུམ་མོ། །བདུན་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །བརྒྱད་པ་ལ་མདའ་ཞེས་པ་ལྔའོ། །དགུ་པ་ལ་ལག་པ་ཞེས་པ་གཉིས་སོ། །བཅུ་པ་ལ་ཟླ་བ་ཞེས་པ་གཅིག་གོ །བཅུ་གཅིག་པ་ལ་མདའ་ཞེས་པ་ལྔའོ། །བཅུ་གཉིས་པ་ལ་མིག་ཅེས་པ་གཉིས་སོ། །བཅུ་གསུམ་པ་ལ་ཟླ་བ་ཞེས་པ་གཅིག་གོ །བཅུ་བཞི་པ་ལ་མེ་ཞེས་པ་གསུམ་མོ། །བཅྭ་ལྔ་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །བཅུ་དྲུག་པ་ལ་

DTG012_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཞེས་པ་གཅིག་གོ །བཅུ་བདུན་པ་ལ་དུས་ཞེས་པ་གསུམ་མོ། །བཅྭ་བརྒྱད་པ་ལ་དུས་ཞེས་པ་བཞིའོ། །བཅུ་དགུ་པ་ལ་མདའ་ཞེས་པ་ལྔའོ། །ཉི་ཤུ་པ་ལ་མིག་ཅེས་པ་གཉིས་སོ། །ཉི་ཤུ་རྩ་གཅིག་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །ཉི་ཤུ་རྩ་གཉིས་པ་ལ་མདའ་ཞེས་པ་ལྔའོ། །ཉི་ཤུ་རྩ་གསུམ་པ་ལ་མིག་ཅེས་པ་གཉིས་སོ། །ཉི་ཤུ་རྩ་བཞི་པ་ལ་ཟླ་བ་ཞེས་པ་གཅིག་གོ །ཉི་ཤུ་རྩ་ལྔ་པ་ལ་འཇིག་རྟེན་ཞེས་པ་གསུམ་མོ། །དེ་ལྟར་བརྗོད་པའི་རིམ་པས་ཨེ་ལ་ལ་སོགས་པ་ཆ་ཤས་གྲངས་རྣམས་རིམ་པས་ཡོངས་སུ་བཀོད་པ་རེ་མིག་ལྔ་ལྔ་དག་ལ་སྟེ། རྫས་ལྔ་ནི་ལེ་ཚེར་སྦྱར་བའི་གྲོང་ཁྱེར་ལ་གནས་ཏེ་གྲོང་ཁྱེར་ཞེས་པ་ནི་རེ་མིག་གོ །དག་པའི་རྫས་ཀྱི་ཆ་ཤས་ཉིན་ཞག་ཅེས་བྱ་ཞེས་པ་བཅྭ་ལྔའི་ཆ་ཤས་ཏེ། གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་གཅིག་ཏུ་གྱུར་པ་དེ་དག་གིས་དྲི་འགྱུར་རོ་ཞེས་པ་ནི་དྲིའི་ལེ་ཚེ་སྦྱར་བ་ལས་རྫས་ཀྱི་ཆ་ཤས་ཀྱི་ངེས་པའོ། །ད་ནི་སྦོས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ་ཛཱ་ཏི་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་བཀོད་པའི་ལེ་ཚེ་སྦྱར་བའི་རྫས་རྣམས་ཀྱི་ནང་ནས་ཛཱ་ཏི་ལ་སོགས་པའི་རྫས་ལྔ་ཕྱུང་སྟེ། དེ་རྣམས་ཀྱི་གནས་སུ་རིམ་པ་གཞན་ལྔ་སྦྱིན་པར་བྱའོ། །དེ་ལ་ཛཱ་ཏི་ཞེས་པ་ནི་ཛཱ་ཏི་ཕ་ལ་སྟེ། སོགས་པ་ལས་གཉིས་པ་ནི་ཨེ་ལའོ། །གསུམ་པ་ལ་ནི་འཁྲི་ཤིང་གླ་རྩིའོ། །བཞི་པ་ལ་ནི་འདབ་མ་སྟེ་ཏ་མཱ་ལའི་འདབ་མ་ལའོ། །ལྔ་པ་ནི་ཀ་ལ་ཤ་སྟེ་ཀཀྐོ་ལའོ། །འདི་རྣམས་ཀྱི་གྲོང་དུ་སྟེ་རེ་མིག་ཏུ་རིམ་པས་བཀོད་པར་བྱ་བ་ནི་ཛཱ་ཏི་ཕ་ལའི་རེ་མིག་ཏུ་རྒྱ་སྐྱེགས་སོ། །ཨེ་ལའི་རེ་མིག་ཏུ་ས་རྫ་ར་སའོ། །འཁྲི་ཤིང་གི་རེ་མིག་ཏུ་འོ་མ་ཞེས་པ་ཤྲཱི་བཱ་སའོ། །འདབ་མའི་རེ་མིག་ཏུ་པུ་ར་ཞེས་པ་གུ་གུལ་ལོ། །ཀཀྐོ་ལའི་རེ་མིག་ཏུ་སི་ཏ་ཞེས་པ་ཀུན་དུ་རུ་ཀའོ། །དེ་ལྟར་བདུག་པའི་བྱ་བ་རྣམས་ལ་བདུག་པ་ནི་རྫས་ལྔ་པོ་སྔར་བརྗོད་པའི་ཆ་ཤས་དག་གིས་བྱའོ། །ཞེས་པ་སྟེ་ངེས་པའོ། །ག་པུར་ཀ་ར་དང་བཅས་པ་སྟེ་གང་དུ་ཀ་ར་དང་ཡིན་པ་དེར་ཀ་ར་དང་ལྷན་ཅིག་སྦྲང་རྩི་སྦྱིན་པར་བྱའོ། །སེན་མོ་དག་ནི་མེ་ཡི་ཆ་ཤས་ཀྱིས་ལྷན་ཅིག་པ་སྟེ་དེ་ལྟར་ཆ་བཅྭ་བརྒྱད་ཀྱིས་ཡན་ལག་དྲུག་གི་སྤོས་སུ་འགྱུར་རོ། །ག་པུར་དང་

DTG012_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ར་དང་སྦྲང་རྩི་དང་གླ་རྩི་དང་བཅས་པ་ནི་ཡན་ལག་བཅུ་པ་ལ་སྟེ། བདུག་སྤོས་ཀྱི་ལེ་ཚེ་སྦྱར་བ་ལ་རྫས་ཀྱི་ངེས་པའོ། །ད་ནི་སྤོས་ཀྱི་རིང་བུ་གསུངས་པ་དེ་དག་ཅེས་པ་ལ་སོགས་པ་སྟེ་འདིར་བདུག་པའི་ལེ་ཚེ་སྦྱར་བ་ལས་གསུངས་པའི་སྤོས་ཀྱི་སྦྱོར་བ་སྦྲང་རྩི་དང་བྲལ་བ་དྲི་ཡི་ཆུ་ཀ་ར་ཅུང་ཟད་བསྲེག་པ་དང་སྦྱར་བ་དེས་སྤོས་ཀྱི་རིང་བུ་ནཱ་རཱ་ཙའི་རྣམ་པ་བྱ་སྟེ། གོས་ལ་སོགས་པ་བདུག་པ་དང་དམ་པའི་ཆོས་དང༌། སྐུ་གཟུགས་ལ་སོགས་པའི་དོན་དུའོ་ཞེས་པ་སྟེ་ངེས་པའོ། །ད་ནི་ཁྲུས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ་ལྟེ་བ་དང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་དྲིའི་ལེ་ཚེ་སྦྱར་བ་ལ་བཀོད་པའི་རྫས་རྣམས་ཀྱི་ནང་ནས་ལྟེ་བ་ལ་སོགས་པའི་རྫས་ལྔ་ཕྱུང་སྟེ། དེ་དག་གི་རེ་མིག་རྣམས་ལ་གྲངས་བཞིན་དུ་ཁྲུས་ཀྱི་ལེ་ཚོ་སྦྱར་བ་ལ་གཞན་དག་སྦྱིན་པར་བྱའོ། །དེ་ལ་ལྟེ་བའི་རེ་མིག་ལ་གྲ་ནྠི་བརྞྞ་དགོད་པར་བྱའོ། །སིཾ་ཧ་མཱུ་ཏྲའི་རེ་མིག་ལ་སྟག་གི་སེན་མོའོ། །རི་བོང་ཅན་ནི་གྲོང་དུ་ཧ་རེ་ཎུའོ། །མཁའ་ཡི་གྲོང་དུ་ཧ་ཏ་ཞེས་པ་ཀ་ཙོ་རི་ཀའོ། །གཞན་ཡང་དེ་བཞིན་ཏེ་ཇི་ལྟར་སྤོས་ཀྱི་བྱ་བ་ལ་དུང་ཞེས་པ་སེན་མོ་སྟེ་ཆ་གསུམ་མོ། །དེ་ལྟར་ཤུན་པ་དག་གི་ཆ་གསུམ་སྦྱིན་པར་བྱའོ། །ཁྲུས་ཀྱི་སྦྱོར་བ་ལ་ཁྲུས་ཀྱི་རྫས་རྣམས་ཀྱི་ནང་ནས་དེ་ལྟར་ཆ་བཅྭ་བརྒྱད་ལ་རྫས་དྲུག་གིས་ཁྲུས་སུ་འགྱུར་རོ། །ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་རྫས་ཀྱི་ངེས་པའོ། །ད་ནི་དྲིལ་ཕྱིས་ཀྱི་ལེ་ཚེ་སྦྱར་བ་གསུངས་ཏེ་འདིར་ཁྲུས་ཀྱི་ལེ་ཚེ་སྦྱར་བ་གསུངས་པའི་རྫས་རྣམས་ནང་ནས་ཤུན་པ་བཞིན་དུ་རྫས་ལྔ་པོ་རྣམས་ཆ་གསུམ་སྦྱིན་བར་བྱ་སྟེ། དྷཱ་ནྱ་ཞེས་པ་ཀུ་སྟུཾ་བུ་རུ་དང་མཱུ་རྦཱི་ཞེས་པ་མ་རུ་བ་ཀ་དང་བརྒྱ་ཡིས་མཚན་དང་ཞེས་པ་མེ་ཏོག་བརྒྱ་པ་དང་ད་མ་ཞེས་པ་ད་མ་ཀ་དང་མ་དྷཱུ་རི་སྟེ་ལྔ་པོ་འདི་རྣམས་ཆ་གསུམ་མོ། །དེ་ལྟར་ཆ་བཅྭ་བརྒྱད་ཀྱིས་དྲིལ་ཕྱིས་སུ་འགྱུར་ཏེ་དྲིལ་ཕྱིས་ཀྱི་རྫས་ཀྱི་ངེས་པའོ། །ད་ནི་སྨིན་པའི་ཏིལ་མར་གྱི་དོན་དུ་ཏིལ་མར་གྱི་རེ་མིག་སྦྱར་བ་གསུངས་པ་སྔར་ཞེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་དྲིའི་ལེ་ཚེ་སྦྱར་བའི་རྫས་ཀྱི་ཚོགས་མ་བཟློག་པ་ཆུ་སྐྱེས་ཞེས་པ་སེན་མོ་སྟེ་ཆུ་སྐྱེས་བཞིན་དུ་ལུས་དང་ཞེས་པ་ཤུན་པ་དང་གྲ་ནྠི་བརྞྞ་དག་ཀྱང་

DTG012_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་དག་ཆ་གསུམ་བྱིན་ནས་དྲིའི་ལེ་ཚེ་སྦྱར་བའི་རྫས་ལྔ་དང་བཅས་པ། རྫས་བདུན་གྱི་ཆ་བཅྭ་བརྒྱད་ཀྱིས་འཆད་པར་འགྱུར་པའི་རིམ་པས་ཏིལ་མར་སྨིན་པར་བྱ་སྟེ་དྲི་སྣ་ཚོགས་ཀྱི་ཏིལ་མར་དུ་འགྱུར་རོ། །ཏིལ་མར་གྱི་ལེ་ཚེ་སྦྱར་བའི་རྫས་ངེས་པའོ། །དེ་བཞིན་དུ་ཕྱེ་མ་ལ་སོགས་པ་སྟེ་ཕྱེ་མ་དག་གི་ཡུལ་ལ་གྲ་ནྛི་དེ་བཞིན་ཞེས་པ་ནི་སེན་མོ་བཞིན་དུ་རྫས་ལྔ་པོ་རྣམས་ལ་གྲཎྛི་བརྞྞ་ཀ་སྦྱིན་པར་བྱའོ། །ལུས་དང་ཧ་ཏ་བཏུང་བ་བསྒོ་བ་ལ་སྦྱིན་པར་བྱ་བར་འགྱུར་ཏེ་ཁ་བསྒོ་བ་ལ་ཡང་ངོ༌། །ཤུན་པ་པོ་ལ་གྲི་ནྠི་དུང་ཞེས་བ་རྫས་བཞིའི་ཆ་གསུམ་ནི་འབྲས་བུའི་སྨིན་པ་དང་འདབ་མ་སྦྱར་བའི་སྨིན་པ་དང་དང་བའི་སྨིན་པ་དང་སོགས་པ་ལས་ཁྱོགས་ཀྱི་སྨིན་པ་འཆད་པར་འགྱུར་པ་ལ་སྦྱིན་པར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་རབ་དབྱེ་སུམ་ཅུ་དག་གིས་དྲི་ལ་སོགས་པའི་སྦྱོར་བ་སུམ་ཅུ་ལེགས་སྤྲས་རྣམ་མང་དྲི་དང་སྤོས་ལ་སོགས་པའི་སྦྱོར་བ་དང་ཁྲུས་དང་དྲིལ་ཕྱིས་ལ་སོགས་པ་རྣམས་དྲི་དོན་དུ་གཉེར་བ་རྣམས་ཀྱིས་བྱའོ། །རྫས་ཇི་ལྟར་གྱུར་པས་ཤེ་ན་རྣམ་པར་དག་ཅིང་འབྲས་བུ་སྦྱར་བས་སྨིན་དང་བསྒོས་པ་དང་ནི་ཕུག་པ་དག་གིས་འདོད་པར་གྱུར་པས་སོ་ཞེས་པ་སྟེ་རྫས་བསྡུ་བའི་ངེས་པའོ། །ད་ནི་དྲི་བདུག་པས་སྨིན་པ་གསུངས་པ་དང་པོར་བརྒྱད་ཆ་ཞེས་པ་ལ་སོགས་པའོ། །འདིར་དྲིའི་སྦྱོར་བ་ལ་འདབ་མ་རྣམ་པ་གསུམ་སྟེ་ཐ་མ་དང་འབྲིང་དང་མཆོག་གོ །དེ་ལ་ཐ་མ་ནི་གླ་སྒང་དང་ཤཻ་ལཻ་ཡ་དང་ཨཱུ་ཤཱི་ར་དང་བཱ་ལ་ཀ་དང་ཀ་པིངྠ་དང་བི་ལ་བ་དང་མཱུ་ར་དང་མཱཾ་སི་ཞེས་པ་སྟེ་རྫས་འདི་དག་ནི་ཐ་མའོ། །འདི་དག་གི་དབང་གིས་ནི་འདབ་མའི་དབང་གིས་སོ། །དང་པོར་བསྐ་བ་སྟེ་ཨ་རུ་རའི་ཕྱེ་མ་བུ་རམ་གྱིས་སྦྱར་བའི་བདུག་པར་འགྱུར་ཏེ་དེ་འདབ་མའི་བརྒྱད་ཆས་དང་བོར་ཉིན་ཞག་གཅིག་བདུག་པར་བྱའོ། །དེ་ནས་ཉིན་ཞག་གཉིས་མེ་ཏོག་བསྒོ་བ་བྱས་ནས་ཉིན་ཞག་གསུམ་པ་ལ་འབྲིང་པོའི་འདབ་མ་བསྲེ་བར་བྱའོ། །དེ་ནས་དེའི་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ཞེས་པ་ནི་སྔ་མ་དང་ཕྱི་མ་དེའི་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ཞེས་པ་སྟེ་རྒྱ་སྐྱེགས་དང་ས་རྫ་ར་ས་དང་ཤྲཱི་བཱ་ས་དང་གུ་གུ་ལ་དང་ཀུན་དུ་རུ་ཀ་སྟེ་ལྔ་པོ་

DTG012_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་བུ་རམ་གྱི་སྦྱར་བས་དྲག་པོའི་སྤོས་སུ་འགྱུར་རོ། །བསྐ་བའི་ཉིས་འགྱུར་སྦྱིན་པར་བྱ་སྟེ་འདབ་མའི་རྐང་པའི་ཆ་ཤས་སོ། །འདིར་འབྲིང་པོའི་འདབ་མ་ནི་མེ་ཏོག་གི་སྡེ་དང་ཙནྡན་དང་ཨ་ཀ་རུ་དང་འབྲས་བུའི་སྡེ་དང་སེན་མོ་དང་ཤུན་པའི་སྡེ་དང་ཁུ་བའི་སྡེ་དང་སྟེ་དེ་ལྟར་ཉིན་ཞག་གཉིས་དྲག་པོའི་བདུག་པས་བདུག་པར་བྱ་སྟེ། གཅིག་གིས་བར་དུ་ཆོད་པའི་ཉིན་ཞག་གཉིས་ཏེ་མེ་ཏོག་གིས་བསྒོ་བར་བྱའོ། །ཕྱི་ནས་རྫས་ཀྱི་ཚད་ཀྱི་བུ་རམ་དག་ཀྱང་བདུག་པ་དང་ལྷན་ཅིག་སོ་ག་ངེས་པར་བསྲེག་པར་བྱའོ། །དེ་ནས་སོ་གའི་སྦྱོར་བདག་ལས་འཕེལ་ཏེ་དབྱར་རྫས་ཀྱི་ཉིས་འགྱུར་དང་དགུན་སུམ་འགྱུར་སྦྱིན་པར་བྱའོ། །དེ་ནས་བུ་རམ་ཚིག་པར་གྱུར་པ་ནི་དུང་ཞེས་པ་སེན་མོའི་རྐང་པའི་ཆ་ཤས་བུ་རམ་དང་ལྷན་ཅིག་སྔར་བརྗོད་པའི་ཆོ་གས་ཉིན་ཞག་གཉིས་ངེས་པར་བསྲེག་པར་བྱའོ། །དེ་ནས་སྦྲང་རྩི་དང་དཀར་པོ་སྟེ་ཤ་ཀ་ར་དག་ཀྱང་རྫས་དང་མཉམ་པ་གོང་བུའི་བདུག་པ་དང་ལྷན་ཅིག་ངེས་པར་བསྲེག་སྟེ། བདུག་པ་ནི་ཁམ་བུའི་དང་པོ་དང་མཇུག་ཏུ་འབབ་ཞིག་པ་ངེས་པར་བསྲེག་གོ །དེ་བཞིན་དུ་བུ་རམ་ཡང་ཉིན་ཞག་སོ་སོར་ཁམ་བུ་གསུམ་བསྲེགས་ནས་ངལ་བསོ་བར་བྱའོ། །ཉིན་ཞག་སོ་སོར་རྫས་ཀྱི་བརྒྱད་ཆའི་སྦོས་ངེས་པར་བསྲེག་པར་བྱའོ། །རྣམ་པ་གཞན་དུ་སྨིན་པས་ནི་མ་སྨིན་པར་འགྱུར་ཞིང་ལྷག་པས་དྲི་ཚིག་པར་འགྱུར་ཏེ། མ་སྨིན་ན་སྐྱུར་བར་འགྱུར་རོ་ཞེས་པ་སྟེ་ངེས་པའོ། །གོང་གུ་ཞེས་པ་ནི་གོང་བུའི་བདུག་པ་སྟེ་ལེ་ཚེ་སྦྱར་བ་ལས་བརྗོད་པའི་ག་པུར་དང་བཅས་ཤིང་དྲག་པོའི་རྫས་སྤངས་པ་རྫས་ལྔ་སྦྲང་རྩི་དང་བུ་རམ་གྱིས་སྦྱར་བས་གོང་བུའི་བདུག་པ་སྟེ་དེ་ཉིད་དུང་གི་ཚད་དེ་ཞེས་པ་ནི་རྫས་ཀྱི་རྐང་པའི་ཆ་ཤེས་ངེས་པར་བསྲེག་གོ །དེ་ལ་པཱུ་ཏ་ཀེ་ཤ་དང་ཛཱ་ཏི་ཕལ་དང་ག་པུར་དང་ལྟེ་བ་དང་གཞན་ལེ་ཚེ་སྦྱར་བ་ལས་བརྗོད་པ་མཆོག་གི་འདབ་མ་རེ་བྱིན་ནས་མ་ལ་ཡིན་ཙནྡན་ནོ། །ཡང་བ་ཞེས་པ་ནི་ཨ་ཀ་རུའོ། །གཡོ་བ་ཞེས་པ་ནི་སི་ཧལ་ཀའོ། །ཟླ་བ་ཞེས་པ་ནི་ག་པུར་ཏེ་དེ་དང་ལྡན་པ་ནི་རྫས་གསུམ་མོ། དེ་བཞིན་ནོ་ཞེས་པ་ནི་གོང་བུའི་བདུག་པ་དང་མཚུངས་པར་སྦྲང་རྩི་དང་

DTG012_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཀ་ར་དང་བཅས་པ་ངེས་པར་བསྲེག་པར་བྱའོ། །འདིར་བུ་རམ་ནི་གོང་བུའི་བུ་རམ་སྟེ་ཁུ་བ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ་ཞེས་པ་ནི་ངེས་པའོ། །དེ་ནས་སྨིན་པའི་དྲི་ཤེས་ནས་ཏེ་སྨིན་པ་མཉེས་པ་འདིའི་དྲིས་གལ་ཏེ་ལག་པའི་མཐིལ་དམར་པོར་གྱུར་ན་དེའི་ཚེ་ཡོངས་སུ་སྨིན་པའོ། ཅི་སྟེ་མ་སྨིན་ན་ཇི་སྲིད་སྨིན་པར་མ་གྱུར་པ་དེ་སྲིད་དུ་དཀར་པོའི་བདུག་པ་བསྲེག་པར་མི་བྱའོ། །སྨིན་པའི་དྲི་འདི་ནི་མེ་ཏོག་བཟང་པོ་ཙམ་པ་ཀ་ལ་སོགས་པ་དྲི་ཞིམ་པོ་རྣམས་ཀྱིས་ཉིན་ཞག་འགའ་ཞིག་སྟེ། ཕྱོགས་ཀྱི་ཕྱེད་དམ་ཕྱོགས་གཅིག་གི་བར་དུ་བདུག་པའི་སྐྱོན་སྤོང་སྟེ་དེ་ནས་འདོད་པར་འགྱུར་རོ། །ཕྱི་ནས་འབུགས་པ་བརྒྱ་ཡི་ཆ་ཤས་འབྲས་བུ་གསུམ་ཞེས་པ་ནི་ཛའ་ཏི་ཕ་ལ་དང་ཀཀྐོལ་དང་ཡང་ན་ཀཀྐོལའི་གནས་སུ་ཨེ་ལ་དང་འཁྲི་ཤིང་གླ་རྩིའོ། །ཟླ་བ་ཞེས་པ་ནི་ག་པུར་རོ། །མ་ད་ཞེས་པ་ནི་གཱ་རྩི་སྟེ་འདི་དག་ཆ་མཉམ་པར་བྱས་ནས་བརྒྱ་ཡི་ཆ་ཤས་ཀྱི་དྲིས་འབུགས་པ་བྱའོ། །ཆང་དང་བཅས་པས་ཞེས་པ་ནི་འཆད་པར་འགྱུར་པའི་མྱོས་པའི་ཆད་དང་ལྷན་ཅིག་འབུགས་པ་བརྒྱ་ཡི་ཆ་ཤས་སྦྱིན་པར་བྱའོ། །ཆང་ནི་འབུགས་པའི་བརྒྱད་འགྱུར་རོ། །འབུགས་པའི་ངེས་པའོ། །ད་ནི་དྲི་རྣམས་བསླང་བའི་དོན་དུ་ཆང་གསུངས་པ་ཤི་གྲུ་ཞེས་པ་ལ་སོགས་པ་སྟེ་འདིར་དྲིའི་བསྟན་བཅོས་ལས་གསུངས་པའི་ཆོགས་རྒྱ་ཆེར་གང་དུ་ཆང་ལ་སོགས་པ་སྨིན་པ་ཅི་འདྲ་བ་དེ་ནི་དྲིའི་བསྟན་བཅོས་དེ་ཉིད་ལས་ཤེས་པར་བྱ་སྟེ་འདིར་ཡང་མདོར་བསྡུས་པས་བརྗོད་དོ། །ཤི་གྲུའི་ཆུ་ཞེས་པ་ནི་ཤི་གྲུའི་ཁུ་བ་དང་ཚྭ་ག་མཱུ་ཏྲ་དང་མེ་ཏོག་བཅུད་དང་ཅེས་པ་སྦྲང་རྩི་སྟེ་དེ་དང་མཉམ་པ་ནི་ཚད་མཚུངས་པའོ། །མེ་ཏོག་ལས་སྐྱེས་མཐར་ཞེས་པ་ནི་སྦྲང་རྩིའི་མཐར་ཐུག་པར་མས་བསྐོལ་བར་བྱའོ། །དེ་ནས་བླངས་ཏེ་ནཱ་རི་ཀེ་ལ་སོགས་པར་བླུགས་ནས་སོ་བའི་ཕུང་པོའི་དབུས་སུ་ཟླ་བ་གཅིག་སྨིན་པར་འགྱུར་རོ། །རི་དགས་དང་མཉམ་ཆད་དང་ལྟེ་བ་འབིགས་པའོ་ཞེས་པ་ནི་མེས་སྨིན་པའི་མཇུག་ཏུ་ལྟེ་བ་ཞེས་པ་གླ་རྩི་དང་མ་གསུངས་ཀྱང་ག་པུར་དང་འབྲས་བུ་གསུམ་སྟེ། དེས་བརྒྱའི་ཆ་ཤས་འབུགས་པ་བྱིས་ནས་སོ་བ་དེ་ལ་གཞག་པར་བྱའོ་དེ་ནས་དྲིའི་དྲི་འབུགས་པ་

DTG012_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལྡར་བརྗོད་པ་བྱའོ། །ཞེས་པ་ནི་ངེས་པའོ། །དྲིའི་བསྟན་བཅོས་ཐམས་ཅད་ལས་བདུག་པ་སྨིན་པ་ལ་བདུག་པའི་འཁྲུལ་འཁོར་རྣམ་པ་གསུམ་ནི་མཉམ་པ་དང་ཌ་མ་རུའི་རྣམ་པ་དང་སྟེང་ཁམ་པོར་གྱི་དབྱིབས་ཅན་ཏེ་དབུས་སུ་སོར་མོ་གཉིས་ཀྱི་བུག་པ་ཅན། སོར་མོ་དྲུག་པ་ནི་ཐམ་སྟེ་བསྐ་བ་དང་དྲག་པོའི་བདུག་པའི་དོན་དུའོ། །འབྲིང་པོ་ནི་སོར་མོ་བརྒྱད་པའི་དབངས་ཏེ་སེན་མོད་དང་བུ་རམ་དང་གོང་བུའི་སྤོས་ཀྱི་དོན་དུའོ། །མཆོག་ནི་སོར་མོ་བཅུ་པ་སྟེ་བསིལ་བའི་སྤོས་ཀྱི་དོན་དུའོ། །འཁྲུལ་འཁོར་འདིའི་འོག་ཏུ་བྱེ་མ་དང་བཅས་པའི་གཡོ་མོ་སྒྱེད་པུའི་སྟེང་དུ་བྱིན་ནས་ཚ་བའི་བྱེ་མ་ལ་བདུག་པ་འཛིན་པ་བྱིན་ཏེ་དེའི་སྟེང་དུ་འཁྲུལ་འཁོར་རོ། །འཁྲུལ་འཁོར་གྱི་སྟེང་དུ་དྲིའི་རྫས་སོར་ཕྱེད་ཀྱི་དཔངས་སུ་རབ་ཏུ་བྱུགས་པའི་འཇིམ་པའི་ཐོད་པ་སྟེ་རྫས་ཤིན་ཏུ་ཆུད་པ་ལ་ནཱ་རི་ཀེ་ལ་བྱིན་ནས་བདུག་པ་ངེས་པར་བསྲེག་པར་བྱ་སྟེ། དབྱུག་གུ་གཅིག་དང་དབྱུག་གུ་ཕྱེད་དུ་བདུག་པའི་ཚད་ཤེས་ནས་སོ། །དེ་ནས་ཐོད་པ་བླངས་ཏེ་སྤང་ལེབ་ཀྱི་སྟེང་དུ་གོས་བྱིན་ནས་གང་གིས་དུ་བ་མི་འགྲོ་བ་ཁ་འོག་ཏུ་ཕྱོགས་པར་གཞག་པར་བྱའོ། །སྨིན་པའི་དུས་སུ་ཡང་ཐོད་པ་དང་འཁྲུལ་འཁོར་གྱི་བར་དུ་གཤེར་བའི་གོས་ཀྱིས་དཀྲི་བར་བྱའོ། །ཞེས་པ་ནི་བདུག་པ་སྨིན་པའི་ངེས་པའོ། །འབྲས་བུས་སྨིན་པ་ནི་བའི་ཛ་པཱུ་རའི་ནང་གི་འབྲས་བུ་ཕྱུང་ནས་པགས་པ་ཡོངས་སུ་བསྒྱུར་པའི་ནང་དུ་དྲིའི་རྫས་རབ་ཏུ་གཞག་པར་བྱའོ། །ཕྱི་རོ། དུ་ཤིང་ཤུན་གྱིས་དཀྲིས་ནས་འཇིམ་པས་སོར་གཅིག་གི་དཔངས་སུ་བྱུག་པར་བྱའོ། །ཕྱི་ནས་བ་ལང་གི་ལྕི་བའི་མེས་ཁ་སྦྱོར་གྱི་སྦྱོར་བས་སྨིན་པར་བྱ་སྟེ་ཇི་སྲིད་བྱུག་པ་མེའི་མདོག་ཏུ་གྱུར་པའི་བར་དུའོ། །དེ་ལས་ལྷག་ནི་དྲ་ཉམས་པར་འགྱུར་རོ། །དེ་ནས་མེ་ལས་བྱུང་སྟེ་བསིལ་བར་གྱུར་པའི་འདིར་ནི་ལྟ་བ་ལ་སོགས་པ་རྣམས་ཀྱིས་སྔར་བརྗོད་པའི་ཆོ་གས་དབུག་པར་བྱ་སྟེ་འབྲས་བུ་སྨིན་པའི་ངེས་པའོ། འདབ་མ་སྦྱར་བའི་སྨིན་པ་ལ་ཡང་སྟེ་ཀེ་ཏ་ཀཱིའི་འདབ་མ་རྣམས་ཀྱིས་སྣོད་བྱས་ནས་ནང་དུ་དྲིའི་རྫས་གཞུག་པར་བྱ་སྟེ། ལྷག་མ་ནི་འབྲས་བུ་སྨིན་པ་བཞིན་ནོ། །དང་བའི་སྨིན་པ་ལ་གསེར་རམ་དངུལ་གྱི་བུམ་པའི་ནང་ལ་དྲིའི་རྫས་

DTG012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དཔངས་སོར་གཅིག་གིས་བྱུགས་པ་ཟངས་ཀྱི་སྣོད་དྲིའི་ཆུས་ཕྱེད་ཡོངས་སུ་བཀང་བ་ལ་རྐྱལ་བར་བྱེད་ཅིང་བསྐོལ་བ་ཉམས་སུ་མྱོང་བ་སྟེ་ངང་པ་བཞིན་རྐྱལ་བར་བྱེད་པས་ངང་པའི་སྨིན་པ་ཞེས་པའོ། །དབུག་པ་ལ་སོགས་པ་ནི་སྔར་བཞིན་ནོ། །ངང་པའི་སྨིན་པའི་ངེས་པའོ། །ངང་པའི་སྨིན་པ་དང་ཞེས་བྱ་བ་གསུངས་པའི་ཕྱིར་ཁྱོགས་ཀྱི་སྨིན་པ་ལ་སོགས་པ་བརྗོད་པར་བྱ་སྟེ་འདིར་དྲིའི་བསྟན་བཅོས་ལས་བརྗོད་པའི་རྫས་རྣམ་པ་དགུའི་ནང་ནས་དམན་པའི་འདབ་མ་རྣམས་དག་པའི་སླད་དུ་ལས་རྣམ་པ་བརྒྱད་དེ་བཀྲུ་བ་དང་དུགས་དང་མཉེ་བ་དང་བརྡུང་བ་དང། སྤང་བ་དང་བདུག་པ་དང་བསྒོ་བ་དང་དབུག་པའོ། །དེ་ལ་བཀྲུ་བ་ནི་རྩ་བ་མོས་སོ། །དུགས་ནི་ཁྱོགས་ཀྱི་སྨིན་པས་སོ། །མཉེ་བ་ནི་དྲིའི་ཆུས་སོ། །བརྡུང་བ་ནི་བུ་རམ་གྱི་ཆུ་ལ་སོགས་པས་སོ། །སྤང་བ་ནི་ཤི་གྲུ་དང་ཚཱ་ག་མཱུ་ཏྲ་ལ་སོགས་པས་སོ། །བདུག་པ་ནི་བསྐ་བ་དང་དྲག་པོ་དག་གིས་སོ། །བསྒོ་བ་ནི་ཀེ་ཏ་ཀཱི་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་སོ། །དབུག་པ་ནི་ལྟེ་བ་ལ་སོས་པའི་རྫས་རྣམས་ཀྱིས་སོ། །གླ་སྒང་ལ་སོགས་པ་ནི་དམན་པའི་འདབ་མ་རྣམས་དང་མེ་ཏོག་གི་ཚོགས་ལ་བཀྲུ་བ་དང་བསྲོ་བ་ལ་སོགས་པ་བྱ་སྟེ། བརྡུང་བ་སྤངས་ནས་སོ། །དེ་བཞིན་དུ་ཤུན་པའི་ཚོགས་དང་འབྲིང་པོའི་འདབ་མ་རྣམས་དང་རྩ་བའི་ཚོགས་དང་ཤིང་གི་ཚོགས་དང༌། འདབ་མའི་ཚོགས་དང་འཚོ་བའི་ཚོགས་ལའོ། །སེན་མོ་ནི་བརྡུང་བའོ། །པུ་ཏྲེ་ཀེ་ཤ་ནི་སྦྱར་བའི་སྨིན་པའོ། །ལྷག་མ་ནི་མེ་ཏོག་གི་ཚོགས་བཞིན་ནོ། །འབྲས་བུའི་ཚོགས་དང་ཁུ་བའི་ཚོགས་དང་ཞུ་བའི་རྫས་ཀྱི་ཚོགས་ལ་ལས་ཅི་ཡང་མི་བྱའོ། །བརྗོད་པའི་རྫས་འདི་རྣམས་ཕྱེ་མར་བྱས་ནས་སྣོད་ཀྱི་ཁར་གོས་ཀྱི་སྟེང་དུ་ཕྱེ་མ་སྦྱིན་ནོ། །སྣོད་དྲི་ཆུས་ཕྱེད་གང་བ་སྒྱེད་པུའི་སྟེང་དུ་བཞག་བླང་བའི་དུགས་ཀྱིས་དུགས་བྱ་སྟེ་ཇི་སྲིད་ཕྱེ་མ་རློན་པར་གྱུར་གྱི་བར་དུའོ། །དེ་ནས་བླངས་ཏེ་མཉེ་བ་ལ་སོགས་པ་བྱའོ། །དེ་བཞིན་དུ་པུ་ཏྲ་ཀེ་ཤའི་ཡང་ཁྱོགས་ཀྱི་དུགས་དང་སེན་མོའི་དུགས་ཀྱི་གནས་སུ་བ་ལང་གི་ལྕི་བ་དང་འཇིམ་པས་བསྐོལ་བ་དང་རྡུང་བའོ། །བསྐ་བའི་ཆུས་བྲན་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །

DTG012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་རྣམ་པ་ལྔའི་ངེས་པའི། །ལྷག་མ་ནི་དྲི་དོན་དུ་གཉེར་བ་རྣམས་ཀྱིས་དྲིའི་བསྟན་བཅོས་ལས་ཤེས་པར་བྱའོ། །ད་ནི་དྲི་ལ་སོགས་པ་རྣམས་ཀྱིས་གསང་བ་གསུངས་པ་གསང་བ་ཞེས་པ་ལ་སོགས་པ་སྟེ། འདིར་དྲི་ལ་སོགས་པ་རྣམས་བསིལ་བའི་སྤོས་ཀྱི་སྨིན་པའི་དུས་སུ་གསང་བ་ནི་དྲི་ལ་པཱུ་ཏི་སྦྱིན་པར་བྱའོ། །རས་སེན་མོ་གཡོ་བ་ཞེས་པ་ནི་གསང་བ་སྟེ་འདྲི་སྤོས་ཀྱིས་སྨིན་པ་ལ་སྐྱུར་བར་གྱུར་པའི་དིར་རྣམས་ལ་སྤོས་སྦྱིན་པར་བྱ་སྟེ་སྤོས་ཀྱི་སྦྱོར་བ་བྱས་ནས་སོ། །སྤོས་ཀྱི་སྤྱིར་བ་ཞེས་པ་ནི་སྤོས་ཀྱིས་སྨིན་པའི་ཡུལ་ལ་གནྡྷ་ར་ས་དང༌། སེན་མོ་དང་སི་ཧལ་ཀ་བུ་རམ་གྱིས་སྦྱངས་ནས་ཉིན་ཞག་གཅིག་གམ་ཉིན་ཞག་གཉིས་ཏེ་ཇི་སྲིད་སྐྱུར་བ་ཉིད་འདོར་བའོ། །དེ་ནས་གོང་བུ་ལ་སོགས་པ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །ཅི་སྟེ་སྨིན་པ་དྲག་པོས་དྲི་ཚིག་པར་གྱུར་ན་མཚན་མོ་རི་བོང་མཚན་པའི་འོད་ཟེར་གྱིས་དྲི་ལ་རེག་པར་བྱའོ། །དེ་མེད་ན་ཇི་སྲིད་ཚིག་པའི་སྐྱོན་ཉེ་བར་ཞི་བར་གྱུར་གྱི་བར་དུ་ཆུའི་འགྲམ་དུ་གཞག་པར་བྱའོ། །དྲི་རྣམས་རྣམ་པར་ཉམས་པའི་རྒྱུ་བརྗོད་པར་བྱ་སྟེ་འདིར་མ་དག་པ་དང་དག་པའི་རྫས་རྣམས་གཅིག་པ་ཉིད་ནི་རྣམ་པར་ཉམས་པའི་རྒྱུའོ། །དེ་བཞིན་དུ་འབྲུ་མར་དང་རླན་དང་བཅས་པའི་གནས་དང་སོག་མ་དང་འགྱུར་བྱེད་ཀྱི་རྫས་དང་བཤད་གཅི་དང་བྱི་བས་རེག་པ་དང་ཤིན་ཏུ་དྲོ་བའི་གནས་སོ། །དེ་བཞིན་བསིལ་བ་ཞེས་པ་ཙནྡན་དང་དུ་རུ་སྐ་དང་གུ་རུ་དང་རི་བོང་ཅན་ནི་གསང་བ་སྟེ་བུ་ཏྲ་ཀེ་ཤའི་མཇུག་ཏུ་བསིལ་བ་ལ་སོགས་པའི་སྤོས་སྦྱིན་པར་བྱའོ། །ཞེས་པ་སྟེ་སྨིན་པའི་མཐར་ངེས་པའོ། །བསྒོ་བའི་བྱ་བར་མེ་ཏོག་གསང་བ་སྟེ་ཇི་སྲི་སྤོས་ཀྱིས་སྐྱོན་ཉེ་བར་ཞི་བར་གྱུར་པའོ། །འབུགས་པ་ལ་ཞེས་པ་ལ་འབུགས་པའི་ཡུལ་ལག་པུར་དང་གླ་རྩི་དང་འབྲས་བུ་གསུམ་དང་མ་དའི་ཆང་ཞེས་པ་གླ་རྩིའི་ཆང་གསང་བ་སྟེ་ཇི་སྲིད་མེ་ཏོག་བསྒོ་བའི་སྐྱོན་ཉེ་བར་ཞི་བར་གྱུར་པར་རོ་ཞེས་པ་སྟེ་དྲིའི་སྦྱོར་བའི་ངེས་པའོ། །ཡང་དག་ཁྲུས་སྦྱོར་ལ་ཞེས་པ་ནི་ཁྲུས་ཀྱི་ཡུལ་གདོན་མི་ཟ་བར་རོ། །གསང་བ་ཞེས་པ་ནི་སྦྱིན་པར་བྱ་སྟེ་ཁྲུས་ཀྱི་རྫས་ཀྱི་ཚོགས་ཀྱི་ནང་དུ་ཤུན་པ་གྲནྠ་བརྞྞ་ནགས་སུ་རྒྱུ་བ་དང་བཅས་ཞེས་པ་ནི་པུ་

DTG012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཀེ་ཤ་དང་བཅས་པ་སྟེ་ཆ་གསུམ་ཆ་བཅྭ་ལྔའི་དབུས་སུ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །དྲིལ་ཕྱིས་ཀྱི་སྦྱོར་བ་ལ་གྲནྠ་བརྞྞ་སྦྱིན་པར་བྱ་སྟེ་ཆ་ནི་ཁྲུས་ལ་ཇི་ལྟ་བ་བཞིན་ནོ། །དྲིའི་ལེ་ཚེ་སྦྱར་བའི་ཆོ་ག་གསུངས་པའོ། །ད་ནི་ལྟ་བའི་གཙོ་བོའི་དྲི་གསུངས་པ་ཆུ་སྐྱེས་དག་པ་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་རྫས་གཅིག་གིས་དྲིའི་རྒྱལ་པོ་བྱ་བར་འདོད་ན་དེའི་ཚེ་ཆུ་སྐྱེས་དག་པ་ཞེས་པ་ནི་སེན་མོའོ། །དེ་ཉིད་ནི་སྤྱིར་རྣམ་པ་བཞི་སྟེ་གླང་པོ་ཆེའི་རྣ་བ་དང་རྟའི་རྨིག་པ་དང་ཨུཏྤལའི་འདབ་མ་དང་བ་ད་རའི་འདབ་མའོ། །དེ་རྣམས་ལ་དྲིའི་སྦྱོར་བ་ལ་གླང་པོ་ཆེའི་རྣ་བ་དང་རྟའི་རྨིག་པ་སྦྱིན་པར་བྱའོ། །སྤོས་ཀྱི་སྦྱོར་བ་ལ་བ་ད་ར་དང་ཨུཏྤལའི་འདབ་མའོ། །འདིར་ཡང་བ་ད་རའི་འདབ་མ་མཆོག་སྟེ་དེ་མེད་ན་ཨུཏྤལའི་འདབ་མ་ལ་སོགས་པ་གཟུང་བར་བྱའོ། །དག་པ་ནི་དྲིའི་བསྟན་བཅོས་ལས་བརྗོད་པའི་ཆོ་གས་བསྐོལ་བ་དང་བརྡུང་བ་དང་བུ་རམ་དང་བསྐ་བའི་ཆུས་བྲན་པ་དང་ཕྱེ་མར་བྱས་པ་དང་འབྲས་བུ་གསུམ་ལ་སོགས་པས་བྱུག་པ་དང་བསྒོས་པའི་ཕྱིར་དག་པའོ། །དེ་ཉིད་གཞན་པའི་རྫས་ཀྱིས་དམན་ཞིང་དང་རབ་དག་དང་ཞེས་པ་ནི་ཆང་སྟེ་དེ་དང་རྣམ་པར་བྲལ་བའོ། །དྲི་ཡི་ཆུ་ཡིས་བཏགས་ཞེས་པ་ནི་འདིར་དྲི་ཡི་ཆུ་ཡི་དོན་དུ་ཤིན་ཏུ་དང་བའི་ཆུ་བླངས་ནས་ཨེ་ལ་དང་ཤུན་པ་དང་མཱ་སི་དང་བཱ་ལ་ཀ་དང་ཙན་དང་རྣམས་ཞོ་གཉིས་ཐུམ་པོར་བཅིངས་ཏེ་ཆུ་བྲེ་བརྒྱད་ལ་གཞུག་པར་བྱའོ། །དེ་ནས་རྐང་པའི་ལྷག་མར་བསྐོལ་བར་བྱ་སྟེ་སྲིད་དེའི་ཆུར་གྱུར་པར་རོ། །དེས་དྲི་གཞན་ཡང་བརྟག་པར་བྱའོ་ཞེས་པ་ནི་ངེས་པའོ། །སྤོས་ཀྱིས་སྨིན་པ་ཞེས་པ་ནི་སེན་མོ་དག་པ་བཏགས་པ་དེ་ཉིད་བདུག་པས་སྨིན་པའི་ཆོ་གས་སྤོས་ཀྱིས་སྨིན་པའོ། །བསྐ་བ་དྲག་པོ་སྦྲང་རྩི་དང་བཅས་ལག་སྐྱེས་དག་གིས་ཁམ་བུ་རིམ་པས་འཕེལ་ཞེས་པ་ལ་སྦྲང་རྩི་དང་ཀ་ར་དང་བཅས་པ་བསྐ་བའི་ཁམ་བུ་གཅིག་སྟེ་ཉིན་ཞག་དང་པོ་ལའོ། །ཁམ་བུའི་ཐོག་མ་ཐ་མར་སྦྲང་རྩི་དག་དང་དཀར་པོ་ངེས་པར་བསྲེག་སྟེ་དང་པོ་སྤོས་ལས་སོ། །ཞེས་པའི་ངེས་པ་ལས་དང་པོར་སྦྲང་རྩི་དང་ཤ་ཀ་རའོ། །བར་དུ་བསྐ་བའི་སྤོས་ཀྱི་ཁམ་བུ་སྦྱིན་པར་བྱའོ། །སླར་ཡང་ཁམ་བུའི་མཇུག་

DTG012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྦྲང་རྩི་དང་ཀ་ར་ངེས་པར་བསྲེག་པར་བྱའོ། །ཉིན་ཞག་གཉིས་པ་ལ་མེ་ཏོག་བསྒོ་བར་བྱའོ། །དེ་ལྟར་གཅིག་གིས་བར་དུ་ཆོད་པའོ། །དྲག་པོའི་སྤོས་ཀྱིས་ཁམ་བུ་གཉིས་ཉིན་ཞག་གཉིས་ལ་ངེས་པར་བསྲེག་གོ །སེན་མོའི་ཁམ་བུ་གསུམ་ཉིན་ཞག་གསུམ་གྱིས་སོ། །དེ་ནས་ཁམ་བུ་གཉིས་ནི་ཀ་ར་བསྲེས་པ་དག་སྟེ་ཞེས་པ་ནི་མ་ལ་ཡའི་ཁམ་བུ་གཉིས་ཉིན་ཞག་གཉིས་ལའོ། །གཡོ་བའི་གཅིག་སྟེ་ལྕགས་དང་ག་པུར་དག་གིས་ཡང་ངོ༌། །ཁམ་བུའི་ཐོག་མ་དང་ཐ་མར་སྦྲང་རྩི་དང་ཤ་ཀ་ར་སྔར་བཞིན་ནོ། །དེ་ལྟར་གཅིག་གིས་བར་དུ་ཆོས་པས་ཉིན་ཞག་ཉི་ཤུ་རྩ་བཞིའི་སྤོས་ཀྱིས་སྨིན་པར་འགྱུར་རོ། །དེ་ནས་ཉིན་ཞག་བཅུས་མེ་ཏོག་བཟང་པོ་རྣམས་ཀྱིས་བསྒོ་ང་བྱས་ནས་དེ་ཇི་སྲིད་སྤོས་ཀྱི་སྐྱོན་ཉེ་བར་ཞི་བར་གྱུར་པའི་བར་དུའོ། །དྲི་ཡི་ཆུ་ཡིས་བསྲེས་པ་དག་ཅེས་པ་ནི་སྔར་གྱི་ཆོ་གས་ཉིན་ཞག་སོ་སོར་དྲིའི་ཆུས་བསྐོལ་པར་བྱའོ། །ཆུ་གྲང་མོ་སྦྱིན་པར་མི་བྱ་སྟེ་ཆུ་གྲང་མོས་བསྒྱུར་པར་འགྱུར་རོ། །དྲི་ཡི་ཆུ་དེ་ཡིས་བསྲེས་པའི་དྲི་བྱས་ནས། འཇིམ་པའི་ཐོད་པ་འཛག་པ་མིན་པ་ཕྱི་རོལ་ནས་སྤྲ་ཚིལ་དང་གོས་ཀྱིས་བཅིངས་ཏེ་བརྟན་པར་ཁ་བཅད་ལ་དེ་ཉིད་ནི་གཞན་ཤིན་ཏུ་ཆེ་བའི་སྣོད་ཀྱི་རྫ་མར་རོ། །ཡང་ན་ས་འོག་ཏུ་སྟེ་དེ་མེད་ནའོ། །སྣོད་དེར་བཅུག་ལ་སྟེང་ནས་བྱེ་བ་སྦྱིན་པར་བྱ་སྟེ་ཇི་སྲིད་སྣོད་ཀྱི་མགྲིན་པའི་མཐར་ཐུག་པ་གང་བར་གྱུར་གྱི་བར་དུའོ། །བྱེ་མས་གང་བའི་སྣོད་དེ་ལ་ཐུན་མོང་བའི་ཆུ་ཉི་མས་དྲོས་པ་སྦྱིན་ནོ། །སྣོད་དེ་ཉིད་ཉི་མའི་འོད་ལ་ཟླ་བ་དྲུག་གི་བར་དུ་གཞག་པར་བྱའོ། །དེ་ལྟར་ཟླ་བ་དྲུག་གི་ཉེ་བར་སྦྱོར་བས་སྨིན་པར་འགྱུར་ཏེ་ཆུ་ལ་གནས་པ་ལྟེ་བའི་ག་བོའི་དྲི་ཞེས་པ་ནི་དྲིའི་རྒྱལ་པོའི་ངེས་པའོ། །ད་ནི་དྲིའི་ཏིལ་མར་གྱི་དོན་དང་མེ་ཏོག་གི་ཏིལ་མར་གྱི་སླད་དུ་ཏིལ་དག་པ་གསུངས་པ་ཏིལ་ཞེས་པ་ལ་སོགས་པ་སྟེ་འདྲི་ཏིལ་ཡོངས་སུ་སྨིན་པ་སར་པ་རྣམས་ཡང་དག་པར་གཟུང་བར་བྱའོ། །འདབ་མ་བསྐོལ་བའི་ཆུ་དག་དང་ཞེས་པ་འདབ་མ་ནི་ཨ་མྲའི་འདབ་མའོ། །དེ་བཞིན་དུ་ཛཾ་བུ་དང་ཀ་པི་ཐ་དད་མ་དུ་ལུང་ག་དང་བིལ་བ་རྣམས་ཀྱི་སྟེ་ཤིང་ལྔའི་འདབ་

DTG012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །དེ་དག་བསྐོལ་བའི་ཆུ་ནི་འདབ་མའི་ཆུ་སྟེ་ངེས་མ་ཉེས་ནས་ཏིལ་རྣམས་ཀྱི་སྦུན་པ་བསལ་བ་ནི་དག་པ་དང་པོའོ། །དེ་ནས་དྲ་བའི་འཁྲུལ་འཁོར་གྱི་སྟེང་དུ་གོས་བྱིན་ནས་དེའི་སྟེང་དུ་ཏིལ་རྣམས་སྣོད་གཞན་གྱིས་བྱིབས་ནས་བདུག་བར་བྱ་སྟེ་དག་པ་གཉིས་སོ། །བྱུགས་པ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་འབྲས་བུ་གསུམ་དྲིའི་ཆུས་བཏགས་པའི་བྱུག་པ་སྦྱིན་པར་བྱའོ། །སོགས་པས་ནི་ཉི་མའི་འོད་ཀྱིས་བསྐམ་པར་བྱའོ། །དེ་ལྟར་ཏིལ་རྣམས་དག་བྱས་ནས་ཕྱི་ནས་ཛའ་ཏི་ལ་སོགས་མེ་ཏོག་རྣམས་ཀྱིས་ཉིན་ཞག་འགའ་ཞིག་སྟེ་ཕྱོགས་སམ་ཉིན་ཞག་བཅུར་བར་ཆད་མེད་པར་བསྒོ་བར་བྱའོ། །ཇི་སྲིད་བསྒོས་པ་རྣམས་བསྒོས་པའི་མེ་ཏོག་གི་དྲི་འཛིན་པའི་བར་དུ་སྟེ་དེ་ནི་འདོད་པ་བསྒོས་པ་ཡིན་ནོ། །དེ་ནས་ཏིལ་བཙིར་བའི་འཁྲུལ་འཁོར་གྱིས་ཏ་ལི་མར་བླངས་ནས་མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །མཁས་པས་མཆིང་བུའི་སྣོད་དུ་གཞག་པར་བྱ་སྟེ། ཏིལ་མར་དེ་ནི་ཁྲུས་སམ་ཡན་ལག་བྱུག་པ་དག་ལ་མྱོས་བྱེད་མེ་ཏོག་ཏིལ་མར་ཉིད་ནི་སྨིན་པར་འགྱུར་ཞེས་པའོ། །ཅི་སྟེ་སྨིན་པའི་ཏིལ་མར་བྱེད་པར་འདོད་ན་དེའི་ཚེ་ཏིལ་མར་དེ་ཉིད་དྲི་བཟང་པོའི་ཆུ་དང་མཉམ་པ་བསྐོལ་བར་བྱ་སྟེ་ཇི་སྲིད་ཏིལ་མར་གྱི་དབུ་བ་འདོར་གྱི་བར་དུའོ། །དེ་ནས་འབོགས་པའི་དུས་སུ་དྲིའི་རྫས་བརྒྱ་ཆའི་དྲིའི་ཆུས་བཏགས་པ་སྦྱིན་པར་བྱའོ། །ཕྱི་ནས་དབོག་པར་བྱ་སྟེ་ཇི་སྲིད་གྲངས་པར་གྱུར་གྱི་བར་དུའོ། །དེ་ནས་གླ་རྩི་ལ་སོགས་པའི་འབུགས་པ་བྱིན་ནས་མཆིད་བུའི་སྣོད་དུ་གཞག་པར་བྱའོ། །དེ་ཉིད་མ་དའི་ཆང་རྐང་པའི་ཆ་ཤས་ཀྱིས་བསྲེས་ནས་རྒྱ་སྐྱེགས་ཀྱི་སྣོད་དུ་ཉི་མའི་འོད་ཀྱིས་ཞག་བདུན་གསུངས་ན་གླ་རྩིའི་ཏིལ་མར་དུ་འགྱུར་རོ། །འོད་མའི་དོང་པར་སྨིན་པ་ནི་ཉེ་མའི་སྨིན་པར་འགྱུར་ཏེ། །དེ་ལྟར་བྱུག་པ་ལ་སོགས་པ་ནི་འོད་མའི་དོང་པར་སྨིན་ཞིང་ལྟེ་བ་ལ་སོགས་པས་ཕུག་པ་མཆོག་གི་བྱུག་པར་འགྱུར་རོ། །དེ་ལྟར་ཆོ་ག་སྣ་ཚོགས་པ་དྲིའི་བསྟན་བཅོས་ལས་གསུངས་པའི་དྲི་ལ་སོགས་པའི་སྦྱར་བ་བྱ་སྟེ། འདྲི་ནི་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་པ་གསུངས་སོ། །དྲིའི་རིགས་པ་དེས་པའོ། །ད་ནི་སྦྲུམ་མ་རྣམས་བཙའ་

DTG012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དུ་ཐམས་ཅད་སུམ་ཅུ་རྩ་བཞིའི་འཁྲུལ་འཁོར་གསུངས་པ། ས་འཛིན་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་སྦྲུམ་མ་རྣམས་བཙའ་བའི་དུས་ཕྱི་རོལ་གྱི་ཕོ་ཉ་མོའི་སྐྱོན་གྱིས་མངལ་རེངས་པར་གྱུར་ན་དེའི་ཚེ་འཁྲུལ་འཁོར་འདི་ཚད་ཀྱི་རྒྱབ་ཏུ་བྲི་བར་བྱ་སྟེ་ཚང་ཅེས་པ་ནི་བྲེའོ། །དེའི་རྒྱབ་ཏུ་རེ་མིག་བཅུ་དྲུག་བྱས་ནས་རེ་མིག་དང་པོ་ལས་འཛིན་ཏེ་བདུན་ནོ། །གཉིས་པ་ལ་ཉི་མ་སྟེ་བཅུ་གཉིས་སོ། །གསུམ་པ་ལ་ཟླ་བ་སྟེ་གཅིག་གོ །བཞི་པ་ལམ་ནུ་སྟེ་བཅུ་བཞིའོ། །ལྔ་པ་ལ་མིག་སྟེ་གཉིས་སོ། །དྲུག་པ་ལ་འདོད་པ་སྟེ་བཅུ་གསུམ་མོ། །བདུན་པ་ལ་ནོར་ཏེ་བརྒྱད་དོ། །བརྒྱད་པ་ལ་དྲག་པོ་སྟེ་བཅུ་གཅིག་གོ །དགུ་པ་ལ་རྒྱལ་པོ་སྟེ་བཅུ་དྲུག་གོ །བཅུ་པ་ལ་མེ་ཞེ་པ་གསུམ་མོ། །བཅུ་གཅིག་པ་ལ་ཕྱོགས་ཞེས་པ་བཅུའོ། །བཅུ་གཉིས་པ་ལ་འབྱུང་བ་ཞེས་པ་ལྔའོ། །བཅུ་གསུམ་པ་ལ་བུག་པ་ཞེས་པ་དགུའོ། །བཅུ་བཞི་པ་ལ་དྲུག་པ་དྲུག་གོ །བཅྭ་ལྔ་པ་ལ་ཚེས་ཞེས་པ་བཅྭ་ངའོ། །བཅུ་དྲུག་པ་ལ་ཆུ་གཏེར་དག་ཅེས་པ་ནི་བཞི་སྟེ་མཐའ་ཡི་རེ་མིག་བཅུ་དྲུག་པ་ལ་གཞག་པར་བྱའོ། །རེ་མིག་བཞི་པ་ལ་གནས་པའི་ཨོཾ་ཀ་འདི་རྣམས་ཀྱི་གྲངས་གཅིག་ཏུ་བསྡུས་པ་ནི་ཆུ་ཡི་གཏེར་དང་རྩེ་མོ་ཅན་ཞེས་པ་སུམ་ཅུ་རྩ་བཞིའོ། །ཐམས་ཅད་དུ་དཔལ་ལྡན་འཁོར་ལོ་མཐའ་དག་ནི་ཚད་ཀྱི་རྒྱབ་ཏུ་བྲིས་ནས་འཁྲུལ་འཁོར་འདི་རབ་ཏུ་བཙའ་བར་འགྱུར་པའི་དུས་སུ་སྦྲུམ་མ་རྣམས་ལ་བསྟན་པར་བྱ་ཞེས་པ་སྟེ་མངལ་འགྲོ་བའི་ངེས་པའོ། །ད་ནི་མངལ་ལ་སོགས་པ་བྱིས་པའི་རྒྱུད་གསུངས་པ་རྣལ་འབྱོར་མ་རྣམས་ཞེས་པ་ལ་སོགས་པ་སྟེ། འདིར་ས་ཡི་སྟེང་དུ་རབ་གསལ་རྣལ་།འབྱོར་མ་དྲུག་ཅུ་རྩ་བཞི་གང་ཡིན་པ་དེ་དག་ནི་བརྒྱད་པ་བརྒྱད་ཀྱི་མ་མོར་རབ་ཏུ་གྲགས་སོ། །དེ་དག་གི་ནང་ནས་མངལ་ཞེས་བྱ་བ་སུམ་འགྱུར་དགུ་ཞེས་པ་ནི་ཉི་ཤུ་རྩ་བདུན་ནོ། །ཉིན་ཞག་ཅེས་བྱ་བཅུའོ། །བཅུ་གཅིག་པ་ཟླ་བ་ཞེས་བྱ་བའོ། །གཞན་ནི་ལྔ་པ་གསུམ་ཞེས་པ་བཅྭ་ལྔ་ནི་ལོ་ཞེས་བྱ་སྟེ་དྲུག་ཅུ་རྩ་གསུམ་པོ་དེ་དག་བྱིས་པ་འཛིན་ཏེ་མཐའ་དག་ས་ཡི་སྟེང་དུའོ། །མངལ་དུ་ཟུག་རྔུ་དང་ནི་རབ་ཏུ་

DTG012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཙའ་བའི་དུས་སུ་སྐྱེ་གནས་ལ་ཡང་ཟུག་གཟེར་བྱེད་པ་ཉིད་ཅེས་པ་ནི་འདིར་མངལ་ཞེས་བྱ་བ་རྣམས་ཀྱི་ནང་ནས་བཅྭ་ལྔ་ནི་མངལ་བཟུང་བའི་ཉིན་ཞག་ནས་བརྩམས་ཏེ་ཉིན་ཞག་བཅྭ་ལྔའི་བར་དུ་མངལ་དུ་ཟུག་རྡུ་རབ་ཏུ་བྱེད་དོ། །དེ་ནས་དགུ་ནི་ཟླ་བ་དགུའི་བར་དུ་རབ་ཏུ་འགྲོའོ། །རབ་ཏུ་བཙའ་བའི་དུས་སུ་གཅིག་གོ །ནུ་མའི་འོ་མ་འཕྲོག་པ་གཉིས་ཏེ་མངལ་ཞེས་བྱ་བ་རྣམས་ཀྱི་ངེས་པའོ། །སྐྱེས་པ་རྣམས་ལ་བྱིས་པའི་རྒྱུད་དུ་འགྱུར་ཏེ་ཉིན་ཞག་དབང་དང་ཟླ་བ་ལོ་ཡི་རབ་དབྱེ་ལས་ཞེས་པ་ལ་འདིར་བྱིས་པའི་རྒྱུད་ཅེས་པ་ནི་མ་མོས་གཟིར་བ་རྣམས་ཀྱི་བྱིས་པ་གསོ་བའོ། །དེ་ལ་ཉིན་ཞག་ཅེས་བྱ་བ་རྣམས་ལ་འཆད་པར་འགྱུར་པའི་གཏོར་མ་སྦྱིན་པར་བྱ་སྟེ། བྱིས་པ་སྐྱེས་པ་རྣམ་པ་སྐྱེས་པའི་ཉིན་ཞག་ནས་བརྩམས་ཏེ། ཉིན་ཞག་དྲུག་ཅུའི་བར་དུ་རང་རང་གི་ཉིན་ཞག་ལ་གཟིར་བར་བྱེད་པ་རྣམས་ལའོ། །ཟླ་བ་རེ་རེའི་དབང་གིས་བཅུ་གཅིག་པོ་རྣམས་ལ་ཟླ་བ་བཅུ་གཅིག་གི་བར་དུའོ། །དེ་ནས་བཅྭ་ལྔ་པོ་རྣམས་ལ་ལོ་བཅྭ་ལྔའི་བར་དུའོ། །དེའི་སྟེང་དུ་བྱིས་པ་གཞོན་ནུ་ཉིད་མེད་དེ་ལོ་བཅུ་དྲུག་པ་ལ་ཁུ་བ་འཛག་པའི་ཕྱིར་རོ་ཞེས་པ་ནི་ངེས་པའོ། །ད་ནི་མ་རུངས་པ་ལྔ་གསུངས་པ་མ་རུངས་ཞེས་པ་ལ་སོགས་པ་སྟེ། འདིར་སའི་སྟེང་དུ་དགའ་བ་ལ་སོགས་པའི་ཚེས་ཀྱི་དབྱེ་བས་ཚེས་ལྔ་པོ་རྣམས་ཀྱི་མཚམས་སུ་གཞོན་ནུ་རྣམས་ཏེ་ནམ་མཁའ་ལ་སོགས་པའི་རང་བཞིན་ཡོན་ཏན་དབང་གིས་ཚིགས་མཚམས་དག་ལ་ཡང་དག་གནས་སོ། །དེ་དག་རང་གི་ཚེས་ལ་འཇིགས་གྱུར་བྱིས་པ་འཛིན་པར་བྱེད་དེ་ཐམས་ཅད་ཐུན་མོང་གི་གཏོར་མས་བྱིས་པ་ངེས་པར་གཏོང་བར་མི་བྱེད་དོ། །རྒྱལ་པོ་ཞེས་པ་ནི་བོད་པའོ། །དེ་དག་ཞི་བའི་དོན་དུ་འདྲི་ནི་རྣམ་མང་དཀྱིལ་འཁོར་ཁྲུས་དང་སྦྱིན་སྲེག་གི་བྱ་བ་འཆད་པར་འགྱུར་པ་དག་ཏུ་རབ་ཏུ་འགྱུར་ཞེས་པ་ནི་མ་རུངས་པའི་ངེས་པའོ། །ད་ནི་མངལ་ཞེས་བྱ་བ་རྣམས་ཀྱིས་གཟིར་བའི་སྦྲུམ་མ་རྣམས་ཀྱི། སྨན་གསུངས་པ་རུ་རྟ་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་སྦྲུམ་མ་རྣམས་ཀྱི་མངལ་ན་བར་གྱུར་ན་དེའི་ཚེ་སྨན་ནི་རུ་རྟ་དང་ཨུ་ཤི་ར་དང༌། ཀ་སེ་རུ་དང་ཏ་ཀ་རའི་རྩ་བ་དང་ཨུཏྤལའི་རྩ་བ་དང་པདྨ་གེ་

DTG012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཏེ་རྫས་འདི་དག་བསིལ་བའི་ཆུ་ཡོངས་སུ་དངས་པས་བཏགས་ཤིང་རྡོ་རྗེ་ཡིས་ནི་བསྔགས་པ་དག་ཀྱང་ཞེས་པ་ལ། ཨོཾ་ཨཱཿཧཱུཾ་ཨ་མུ་ཀཱ་ཡཱ་གརྦྷ་ཤཱུ་ལཾ་ཧ་ར་ཧ་ར་སྭཱ་ཧཱ། ཞེས་པ་ནི་སྔགས་ཏེ་འདིས་མངོན་པར་བསྔགས་ནས་མངལ་གྱི་ཟུག་རྡུལ་རབ་སྦྱིན་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་མངལ་ནི་རེངས་ན་ན་ཀུ་ལའི་སྤུ་བརྒྱད་དང་གཙུག་ཕུང་ཅན་གྱི་སྟེ་རྨ་བྱའི་མཇུག་མ་བཟུང་ནས་བསིལ་བའི་ཆུས་བཏགས་ཏེ་མངོན་པར་བསྔགས་ནས་སྔ་མ་བཞིན་དུ་སྦྱིན་པར་བྱའོ། །འོ་མ་ཕྲོགས་པ་རྣམས་འོ་མའི་ཤིང་གི་འོག་ཏུ་ཁྲུས་བྱའོ། །བའི་འོ་མས་གང་བའི་ཁམ་ཕོར་བདུན་དང་འོ་མའི་ཟན་གྱི་གཏོར་མ་སྦྱིན་པར་བྱའོ། །ཞེས་པ་ནི་མངལ་ཞེས་བྱ་བ་རྣམས་ཀྱི་ངེས་པའོ། །ད་ནི་འོ་མ་ཞེས་པ་ལ་སོགས་པས་ཉིན་ཞག་མ་རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་ཉིན་ཞག་བཅུའི་ནང་དུ་བཟུང་བའི་བྱིས་བཞི་པའི་དོན་དུའོ་མ་དང་མར་དང་ཐུག་པ་དང་ཟན་དང་ཞོ་དང་བུ་རམ་དང་བཅས་པའི་གཏོར་མ་ཉིན་ཞག་མ་རྣམས་དག་ལ་སྦྱིན་པར་བྱ་སྟེ་ཁྲུས་དང་སྤོས་ནི་འཆད་པར་འགྱུར་རོ། །ཉིན་ཞག་མ་རྣམས་ཀྱི་མཚན་མོ་གསུམ་དུ་གཏོར་མའི་ངེས་པའོ། །ད་ནི་སྨན་པ་ཞེས་པ་ལ་སོགས་པས་ཟླ་བ་ཞེས་བྱ་བ་རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་ཞག་བཅུའི་རྗེས་ལ་ཟླ་བའོ། །དེ་ནས་ཟླ་བ་བཅུ་གཅིག་གི་བར་དུ་ཟླ་བར་སྐྱེས་པ་རྣམས་ཞི་བའི་དོན་དུ་མ་མོ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །སྨིན་པའི་ཟས་ལྔ་ཐ་དད་ཅེས་པ་ནི་མར་གྱི་སྨིན་པ་སྟེ་པཱུ་རི་ཀཱ་དང་གྷྲི་ཏ་པཱུ་ར་དང་སོ་མ་ལི་དང་སེ་བ་ལཱི་དང་བ་ཊ་ཀ་ཅེས་པ་སྟེ་ལྔ་ཐ་དད་པའོ། །ཟས་གཞན་ཞོ་དང་བུ་རམ་དང་བཅས་པ་པོ་ལི་ཀ་དང་མོ་ད་ཀ་དག་ཀྱང་ངོ༌། །དྲི་ཞེས་པ་ཙནྡན་དང་དྲི་བཟང་པོའི་མེ་ཏོག་དང་ཏིལ་གྱི་ཏིལ་མར་རམ་མར་གྱི་མེ་དང་བཀྲུ་བ་དག་ཀྱང་འདབ་མ་རྣམས་ཀྱིས་ཞེས་པ་ནི་ཨ་ཤྭདྠ་ལ་སོགས་པ་ཤིང་འོ་མ་ཅན་ལྔའི་འདབ་མ་རྣམས་ཀྱིས་ཏེ་ཅུང་ཟད་བསྐོལ་བའི་ཆུ་དྲོ་བ་དང་བཅས་པས་བྱིས་པ་ལ་ཁྲུས་བྱ་སྟེ་ཞག་ལྔའི་བར་དུ་ཐམས་ཅད་བྱའོ། །ཁྲུས་ཀྱི་མཇུག་ཏུ་བྱིས་པ་ལ་བདུག་པ་སྦྱིན་པར་བྱ་སྟེ། བ་ལང་གི་སོ་དང་ལུག་གི་རྭ་དང་རི་དགས་ཀྱི་སྤུ་དང་མིའི་སེན་མོ་དང་སྐྲ་དང་

DTG012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་གྱི་ཤུན་པ་འདི་དག་གཅིག་ཏུ་བྱས་ནས་དྲག་པོའི་སོལ་བས་སྤོས་སོ། །ལྷའི་གཏོར་མ་ལ་ནི་སྔར་བརྗོད་པའི་དྲི་དང་སྤོས་ལ་སོགས་པ་སྦྱིན་པར་བྱའོ། །ཕྱོགས་བཞི་དང་གྲོང་གི་དབུས་སུའོ་ཞེས་པ་ངེས་པ་སྟེ། བྱིས་པ་ཟླ་སྐྱེས་རྣམས་ནི་རྒྱས་པའི་དོན་དུ་མཐའ་དག་བརྗོད་པ་རྣམས་ཀྱང་གཏོར་མ་དག་ལའོ། །ད་ནི་བཟའ་བ་ལྔ་ཞེས་པ་ལ་སོགས་པས་ལོ་ཅན་མ་རྣམས་ཀྱི་ཆོ་ག་གསུངས་ཏེ་འདིར་ཟླ་བ་བཅུའི་སྟེང་དུ་ཟླ་བ་གཉིས་ནི་འདིར་ལོར་གཟུང་བར་བྱའོ། །དེ་ནས་ལོ་བཅྭ་ལྔའི་བར་དུ་ལོར་སྐྱེས་པ་མ་མོས་གཟིར་བ་རྣམས་ཞི་བའི་དོན་དུ་ལོ་ཅན་མ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །བཟའ་བ་ལྔ་ཞེས་པ་ནི་ཡུང་བ་ལ་སོགས་པ་རྣམས་ཀྱིས་ཟན་སེར་པོ་དང་དཀར་པོ་དང་དམར་པོ་དང་ནག་པོ་དང་ལྗང་ཁུར་བྱས་པ་སྟེ་འདི་དག་ནི་བཟའ་བ་ལྔའོ། །བཅའ་བ་ལྔ་ཞེས་པ་སྨིན་པའི་ཟས་སྔར་བརྗོད་པའོ། །ཆུ་ལ་རྒྱུ་བ་ཉ་ཤ་དང་ཤ་དང་དྲི་ལ་སོགས་པ་སྔར་བརྗོད་པ་དང་ཆང་དང་སྔར་བརྗོད་པའི་སྤོས་ལ་སོགས་པ་སྟེ། ཐམས་ཅད་སྨྱིག་མའི་སྣོད་དུ་བཞག་པ་ནས་མར་མེ་དང་བཅས་པའི་གཏོར་མས་ལན་གསུམ་བྱ་བ་པར་བྱའོ། །ཕྱོགས་ཞེས་པ་ཉིན་ཞག་བཅུར་ཕྱོགས་བཅུའི་ཆར་ཏེ་དབང་པོ་ནས་དབང་ལྡན་གྱི་མཐར་ཐུག་པ་དང་འོག་དང་སྟེང་དུ་གཏོར་མ་སྟེ་གྲོང་གི་དབུས་དང་ལམ་གྱི་བཞི་མདོར་སྦྱིན་པར་བྱའོ། །བྱིས་པ་ལོར་ནི་སྐྱེས་པ་རྣམས་དག་རབ་ཏུ་གསལ་བར་ས་ལ་རྒྱས་པའི་སླད་དུ་མི་ཡི་དབང་ཞེས་པ་ནི་བོད་པའོ། །ལོ་ཅན་མ་རྣམས་མཆོད་པའི་ངེས་པའོ། །དེ་ལྟར་མངལ་ནས་ལོ་ནི་ལྔ་པ་གསུམ་ཞེས་པ་ནི་ལོ་བཅྭ་ལྔའི་མཐར་ཐུག་པར་རྣལ་འབྱོར་མ་དྲུག་ཅུ་རྩ་གསུམ་པོ་རྣམས་ངེས་པར་མཆོད་པར་བྱའོ། །གཞན་དུ་ན་བྱིས་པ་རྣམས་ཞི་བ་ལ་སོགས་པར་མི་འགྱུར་རོ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་མཆོད་པའི་ངེས་པའོ། །ད་ནི་མ་མོས་བཟུང་བ་རྣམས་ཀྱི་སྐྱོན་གྱི་མཚན་ཉིད་གསུངས་པ། ཡན་ལག་ཅེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་བྱིས་པ་མ་མོས་བཟུང་བར་གྱུར་ན་དེའི་ཚེ་དེའི་ཡན་ལག་རྐྱོང་བར་འགྱུར་པ་དང་མིག་ན་བར་འགྱུར་པ་དང་ཁ་དང་ལག་པ་དག་དང༌། རྐང་པ་དག་ནི་ཁ་དང་ལག་པ་རྐང་པ་སྟེ་སེར་པོ་ཉིད་

DTG012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་འགྱུར་པ་དང་གཅིན་ནི་ཁ་དོག་སེར་པོར་འགྱུར་པ་དང་ཚ་བ་སྐྱེ་བར་འགྱུར་པ་དང༌། སྐྱུག་པར་འགྱུར་པ་དང་སྐམ་པ་དང་བརྒྱལ་བར་འགྱུར་པ་སྟེ་མ་མོའི་སྐྱོན་གྱི་མཚན་མ་འདི་དག་རྣམས་ཤེས་པར་གྱུར་ནས་བྱིས་པ་དེ་དག་དང་ཡང་གི་སྒྲས་གདུག་པའི་གདོན་གྱིས་བཟུང་བ་རྣམས་ལ་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་བྱའོ། །རྣམ་པ་གཞན་དུ་གཏོར་མ་མ་བྱིན་ན་ནི་གཏོང་བར་མི་འགྱུར་ཏེ་རང་བཞིན་ཡོན་ཏན་དབང་གིས་འབྱུང་བ་ལས་སྐྱེས་མ་མོ་སྔར་བརྗོད་པ་དག་གིས་ཞེས་པ་སྟེ་གསོ་བའི་མཚན་ཉིད་དོ། །ད་ནི་དྲུག་ཅུ་རྩ་བཞི་མ་རིགས་ལྡན་མས་བཟུང་བའི་འཆི་བའི་མཚན་ཉིད་གསུངས་པ་གང་གི་ཞེས་པ་ལ་སོགས་པ་སྟེ་འདིར་དྲུག་ཅུ་རྩ་བཞི་མ་རིགས་ལྡན་མ་ནི་མངལ་དང་ཉིན་ཞག་དང་ཟླ་བ་དང་ལོའི་མཚམས་སུ་རྣལ་འབྱོར་མ་ཐམས་ཅད་ཀྱི་མཚམས་སོ་སོ་ལ་ཁྱབ་པར་བྱེད་པའི་ངོ་བོས་གནས་པའོ། །དེས་བཟུང་བའི་བྱིས་པའི་ཡན་ལག་ཐམས་ཅད་དཀར་པོར་འགྱུར་པ་དང་འབྲུམ་པ་ཤིན་ཏུ་ཕྲ་མོ་ཉུངས་ཀར་དང་སྐྱེ་ཚེ་ཙམ་དུ་འགྱུར་པ་དང་མགྲིན་པ་ལུས་དང་བཅས་པ་འཁྱོག་པོར་འགྱུར་བ་དང་ཁའམ་གསང་བའམ་བཤང་ལམ་དག་ལས་ཁྲག་འཛག་པར་འགྱུར་བ་སྟེ། འདི་འདྲ་བའི་མཚན་ཉིད་མཐོང་ནས་ཡུལ་དེ་ལ་མཆོད་པ་བྱ་བ་མིན་ཏེ་གལ་ཏེ་བྱེད་ན་དེའི་ཚེ་སྔགས་པ་རྨོངས་པ་རྣམས་ཆགས་པ་ལས་ཆུང་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་དེ་ནི་འཆི་བར་འགྱུར་ཏེ་ངེས་པར་ལྷ་དང་མི་དང་ལག་འགྲོ་རྣམས་ཀྱིས་བསྲུང་བར་ནུས་པ་མིན་པའི་ཕྱིར་རོ། །འཆི་བའི་མཚན་མའི་ངེས་པའོ། །ད་ནི་དཀྱིལ་འཁོར་ལ་མཆོད་པ་བྱས་པས་བདེ་བ་བྱེད་པ་གསུངས་པ་ཀླུ་ཞེས་པ་ལ་སོགས་པ་སྟེ་འདིར་ཀླུ་ལ་སོགས་པ་རྣམས་ཀྱིས་གཟིར་བ་རྣམས་ནི་ཀླུ་ལ་སོགས་པ་རྣམས་འཆད་བར་འགྱུར་པའི་དཀྱིལ་འཁོར་ལ་མཆོད་པར་བྱས་པས་བདེ་བ་བྱེད་པར་འགྱུར་རོ། །འདི་དག་གིས་མཚན་ཉིད་དུ་མ་འབྱུང་པོའི་རྒྱུད་ལས་བརྗོད་པ་ཤེས་པར་བྱ་བ་དག་ནི་འདི་ཉིད་དུ་འཆད་པར་འགྱུར་པའི་ཕྱག་རྒྱ་བཅིང་བ་ལས་ཇི་སྙེད་ཅིག་གོ །ད་ནི་མ་རུངས་པ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་གནས་

DTG012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་མ་རུངས་པ་རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་མ་རུངས་པ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་ནི་གྲོང་གི་ཕྱི་རོལ་དུ་འགྱུར་རོ། །དེ་ཉིད་དུ་ཤིང་གཅིག་གི་གནས་དང་དུར་ཁྲོད་དང་ནི་ལྷ་མཆོག་ཁང་པ་དག་གམ་སྟེ་ལྷ་ཁང་སྟོང་པ་དང་ཆུ་བོ་འདུས་པ་རྣམས་སུའོ། །ཁྲུ་གང་དག་གམ་གཉིས་དང་བཞི་ཞེས་པ་ནི་འདིར་འབྱོར་པ་དང་རྗེས་སུ་འཚམ་པར་དཀྱིལ་འཁོར་ཁྲུ་གཅིག་པའམ་ཁྲུ་གཉིས་པའམ་ཁྲུ་བཞི་པ་ནས་བརྩམས་ཏེ་ཁྲུ་སྟོང་པ་ཇི་སྲིད་པ་དེ་སྲིད་དུ་སློབ་དཔོན་གྱིས་བྲི་བར་བྱའོ། །དགུ་དང་བཅུ་གསུམ་མི་བདག་ཅེས་པ་ནི་འདིར་ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚད་ནི་ཁྲུ་གཅིག་གོ །བཅུ་གསུམ་རྣམས་ཀྱི་ཁྲུ་གཉིས་སོ། །མི་བདག་ཅེས་པ་བཅུ་དྲུག་རྣམས་ཀྱི་ཁྲུ་བཞིའོ་ཞེས་པ་ནས་བརྩམས་ཏེ་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་རྣམས་ཀྱི་ཁྲུ་སྟོང་གི་མཐར་ཐུག་པར་བྲི་བར་བྱ་སྟེ་འབྱོར་པས་སོ། །འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་སུ་རྩིབས་བརྒྱད་པའི་འཁོར་ལོའམ་པདྨར་འགྱུར་ཏེ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆ་ཤས་སོ། །སྒོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བརྒྱད་ཆའོ། །སྒོ་ཡི་ཕྱེད་ཀྱིས་ཁ་ཁྱེར་དང་དོ་ཤལ་གྱི་སའོ། །ཁ་ཁྱེར་གྱི་ཕྱེད་ཀྱིས་རྩིག་པའི་རེ་ཁཱ་ལྔ་དང་རིན་ཆེན་སྣམ་བུའོ། །སྒོའི་ཚད་ཀྱིས་སྒོ་ཁྱུད་དང་ལོགས་དང་འགྲམ་མོ། །རྟ་བབས་ནི་སྒོ་ལས་སུམ་འགྱུར་རོ་ཞེས་པ་སྟེ་དཀྱིལ་འཁོར་གྱི་མཚན་ཉིད་ངེས་པའོ། །ད་ནི་ཞི་བའི་ཐབ་གསུངས་པ་ཟླུམ་པོ་ཞེས་པ་ལ་སོགས་པ་སྟེ་འདིར་འཆད་པར་འགྱུར་པའི་ཐབ་ཁུང་རྣམས་ཀྱི་ནང་ནས་ཞི་བ་ལ་ཟླུམ་པོའི་ཐབ་གཟུང་བར་བྱ་སྟེ་དེ་ཉིད་ཆ་གསུམ་ཞེས་པ་ནི་རྒྱར་མ་ཐོ་གཉིས་དང་ཟབས་སུ་མཐོ་གཅིག་གོ །པདྨ་དཀར་པོའི་རང་བཞིན་ཞེས་པ་ནི་སྙིང་པོའི་ནང་དུ་རྡུལ་ཚོན་དཀར་པོས་པདྨ་དང་ཁ་ཁྱེར་གྱི་སྟེང་དུ་པདྨའི་ཕྲེང་བ་དང་ཕྱི་རོལ་གྱི་འོག་ཏུ་པདྨའི་འདབ་མ་རྣམས་ཏེ། དེ་ལྟར་དཀར་པོའི་ཚོན་རྣམས་དག་གིས་བཀང་བའོ། །དེ་ནས་པདྨ་དཀར་པོའི་ལྟེ་བ་དང་འདབ་མ་རྣམས་ལ་ཚོན་ལྔ་དག་གིས་ལྷ་རྣམས་ཀྱི་མཚན་མ་བྱ་སྟེ་རང་ཕྱོགས་རིགས་ཀྱི་དབང་གིས་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་དབང་གིས་སོ། །རྡོ་རྗེ་དབུས་དང་ཞེས་པ་ནི་འདིར་འཆད་

DTG012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་པ་ལས་ལས་ཐམས་ཅད་ལ་རྡོ་རྗེའམ་ཞེས་གསུངས་པའི་ཕྱིར་རོ། །པདྨའི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་སྟེ་རྣམ་པར་ཤེས་པའི་ཕུང་པའོ། །ཤར་གྱི་འདབ་མ་ལ་རལ་གྲི་ནག་པོར་འགྱུར་ཏེ་རིགས་ཀྱི་དབང་གིས་འདུ་བྱེད་དོ། །ལྷོར་རིན་ཆེན་དམར་པོ་སྟེ་ཚོར་བའོ། །གཡོན་ཏེ་བྱང་གི་འདབ་མ་ལ་པདྨ་དཀར་པོ་འདབ་མ་བརྒྱ་པ་སྟེ་འདུ་ཤེས་སོ། །ནུབ་ཏུ་འཁོར་ལོའི་མཚན་མ་སེར་པོ་སྟེ་གཟུགས་ཀྱི་ཕུང་པོའོ། །མེའི་འདབ་མ་ལ་གྲི་གུག་ནག་པོ་སྟེ་རླུང་ངོ༌། །པདྨའི་འདབ་མ་ལ་གནས་ལྷ་མིན་ཟུར་དུ་སྟེ་བདེན་བྲལ་དུ་ལྕགས་ཀྱུ་དམར་པོ་སྟེ་མེའོ། །རླུང་དུ་རྡོ་རྗེ་ཞགས་པ་སེར་པོ་སྟེ་སའོ། །དྲག་པོའི་འདབ་མ་དག་ལ་སྟེ་དབང་ལྡན་དུ་རྩེ་གསུམ་དཀར་པོ་སྟེ་ཆུའི་ཁམས་སོ། །དབུས་ཀྱི་རྡོ་རྗེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ནམ་མཁའི་ཁམས་སོ། །ཤར་གྱི་སྒོར་རལ་གྲི་ནག་པོ་སྟེ་ཁྲོ་པོ་ཕྲག་དོག་རྡོ་རྗེའོ། །ལྷོའི་སྒོར་རྡོ་རྗེ་དབྱུག་པ་དམར་པོ་སྟེ་ཁྲོ་པོ་འདོད་ཆགས་རྡོ་རྗེའོ། །ཆུ་རུ་སྟེ་ནུབ་ཀྱི་སྒོར་བེ་ཅོན་སེར་པོ་སྟེ་ཁྲོ་བོ་གཏི་མུག་རྡོ་རྗེའོ། །བྱང་གི་སྒོར་ཐོབ་དཀར་པོ་སྟེ་ཁྲོ་བོ་ང་རྒྱལ་རྡོ་རྗེའོ། །དབུས་སུ་རྡོ་རྗེ་སྔོན་པོ་ནི་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེའོ། །སེམས་ཀྱི་ཞེས་པ་ལ་སོགས་པ་ནས་དོན་དུ་འདི་དག་མཛོད་ཅེས་པའི་མཐར་ཐུག་པ་ནི་གོ་སླའོ། །ད་ནི་གདོན་གྱིས་ཟིན་པ་རྣམས་ཀྱི་ཁྲུས་ཀྱི་ཆོ་ག་གསུངས་པ་བུམ་པ་ཞེས་པ་ལ་སོགས་པ་སྟེ་འདིར་དཀྱིལ་འཁོར་གྱི་ཕྱོགས་རྣམས་སུ་བུམ་པ་བརྒྱད་ནི་འཆད་པར་འགྱུར་པའི་མཚན་ཉིད་དང་ལྡན་པ་རིན་ཆེན་དང་བཅས་ཏེ་རིན་པོ་ཆེ་ལྔ་དང་བཅས་པ་འཆད་པར་འགྱུར་པའི་སྨན་ལ་སོགས་པ་དང་ལྡན་པའོ། །འདབ་མ་ཞེས་པ་ནི་འོ་མའི་ཤིང་གི་ཡལ་འདབ་པོ། །པདྨའི་ཁ་སྟེ་དེ་དག་གིས་སོ། །དེ་བཞིན་དུ་སོམ་བཏང་བའི་ཁམ་ཕོར་ནི་བདུན་གྱིས་ཞེས་པ་ནི་ཁམ་ཕོར་བདུན་གྱིས་སོ། །ཆུ་དང་བདུད་རྩི་ལྔ་ལ་སོགས་པས་ཞེས་པ་ནི་དེ་དག་དང་བཅས་པ་སྟེ། ཆུ་དང་འོ་མ་དང་ཞོ་དང་མར་དང་སྦྲང་རྩི་དང་བུ་རམ་ཤིང་གི་ཁུ་བ་དང་དྲིའི་ཆུ་སྟེ་འདི་དག་གིས་གང་པའི་ཁམ་ཕོར་བདུན་གྱིས་རིམ་པ་བཞིན་དུ་བཀྲུ་བར་བྱའོ། །དེ་ནས་བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་

DTG012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བུམ་པ་དག་གིས་ཏེ་སླར་ཡང་གི་སྒྲ་ལས་སོ། །ཉུངས་ཀར་སོགས་ཀྱིས་ངེས་པར་བྱ་བ་ཅེས་པ་ནི་དང་པོར་བའི་རྣམ་ལྔའི་གོང་བུ་རྣམས་ཀྱིས་སོ། །དེ་ནས་འབར་བའི་རྩའི་ཐབ་རྣམས་དང་ཉུངས་ཀར་ལ་སོགས་པ་དང་ཟན་གྱི་གོང་བུ་རྣམས་ཀྱིས་ཏེ་འདི་དག་གིས་བྱ་བ་པར་བྱའོ། །དེ་ནས་དྲི་ལ་སོགས་བ་རྣམས་ཀྱིས་མཆོད་པ་དང་དེ་བཞིན་དུ་རབ་ཏུ་གནས་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེར་དབང་བསྐུར་བྱིན་ནས་ཏེ་དཀྱིལ་འཁོར་གྱི་བུམ་པའི་ཆུས་ཆུ་ལ་སོགས་པའི་དབང་བསྐུར་བ་བྱིན་ནས་དེ་ནས་ཞི་བའི་བསྲེག་བྱ་སྦྱིན་སྲེག་བྱའོ། །འོ་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཞན་གང་ཞིག་མ་བརྗོད་པ་དེ་ཐམས་ཅད་ནི་དབང་གི་ལེའུ་ལས་བརྗོད་པའི་ཆོ་གས་སློབ་དཔོན་གྱིས་བྱའོ་ཞེས་པ་ནི་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་པ་ཆེན་པོ་སྟེ་དྲུག་པའོ།། །།

བདུན་པ། རང་དང་གཞན་གྱི་ལྟ་བ་རིགས་པས་དཔྱད་པའི་མདོར་བསྡུས་ཆེན་པོ།

DTG010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོ་བདེ་བ་ཆེ། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །རང་གཞན་ལྟ་བ་དག་ལ་གཞུང༌། །ཅུང་ཟད་གསུངས་པ་རྣམ་རྒྱས་བྱ། །ད་ནི་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་དཔལ་གྱིས་བསྡུས་པ་རང་དང་གཞན་གྱི་ལྟ་བའི་འདོད་བའི་རྣམ་པར་གཞག་པ་གསུངས་པ་བདག་མེད་ཅེས་པ་ལ་སོགས་པ་སྟེ། འདིར་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་རྣམ་པར་དཔྱད་ན་འཇིག་རྟེན་གྱི་དངོས་གྲུབ་ཀྱི་སླད་དུ་ལྟ་བ་ཐམས་ཅད་ཀྱི་གྲུབ་པའི་མཐའ་མཚུངས་སོ། །འདི་ལྟ་སྟེ། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། །ཞེས་པ་སྟེ་དངོས་པོའི་རྣམ་པར་བརྟག་པ་མཚུངས་སོ། །དེ་བཞིན་དུ་ཁམས་དང་དབང་པོ་ལ་སོགས་པ་རྣམ་པར་དཔྱོད་པ་ཡང་མཚུངས་སོ། །ཐ་སྙད་ཅན་བྱེད་པ་པོ་དང་བྱེད་པ་ལ་སོགས་པ་ཡང་མཚུངས་ཏེ་སངས་རྒྱས་པ་དང་མུ་སྟེགས་པ་དག་ལ་བྱེ་བྲག་མེད་དོ། །སྟོང་པ་ཉིད་ཀྱི་དེ་ཁོ་ན་ལ་ནི་བྱེ་བྲག་ཡོད་དང་དེ་དེ་ཡང་བདག་མེད་ཅེས་པ་ལ་

DTG012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ། བདག་མེད་ནི་རྣམ་པ་གཉིས་ཏེ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་པའོ། །ལས་ཀྱི་རྣམ་པར་སྨིན་པ་ནི་རྣམ་པ་གསུམ་སྟེ་ལུས་དང་ངག་དང་ཡིད་ཀྱིའོ། །སྲིད་པ་གསུམ་ཞེས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའོ། །དུས་ཀྱི་འགྲོ་བ་ཞེས་པ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་མི་དང་ལྷ་མ་ཡིན་དང་ལྷ་རྣམས་ཀྱི་འགྲོ་བ་སྟེ་འགྲོ་བ་དྲུག་གོ །ཡན་ལག་བཅུ་གཉིས་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ་དེ་ལས་དངོས་སུ་ཡང་དག་འབྱུང་བ་ནི་འགྲོ་བ་དྲུག་པོ་རྣམས་སོ། །རིག་བྱེད་བདེན་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་དང་འགོག་པའི་མཚན་ཉིད་དོ། །གཉིས་ཀྱིས་བསྒྱུར་པའི་དགུ་ཞེས་པ་བཅྭ་བརྒྱད་ནི་མ་འདྲེས་པ་སངས་རྒྱས་ཆོས་རྣམས་ཏེ་འཆད་པར་འགྱུར་པ་ལས་བརྗོད་པར་བྱའོ། །ཕུང་པོ་ལྔ་ཞེས་པ་ནི་གཟུགས་ལ་སོགས་པའོ། །སྐུ་གསུམ་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་སྐུ་ནི་བཞི་པའོ། །དེ་བཞིན་ཉིད་དུ་བེམས་པོ་མ་ཡིན་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་པྲ་ཕབ་པ་ལྟ་བུའོ། །བདག་མེད་ལ་སོགས་པ་འདི་དག་གང་དུ་ཞེས་པ་ཐེག་པ་གསུམ་དུ་སྟོན་པ་པོས་བརྗོད་པ་དེ་ནི་རབ་ཏུ་གསལ་ཞིང་ངེས་བར་རྡོ་རྗེ་ཅན་གྱི་བསྟན་པ་སྟེ་སངས་རྒྱས་པའི་ལྟ་བའི་དབང་གིས་སེམས་ཅན་གྱི་བསམ་པས་སོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་ཚངས་པ་དང་ཁྱབ་འཇུག་གི་འདོད་པ་གསུངས་པ་གང་དུ་ཞེས་པ་ལ་སོགས་པ་སྟེ། འདིར་གཞུང་གང་དུ་རིག་བྱེད་རང་བྱུང་སྟེ་མ་བྱས་པ་ནམ་མཁའ་ལྟ་བུ་དང་ཁ་དང་ལག་པ་རྐང་པ་སོགས་ཀྱང་སྐྱེ་བོའི་སྐྱེ་གནས་ཏེ་ཞེས་པ་ཚངས་པའི་ཁ་ནི་བྲམ་ཟེའི་སྐྱེ་གནས་དང༌། ལག་པ་རྒྱལ་རིགས་ཀྱི་སྐྱེ་གནས་དང༌། སོགས་པའི་སྒྲས་བརླ་གཉིས་ནི་རྗེའུ་རིགས་སྐྱེ་གནས་དང། རྐང་པ་དག་ནི་དམངས་རིགས་ཀྱི་སྐྱེ་གནས་དང༌། ཨ་ཤྭ་མེ་དྷ་དག་ལས་གཞན་པ་མཆོག་གི་ཆོས་མེད་ཅེས་པ་ནི་འདིར་མཐོ་རིས་སྒྲུབ་པར་བྱེད་པ་ལ་ཨ་ཤྭ་མེ་དྷའི་མཆོད་སྦྱིན་ལས་གཞན་པ་མཆོག་གི་ཆོས་ཡོད་པ་མ་ཡིན་ནོ་ཞེས་པ་དེ་ནི་ཚངས་པའི་བསྟན་པར་འགྱུར་རོ་ཞེས་པ་ལ་སོགས་པ་ནི་

DTG012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་འདོད་པ་ངེས་པའོ། །འདིར་དེའི་ནང་དུ་འདུས་པ་ཀླུའི་ཆོས་ཁྱབ་འཇུག་གི་འདོད་པ་ནི་འདི་ལྟ་སྟེ། བྱེད་པ་པོ་ཡོད་པ་དང་བདག་ཡོད་པ་དང་དགེ་བ་དང་མི་དགེ་བའི་ལས་ཡོད་པ་དང་དུས་ཡོད་པ་དང་ས་ལ་སོགས་པའི་རང་བཞིན་ཡོད་པ་དང༌། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་ཡོད་པ་དང་སྟོང་པ་ཉིད་ནི་མཉམ་པའི་ཆོས་ཉིད་ཡོད་དེ་གཅིག་ཏུ་གྱུར་པ་ལ་སོགས་པས་མི་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་དང༌། བྱེད་པོ་དག་བ་དང་མི་དགེ་བས་བྱས་པའི་འབྲས་བུ་སྟེར་བར་བྱེད་པའི་རྒྱུ་ཡོད་དོ། །ཞེས་པ་ནི་རབ་ཏུ་གསལ་ཞིང་ངེས་པར་བསྟན་ཏེ་དུས་ཀྱི་འཁོར་ལོ་འདིར་ཁྱབ་འཇུག་དག་གིའོ་ཞེས་པ་ནི་ཁྱབ་འཇུག་པའི་འདོད་པའི་ངེས་པའོ། །ད་ནི་དབང་ཕྱུག་གི་འདོད་པ་གསུངས་པ་ལམ་དྲུག་ཅེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་ཁྱབ་འཇུག་གི་འདོད་པ་དང་ལྷན་ཅིག་ལམ་དྲུག་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། ལྷ་གསུམ་པོ་ནི་གཟུགས་གཅིག་སྟེ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ་ཞེས་པའི་ངེས་ཚིག་ལས་སོ། །བྱེད་པ་པོ་དང་བདག་དང་ལས་དང་དུས་དང་རང་བཞིན་དང་ཡོན་ཏན་དང་སྟོང་པ་ཉིད་ཞིག་པའི་ཆོས་ནི་མྱ་ངན་ལས་འདས་པ་སྟེ་མཐའི་གནས་སྐབས་ལས་སོ། །དི་དག་དང་ལྷན་ཅིག་ལམ་དྲུག་ལ་སོགས་པ་རྣམས་རིག་པར་བྱའོ་ཞེས་པ་ནི་ངེས་པའོ། །འདིར་ལུས་ལ་ལམ་དྲུག་རྣམས་ཞེས་པ་ནི་ཡུལ་དྲུག་པོ་རྣམས་ལ་འཇུག་པར་བྱེད་པའོ། །དེ་ཉིད་ལྔ་དང་ཞེས་པ་ནི་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་ཚོགས་སོ། །མཆོག་གི་གོ་འཕང་ཞེས་པ་ནི་དྲུག་པ་ཡེ་ཤེས་ཀྱི་ཁམས་སོ། །མ་ལུས་པ་ཞེས་པ་ནི་ཁམས་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཡང་ཡིག་ལས་གཞན་ནོ། །སྔགས་ཀྱི་ལུས་ཞེས་པ་ནི་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་ཏེ་སྔགས་ཀྱི་དེ་ཉིད་དོ། །རིག་ཅེས་པ་ནི་དགའ་བ་ལ་སོགས་པའི་འདོད་པའི་དེ་ཁོ་ན་ཉིད་དོ། །བདག་ཅེས་པ་ནི་བདག་གི་དེ་ཁོ་ན་ཉིད་རྟག་པའོ། །དམ་པའི་ཞི་བ་ཉིད་ཅེས་པ་ནི་ཞི་བའི་དེ་ཉིད་དེ་ཐམས་ཅད་དུ་ཁྱབ་པའོ། །གཟུགས་སྤངས་པ་དེའི་རྣམ་གསུམ་གནས་ན་གནས་པ་ནི་གོང་བུ་ལ་གནས་པ་དང་ཚིག་ལ་གནས་པ་དང་གཟུགས་ལ་གནས་པ་སྟེ། ལུས་དང་ངག་དང་སེམས་ཀྱི་རྣམ་

DTG012_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པའི་ཆོས་ཅན་ནོ། །རྣམ་གསུམ་གནས་ན་གནས་པ་དེའི་སྦྱོར་དང་ཞེས་པ་ནི་སྐྱེ་བའི་དུས་སུ་ལམ་དྲུག་ལ་སོགས་པ་འདི་དག་རྣམས་སྦྱོར་བ་སྟེ་འདུས་པ་དང༌། འཆི་བའི་དུས་སུ་གཏོང་བའི་དངོས་ཏེ་དེ་རྣམས་རྣམ་པར་འབྲེལ་ལོ་ཞེས་པའི་དོན་ཏོ། །ཐིག་ལེའི་དབྱེ་བཞི་པ་ཉིད་དང་ཞེས་པ་ནི་འདིར་ཁུ་བ་ཐིག་ལེའི་དབྱེ་བ་སྟེ་འཛག་པའི་བདེ་བའི་གནས་སྐབས་ཀྱི་མཚན་ཉིད་དེ་ཉིད་ཞི་བ་ཉིད་དོ། །མཐའ་དག་ལུས་ལ་གནས་པ་ཞེས་པ་ནི་རྒྱུ་བ་དང་མི་རྒྱུ་བ་ལ་ཁྱབ་པའོ། །བཅུ་གཉིས་མདུད་པའི་དབྱེ་བ་སྟེ་ཞེས་པ་ནི་འདིར་སྲོག་ཆགས་རྣམས་ཀྱི་ལུས་ལ་གནས་པའི་ཁྱིམ་བཅུ་གཉིས་པོ་རྣམས་མདུད་པའི་སྒྲས་གསུངས་ཏེ་ཁྱིམ་བཅུ་གཉིས་པོ་འདི་རྣམས་ཀྱི་དབྱེ་བ་ནི་ལོ་དང་བགྲོད་པ་དང་དུས་གསུམ་དང་དུས་བཞི་དང་དུས་དྲུག་དང༌། ཟླ་བ་དང་ཕྱོགས་དང་ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་དང་དབུགས་ཏེ་འདི་ཐམས་ཅད་གྲུབ་པའི་མཐའ་གང་དུ་རབ་ཏུ་གྱུར་པ་དེ་ནི་ངེས་པར་ཞི་བ་པའི་བསྟན་པའོ། །ཞེས་པ་ནི་ཞི་བ་པའི་འདོད་པ་ངེས་པའོ། །ད་ནི་འཇིག་རྟེན་རྒྱང་པ་ན་པའི་འདོད་པ་གསུངས་པ་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། འདིར་ལུས་ཅན་རྣམས་ལ་དབང་ཕྱུག་མེད་པ་དང་བྱེད་པ་པོ་མེད་པ་དང་ལས་ཀྱི་རྣམ་པར་སྨིན་པ་དག་ཀྱང་མེད་པ་དང༌། ཡོན་ཏན་ཡུལ་རྣམས་ཞེས་པ་ནི་ཡོན་ཏན་སྙིང་སྟོབས་ལ་སོགས་པ་དང་ཡུལ་དྲི་ལ་སོགས་པའོ། །འབྱུང་བའི་ཚོགས་ཞེས་པ་ནི་ས་ལ་སོགས་པ་སྟེ་དེ་དག་ལོངས་སྤྱོད་པའོ། །འབྱུང་བའི་ཚོགས་དེ་མེད་པ་ན་སྟེ་ཤི་བའི་མཐར་ལས་ཀྱི་འབྲས་བུ་མེད་དོ། །ཨ་རུ་ར་དང་བུ་རམ་ལ་སོགས་པ་ཡང་དག་པར་སྦྱོར་བ་ལས་ཆང་གི་ནུས་པ་བཞིན་འབྱུང་བ་རྣམས་ཡང་དག་པར་སྦྱོར་བའི་ནུས་པ་སྟེ་དེ་མེད་པ་ན་འཇིག་རྟེན་ཕ་རོལ་གྱི་ལུས་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་ནི་གསལ་བར་ལྷ་ཡི་བླ་མ་ཕུར་བུའི་བསྟན་པར་རིག་པར་བྱའོ། །འཇིག་རྟེན་རྒྱ་ང་ཕན་པའི་འདོད་པ་ངེས་པའོ། །ད་ནི་ཀླ་ཀློ་སྟག་གཟིག་རྣམས་ཀྱི་འདོད་པ་གསུངས་པ་བྱེད་པོ་ཞེས་པ་ལ་སོགས་པ་སྟེ། འདིར་བྱེད་པོ་རཧྨ་ཎ་ས་རྒྱུ་བ་གཡོ་བ་དང་མི་རྒྱུ་བ་བརྟན་པའི་དངོས་པོ་མཐའ་དག་བསྐྱེད་ཅིང་སྟག་

DTG012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་རྣམས་ཀྱི་ཞེས་པ་ཀླ་ཀློ་གོས་དཀར་པོ་ཅན་རྣམས་ཀྱི་ཐར་པ་དག་གི་རྒྱུ་རཧྨ་ཎ་དེ་མཉེས་པ་ལས་ངེས་པར་མི་རྣམས་མཐོ་རིས་དང༌། མ་མཉེས་པ་ལས་དམྱལ་བར་འགྱུར་རོ་ཞེས་པ་དེ་ནི་རཧྨ་ཎ་ཡི་བསྟན་པ་སྟེ་བྱ་བ་ནི་སྔར་བརྗོད་པའོ། །སྟག་གཟིག་གི་འདོད་པ་དེས་པའོ། །ད་ནི་ཟད་བྱེད་པ་རྣམས་ཀྱི་འདོད་པ་གསུངས་པ་དུས་གསུམ་ཞེས་པ་ལ་སོགས་པ་སྟེ་འདིར་ཟད་བྱེད་པའི་གྲུབ་པའི་མཐའ་སྨྲ་བ་ལ་རྫས་དང་རྣམ་གྲངས་དག་གིས་རྟག་པ་དང་མི་རྟག་པའི་ཐ་སྙད་དུ་འགྱུར་རོ། །དེ་ལ་དུས་གསུམ་ཉིད་དང་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའོ། །རྫས་ནི་དྲུག་སྟེ་ཞེས་པ་ནི་སྲོག་དང་གང་ཟག་དང་དུས་དང་ནམ་མཁའ་དང་བསོད་ནམས་དང་སྡིག་པའོ། །འདི་དག་གི་ནང་ནས་སྲོག་དང་དུས་དང་ནམ་མཁའ་ནི་རྟག་པའོ། །ཚིག་དགུས་བསྒྲུབས་དང་ཞེས་པ་ནི་སྲོག་དང་སྲོག་མ་ཡིན་པ་དང་ཟག་པ་དང་སྔོམ་པ་དང་སྤངས་པ་དང་བཅིངས་པ་དང་ཐར་པ་དང་འགྲོ་བ་དང་འོང་པའོ། །སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །ཞེས་པ་ནི་སའི་ལུས་ལ་ཆ་ཤས་དང་ཆུའི་ལུས་ལ་ཆ་ཤས་དང་མེའི་ལུས་ལ་ཆ་ཤས་དང་རླུང་གི་ལུས་ལ་ཆ་ཤས་དང༌། ནགས་ཀྱི་བདག་པོའི་ལུས་ལ་ཆ་ཤས་དང་འབྲུའི་ལུས་ལ་ཆ་ཤས་སོ་ཞེས་པ་སྟེ་ལུས་དྲུག་ལ་སྲོག་རྣམས་ཀྱི་ཆ་ཤས་སོ། །གཞན་ནི་ཡོད་པའི་ལུས་ལྔ་ཞེས་པ་ནི་ཁ་ཟས་ཅན་གྱི་ལུས་དང་འོད་ཀྱི་ལུས་དང་རང་བཞིན་ཅན་གྱི་ལུས་དང༌། བརྫུས་སྐྱེས་ཀྱི་ལུས་དང་མཐའི་ལུས་སོ་ཞེས་པ་ནི་སྲོག་རྣམས་ཀྱིའོ། །བརྟུལ་ཉུགས་སྔོམ་པ་འགྲོ་དང་ཡེ་ཤེས་སྤྱོད་པ་དག་གི་དབྱེ་བ་རྣམས་ཞེས་པ་ལ་ཟད་བྱེད་པ་རྣམས་ཀྱི་བརྟུལ་ཞུགས་ནི་ལྔ་སྟེ། དང་པོ་འཚེ་བ་མེད་པ་དང་གཉིས་པ་བདེན་པར་སྨྲ་བ་དང་གསུམ་པ་བྱིན་པ་ལེན་པ་དང་བཞི་པ་ཚངས་པར་སྤྱོད་པ་དང་ལྔ་པ་ཡོངས་སུ་བཟུང་བ་ཐམས་ཅད་ཡོངས་སུ་གཏོང་བའོ། །སྡོམ་པ་ནི་ལྔ་སྟེ། སྤྱོད་ལམ་གྱི་སྔོམ་པ་དང༌། སྐད་ཀྱི་སྔོམ་པ་དང་ཡོངས་སུ་ཚོལ་བའི་སྔོམ་པ་དང་བླངས་པ་མི་འདོར་བའི་སྔོམ་པ་དང་ཉེ་བར་རབ་ཏུ་གནས་པའི་སྔོམ་པའོ། །འགྲོ་བའི་དབྱེ་བ་ནི་ལྔ་སྟེ། དམྱལ་བ་དང་དུད་འགྲོ་དང་མི་དང་ལྷ་དང་ཐར་པའི་འགྲོ་བའོ། །

DTG012_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབྱེ་བ་ནི་ལྔ་སྟེ། བློ་གྲོས་དང་ཐོས་པ་དང་མཚམས་དང་ཡིད་ཀྱི་ཡོངས་སུ་ཚོལ་བ་དང་མོའི་ཡེ་ཤེས་སོ། །སྤྱོད་པའི་དབྱེ་བ་ནི་བཅུ་གསུམ་སྟེ། བརྟུལ་ཞུགས་ཀྱི་དབྱེ་བ་ལྔ་དང༌། སྔོམ་པའི་དབྱེ་བ་ལྔ་དང༌། ལུས་ཀྱི་གསང་བ་དང༌། ངག་གི་གསང་བ་དང་སེམས་ཀྱི་གསང་བའོ། །ཞེས་པ་འདི་དག་ནི་མཆོད་འོས་པ་རྣམས་ཀྱིས་ཐར་པའི་དོན་དུ་རབ་ཏུ་བརྗོད་དོ། །སྲོག་ནི་ལུས་ཀྱི་ཚད་དེ་དཔག་ཏུ་མེད་པའི་སྲིད་པ་དག་གིས་རྟག་པའི་སྲོག་གིས་ཐར་པའོ། །གྲུབ་པའི་མཐའ་གང་དུ་ཐར་པའི་ཚད་ནི་འཇིག་རྟེན་གསུམ་གྱི་སྟེང་དུ་གདུགས་ཀྱི་རྣམ་པ་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པར་ངེས་པར་བརྗོད་པ་དེ་ནི་རྒྱལ་བ་རྣམས་ཀྱི་བསྟན་པའོ། །ཞེས་པ་ནི་ཟད་བྱེད་པའི་འདོད་པའི་ངེས་པའོ། །ད་ནི་མུ་སྟེགས་པ་རྣམས་ཀྱི་འདོད་པ་རིགས་པས་རྣམ་པར་དཔྱད་ནས་སུན་དབྱུང་བར་གསུངས་པ་རིག་བྱེད་ཅེས་པ་ལ་སོགས་པ་སྟེ་འདིར་རིགས་པས་རྣམ་པར་དཔྱད་ན་རིག་བྱེད་ནི་རང་བྱུང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། རིག་བྱེད་ཀྱི་སྒྲས་དོན་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདི་སྒྲ་གང་ཞིག་དོན་གྱི་རྗོད་བྱེད་ཡིན་པ་དེ་ནི་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པ་གང་ཡིན་པ་དེའི་ཕྱིར་རང་བྱུང་མ་ཡིན་པ་འགྲུབ་བོ། །ཅི་སྟེ་འདི་ནི་རིག་བྱེད་ཀྱི་སྒྲ་མ་ཡིན་ཏེ་གཞན་ཉིད་དོ། །འདི་ནི་རྣ་བའི་བུག་པའི་ནང་དུ་སྒྲའི་དོན་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་ཅིང་རྟག་པ་དེའི་མངོན་པར་གསལ་བར་བྱེད་པའོ་ཞེས་འགྲུབ་པོ་ཞེ་ན། དེའི་ཕྱིར་སྨྲ་པ། འདིར་གལ་ཏེ་རིག་བྱེད་སྒྲའི་དོན་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་གནས་ཤིང་རྟག་པ་ཡིན་ན། དེའི་ཚེ་བུམ་པ་ཞེས་བརྗོད་པར་གྱུར་པ་ན་རྣ་བའི་བུག་པའི་ནང་དུ་ཅ་ཅོར་རྟོགས་པར་བྱ་བར་འགྱུར་ཏེ་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྟག་པའི་སྒྲ་གཞན་ཁྱབ་པར་བྱེད་པ་ཡོད་པའི་དམ་བཅའ་བ་འདི་ནི་དོན་མེད་པའོ། །དོན་ནི་ཐ་དད་མིན་ན་གལ་ཏེ་སྒྲ་དང་དོན་དག་གཅིག་ཉིད་ཡིན་པ་དེ་ལྟ་ན་མེའི་སྒྲ་བརྗོད་པ་དག་གིས་རང་གི་ཁ་ཅིས་མི་སྲེག །དེའི་ཕྱིར་རིག་བྱེད་ནི་རྟག་པ་ཉིད་མ་ཡིན་ཞིང་དོན་དང་ལྷན་ཅིག་གཅིག་ཉིད་མ་ཡིན་ནོ་ཞེས་གྲུབ་སྟེ་གཞན་པ་

DTG012_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཅི། འདིར་གང་གི་ཚེ་ཀླ་ཀློ་རྣམས་ཀྱིས་རིག་བྱེད་ཀྱི་ཆོས་བསྒྲིབས་པར་གྱུར་པ་ན་རིག་བྱེད་མེད་པར་གྱུར་པ་དེའི་ཚེ་ཚངས་པའི་གདོང་བཞི་དག་གིས་སྔོན་ནི་རིག་བྱེད་སྒྲ་དག་གིས་ཀྱང་དོན་ནི་རབ་ཏུ་གསལ་བར་བྱས་ཏེ་དབང་པོ་ཕྱུགས་སུ་གྱུར་ཞེས་པ་ལ་སོགས་པའི་ཀློག་གིས་སོ། །ཞེས་ཟེར་བ་ཐོས་སོ། །དེའི་ཕྱིར་དོན་གཞན་དང་རིག་བྱེད་གཞན་ཞེས་གྲུབ་བོ། །དེའི་ཕྱིར་སྟོན་པ་པོ་ཚངས་པ་ཡོད་དེ་རིག་པའི་ཡུལ་དང་མ་འོངས་དོན་དང་འདས་པ་དག་ལ་སྟོན་པ་པོ་གྲུབ་སྟེ་གྱུར་ཞེས་པའི་ཀློག་ལས་སོ། །ཁས་ཀློག་པ་ལས་བྱས་པར་གྲུབ་པོ། དེའི་ཕྱིར་རིག་བྱེད་ནམ་མཁའ་མཚུངས་མིན་འདིར་ནི་གནས་ཀྱི་དབྱེ་བ་དག་ལས་ཁ་ཡིས་རབ་བརྗོད་བྱས་པའོ་ཞེས་པ་ནི་ངེས་པའོ། །རིགས་པས་གཉིས་སྐྱེས་ཁ་ཡིས་བཀླགས་པ་ཉིད་ཚེ་བ་སྟེ་ཀུན་དུ་འགྲོ་བ་གཞན་རྣམས་ཀློག་པའོ། །གང་ཕྱིར་དམངས་ལ་སོགས་པའི་རིགས་ནི་ཀུན་འགྲོ་མིན་པའི་རིག་བྱེད་འདི་དག་ཀློག་དང་འགྲོ་བ་མིན། །དེ་ཕྱིར་ཤེས་རབ་མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ་ཞེས་པ་ནི་མདོར་བསྡུས་པས་རིག་བྱེད་བྱས་པར་འགྲུབ་པ་སྟེ་རྒྱ་ཆེར་ཚད་མའི་བསྟན་བཅོས་ལས་ཤེས་པར་བྱའོ་ཞེས་བྱ་བ་འཇམ་དཔལ་གྱི་ངེས་པའོ། །ད་ནི་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་སྐྱེ་གནས་སྔར་བརྗོད་པ་སུན་དབྱུང་བ་བརྗོད་པར་བྱ་སྟེ་འདིར་ཚངས་པའི་ཁ་ནི་བྲམ་ཟེ་རྣམས་ཀྱི་སྐྱེ་གནས་ཏེ་དེ་ལས་སྐྱེ་བའི་ཕྱིར་རོ་ཞེས་གྲག་གོ །དེ་བཞིན་དུ་དཔུང་པ་ནི་རྒྱལ་རིགས་རྣམས་ཀྱི་སྐྱེ་གནས་སོ། །སོགས་པའི་སྒྲས་བརླ་གཉིས་ནི་རྗེ་རིགས་རྣམས་ཀྱི་སྐྱེ་གནས་སོ། །རྐང་པ་གཉིས་ནི་དམངས་རིགས་རྣམས་ཀྱི་སྐྱེ་གནས་ཏེ་དེ་ལྟར་རིགས་བཞིའོ། །རིགས་བཞི་པོ་འདི་དག་གི་མཐའ་ནི་རིགས་ལྔ་པ་སྟེ། གདོལ་པ་དེ་དག་རྣམས་ཀྱི་སྐྱེ་གནས་གང་ཡིན་ནི་རེ་ཞིག་བྲམ་ཟེ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་ལས་གཞན་པ་ཅི། འདིར་ཚངས་པའི་ཁ་ལས་བྲམ་ཟེ་རྣམས་སྐྱེས་པ་ནི་བདེན་པར་གྲགས་གོ །དེའི་ཕྱིར་བདག་གིས་དྲི་བར་བྱའོ། །བྲམ་ཟེ་མོ་རྣམས་ཀྱང་དེ་ལས་སྐྱེས་པར་གྱུར་ཏམ་ཅི། གལ་ཏེ་གྱུར་ན་དེའི་ཚེ་སྲིང་མོར་འགྱུར་ཏེ་སྐྱེ་གནས་གཅིག་ལས་སྐྱེས་པ་ཉིད་ཀྱི་ཕྱིར་

DTG012_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་བཞིན་དུ་རྒྱལ་རིགས་ལ་སོགས་པ་རྣམས་ཀྱང་ངོ༌། །དེའི་ཕྱིར་སྲིང་མོ་དང་ལྷན་ཅིག་བག་མ་ཇི་ལྟར་བྱེད། ཅི་སྟེ་བྱེད་ན་དེའི་ཚེ་ཀླ་ཀློའི་ཆོས་ལ་ཞུགས་སོ། །ཀླ་ཀློའི་ཆོས་ལ་ཞུགས་ན་རིགས་ཉམས་ཏེ་རིགས་ཉམས་པ་ལས་དམྱལ་བར་འགྱུར་རོ། །ཞེས་པ་ནི་རིགས་པའོ། །གཞན་ཡང་རྣམ་པར་དཔྱད་པར་བྱ་སྟེ་འདིར་གལ་ཏེ་སྐྱེ་དགུ་རྣམས་གཅིག་གིས་བསྐྱེད་པ་ཡིན་ན་དེའི་ཚེ་རིགས་བཞིར་ཇི་ལྟར་འགྱུར། དཔེར་ན་ཕ་གཅིག་གི་བུ་བཞི་བཞིན་ཏེ་དེ་དག་ནི་རིགས་སོ་སོ་སོ་སོ་མ་ཡིན་ནོ། །དེ་བཞིན་དུ་རིགས་རྣམས་ཀྱང་ངོ༌། །ཅི་སྟེ་ཚངས་པའི་ཁ་ལ་སོགས་པའི་དབྱེ་བས་ཐ་དད་ན། དེའི་ཚེ་དེ་ཉིད་རིགས་པས་མི་འཐད་དེ་ཇི་ལྟར་ཨུ་དུམ་བཱ་རའི་འབྲས་བུ་རྩ་བ་དང་རྐེད་པ་དང་རྩེ་མོ་ལས་སྐྱེས་པ་རྣམས་ཐ་དད་མེད་པ་དེ་བཞིན་དུ་སྐྱེ་དགུ་རྣམས་ཀྱང་ངོ༌། །གཞན་ཡང་དཀར་པོ་དང་དམར་པོ་དང་སེར་པོ་དང་ནག་པོའི་ཁ་དོག་གི་དབྱེ་བས་ཐ་དད་པ་ནི་མ་མཐོང་ངོ༌། །དེ་བཞིན་དུ་ཁམས་དང་དབང་པོ་དང་བདེ་བ་དང་སྡུག་བསྔལ་དང་རིགས་པ་དང་ལུང་ལ་སོགས་པའི་དབྱེ་བ་མ་མཐོང་བ་གང་ཡིན་པ་དེའི་ཕྱིར་རིགས་ངེས་པ་མེད་པའོ་ཞེས་གྲུབ་པོ། །དེ་བཞིན་དུ་ཨ་ཤྭ་མེ་དྷ་ལ་སོགས་པའི་མཆོད་སྦྱིན་གྱི་འབྲས་བུ་ཤུ་ཀས་སུན་ཕྱུང་བ་འདི་ལྟ་སྟེ། མཆོད་སྡོང་བཅད་ཅིང་ཕྱུགས་བསད་དེ། །ཁྲག་འདམ་བྱས་ནས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ལྷ་ན། དམྱལ་བར་གང་གིས་འགྲོ་བར་འགྱུར། །ཞེས་པ་ཤུ་ཀའི་ཚིག་ཏུ་རབ་ཏུ་གྲགས་སོ། །དེའི་ཕྱིར་རིག་བྱེད་རང་བྱུང་མ་ཡིན་ཞིང་ཁ་ལ་སོགས་པ་སྐྱེ་བོའི་སྐྱེ་གནས་དང་ཨ་ཤྭ་མེ་དྷ་ལས་གཞན་པ་མཆོག་གི་ཆོས་མེད་པ་མ་ཡིན་ཏེ་ཚངས་པའི་འདོད་པ་ཐམས་ཅད་རྣམས་པར་དཔྱད་ན་དོན་མེད་པའི་རབ་ཏུ་སྨྲ་བའོ། །ཁྱབ་འཇུག་པའི་འདོད་པ་ནི་དབང་ཕྱུག་དང་ལྷན་ཅིག་སུན་དབྱུང་བར་བྱའོ། །ད་ནི་དབང་ཕྱུག་གི་འདོད་པ་སུན་དབྱུང་བ་གསུངས་པ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། འདིར་གལ་ཏེ་ཐམས་ཅད་བྱེད་པ་པོ་དབང་ཕྱུག་ཡོད་པར་གྱུར་ན། དེའི་ཚེ་ལོངས་སྤྱོད་པ་པོ་ཡང་གཞན་མ་ཡིན་ཏེ་ཇི་ལྟར་གཞན་གྱིས་ཁུར་བ་ཟོས་པས་གཞན་སྐོམ་པས་འཆི་བར་འགྱུར། དེ་ལྟར་ཡང་མ་ཡིན་ནོ། །གང་གིས་བྱེད་པ་དེ་ནི་བྱེད་པ་པོ་

DTG012_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གང་བྱ་བ་དེ་ནི་ལས་སོ། །ལས་བྱས་པ་དེའི་འབྲས་བུ་ལོངས་སྤྱོད་པ་པོ་ནི་ལས་བྱེད་པ་པོའོ། །ལས་མེད་ན་བྱེད་པ་པོ་མི་འགྲུབ་སྟེ་དཔེར་ན་བུམ་པ་བྱེད་པའི་ཕྱིར་བུམ་པ་མཁན་ནོ། །དེ་བཞིན་དུ་གང་གིས་ལས་བྱེད་པ་དེ་ནི་བྱེད་པ་པོ་ཞེས་རིགས་སོ། །སྨྲས་པ། དབང་ཕྱུག་རང་དབང་དུ་ལས་ཀྱི་བྱེད་པ་པོ་མིན་ཏེ་རབ་ཏུ་སྦྱོར་བ་པོ་ཡིན་ནོ་ཞེ་ན། སྨྲས་པ། འདིར་གལ་ཏེ་ལས་བྱེད་པ་པོ་མ་ཡིན་ན་དེའི་ཚེ་ཀུན་ནས་ཐམས་ཅད་བྱེད་པ་པོ་ཞེས་པ་དོན་མེད་པར་འགྱུར་རོ། །འདིར་གལ་ཏེ་བྱེད་པ་པོ་བསྐུལ་བར་གྱུར་པ་ན་ལས་བྱེད་ན་དེའི་ཚེ་བྱེད་པ་པོའི་གཞན་དབང་ཉིད་དོ། །གང་གི་གཞན་དབང་ཉིད་དུ་གྱུར་པ་དེས་འགལ་བའི་ལས་བྱས་པར་གྱུར་ན་རབ་ཏུ་སྦྱོར་བ་པོས་ཇི་ལྟར་ཚར་གཅོད་པར་བྱེད། རང་དབང་ཉིད་མེད་པར་རང་དབང་ཉིད་དུ་དབང་ཕྱུག་གིས་ཁྱབ་པའོ། །དེ་ལྟར་བྱེད་པ་པོར་སྨྲ་བ་རྣམས་ལ་ལས་ཀྱི་འབྲས་བུ་མེད་པར་གྲུབ་སྟེ་དེ་ལྟར་ཡང་མ་ཡིན་ནོ། དེའི་ཕྱིར་དགེ་དང་མི་དགེའི་འབྲས་སྟེར་བྱེད་པོ་དབང་ཕྱུག་འགའ་ཡང་མེད་དེ་སྲོག་ཆགས་ལས་ནི་དོར་ནས་སོ་ཞེས་པ་སྟེ་བྱེད་པ་པོ་མེད་པར་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་གྲུབ་བོ། །ད་ནི་རང་དབང་གི་བྱེད་པོ་གཞན་ལ་ལྟོས་པ་ཉིད་དུ་གསུངས་པས་ཞེས་པ་ལ་སོགས་པ་སྟེ་འདིར་ནི་གལ་ཏེ་མཁའ་ལ་སྟེ་ནམ་མཁའ་ལ་ས་ལ་སོགས་པའི་རྡུལ་ཕྲན་རྣམས་བྱེད་པོའི་དང་པོར་ཡོད་པ་མིན་ནོ། །དེའི་ཚེ་རྫས་དག་མེད་པ་ལ་ནི་སྣ་ཚོགས་མི་བྱེད་དེ་ཡུལ་དང་རྣམ་པར་བྲལ་བ་ཆ་མེད་པ་ལ་ཐམས་ཅད་བྱེད་པོ་ཇི་ལྟར་ཡོད། ཡུལ་དང་རྣམ་པར་བྲལ་བ་བྱེད་པོ་འདི་ཡི་སྒྲུབ་བྱེད་ཀྱི་ཚད་མ་མངོན་སུམ་དང་ལྐོག་ཏུ་གྱུར་པ་མེད་པ་གང་ཡིན་པ་དེའི་ཕྱིར་རྫས་ཡང་དག་པར་སྦྱོར་བ་ཉིད་ལས་རྒྱུ་བ་དང་མི་རྒྱུ་བ་དང་སྣ་ཚོགས་ཐམས་ཅད་དུ་འགྱུར་གྱི། བྱེད་པ་པོའི་འདོད་པས་མ་ཡིན་ལས་ཀྱི་གཟུགས་ཞེས་པ་ནི་རིགས་པ་སྟེ་བྱེད་པ་པོའི་འདོད་པ་དགག་པའོ། །ད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཡང་དག་སྦྱོར་བ་ལས་ཞེས་པ་ལ་སོགས་པ་སྟེ་འདིར་དངོས་པོ་ཐམས་ཅད་ཀྱི་ཡང་དག་པར་སྦྱོར་བ་ལས་འབྱུང་བ་ནི་འདི་ཐོབ་ནས་འདི་འབྱུང་བར་འགྱུར་བ་སྟེ། ཡང་དག་སྦྱོར་བ་ལས་ཞེས་པ་ནི་ཟླ་བའི་འོད་ཟེར་དང་ཡང་དག་པར་སྦྱོར་བ་ལས་ཆུ་

DTG012_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་ལས་ཆུར་འགྱུར་རོ། །ཀྱང་ཡིག་གིས་མེ་ཤེལ་ལས་མེར་འགྱུར་རོ། །མེ་ལོང་ལས་དངོས་པོ་དང་ཡང་དག་པར་སྦྱོར་བ་ལས་དངོས་པོའི་གཟུགས་བརྙན་དུ་འགྱུར་རོ། །གཞན་གྱིས་སྐྱུར་བ་ཟོས་པའི་ཡང་དག་པར་སྦྱོར་བ་ལས་གཞན་གྱི་ལྕེ་འཛག་པར་འགྱུར་ཏེ་སྐྱུར་བའི་རྒྱུ་ལས་སོ། །ཁྲོན་པ་ལ་སོགས་པ་རང་གི་སྒྲའི་ཡང་དག་པར་སྦྱོར་བ་ལས་སྒྲ་བརྙན་དུ་འགྱུར་རོ། །དག་པའི་ས་བོན་ལས་ས་དང་ཆུ་ལ་སོགས་པའི་ཡང་དག་པར་སྦྱོར་བ་ལས་མྱུ་གུར་འགྱུར་རོ། །ཁབ་ལེན་ལས་ཞེས་པ་ནི་ཁབ་ལེན་གྱི་རྡོའི་ཡང་དག་པར་སྦྱོར་བ་ལས་ལྕགས་ཀྱི་ཐུར་མ་གཡོ་བར་འགྱུར་རོ། །འདོད་པས་དངོས་པོ་འདི་དག་ལ་དངོས་པོར་འགྱུར་པ་ཅི་ཡང་མིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་རྣམས་ཀྱི་ནུས་པ་སྟེ་འདི་ནི་སྲིད་པ་གསུམ་གྱི་གནས་སུ་སུ་ཞིག་གིས་ཀྱང་སྤྲུལ་པ་མིན་ནོ་ཞེས་པ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པའོ། །འདིར་སྨྲས་པ། གང་གི་ཕྱིར་རྒྱུ་མེད་ན་འབྲས་བུར་མི་འགྱུར་པ་དེའི་ཕྱིར་རྒྱུ་ཡོད་དོ། །དེས་ན་དབང་ཕྱུག་ལ་སོགས་པ་གྲུབ་བོ་ཞེ་ན། སྨྲས་པ། འདིར་རྒྱུ་ལས་འབྲས་བུར་འགྱུར་པ་གང་ཡིན་པ་དེ་ཅི་འབྲས་བུ་ཡོད་པའམ་མེད་པ་ཡིན། རྒྱུ་ལ་ཡོད་པ་ནི་འབྲས་བུར་མི་འགྱུར་རོ། །བུམ་པ་ཡོད་པའི་ས་ལ་སོགས་པ་ནི་རྒྱུར་འགྱུར་པར་མི་འགྱུར་ཏེ་ཡོད་པའི་ཕྱིར་རོ། །མེད་པ་ནི་འབྲས་བུར་མི་འགྱུར་ཏེ་མེད་པའི་ཕྱིར་རུས་སྦལ་གྱི་སྤུ་བཞིན་ནོ། །དེ་བཞིན་དུ་སྣམ་བུའི་སྣལ་མ་ལ་སོགས་པ་རྣམས་རྒྱུར་གྱུར་པར་མི་འགྱུར་རོ། །གཉིས་ཀའི་བདག་ཉིད་ནི་འབྲས་བུར་མི་འགྱུར་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །གང་ཡོད་པ་དེ་ནི་མེད་པ་མ་ཡིན་ཞིང་གང་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་ཡོད་པ་དང་འབྲས་བུ་མེད་པ་དང་འབྲས་བུ་ཡོད་པ་དང་མེད་པར་མི་འགྱུར་རོ་ཞེས་གྲུབ་པོ། །སྨྲས་པ། འདིར་རྒྱུ་བཀག་པས་འབྲས་བུ་ཡང་བཀག་པར་འགྱུར་རོ། །གཉིས་ཀ་བཀག་པའི་ཕྱིར་ཐམས་ཅད་མེད་པར་གྲུབ་བོ་ཞེ་ན། སྨྲས་པ། འདིར་ཐམས་ཅད་མེད་པ་མ་ཡིན་ཏེ་གཞན་ལ་ལྟོས་པའི་ཕྱིར་རོ། །འདིར་རྒྱུ་ལ་རྒྱུ་ཉིད་གང་ཡིན་པ་དེ་ནི་འབྲས་བུ་ལ་ལྟོས་ནས་ཡོངས་སུ་

DTG012_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པ་སྟེ་འབྲས་བུ་ཡང་རྒྱུ་ལ་ལྟོས་ནས་སོ། །དེ་ལྟར་གཞན་ལྟོས་པའི་ཕྱིར་གཉིས་ཀ་ཡང་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་ཀ་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་འབྲས་བུ་མེད་དེ་དེ་མེད་ན་རྒྱུ་མེད་དོ། །རྒྱུ་ནི་འབྲས་བུ་ལ་ལྟོས་བའི་ཕྱིར་ངེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ་ངེས་པ་མེད་པ་ཉིད་ཡིན་པ་དེའི་ཕྱིར་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དབང་ཕྱུག་ལ་སོགས་པའི་རྒྱུ་ཐམས་ཅད་ངེས་པ་མེད་པ་ཉིད་དང་རྒྱུ་མ་ཡིན་པ་ཉིད་དུ་གྲུབ་བོ། །སྨྲས་པ། རྒྱུ་དང་འབྲས་བུ་ནི་ལྟོས་པ་ཅན་གྲུབ་པ་མ་ཡིན་ཏེ་རྒྱུ་གང་ཡིན་པ་དེ་ཉིད་རྒྱུ་ཉིད་དང་འབྲས་བུ་གང་ཡིན་པ་དེ་ཉིད་ནི་འབྲས་བུ་ཉིད་དུ་གྲུབ་བོ་ཞེ་ན། སྨྲས་པ། འདིར་ཁྱོད་ཀྱི་འདོད་པ་ལས་གྲུབ་ཅིང་བདག་གི་ལས་མ་ཡིན་པ་ནི་ཤིན་ཏུ་མི་བཟད་པའོ། །གལ་ཏེ་ཁྱོད་ཀྱི་འདོད་པ་ལས་གྲུབ་ན་དེའི་ཚེ་བདག་གི་ཡང་འདོད་པ་ལས་ཁྱོད་ཀྱི་ཡོད་པ་གང་ཡིན་པ་དེ་ནི་བདག་གི་མེད་པར་གྲུབ་སྟེ་རིག་པ་རྣམ་པར་སྤངས་པའི་ཕྱིར་རོ། །སྨྲས་པ། ཡིད་ཆེས་ལུང་ལས་དམ་ཚིག་འདི། །དམ་ཚིག་མ་གྲུབ་དམ་ཚིག་ཅེས། །བརྗོད་པ་དག་ནི་མི་འཐོབ་སྟེ། །བསྟན་བཅོས་རིག་པ་རྣམས་ཀྱིས་གསུངས་ཞེས་དང༌། འགའ་ཞིག་གི་ཚེ་རིགས་པ་བརྗོད་པ་སྨྲས་པ། འདིར་ཉེ་པར་ལེན་པའི་རྒྱུ་ལས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ནུས་པའི་རྒྱུ་ནུས་པ་ཅན་ལས་འབྲས་བུ་ཡོད་པ་གྲུབ་པོ་ཞེ་ན། སྨྲས་པ། འདིར་ཁྱོད་ཀྱི་གཏན་ཚིགས་ནི་དོན་མེད་དོ། །ཇི་ལྟར་གལ་ཏེ་ཁྱོད་ཀྱི་ཕྱོགས་སྒྲུབ་པར་བྱེད་པའི་མཚན་ཉིད་ཐོབ་པ་དེའི་ཚེ་བདག་གི་ཕྱོགས་ཀྱང་སྒྲུབ་པར་འགྱུར་ཞིང༌། ཅི་སྟེ་ཁྱོད་ཀྱི་ཕྱོགས་སུན་འབྱིན་པའི་མཚན་ཉིད་ཐོབ་པ་དེའི་ཚེ་བདག་གི་ཕྱོགས་ཀྱང་སུན་འབྱིན་པར་འགྱུར་ཏེ། དཔེར་ན་མེ་འདི་ནི་གཉིས་ཀ་སྲེག་པར་བྱེད་ཀྱི་གཅིག་མ་ཡིན་པ་བཞིན་ནོ། །འདིར་དཔེར་ན་སྒྲ་སྨྲ་བ་པོ་རྣམས་ཀྱིས་དམ་བཅའ་བ་ནི་སྒྲ་རྟག་པའོ། །གཏན་ཚིགས་གང་ཞེ་ན། ལུས་ཅན་མ་ཡིན་པའི་ཕྱིར་རོ། །དཔེ་གང་ཞེ་ན་ནམ་མཁའ་བཞིན་ནོ། །གང་གི་ཕྱིར་ཇི་ལྟར་ནམ་མཁའ་ལུས་ཅན་མ་ཡིན་པ་ཉིད་ཀྱིས་རྟག་པ་དེ་བཞིན་དུ་སྒྲ་ཡང་ཡིན་ནོ། །དེའི་ཕྱིར་སྒྲ་རྟག་པར་གྲུབ་བོ་ཞེ་ན། སྨྲས་པ། འདི་ནི་དམ་བཅའ་པ་མ་

DTG012_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གཞན་ཡང་སྨྲ་བར་འགྱུར་པ་སྒྲ་མི་རྟག་གོ །གཏན་ཚིགས་གང་ཞེ་ན་བྱས་པའི་ཕྱིར་རོ། །དཔེ་གང་ཞེ་ན་བུམ་པ་བཞིན་ནོ། །གང་གི་ཕྱིར་ཇི་ལྟར་བུམ་པ་ས་དང་དབྱིག་གུ་དང་འཁོར་ལོ་དང་སྐུད་པ་དང་སྐྱེས་བུའི་རྩོལ་བས་བྱས་པ་དེ་བཞིན་དུ་སྒྲ་ཡང་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པ་དེའི་ཕྱིར་སྒྲ་མི་རྟག་པར་གྲུབ་པོ། །དེས་ན་ཟོལ་གྱི་གཏན་ཚིག་ཙམ་ལས་འབྲས་བུ་འགྲུབ་པར་མི་འགྱུར་རོ། །གང་གིས་ཇི་ལྟ་བ་དེ་བཞིན་དུ་བརྗོད་པ་དེ་ནི་ཚད་མར་འགྱུར་གྱི་ཟོལ་གྱི་གཏན་ཚིགས་ལས་ནི་མ་ཡིན་ནོ། །དེ་ལྟར་གཏན་ཚིགས་དོན་མེད་དོ། །གཞན་ཡང་བསྒྲུབ་བྱ་རྣམས་ཀྱིས་དམ་བཅའ་བ་དང་འགལ་པས་གཏན་ཚིགས་ནི་སྒྲུབ་བྱེད་དུ་མི་འགྱུར་རོ། །འདིར་གང་གི་དུས་ན་དམ་བཅའ་བ་ཡོད་པ་དེའི་དུས་ན་གཏན་ཚིགས་མེད་དོ། །གང་གི་དུས་ན་གཏན་ཚིགས་ཡོད་པ་དེའི་དུས་ན་དམ་བཅའ་མེད་དོ། །དེས་ན་དམ་བཅའ་མེད་པའི་གཏན་ཚིགས་འདི་གང་གི་ཡིན་ཏེ། ཅིག་ཅར་བའི་ཆོས་ཅན་མ་ཡིན་པའི་ཕྱིར་རོ། །གང་གི་དུས་ན་པྲ་ཡིག་ཡོད་པ་དེའི་དུས་ན་ཏི་ཡིག་དང་ཛྙཱ་ཡིག་མེད་དོ། །དེ་བཞིན་དུ་པ་ཡིག་དང་ར་ཡིག་དང་ཨ་ཡིག་སྟེ་པྲ་ཡིག་གི་ཇི་ལྟ་བ་བཞིན་དུ་ཡི་གེ་ཡི་གེའིའོ། །མ་སྐྱེས་པའམ་ཤི་བའི་བུས་བྱ་བ་བྱེད་པར་མི་ནུས་ཏེ་དེ་བཞིན་དུ་གཏན་ཚིགས་ཀྱིས་ཀྱང་ངོ༌། །དེའི་ཕྱིར་རྒྱུ་ལ་བརྟེན་ནས་འབྲས་བུར་མི་འགྱུར་ཏེ་རྒྱུ་མེད་པ་ལས་གྲུབ་པའི་ཕྱིར་རོ། །རྒྱུ་མེད་པ་ལས་ཞེས་པ་ནི་རྒྱུ་དང་བྱེད་པ་ཞེས་པ་དོན་གཞན་མ་ཡིན་ནོ། །དེ་ལྟར་རྒྱུ་ལས་འབྲས་བུར་མི་འགྱུར་ཏེ་རྒྱུ་མེད་པ་ལས་ཀྱང་འབྲས་བུར་མི་འགྱུར་རོ། །དེའི་ཕྱིར་འབྲས་བུ་ནི་རང་ལས་མ་ཡིན་གཞན་ལས་མ་ཡིན་གཉིས་ཀ་ལས་མ་ཡིན་རྒྱུ་མེད་པ་ཅན་ཡང་མ་ཡིན་ནོ་ཞེས་གྲུབ་སྟེ་བྱེད་པ་པོ་དང་བྱེད་པ་རྟག་པ་སུན་དབྱུང་བའོ། །ད་ནི་བདག་སུན་དབྱུང་བ་གསུངས་པ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ་འདིར་གལ་ཏེ་བདག་ནི་ཀུན་དུ་འགྲོ་ན་གཉེན་དང་བྲལ་བའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བར་འགྱུར་ཞེས་པ་ནི། འདིར་གལ་ཏེ་བདག་ཐམས་ཅད་དུ་འགྲོ་བདེ་གཅིག་པུར་གྱུར་ན་དེ་ལས་གཉེན་དང་བྲལ་བའི་སྡུག་བསྔལ་དུ་

DTG012_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཞིང༌། སེམས་ཅན་གཅིག་གི་སྡུག་བསྔལ་གྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་འགྱུར་ཏེ་བདག་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་བདག་དུ་མ་ཡིན་ན་དེའི་ཚེ་བདག་དུ་མ་རྣམས་ཐམས་ཅད་དུ་འགྲོ་བ་ཉིད་མེད་དོ། །གལ་ཏེ་འདི་ནི་རྟག་པར་གྱུར་ན་འདོད་པའི་མདའ་ཡིས་བསྣུན་པའི་གནས་སྐབས་ཉིད་དུ་ཅིས་རབ་འགྱུར་ཞེས་པ་ནི་འདིར་རྟག་པ་གང་ཡིན་པ་དེ་ལ་གནས་སྐབས་གཞན་མེད་དེ་རྣམ་པར་འགྱུར་པ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་འདོད་པའི་མདའ་ཡིས་བསྣུན་པས་འདོད་པའི་གནས་སྐབས་རྣམ་པ་བཅུ་པོ་འདིར་ཇི་ལྟར་འགྱུར། དེའི་ཕྱིར་བདག་ནི་མི་རྟག་པར་རྟོགས་པར་བྱ་སྟེ་རྣམ་འགྱུར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །གལ་ཏེ་བྱ་བ་དང་བཅས་པར་གྱུར་ན་གཉིད་ལོག་དུས་སུ་འདི་ནི་རྨོངས་པ་ཉིད་དུ་ཅི་ལྟར་འགྲོ་ཞེས་པ་ནི་འདིར་སད་པའི་དུས་སུ་སད་པའི་གནས་སྐབས་ཀྱི་མཚན་ཉིད་ཀྱི་བྱ་བ་དང་བཅས་ཤིང༌། དང་ཡིག་ལས་རྟག་པ་ཡང་ཡིན་ན་དེའི་ཆོ་ག་ཉིད་ལོག་པའི་དུས་སུ་བྱ་བ་དང་བྲལ་བ་རྨོངས་པ་ཉིད་དུ་ཇི་ལྟར་འགྲོ་།དེ་ལྟར་ངེས་པར་མཐའ་གཅིག་ཏུ་རྣམ་པར་དཔྱད་ན་བདག་འདི་ནི་ཀུན་ཏུ་འགྲོ་བར་འགྱུར་པ་མ་ཡིན་ཞིང་ཁྱབ་བདག་གཙོ་བོ་རྟག་པ་ཡང་མ་ཡིན་ལ་བྱ་བ་དང་བཅས་པ་ཡང་མ་ཡིན་ནོ་ཞེས་གྲུབ་པོ། །ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་གསུངས་པ་བདག་མེད་ཅེས་པ་ལ་སོགས་པ་སྟེ་འདིར་རྟེན་ཅིང་འབྲལ་པར་འབྱུང་བའི་ཆོས་རྣམས་ནི་འགོག་པ་ལས་སྐྱེ་བ་དང་སྐྱེ་བ་ལས་འགོག་པའོ། །དེ་ལྟར་འགོག་པའི་ཆོས་རྣམས་ལ་བདག་མེད་དེ་བདག་གི་བ་མེད་པའི་ཕྱིར་རོ། །སྐྱེ་བའི་ཆོས་རྣམས་འབྱུང་བ་ཡོད་དེ་སླར་ཡང་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར་རོ། །འདི་དག་ནི་ཁ་ཐོན་ལ་སོགས་པའི་དཔས་གྲུབ་སྟེ་འཆད་པར་འགྱུར་པ་ལས་བརྗོད་པར་བྱའོ། །དགེ་དང་མི་དགེའི་འབྲས་བུ་ཡོད་དེ་ཞེས་པ་ནི་སྐྱེ་བའི་ཆོས་རྣམས་ལ་དགེ་བ་དང་མི་དགེ་བའི་འབྲས་བུ་ཡོད་པའོ། །འགོག་པའི་ཆོས་རྣམས་ལ་མེད་པས་ན་བྱེད་པ་པོ་ཡིས་རྣམ་པར་དམན་ཏེ་བྱེད་པ་པོ་དང་བྲལ་བའོ་ཞེས་པའི་དོན་ཏོ། །འགོག་པའི་ཆོས་ཀྱི་ཚོགས་འགྲོ་བ་པོ་མེད་དོ། །མ་

DTG012_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་ནི་མཐའ་དག་གོ །ཐར་པའི་སླད་དུ་འགྲོ་བ་ཡོད་དེ་གཞན་དག་སྟེ་གཞན་ནི་དེའི་རང་བཞིན་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འཆིང་བ་ཡོད་དེ་བཅིངས་པ་མེད་ཞེས་པ་ནི་འདིར་སྐྱེ་བའི་ཆོས་རྣམས་ལ་འཆིང་བ་ཡོད་དོ། །འགོག་པའི་ཆོས་རྣམས་ལ་བཅིངས་པ་མེད་དོ། །དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད་ཅེས་པ་ནི་འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་མེད་ཅིང་རྫས་ཀྱི་རྣམ་པར་རྟོག་པ་དང་བྲལ་པ་པྲ་ཕབ་བ་དང་མཚུངས་པ་སྐད་ཅིག་རྣམ་བྲལ་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ། །འདི་དག་བདག་གི་སྟེ་གདོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཚིག་གང་ཡིན་པ་དེ་ནི་ལྷ་དང་གདེངས་ཅན་རྣམས་ཀྱིས་གདོན་བཅས་ཚིག་གིས་འཇོམས་མི་འགྱུར་འདིར་དཔེར་ན་གདོན་གྱིས་བཟུང་བའི་གྱད་ཀྱིས་གདོན་ལས་གྲོལ་བའི་གྱད་གཞོམ་པར་མི་ནུས་སོ། །དེ་བཞིན་དུ་རྣམ་པར་རྟོག་པའི་གདོན་གྱིས་བཟུང་བས་རྣམ་པར་རྟོག་པའི་གདོན་ལས་གྲོལ་བ་གཞོམ་པར་མི་ནུས་སོ། །བདག་མེད་པ་ལ་སོགས་པ་གྲུབ་པའོ། །འདི་ནི་མདོར་བསྡུས་པས་གསུངས་པ་སྟེ་རྒྱས་པར་ལུད་རྒྱ་ཆེན་པོ་ལས་ཤེས་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པའི་འདོད་པ་སུན་དབྱུང་བ་གསུངས་པ་གང་ཞིག་དེ་ཉིད་ཅེས་པ་ལ་སོགས་པ་སྟེ་འདིར་མུ་སྟེགས་སངས་རྒྱས་པ་གང་དག་ཕྱོགས་ཡོངས་སུ་འཛིན་ཏོ། །རང་གི་ཕྱོགས་འཛིན་པ་དེས་གཞན་གྱི་ཕྱོགས་འཛིན་པར་བྱེད་པར་འགྱུར་ཏེ་བྱིས་པའི་བློ་ཅན་དེ་དག་རྣམས་ཀྱིས་དེའི་ཆོས་ཀྱིས་སམ་དེའི་ཆོས་མི་མཐུན་པས་སོ། །འདིར་བྱེ་བྲག་སྨྲ་བ་གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་དག་གིས་ཉམས་ཞེས་ང་ནི་འདིར་གལ་ཏེ་གང་ཟག་གི་ནང་དུ་འདུས་པ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་ཡོད་ན་དེའི་ཚེ་རང་བཞིན་བརྗོད་པར་བྱའོ། །ཅི་ཤེས་པའི་རང་བཞིན་ནམ་མི་ཤེས་པའི་རང་བཞིན་ཡིན་གལ་ཏེ་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་མི་རྟག་སྟེ་འདིར་བུམ་པའི་ཤེས་པ་འགག་པ་ན་སྣམ་བུའི་ཤེས་པ་འབྱུང་བར་

DTG012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེའི་ཕྱིར་མི་རྟག་གོ །ཅི་སྟེ་མི་ཤེས་པའི་རང་བཞིན་ཡིན་ན་དེའི་ཚེ་མི་ཤེས་པ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རིག་པ་མེད་དོ། །དེས་ན་བྱེ་བྲག་སྨྲ་བ་དེ་ནི་དེའི་རང་བཞིན་རྣམ་པར་དཔྱད་ན་ཉམས་སོ། །འདིར་ཁུར་ཁུར་པའི་གང་ཟག་ཡོད་དེ་རྟག་པར་ཡང་བདག་མི་སྨྲ་ཞིང་མི་རྟག་པར་ཡང་བདག་གིས་མི་སྨྲའོ་ཞེས་པ་བཅོམ་ལྡན་འདས་ཀྱི་གསུངས་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ལེའུ་ལས་རྒྱུ་ཆེར་བརྗོད་པར་བྱའོ། །ཀུན་རྫོབ་དག་གིས་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་འདོད་པའོ། །འདིར་ཀུན་རྫོབ་ཀྱིས་སྔོན་པོ་ལས་སོགས་པའི་དོན་འཛིན་པའི་དོན་སྨྲ་བ་པོ་ནི་ཉམས་སོ། །ཇི་ལྟར་ཞེ་ན་དོན་དམ་པ་ཡེ་ཤེས་ཀྱི་སྐུ་མ་རིག་སྟེ་མོ་གཤམ་གྱི་བུ་བཞིན་དུ་མེད་པ་དག་ཏུ་འདོད་པས་སོ། །དེ་བཞིན་དུ་སྨྲ་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཤེས་པ་རྣམས་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དག་ནི་ནམ་མཁའ་བཞིན། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཅེས་སོ། །དེས་ན་ཐོགས་པ་མེད་པའི་གཟུགས་དུས་གསུམ་རིག་པར་བྱེད་པ་པོ་གལ་ཏེ་མར་མེ་རྣལ་བ་དང་མཚུངས་པ་ཡིན་ན་དེའི་ཚེ་ཐོགས་པ་མེད་པའི་གཟུགས་མེད་པའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །སྐུ་བཞི་མ་གཏོགས་པ་ཉི་ཆོ་བའི་སྐུས་སངས་རྒྱས་ཉིད་དུ་མི་གྱུར་རོ། །འདིར་ཐོགས་པ་མེད་པའི་སྐུད་དང་བྲལ་བའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་པའི་དུ་འཕྲུལ་སྟོན་པར་མི་འགྱུར་རོ། །ཐམས་ཅད་ཀྱི་སྐད་ཀྱི་གསུང་དུ་མི་འགྱུར་རོ། །གཞན་གྱི་སེམས་མཁྱེན་པར་ཡང་མི་འགྱུར་རོ། །ལྷའི་མིག་ལ་སོགས་པ་ཐམས་ཅད་དང་འབྲས་བུ་མེད་པར་འགྱུར་རོ་ཞེས་པ་ནི་མདོ་སྡེ་པའི་འཛིན་པའི་སྐྱོན་ནོ། །ད་ནི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་འཛིན་པའི་སྐྱོན་གསུངས་པ། སྲིད་གསུམ་མཐའ་དག་རྣམས་པར་ཤེས་པ་ཉིད་དུ་སྨྲ་པ་ཡང་རྣམ་པར་ཤེས་པ་འདོད་པར་

DTG012_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅེས་པ་སྟེ་སྨྲས་པ། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །དེའི་ཕྱིར་གཅིག་དང་དུ་མའི་རང་བཞིན་གྱིས་རྣམ་པར་ཤེས་པ་རྣམ་པར་དཔྱད་པས་བྲལ་བའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་པོ་ཉམས་སོ། །འདིར་ཁམས་གསུམ་པ་ནི་རྣམ་པར་ཤེས་པ་ཙམ་མོ། །གལ་ཏེ་རྣམ་པར་ཤེས་པ་ལས་གཞན་ཕྱི་རོལ་གྱི་དངོས་པོའི་རང་གཟུགས་མེད་ན་དེའི་ཚེ་འཛིན་པ་མིག་གི་རྣམ་པར་ཤེས་པ་ལ་ཕྱིར་རོལ་གྱི་གཟུགས་ཇི་ལྟར་གཟུང་བའི་རང་བཞིན་གྱིས་རབ་ཏུ་སྣང༌། སྨྲས་པ། མ་རིག་པའི་བག་ཆགས་ཀྱི་དབང་གིས་སོ་ཞེས་ན། སྨྲས་པ། ཅི་མ་རིག་པ་འདི་ཁམས་གསུམ་པའི་མཚན་ཉིད་ཅན་མ་ཡིན་ནམ། གལ་ཏེ་མ་རིག་པ་ཁམས་གསུམ་པའི་མཚན་ཉིད་ཅན་མ་ཡིན་ན་དེའི་ཚེ་འཁོར་བ་ལས་འདས་པའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་ན་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་མ་རིག་པ་འདི་ནི་འཁོར་བའི་བག་ཆགས་སོ། །འཁོར་བ་ལ་ཡང་སྲིད་པ་གསུམ་གྱི་མཚན་ཉིད་དེ་སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ཡང་རྣམ་པར་ཤེས་པ་ཙམ་སྟེ་དེ་ལྟར་མ་རིག་པ་རྣམ་པར་ཤེས་པ་ཙམ་དང་རྣམ་པར་ཤེས་པ་ཙམ་དེའི་བདག་ཉིད་ཡིན་ན། དེའི་བདག་ཉིད་ཡིན་པའི་ཕྱིར་མ་རིག་པ་དང་བྲལ་བ་མེད་དེ་རྣམ་པར་ཤེས་པ་ནི་མ་རིག་པ་ཙམ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཁམས་གསུམ་པ་རྣམ་པར་ཤེས་པ་ཙམ་མ་ཡིན་ན་དེའི་ཚེ་དམ་བཅའ་བ་ཉམས་ཏེ་ཁམས་གསུམ་པ་ཙམ་དུ་མ་གྲུབ་པོ། །ད་ནི་སྐད་ཅིག་འཇིག་པ་དང་སྐྱེ་བའི་སྐྱོན་གསུངས་པ་འདི་ནི་ཆོས་རྣམས་སྐད་ཅིག་མ་གཅིག་ལ་འཇིག་པ་དང་སྐྱེ་བར་འགྱུར་པ་གང་ཡིན་པ་དེ་ཅིག་གནས་པ་མེད་པར་རམ། །གལ་ཏེ་གནས་པ་མེད་པར་འཇིག་པ་དང་སྐྱེ་བར་འགྱུར་ན་དེའི་ཚེ་རི་བོང་གི་རྭ་ལ་ཡང་འགྱུར་རོ། །ཅི་སྟེ་སྐྱེས་པ་ལས་གནས་ཤིང་གནས་པ་ལས་འཇིག་སྟེ་ཞིག་པ་ལས་སྐྱེ་བ་དེ་ལྟར་ན་གནས་པ་དང་འཇིག་པ་དང་སྐྱེ་བ་རྣམས་གཅིག་ཉིད་མེད་དེ་མཚན་ཉིད་ཐ་དད་པས་རྟོགས་པར་བྱའོ།། འདིར་གང་གི་དུས་ན་གནས་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་

DTG012_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་མེད་དོ། །གང་གི་དུས་ན་འཇིག་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་གནས་པ་མེད་དོ། །གང་གི་དུས་ན་སྐྱེ་བ་ཡོད་པ་དེའི་དུས་ན་གནས་པ་དང་འཇིག་པ་མེད་དོ། །དུས་ཞེས་པ་ནི་སྐད་ཅིག་གོ །གལ་ཏེ་དུས་གཅིག་ལ་ཡིན་ན་སྐྱེ་བ་དང་རྒ་བ་དང་འཆིང་བ་རྣམས་གཅིག་པ་ཉིད་དོ་ཞེས་པ་ལས་གཞན་པ་ཅི་འདིར་གང་དུ་སྐད་ཅིག་གཅིག་ལ་ཆོས་ཀྱི་སྐྱེ་བ་དང་འཇིག་པ་དེ་ཅི། །ཆོས་སྔ་མ་འགགས་པ་ལས་སམ་འོན་ཏེ་མ་འགགས་པའི་ཆོས་ལས་ཆོས་ཕྱི་མ་སྐྱེ། གལ་ཏེ་འགགས་པའི་ཆོས་ཅན་ལས་སྐྱེ་ན་དེའི་ཚེ་འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེའོ། །ཅི་སྟེ་མ་འགགས་པ་ལས་སྐྱེ་ན་དེའི་ཚེ་མ་འགགས་པའི་མར་མེ་ལས་མར་མེ་སྐྱེ་བ་བཞིན་དུ་དེ་ལས་གཞན་སྐྱེའོ། །དེ་ལྟར་སྐྱེས་པས་ལས་སྐྱེ་བས་ན་མར་མེའི་ཕྲེང་བ་བཞིན་དུ་རྣམ་པར་ཤེས་པའི་ཕྲེང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་སྔ་མ་མ་འགགས་པ་ལས་གཞན་སྐྱེ་བ་བརྗོད་པར་མི་ནུས་ཏེ་འགགས་པ་ལས་ཀྱང་ངོ༌། །འདྲེས་པ་ལས་ཀྱང་མ་ཡིན་ཏེ་དེ་དག་ཕན་ཚུན་འགལ་བས་གཅིག་པ་ཉིད་མེད་དོ། །དེའི་ཕྱིར་དབུ་མ་པས་སྨྲས་པ། རྣམ་པས་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག་ཅེས་སོ། །གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །དེ་གང་ཞེ་ན། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པ་སྨྲ་བ་སྟེ་འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་བའོ། ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ད་ནི་སྔ་མའི་ལས་ཉེ་བར་ལོངས་སྤྱོད་པ་དང༌། ད་ལྟར་གྱི་ལ་སོགས་པ་ལ་དགག་པ་གསུངས་པ། སྐྱེ་བོ་ཞེས་པ་ལ་སོགས་པ་སྟེ་འདིར་གང་དག་གི་འདོད་པ་ལས་སྔར་བྱས་པའི་ལས་རྣམས་སྐྱེ་བོ་བོ་ལོངས་སྤྱོད་ཅིང་སྐྱེ་བ་འདི་ལ་བྱས་པ་རྣམས་ནི་སྐྱེ་བ་གཞན་ལའོ་ཞེས་སོ། །གལ་ཏེ་དེ་ལྟ་ཡིན་ན་དེའི་ཚེ་ལས་ནི་འཇིག་པར་མི་འགྱུར་ཏེ་མི་རྣམས་སྐྱེ་དང་སྐྱེ་བ་གཞན་དག་གི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་

DTG012_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ལྟར་ན་དཔག་མེད་སྲིད་པ་དག་གིས་འཁོར་བ་ལས་ནི་འབྱུང་བར་འགྱུར་པ་མེད་ཅིང་ཐར་པར་འཇུག་པ་མེད་པ་ཉིད་དུ་འགྱུར་རོ། །འདི་དག་སྟག་གཟིག་རྣམས་ཀྱང་ངེས་པར་འདོད་པར་འགྱུར་ཏེ། འོ་ན་ཀྱང་གཞན་པའི་རིགས་ཀྱིས་རབ་ཏུ་དམན་པའོ་ཞེས་པ་ལ་ཀླ་ཀློ་སྟག་གཟིགས་རྣམས་ཀྱི་འདོད་པ་ནི་མི་ཤི་བ་དག་མཐོ་རིགས་སམ་དམྱལ་བར་མིའི་ལུས་འདིས་བདེ་བའམ་སྡུག་བསྔལ་ལོངས་སྤྱོད་དེར་ཧྨ་ནའི་ངེས་པས་ལས་སོ་ཞེས་པའོ། །དེའི་ཕྱིར་གཞན་པའི་རིགས་ཀྱིས་རབ་ཏུ་དམན་པའོ་ཞེས་པ་སྟེ་ངེས་པའོ། །ད་ནི་ཚུ་རོལ་མཛེས་པའི་འདོད་པ་སུ་ན་དབྱུང་བ་གསུངས་པ་གལ་ཏེ་འབྱུང་བ་ཞེས་པ་ལ་སོགས་པ་སྟེ་འདིར་གལ་ཏེ་སྔར་བརྗོད་པ་ས་ལ་སོགས་པའི་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཨ་རུ་ར་དང་བུ་རམ་དང་དྷཱ་ཏ་ཀཱི་ཡང་དག་པར་སྦྱོར་བ་ལས་ཆང་གི་ནུས་པ་བཞིན་དུ་མི་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་འབྲུག་ན་དེའི་ཚེ་ས་ལ་སོགས་པ་གཅིག་ཏུ་གྱུར་པའི་ཤིང་རྣམས་ལ་འབྱུང་བ་ཡང་དག་པད་སྦྱོར་བ་ལས་དབང་པོ་དང་བཅས་པའི་སེམས་སུ་ཅིའི་ཕྱིར་མི་འགྱུར། ཅི་སྟེ་བརྟན་པ་འདི་རྣམས་ལ་སྐྱེ་བོའི་ནུས་པ་མེད་དོ་ཞེ་ན། དེའི་ཚེ་འབྱུང་བ་ཡང་དག་པར་སྦྱོར་བའི་ནུས་པ་ཞེས་པ་མཆོག་ཏུ་རྫུན་ནོ། །དེའི་ཕྱིར་ཚུ་རོལ་མཛེས་པའི་ཚིག་འདི་དག་ནི་མི་རྣམས་དག་ལ་བདེ་བའི་འབྲས་བུ་སྟེར་མིན་ལམ་ཉམས་སོ་ཞེས་པ་སྟེ། འཇིག་རྟེན་རྒྱང་འཕེན་པ་སུན་དབྱུང་བའི་ངེས་པའོ། །ད་ནི་ཟད་བྱེད་པའི་འདོད་པ་སུན་དབྱུང་བ་གསུངས་པ་སྲོག་ཅེས་པ་ལ་སོགས་པ་སྟེ་འདིར་གལ་ཏེ་ཟད་བྱེད་པའི་འགྲུབ་པའི་མཐའ་ལས་སྲོག་ནི་རྟག་པ་སྟེ་དེ་ཡང་ལུས་ཀྱི་ཚད་དོ་ཞེས་གྲུབ་པོ་ཞེ་ན། དེའི་ཚེ་ལུས་ཀྱི་ཆ་ཤས་ལག་པ་དང་རྐང་པ་ལ་སོགས་པ་བཅད་པར་འགྱུར་ན་ཉམས་པར་འགྱུར་རམ་ཅི། བཅད་པའི་ལུས་ཀྱི་ཆ་ཤས་མེད་པའི་ཕྱིར་རོ། །རྟག་པ་དག་ནི་ལུས་ཀྱི་མཐུ་ལས་ཕྲ་མོ་བཟུང་བ་ལས་ཕྲ་མོར་འགྱུར་ཞིང་ལུས་སྦོམ་པོ་བཟུང་བ་ལས་སྦོམ་པོར་ཡང་ནི་རབ་ཏུ་འགྱུར་རམ་ཅི་ཞེས་པའོ། །འདིར་གང་ཞིག་རྟག་པ་དེ་ནི་རྣམ་པར་འགྱུར་པ་ཅན་མ་ཡིན་ལ་གང་ཞིག་རྣམ་པར་འགྱུར་པ་ཅན་དེ་ནི་རྟག་པ་མ་ཡིན་ནོ་ཞེ་ན། སྨྲས་པ། རྫས་དང་རྣམ་གྲངས་དག་ལ་རྟག་པ་དང་མི་རྟག་པ་ཞེས་བརྗོད་པར་འགྱུར། སྨྲས་པ། ཇི་ལྟར་གསེར་དང་རྣ་རྒྱན་དག་རྟག་

DTG012_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་རྟག་པ་དེ་བཞིན་དུ་རྫས་དང་རྣམ་གྲངས་དག་ལ་སྲོག་གི་རྫས་རྟག་པ་དང་རྣམ་པར་འགྱུར་པ་མི་རྟག་པ་ཞེས་ཀྱང་བརྗོད་པར་འགྱུར་རོ། །དེ་བཞིན་དུ་གྲུབ་པའི་མཐའ་སྨྲས་པ། ལ་ལར་སྲོག་ནི་སྟོབས་ལྡན་ཞིང༌། །ལ་ལར་ལས་ནི་སྟོབས་ལྡན་འགྱུར། །དེ་ལྟར་སྲོག་དང་ལས་དག་ལ། །ཁོན་ནི་སྔོན་དུ་བཅིངས་པའོ་ཞེས་པ་སྟེ། ཚིགས་སུ་བཅད་པ་འདིའི་དོན་སྨྲས་པ་ནི་ལ་ལར་ཞེས་པ་ཐར་པའི་ཡུལ་ལ་སྲོག་ནི་སྟོབས་དང་ལྡན་ཏེ་ཡེ་ཤེས་འབའ་ཞིག་གི་སྟོབས་ཀྱིས་སོ། །ལ་ལར་ཏེ་འགྲོ་བ་བཞིའི་འཁོར་བའི་ཡུལ་ལ་ལས་སྟོབས་དང་ལྡན་ཏེ་མི་ཤེས་པའི་སྟོབས་ཀྱིས་སོ། །དེ་ལྟར་སྲོག་དང་ལས་དག་ལ་ཡང་ཁོན་ན་ནི་སྔོན་ཐོག་མ་མེད་པའི་དུས་སུ་བཅིངས་པའོ་ཞེས་གྲུབ་བོ། །དེ་ལྟར་རྫས་སྐྱེ་བ་དང་འཇིག་པའི་བདག་ཉིད་ནི་རང་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ་རྣམ་པ་གཞན་དུ་གྲུབ་པ་མེད་དོ་ཞེས་པ་ནི་གྲུབ་པའི་མཐའོ་ཞེ་ན། སྨྲས་པ། རྫས་དང་རྣམ་གྲངས་དག་གཅིག་ཉིད་དམ་གཞན་ཉིད། འདིར་གལ་ཏེ་གཅིག་ཉིད་ཡིན་ན་དེའི་ཚེ་རྫས་དང་རྣམ་གྲངས་དག་ལ་དབྱེ་བ་མེད་དོ། །ཅི་སྟེ་གཞན་ཉིད་ཡིན་ན་དེའི་ཚེ་རྫས་མེད་པར་རྣམ་གྲངས་སུ་འགྱུར་ཏེ་སྐུད་པ་མེད་པའི་སྣམ་བཅུ་མཐོང་བར་འགྱུར་པ་དེ་ལྟར་ཡང་མ་ཡིན་ནོ། །དེ་བཞིན་དུ་རིགས་དང༌། གསལ་བདག་ལ་ཡང་རྟག་པ་དང་མི་རྟག་པ་ཡང་དག་པར་སྦྱོར་བའི་སྐྱོན་ནོ། །འདིར་རྟག་པ་དང་མི་རྟག་པ་དག་གཅིག་པ་ཉིད་ནི་མེད་དེ་ཕ་ཚུན་འགལ་བའི་ཕྱིར་ཏེ་མི་འདྲ་བ་དང་འདྲ་བ་དག་བཞིན་ནོ། །དེ་བཞིན་དུ་འཁོར་བའི་ལས་ལས་གྲོལ་བ་གང་ཞིག་འཇིག་རྟེན་སྟེང་ན་གནས་པ་བདེ་བ་དག་གི་གནས་སུ་འགྲོ་ཞེས་པ་སྟེ་ཟད་བྱེད་པའི་གྲུབ་པའི་མཐའ་ལས་སྲིད་པ་གསུམ་ནི་གཅིག་ཉིད་དེ་གཉིས་སུ་མེད་དོ། །དེས་ན་སྲིད་པ་གསུམ་པོ་འདི་ནི་ཐོག་མ་དང་ཐ་མ་མེད་ཅིང་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཐམས་ཅད་རྡོ་རྗེའི་རང་བཞིན་ཏེ་ནམ་ཡང་འཇིག་པར་མི་འགྱུར་རོ། །གལ་ཏེ་སྲིད་པ་འདི་འཇིག་པར་འགྱུར་ན་དེའི་ཚེ་གཞན་སྲིད་པ་གསུམ་མེད་པའི་ཕྱིར་སྲོག་ཆགས་ཐམས་ཅད་གང་དུ་གནས་པར་འགྱུར། རྒྱུ་དེས་ན་འདི་ནི་རྟག་པ་སྟེ་སྲོག་ཀྱང་རྟག་པའོ། །འཁོར་བ་ལས་གྲོལ་བར་གྱུར་ན་ཐར་པ་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་བདེ་བའི་གནས་གང་ཟག་དང་

DTG012_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བར་འགྲོའོ་ཞེས་པ་གྲུབ་པོ་ཞེ་ན། སྨྲས་པ། འདིར་འཇིག་རྟེན་གསུམ་ཕྲ་རབ་དག་གིས་བསྐྱེད་པ་ཡིན་གྱི་ཕྲ་རབ་མེད་པར་མ་ཡིན་ལ་ཡང་ཡིག་ལས་ཐར་པ་ཡང་ངོ༌། །དེ་ལྟ་ན་ཇི་ལྟར་རྟག་པར་འགྱུར་ཏེ་གང་ཞིག་ཕྲ་རབ་དག་གིས་བཀོད་པ་ནི་རྟག་ཏུ་ཞེས་པ་དུས་ཀུན་དུ་རྟག་པ་སྟེ་བརྟན་པར་ཡང་མི་འགྱུར་ཏེ་སྡུད་པའི་དུས་ཀྱི་དབང་གིས་འཇིག་པར་འགྱུར་རོ། །དེ་འཇིག་པ་ལས་གྲུབ་པ་རྣམས་ཀྱང་འཇིག་པ་འབྱུང་བར་མི་འགྱུར་རོ་ཞེས་པ་གྲུབ་པ་ནི་རིགས་པ་ལས་ཏེ་གཞན་པ་ཅི། འདིར་སྔར་བརྗོད་པའི་སྲོག་གི་ལུས་ཀྱི་ཆ་ཤས་དྲུག་པོ་རྣམས་ཀྱི་ནང་ནས་ནགས་ཀྱི་བདག་པོ་རྣམས་ཀྱི་སྲོག་སྟེ། ཅི་ནགས་ཀྱི་བདག་པོ་སོ་སོ་ལུས་གཅིག་གི་བདེ་བའམ་སྡུག་བསྔལ་ལས་ཀྱི་དབང་གིས་ཉམས་སུ་མྱོང་བར་འགྱུར་རམ། ཅི་སྟེ་དུ་མས་ཡིན། སྨྲས་པ། སྲོག་གཅིག་གིས་གང་ཟག་གཅིག་འཛིན་ཏེ། གང་གི་མཐུས་ནགས་ཀྱི་བདག་པོ་རྣམས་དང་འབྲུལ་སོགས་པ་རྣམས་ལ་སྲོག་ཅེས་པའི་མིང་ངོ༌། །གལ་ཏེ་སྲོག་མེད་ན་དེའི་ཚེ་རྐང་འཐུང་ཞེས་པ་ཇི་ལྟར་གྲུབ་སྲོག་མེད་པའི་ཤིང་སྐམ་ལ་སོགས་པ་རྣམས་ནི་ཆུ་འཐུངས་ནས་མེ་ཏོག་ལ་སོགས་པ་དུས་སུ་བྱེད་པར་མི་འགྱུར་རོ་ཞེས་གྲུབ་པོ་ཞེས་ན། སྨྲས་པ། འདྲི་གལ་ཏེ་གང་ཟག་སོ་སོ་ལ་སྲོག་སོ་སོར་རེ་རེ་ཡོད་ན་དེའི་ཚེ་བུར་ཤིང་གི་དབྱིག་པ་དུམ་བུ་དུམ་བུར་བྱས་པ་ལས་དུམ་བུ་དུ་མར་འགྱུར་ཏེ་དེ་དག་གི་ནང་ནས་དུམ་བུ་གཅིག་ནི་རྟག་ཏུ་སྲོག་དང་བཅས་པ་སྟེ་ལས་ཀྱི་དབང་གིས་བཀུམ་ནས་རབ་ཏུ་ཞུགས་པས་སོ། །འགའ་ཞིག་ནི་ངེས་ཡོངས་སུ་བཏང་བའོ། །རིགས་པས་རྣམས་པར་དཔྱད་ན་དེ་ལྟར་ཡང་མི་འཐད་དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སླར་ཡང་དེ་དག་ས་ལ་བཙུགས་ནས་དུམ་བུ་སོ་སོ་ལ་མྱུ་གུ་ལ་སོགས་པ་མཐོང་བ་དེའི་ཕྱིར་ནགས་ཀྱི་བདག་པོ་རྣམས་ཀྱི་མྱུ་གུ་ལ་སོགས་པ་རྣམས་ཀྱི་ནུས་པ་ནི་དངོས་པོའི་རང་བཞིན་ནོ་ཞེས་གྲུབ་པོ་ཞེས་པ་ནི་ཟད་བྱེད་པ་སུན་དབྱུང་བའི་ངེས་པའོ། །རྒྱ་ཆེ་དུ་མར་ཚད་མའི་བསྟན་བཅོས་དུ་མ་དང་དབུ་མ་པས་མུ་སྟེགས་པ་རྣམས་ཀྱི་གྲུབ་པའི་མཐའ་སུན་དབྱུང་བར་བྱ་སྟེ། གང་ཞིག་ཀུན་རྫོབ་པ་མ་དོན་དམ་པ་སངས་རྒྱས་ཀྱི་གསུང་དང་མཚུངས་པ་དེ་ནི་སུན་དབྱུང་བར་མི་བྱའོ་ཞེས་པ་ནི་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་པ་ལ་སོགས་པ་ཡེ་ཤེས་སླད་དུ་དུས་ཀྱི་འཁོར་ལོས་ས་ལ་

DTG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་རབ་ཏུ་གསལ་མཛད་པ། །འཇམ་དང་སྲ་དང་གཞན་པའི་བག་ཆགས་སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱི་སེམས་ཀྱི་རྗེས་སུ་འབྲང་བ་སྟེ། །སེམས་ནི་ངེས་པར་དངོས་པོའི་ཚོན་གྱིས་ཉེ་བར་གཞག་པ་དག་ལས་ཤེལ་བཞིན་ཚོན་ལྡན་ཉིད་འགྱུར་པ། །གང་ཡིན་དེ་ཕྱིར་རང་གཞན་རིགས་སུ་གྱུར་པའི་ཆོས་ནི་འགའ་ཡང་རྣལ་འབྱོར་བ་ཡིས་སུན་མི་དབྱུང༌། །ཆོས་ནི་སེམས་ཅན་ཕན་པ་ཡུལ་དང་རྣམ་པར་བྲལ་བ་དག་སྟེ་ཆོས་མིན་དག་ཀྱང་གནོད་པའོ། །འཚེ་བའི་རིག་བྱེད་ཚད་མ་ཅན་ནི་བདེ་བའི་འབྲས་བུ་མི་སྟེར་དུས་ཀུན་དུ་ནི་སྡུག་བསྔལ་སྟེར། །དམ་པའི་བྱམས་ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བྱེད་ཅིང་སེམས་ཅན་དེ་ལ་རྗེས་སུ་ཆགས། །དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་དག་དང་མི་བདག་ཡིད་ཀྱིས་རང་བཞིན་མེད་པ་བསྒོམ་པར་བགྱིས། །ལྷ་མིའི་བླ་མ་ང་ནི་མཐོ་རིས་འཇིག་རྟེན་དག་ཏུ་དབང་པོ་ས་སྟེང་དུ་ནི་འཁོར་ལོས་སྒྱུར། །ས་འོག་དག་གུ་ཀླུ་ཡི་རྒྱལ་པོ་གདེངས་ཅན་རིགས་ཀྱིས་བཏུད་དང་ཀུན་དུ་འགྲོ་དང་མཆོག་ང་སྟེ། །ཡེ་ཤེས་སངས་རྒྱས་ཐུབ་དབང་འགྱུར་མེད་མཆོག་དང་ཁྱབ་བདག་རྣལ་འབྱོར་རྣམས་ཀྱི་རྡོ་རྗེ་རྣལ་འབྱོར་དང༌། །རིགས་བྱེད་ཨོཾ་གྱི་ཡི་གེ་གཙང་མ་དག་སྟེ་རྒྱལ་པོ་དངོས་པོ་ཀུན་གྱིས་བདག་ལ་སྐྱབས་སུ་སོང་ཞེས་པ་ནི་སྐྱབས་ཀྱི་ངེས་པའོ། །ད་ནི་ཉི་མའི་ཤིང་རྟས་ཕྱག་བྱས་པ། །ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང༌། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕན་སུམ་ཚོགས་པ་ཡང༌། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་ཏེ་ཉི་མའི་ཤིང་རྟས་བླ་མའི་ཕྱག་གིས་བཅོམ་ལྡན་འདས་འཇམ་དཔལ་ལ་བསྟོད་ནས་ཞབས་གཉིས་པོ་སྤྱི་པོར་བྱས་ཏེ་སླར་ཡང་རང་གི་སྟན་ལ་འཁོད་དོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་རང་དང་གཞན་གྱི་ལྟ་བ་རིགས་པས་རྣམས་པར་དཔྱད་པའི་མདོར་བསྡུས་ཆེན་པོ་སྟེ་བདུན་པའོ།། །།ནང་གི་ལེའུའི་འགྲེལ་བཤད་རྫོགས་སོ། །