Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་གཉིས་པ།


  collapse section
  collapse section
   
   
  collapse section
   
   
གཉིས་པ། བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ།
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   


 
previousགཉིས་པ། བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ།next

གཉིས་པ། བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ།


DTG010_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་མངལ་དུ་འཇུག་པའི་ཚུལ་གྱིས་སྐྱེད་པའི་རིམ་པས་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་དང་ནང་དུ་བསྐྱེད་པའི་མཚན་མ་ནི་ནམ་མཁའི་ཁམས་མཐའ་ཡས་


DTG012_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཤེས་རབ་ཀྱི་ཆོས་འབྱུང་གྲུ་གསུམ་མོ། །ཕྱི་རོལ་དུ་མི་ཡུལ་ལ་རྡོ་རྗེའི་རང་བཞིན་རྩིབས་བཅུ་ཟླུམ་པོ་སྟེ་ནང་དུ་མའི་ལུས་སོ། །དེ་ལ་ཕྱི་རོལ་དུ་ཡོཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ་འོག་དང་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རོཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་འོག་དང་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པའི་བཀྲ་ཤིས་ཀྱིས་མཚན་པའོ། །དེའི་སྟེང་དུ་ཝོཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དཔག་ཚད་འབུམ་ཕྲག་གཉིས་པ་སྟེང་དང་འོག་ཏུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་པདྨས་མཚན་པའོ། །དེའི་སྟེང་དུ་ལོཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་ཁ་དོག་སེར་པོ་གྲུ་བཞི་པ་དཔག་ཚད་འབུམ་ཡོད་པ་འོག་དང་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷུན་པོ་ཆེན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱར་སྟོང་ཕྲག་བཅུ་དྲུག་དང་སྟེང་ལ་སྟོང་ཕྲག་ལྔ་བཅུ་པའོ། །དེའི་དབུས་སུ་ཀྵོཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷུན་པོའི་ཚད་ཕྱེད་ཀྱིས་སྣ་ཚོགས་ཆུ་སྐྱེས་སོ། །དེའི་སུམ་ཆ་ནི་ལྟེ་བའོ། །དེའི་སྟེང་དུ་ཧོཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པའོ། །དེའི་སྟེང་དུ་རྣམ་པར་བཅད་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཐིག་ལེ་ཡོངས་སུ་གྱུར་པ་ལས་མེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་མཐོན་མཐིང་སྟེ་དེ་ལྟར་མཐའ་དག་གཅིག་ཏུ་འདྲེས་པར་གྱུར་པ་ནི་ཧྐྵྨླྺྲྱོཾ་ཞེས་པ་ས་བོན་གྱི་ཡི་གེར་རྣམ་པར་བསྒོམ་པར་བྱ་སྟེ་དེ་ལས་འཇིག་རྟེན་གྱི་ཁམས་གྲུབ་པར་བསམ་པར་བྱའོ་ཞེས་པ་ནི་ཕྱི་རོལ་དུའོ། །ནང་དུ་ནི་སྔར་གསུངས་པའི་རྣམ་པས་མིའི་ལུས་ལ་དཔྲལ་བར་རླུང་གི་དཀྱིལ་འཁོར་དང༌། མགྲིན་པར་མེའི་དཀྱིལ་འཁོར་དང༌། སྙིང་ཁར་ཆུའི་དཀྱིལ་འཁོར་དང༌། ལྟེ་བར་སའི་དཀྱིལ་འཁོར་


DTG012_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལྟེ་བ་ནས་གསང་བའི་པདྨའི་མཐར་ཐུག་པ་ལྷུན་པོ་ཆེན་པོའོ། །གསང་བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་པདྨ་བཞིན་ནོ། །བཤང་བ་དང་གཅི་བ་དང་ཁུ་བ་འབབ་པའི་རྩ་གསུམ་ནི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་ཏེ་གསང་བའི་པདྨའི་ལྟེ་བར་དེ་རྣམས་འདུས་པའོ། །དེ་བཞིན་དུ་དེའི་སྟེང་དུ་ཁང་པ་བརྩེགས་པ་ཀུན་ནས་དྲི་མེད་འོད་ཟེར་འཕྲོ་བའམ་རྡོ་རྗེ་ལས་སྐྱེས་ཏེ་ཧུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་གུར་ནི་ཡུམ་གྱི་སྐྱེ་གནས་སུ་སྟེ། རྡོ་རྗེ་དང་བཅས་པདྨ་ཞེས་པའི་ཤས་པར་བྱེད་པ་ལས་སོ། །དེ་ཉིད་ཀྱིས་ན་ཡང་ན་རྡོ་རྗེའི་རང་བཞིན་གྱི་གུར་རོ། །དེའི་དབུས་སུ་རྡོ་རྗེའི་ས་ལ་བྷྲུཾ་ཡིག་ཡོངས་སུ་གྱུར་པ་འམ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ནོར་བུའི་ཚོགས་ཀྱི་དཀྱིལ་འཁོར་འོད་ཟེར་རྣམ་པར་འཕྲོ་བ་སྟེ། ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པདྨ་ཟླ་བ་དང་ནི་ཉི་མ་དག་གི་གདན་ཞེས་པ་སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་ཐུགས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱི་རོལ་དུ་ནི་གསུང་གི་དཀྱིལ་འཁོར་རྒྱ་མཚོའི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ་ནོར་གྱི་པདྨ་ཞེས་པ་པདྨ་བརྒྱད་པོ་འདི་ནི་ཟླ་བ་ཉི་མས་རྣམ་པར་དམན་པའོ། །དེ་ཉིད་ཀྱི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ་ཉིན་མོར་བྱེད་པའི་པདྨ་ཞེས་པ་པདྨ་བཅུ་གཉིས་ཟླ་བ་ཉི་མས་རྣམ་པར་དམན་པ་དང་དེ་བཞིན་དུ་སྒོ་བཞིར་ཤིང་རྟ་རྣམས་སོ། །དེ་ལྟར་སྐུའི་དཀྱིལ་འཁོར་ནི་ཞེང་དུ་དཔག་ཚད་བཞི་འབུམ་མོ། །དེའི་ཕྱེད་ནི་གསུང་གི་དཀྱིལ་འཁོར་དང་དེའི་ཡང་ཕྱེད་ནི་ཐུགས་ཀྱི་དཀྱིལ་འཁོར་དང་དེའི་ཡང་ཕྱེད་ནི་བདེ་བ་ཆེན་པོའི་འཁོར་ལོ་དང་དེའི་ཡང་ཕྱེད་ནི་བཅོམ་ལྡན་འདས་ཀྱི་པདྨའོ། །པདྨའི་སུམ་ཆ་ནི་ལྟེ་བ་སྟེ་དེ་བཞིན་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་ནང་དུ་ནི་སྙིང་ཁ་ནས་འོག་དང་སྟེང་དུ་གསང་བའི་པདྨ་དང་སྤྱི་བོ་ཇི་སྲིད་པར་རོ། །ཡང་ན་སྙིང་ཁ་ནས་དཔུང་པ་དང་ཉེ་བའི་དཔུང་པ་དང་སན་མོའི་མཐའ་ཇི་སྲིད་པར་ཏེ་མའི་ལུས་ལ་རྣམ་པར་བརྟགས་པ་བསྒོམ་པའི་ཕྱིར་རོ་ཞེས་པ་ནི་ངེས་པའོ། །དེ་ལྟར་དཀྱིལ་འཁོར་རེ་རེ་ལ་སྒོ་བཞི་བཞི་སྟེ་དེ་ལྟར་སྒོ་བཅུ་གཉིས་རྣམས་ནི་ཉི་མའི་སྒོ་རྣམས་སུ་སྟེ་རྒྱལ་པོ་ཞེས་པ་བོད་པའོ། །


DTG012_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དང་གསེར་གྱི་རང་བཞིན་རྟ་བབས་རྣམས་དང་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་སྙིང་པོར་བརྒྱད་གཉིས་ཀ་བ་རྣམས་ཏེ་ཆ་བཅུ་དྲུག་གི་དབྱེ་བས་ཀ་བ་བཅུ་དྲུག་གོ །རྡོ་རྗེའི་རང་བཞིན་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །རྒྱལ་བའི་ཤིན་ཏུ་ལོངས་སྤྱོད་རྫོགས་པའི་འཁོར་ལོའོ། །འདི་ལ་ལུས་ཀྱི་ཁམས་རྣམས་ཀྱི་རྣམ་པར་དག་པ་ནི་ཡེ་ཤེས་ཀྱི་ལེའུ་ལས་བརྗོད་པར་བྱའོ། །འདིར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཆོས་ཀྱི་ཕུང་པོ་རྣམ་པར་དག་པ་བརྗོད་པར་བྱ་སྟེ་འདིར་བཅོམ་ལྡན་འདས་ཀྱིས་གསུངས་པ། །སངས་རྒྱས་ཆོས་དང་དགེ་འདུན་ཆེས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་བཞི་རྣམས་ཀྱིས་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་གཞག་བཞི་རྣམས་ཀྱིས། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་རྣམས་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་རྣམས་ཀྱིས་ཀྱང་ཁང་པ་བརྩེགས། །རྣམ་ཐར་བརྒྱད་ཀྱིས་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས། །འགྲམ་རྣམས་དང་ནི་ལོགས་རྣམས་ཉིད། །ཐུགས་གསུངས་སྐུ་ཡི་དབྱེ་བས་སོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱིས་རབ་གསུམ། །དད་པའི་དབང་པོ་སོགས་ཀྱིས་ལྔ། །དད་སོགས་སྟོབས་རྣམས་དག་གིས་ལྔ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལའོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ཆོས་ནི་བཅྭ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས། །དབང་རྣམས་ཀྱིས་ཀྱང་བ་ཀུ་ལཱི། །དགེ་བས་ཀྲ་མ་ཤཱ་རི་ཥའོ། །སྟོང་ཉིད་ལ་སོགས་རྣ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །སྤོང་བས་མེ་ལོང་


DTG012_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ཡབ་གཡོ། །ཡན་ལག་དགུ་ཡི་ཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་བཞིས་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྦྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་དག་པ་ཡིས། །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཕུན་ཚོགས་ཀུན་བྱེད་བསྒོམས་ནས་ནི། །དེ་ནས་ཨ་སོགས་ཀ་སོགས་དགོད། །ཅེས་པ་སྟེ། བཅོམ་ལྡན་འདས་མངལ་དུ་འཇུག་པའི་དུས་སུམ་མངལ་སྦྱང་བའི་ཆོ་གའོ། །ད་ནི་ཟླ་བ་ཞེས་པ་ལ་སོགས་པས་ཕྱི་རོལ་དུ་ལྷ་རྫོགས་པ་དང་ནང་དུ་མངལ་རྫོགས་པ་གསུངས་ཏེ། འདིར་དཀྱིལ་འཁོར་གྱི་ལྟེ་བའི་སྟེང་གི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨ་སོགས་དབྱངས་སུམ་ཅུ་དང་ཐིག་ལེ་དང་རྣམ་པར་བཅད་པ་སྟེ་སུམ་ཅུ་རྩ་གཉིས་པོ་རྣམས་མཚན་སུམ་ཅུ་རྩ་གཉིས་ཀྱི་དོན་དུ་གཡོན་དང་གཡས་སུ་བསྐོར་བས་དགོད་པར་བྱའོ། །དེ་ལ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་ནི་དང་པོའི་ཆ་ལྔའོ། །དེ་ནས་ཡོན་ཏན་གྱི་དབྱེ་བས་ཨ་ཨེ་ཨར་ཨོ་ཨ་ལ་ཞེས་པ་ནི་གཉིས་པའི་ཆ་ལྔའོ། །དེ་ནས་ཡ་ཎར་བསྒྱུར་པས་ཧ་ཡ་ར་ཝ་ལ་ཞེས་པ་ནི་གསུམ་པའི་ཆ་ལྔའོ། །ཆ་བཅྭ་ལྔའི་མཐར་ཐིག་ལེ་ཨཾ་ཞེས་པ་སྟེ་བཅུ་དྲུག་ནི་གཡོན་སྐོར་གྱིས་སོ། །དེ་ནས་གཡས་སྐོར་གྱིས་ནག་པོའི་ཚེས་གཅིག་ལ་སོགས་པའི་ཆ་རྣམས་དགོད་པར་བྱ་སྟེ། ལཱ་ཝཱ་རཱ་ཡཱ་ཧཱ་ཨཱ་ལ་ཨཽ་ཨཱར་ཨཻ་ཨཱ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་སྟེ་བཅྭ་ལྔ་པ་གནམ་སྟོང་གི་མཐར་རྣམ་པར་བཅད་པ་ཨཿཞེས་པ་སྟེ་དབྱངས་བཅུ་དྲུག་གོ །འདི་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་རྣམས་ཏེ་ཟླ་བའི་ཡན་ལག་དང་མངལ་འཛིན་པའི་ཁུ་བའི་


DTG012_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལའོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཀ་སོགས་གསལ་བྱེད་གཅིག་གི་བདག་ཉིད་བཞི་བཅུ་དང་བརྩེགས་པ་བཞི་བཅུ་རྣམས་ཏེ། དེ་ལ་ཧ་ཡ་ར་ཝ་ལ་དང་བཅས་པའི་སྡེ་པ་དྲུག་པོ་རྣམས་ནི་སུམ་ཅུ་རྩ་ལྔར་འགྱུར་རོ། །དེ་བཞིན་དུ་ལན་གཉིས་བརྗོད་པའི་དབང་གིས་ལ་ཝ་ཡ་ཌ་ཌྷ་རྣམས་གཟུང་བར་བྱ་སྟེ་ལླ་ཝྺ་ཡྻ་ཌྜ་ཌྷྜྷ། ལླ་ཝྺ་རྲ་ཡྻ་ཧྷ། སྶ་ཝྺ་ཥྵ་ཤྴ་ཋྐྛྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ། ཞེས་པ་བཞི་བཅུ་སྟེ། གཡས་བསྐོར་དུ་ས་ལ་སོགས་པའི་དབྱེ་བས་བརྩེགས་པ་རྣམས་སོ། །དེ་ནས་གཡོན་སྐོར་གྱིས་ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ཋྐ་ཤ་ཥ་ཝ་ས། ཧ་ཡ་ར་ཝ་ལ་ཌྷ་ཌ་ཡ་ཝ་ལ་ཞེས་པ་གསལ་བྱེད་གཅིག་གི་བདག་ཉིད་བཞི་བཅུའོ། །དེ་ལྟར་ཉི་མ་དང་མངལ་འཛིན་པའི་རྡུལ་ལ་དཔེ་བྱད་བརྒྱད་ཅུ་རྣམས་སོ་ཞེས་པ་ནི་ངེས་པའོ། །དེ་ལྟར་ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་རྡོ་རྗེ་དང་བཅས་ཞེས་པ་ནི་དེ་དག་ལས་འོག་ཏུ་ཉི་མའོ། །ཉི་མའི་སྟེང་དུ་ཟླ་བའོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུའོ། །དེ་བཞིན་དུ་རྡུལ་གྱི་སྟེང་དུ་ཁུ་བའོ། །ཁུ་བའི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་ནོ། །དེ་ནས་མེ་ལོང་ལ་སོགས་ལྔ་རྣམས་ཀྱིས་ཞེས་པ་ནི་དེ་ལ་ཟླ་བ་དང་ཁུ་བ་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་གཟུགས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་རྣམ་པར་སྣང་མཛད་དོ། །ཉི་མ་དང་རྡུལ་གསལ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཚོར་བའི་ཕུང་པོ་སྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ། །དྲི་ཟའི་སེམས་ཅན་ཧུཾ་ཡིག་དང་ལྔ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་འདུ་ཤེས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་སྣང་བ་མཐའ་ཡས་སོ། །དེ་རྣམས་གཅིག་པ་ཉིད་དང་སྲོག་གི་རླུང་ཧི་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་འདུ་བྱེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་དོན་ཡོད་གྲུབ་པའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་རྣམ་པར་ཤེས་པ་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་སྐྱེད་པར་


DTG012_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མི་བསྐྱོད་པ་སྟེ་ཕྱི་དང་ནང་དུ་ཡེ་ཤེས་ལྔའི་བདག་ཉིད་དོ། །འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་ཏེ་དབྱངས་རྣམས་ཀྱི་ཐིག་ལེ་དང་གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ་དང་རྣམ་པར་ཤེས་པ་གཞོམ་དུ་མེད་པ་དང་སྲོག་གི་ཨ་ཡིག་གོ །དེ་ལྟར་གསུངས་པའི་རིམ་པས་བཅོམ་ལྡན་འདས་འོད་ཟེར་ལྔ་རྣམས་འགྱེད་པར་བྱེད་ཅིང་དྲི་མ་མེད་པའི་འོད་འཕྲོ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས་པ་སྟེ་ཕྱི་རོལ་དང་མངལ་དུ་སྐུ་རྫོགས་པའི་ངེས་པའོ། །ད་ནི་ལྷའི་སྐུ་ལ་དུས་ཀྱི་ཆ་ཡིས་དབྱིབས་གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་ལྷ་རྣམས་སྐྱེ་བའི་དུས་སུ་རྒྱན་ཐམས་ཅད་དང་བཅས་པར་སྐྱེ་སྟེ་དེ་རྣམས་ཀྱང་ལུས་ཀྱི་ཆ་ཤས་སྣ་ཚོགས་དང་ཁ་དོག་སྣ་ཚོགས་དང་དབྱིབས་སྣ་ཚོགས་ཉིད་དུ་སྐྱེའོ། །དེའི་ཕྱིར་རྡོ་རྗེའི་རྒྱན་དང་ལྡན་པའི་སྐུ་དང་རྒྱལ་བའི་ཕྱག་གི་པདྨ་ནི་ཕྱག་ཉི་ཤུ་རྩ་བཞིའོ། །ཉི་མ་ཞེས་པ་དཔུང་པ་བཅུ་གཉིས་སོ། །དུས་ཀྱི་ཞལ་ནི་ཞལ་བཞིའོ། །མགྲིན་པ་གསུམ་དང་སྤྱན་བཅུ་གཉིས་ཏེ་རྣམ་པར་རྒྱས་པའི་ཞལ་ཡང་མཆེ་བ་ཕྱེད་ནི་གཙིགས་པའོ་ཞེས་པའོ། །ནང་དུ་ལུས་རྫོགས་པ་ལ་རྣམ་པར་ཤེས་པ་ལུས་ཀྱི་བདག་པོའི་མཚན་ཉིད་ནི་དཀྱིལ་འཁོར་ལ་པདྨའི་ཏེ་བར་དང་རང་གི་ལུས་མཐར་གྱིས་འབྱུང་བ་ནི་དཀྱིལ་འཁོར་གྱི་རྣམ་པས་ལྷ་རྣམས་རྣམ་པར་དགོད་པ་གསུངས་པ་དཔལ་ལྡན་ཨོཾ་ཡིག་ལས་སྐྱེས་རྒྱལ་བའི་བདག་པོའི་པདྨར་ཞེས་པ་སྙིང་པོའི་པདྨར་ཟླ་བ་ཉི་མ་མེ་ཡི་སྟེང་དུ་ནི་ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱིའི་སྟེང་དུ་དྲག་པོ་ལུས་མེད་གཉིས་ཀྱི་ཞེས་པ་བདུད་དང་ཉོན་མོངས་པའི་ཕྱོགས་ཏེ། གཡོན་དང་གཡས་པར་རབ་ཏུ་འབབ་པ་དག་གི་སྙིང་ཁར་རྒྱལ་བའི་དབང་པོ་ཤིན་ཏུ་རོལ་པའི་ཞབས་ནི་གཡས་བརྐྱང་སྟབས་ཞེས་པའོ། །དེ་ལ་བདུད་ནི་འདོད་པའི་ལྷ་ཁ་དོག་དམར་པོ་གདོང་གཅིག་པ་ལག་པ་བཞི་པ་ལག་ན་མེ་ཏོག་གི་མདའ་ལྔ་དང་གཞུ་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྟེ་ཞབས་གཡས་པ་ཁ་དོག་དམར་པོའི་འོག་ཏུའོ། །དེ་བཞིན་དུ་དྲག་པོ་དཀར་པོ་མིག་གསུམ་པ་གདོང་གཅིག་པ་ལག་པ་བཞི་པ་རྩེ་གསུམ་དང་ཌ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་སྟེ་ཞབས་གཡོན་པ་


DTG012_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་འོག་ཏུའོ། །འདི་ལྟར་སྐུ་མདོག་སྔོན་པོ་སྟེ་དེ་བཞིན་དུ་དབུས་ཀྱི་མགྲིན་པ་མཐོན་མཐིང་དང་གཡས་པ་ཉི་མ་དང་མཚུངས་པ་དམར་པོ་དང་གཡས་མིན་ཏེ་གཡོན་པ་ནི་ཟླ་བའི་མདོག་ཅན་དཀར་པོ་སྟེ་དེ་ལྟར་མགྲིན་པ་གསུམ་མོ། །སྔར་གསུངས་པའི་རྣམ་པས་ཤར་གྱི་ཞལ་ནི་ནག་པོ་མཆེ་བ་གཙིགས་པ་དྲག་པོ་དང་གཡས་པ་ནི་ཆགས་པ་དང་བཅས་པ་དམར་པོ་དང་གཡོན་པ་ནི་རབ་ཏུ་ཞི་བ་དཀར་པོ་དང་ནུབ་ནི་ཏིང་ངེ་འཛིན་ལ་གནས་པ་སེར་པོའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་རྡོ་རྗེ་ནོར་བུ་དང་རྡོ་རྗེ་རྣ་རྒྱན་དང་རྡོ་རྗེ་མགུལ་རྒྱན་དང་རྡོ་རྗེ་གདུ་བུ་དང་རྡོ་རྗེ་སྐ་རགས་དང་རྡོ་རྗེ་རྐང་གདུབ་དང་རྡོ་རྗེ་དར་དྥྱང་དང་རྡོ་རྗེ་ཕྲེང་བ་དང་སྟག་གི་པགས་པའི་གོས་འཛིན་པའོ། །དེ་བཞིན་དུ་གཡས་ཀྱི་ཕྲག་པ་དང་པོ་མཐོན་མཐིང་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་སྟེ་དེ་བཞིན་དུ་གཡོན་དུ་ཡང་ངོ༌། །དེ་བཞིན་དུ་གཡས་དང་གཡོན་དུ་ཡང་དཔུང་པ་གཉིས་མཐོན་མཐིང་དང་གཉིས་དམར་པོ་དང་གཉིས་དཀར་པོའོ། །དེ་བཞིན་དུ་གཡས་དང་གཡོན་དུ་ཡང་ཕྱག་བཞི་ནག་པོ་དང་བཞི་དམར་པོ་དང་བཞི་དཀར་པོ་སྟེ་དེ་རྣམས་ཀྱང་འཆད་པར་འགྱུར་པའི་མཚོན་ཆ་དང་བཅས་པའོ། །དེ་བཞིན་དུ་ཕྱག་རེ་རེ་ལ་སོར་མོ་ལྔ་སྟེ་མཐེ་བོ་སེར་པོ་དང་མཛུབ་མོ་དཀར་པོ་དང་གུང་མོ་དམར་པོ་དང་མིང་མེད་ནག་པོ་དང་མཐེ་ཆུང་ལྗང་གུའོ། །དེ་རྣམས་རེ་རེ་ལ་ཚིགས་གསུམ་སྟེ་ཕྱག་གི་མཐིལ་ནས་སོར་མོ་ཐམས་ཅད་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་པོའོ། །དེ་ལྟར་ཕྱག་གི་པདྨ་རི་བོང་ཅན་སོ་སོ་ལ་ཁ་དོག་ལྔ་སྟེ་དེ་དག་སོར་གདུབ་རྣམས་ཀྱིས་འཕྲོ་བའོ། །དེ་ལྟར་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་རབ་ཏུ་ཞུགས་པའི་ངེས་པ་སྟེ་མངལ་གྱི་ཟླ་བ་གསུམ་པ་དང་གནས་སྐབས་དང་པོའོ། །ད་ནི་ནག་ཅེས་པ་ལ་སོགས་པས་མཚོན་ཆའི་ཚོགས་གསུངས་ཏེ་ནག་པོའི་ཕྱག་གི་མཐིལ་བཞི་ལ་དང་པོར་རྡོ་རྗེ་དང་གཉིས་པར་རལ་གྲི་དང་གསུམ་པར་རྩེ་གསུམ་དང་བཞི་པར་གྲི་གུག་གོ །དེ་བཞིན་དུ་དམར་པོའི་ཕྱག་གི་མཐིལ་བཞི་ལ་དང་པོར་མེ་ཡི་མདའ་དང་གཉིས་པར་རྡོ་རྗེ་ལྕགས་ཀྱུ་


DTG012_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ་པར་སྒྲ་དང་བཅས་པའི་ཌ་མ་རུ་དང་བཞི་པར་ཐོ་བའོ། །གསུམ་པ་དཀར་པོའི་ཕྱག་གི་མཐིལ་བཞི་ལ་དང་པོའི་ཕྱག་གི་མཐིལ་དུ་འཁོར་ལོ་དང་གཉིས་པར་མདུང་དང་གསུམ་པར་དབྱུག་པ་དང་བཞི་པར་དགྲ་སྟའོ་ཞེས་པ་ནི་གཡས་པའི་མཚོན་ཆའི་ཚོགས་ཏེ་རྡོ་རྗེ་ཅན་གྱི་ཉི་མའི་ཕྱག་གི་པདྨ་གཡས་ལའོ་ཞེས་སོ། །ད་ནི་གཡོན་པའི་ནག་པོའི་ཕྱག་གི་མཐིལ་བཞི་ལ་མཚན་མ་གསུངས་ཏེ། དང་པོར་རྡོ་རྗེ་དྲིལ་བུ་དང་གཉིས་པར་ཕུབ་དང་གསུམ་པར་ཁ་ཊཱཾ་ག་རྣམ་པར་རྒྱས་པའི་ཁ་ཅན་དང་བཞི་པར་ཁྲག་གིས་གང་བའི་ཐོད་པའོ། །དེ་བཞིན་དུ་དམར་པོའི་ཕྱག་གི་མཐིལ་བཞི་ལ་དང་པོར་གཞུ་དང་གཉིས་པར་ཞགས་པ་དང་གསུམ་པར་ནོར་བུ་རིན་ཆེན་དང་བཞི་པར་པདྨ་དཀར་པོའོ། །དེ་བཞིན་དུ་དཀར་པོའི་ཕྱག་གི་མཐིལ་བཞི་ལ་དང་པོའི་ཕྱག་གི་མཐིལ་དུ་ཆུ་ན་རྒྱུ་བ་ཞེས་པ་དུང་དང༌། གཉིས་པར་མེ་ལོང་དང༌། གསུམ་པར་རྡོ་རྗེ་ལྕགས་སྒྲོག་དང༌། བཞི་པར་ཚངས་པའི་མགོ་བོ་ཞེས་པ་འདི་ལྟར་རིག་བྱེད་གདོང་ལྡན་ཚངས་པའི་མགོ་བོ་གང་ཡིན་པ་པདྨས་བརྒྱན་པ་སྟེ་སྤྲས་པ་རྒྱལ་བའི་གཡོན་པའི་ཕྱག་ནའོ་ཞེས་སོ། །དེར་བདུད་དང་དྲག་པོ་ལ་ཡང་དག་པར་ཉེ་བ་ན་བདུད་དང་དྲག་པོ་དང་གི་རང་གི་ལྷ་མོ་དག་ནི་ཞབས་ཀྱི་མཐིལ་ལ་འཛིན་ཅིང་གདོང་ནི་དམན་པ་དག་ཏུ་བྱེད་དེ་བདུད་ཀྱི་དགའ་མ་དང་དྲག་པོའི་ཨུ་མའོ། །མི་བསྐྱོད་པ་རབ་ཏུ་ཞུགས་པའོ། །ད་ནི་སྣ་ཚོགས་ཡུམ་གྱི་མཚན་ཉིད་གསུངས་པ་གསེར་མདོག་ཅེས་པ་ལ་སོགས་པ་སྟེ། དེ་ལ་རོ་མཉམ་པ་གཅིག་ལས་ཟླ་བ་དང་ཁུ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་སྐྱེད་ཅིང་ཉི་མ་དང་རྡུལ་གྱི་རང་བཞིན་གྱིས་ལྷ་མོ་སྐྱེད་དོ། །དེ་ལ་དཀར་པོ་དང་ནག་པོའི་ཆོས་ཅན་ནི་ཟླ་བ་སྟེ་དམར་པོ་དང་སེར་པོའི་ཆོས་ཅན་ནི་ཉི་མའོ། །དེས་ན་གསེར་མདོག་གོ །རིག་བྱེད་ཞལ་ལྡན་ནི་ཞལ་བཞིའོ། །ནོར་གྱི་ཕྱག་གི་པདྨ་ནི་ཕྱག་བརྒྱད་དེ་མདུན་ནས་འཁྱུད་པ་དག་ནི་སྣ་ཚོགས་ཡུམ་མོ། །དེའི་གཡས་ཀྱི་ཕྱག་དང་པོ་ན་གྲི་གུག་དང་གཉིས་པ་ན་ལྕགས་ཀྱུ་དང་གསུམ་པ་ན་སྒྲ་དང་བཅས་པའི་ཌ་མ་རུ་དང་བཞི་པ་ན་བགྲང་ཕྲེང་ངོ༌། །གཡོན་གྱི་ཕྱག་དང་པོ་ན་ཐོད་པ་དང་གཉིས་པ་ན་ཞགས་པ་དང་གསུམ་པ་ན་འདབ་མ་བརྒྱ་པའི་པདྨ་དཀར་པོ་དང་བཞི་པ་ན་


DTG012_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རིན་ཆེན་དེ་བཞིན་ཉིད་དུའོ། །དེ་བཞིན་དུ་བཅོམ་ལྡན་འདས་ནི་གཡས་བརྐྱང་སྟེ་སྣ་ཚོགས་ཡུམ་ནི་གཡོན་བརྐྱང་ངོ༌། །ཉི་མའི་སྤྱན་ནི་སྤྱན་བཅུ་གཉིས་སོ། །རྒྱལ་བའི་བདག་པོའི་ཅོད་པན་ནི་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ནོ། །ཕྱག་རྒྱ་ལྔ་པོ་རྣམས་ཀྱི་རྒྱ་ཡིས་བཏབ་པ་སྙོམས་པར་ཞུགས་པས་གནས་པའོ། །ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སྣ་ཚོགས་ཡུམ་དེའི་ནང་དུ་འདུས་ཤིང་ཕ་རོལ་ཏུ་ཕྱིན་པ་གཞན་སྦྱིན་པ་ལ་སོགས་པ་རྣམས་ཏེ། ཕ་རོལ་དུ་ཕྱིན་པ་བརྒྱད་ནི་འདབ་མ་རྣམས་ལ་ལྷ་མོ་བརྒྱད་དེ་དེ་རྣམས་ནོར་གྱི་ཕྱག་གི་པདྨ་ནི་ཕྱག་བརྒྱད་དོ། །རིག་བྱེད་ཞལ་ནི་ཞལ་བཞིའོ། །ཉི་མའི་སྤྱན་ནི་སྤྱན་བཅུ་གཉིས་སོ། །དེ་དག་རྣམས་ཀྱི་ནང་ནས་བཞི་ནི་ཀླུ་ཡི་རྔ་ཡབ་འཛིན་ཏེ་ཕྱག་བརྒྱད་ཀྱིས་རྔ་ཡབ་བརྒྱད་འཛིན་པའོ། །ཟུར་བཞིར་རྒྱལ་བའི་ཞལ་གྱི་དབྱེ་བས་སོ་ཞེས་པ་ནི་མེར་ནག་མོ་དང་བདེན་བྲལ་དུ་དམར་མོ་དང་རླུང་དུ་སེར་མོ་དང་དབང་ལྡན་དུ་དཀར་མོའོ། །དེ་བཞིན་དུ་དེ་རྣམས་ཀྱི་རྒྱབ་ཏུ་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ་དང་བདེན་བྲལ་དུ་ཆོས་ཀྱི་གཎྜཱི་དམར་པོ་དང་མེར་ཡིད་བཞིན་གྱི་ནོར་བུ་ནག་པོ་དང་རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །དེ་བཞིན་དུ་ཤར་གྱི་འདབ་མ་ལ་ནག་མོ་དང་ལྷོར་དམར་མོ་དང་བྱང་དུ་དཀར་མོ་དང་ནུབ་ཏུ་སེར་མོ་འབར་མའོ། །ཕྱོགས་བཞིའི་དབྱེ་བས་བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བ་ཇི་ལྟ་བ་དེ་བཞིན་དུ་ལྷ་མོ་རྣམས་ཀྱི་སྟེ་སྣ་ཚོགས་ཡུམ་གྱི་དང་པོའི་ཞལ་གསེར་གྱི་མདོག་དང་གཡས་པ་དཀར་པོ་དང་གཡོན་པ་དམར་པོ་དང་རྒྱབ་མཐོན་མཐིང་སྟེ་དེ་བཞིན་དུ་ལྷ་མོ་སེར་མོ་རྣམས་ཀྱིའོ། །དཀར་མོ་རྣམས་ཀྱི་མདུན་དཀར་པོ་དང་གཡས་ནག་པོ་དང་རྒྱབ་དམར་པོ་དང་གཡོན་སེར་པོའོ། །དམར་མོ་རྣམས་ཀྱི་དང་པོ་དམར་པོ་དང་གཡས་སེར་པོ་དང་གཡོན་མཐོན་མཐིང་དང་རྒྱབ་དཀར་པོའོ། །ནག་མོ་རྣམས་ཀྱི་མདུན་ནག་པོ་དང་གཡས་དམར་པོ་དང་གཡོན་དཀར་པོ་དང་རྒྱབ་སེར་པོའོ། །སྙིང་པོའི་པདྨའི་ལྷ་མོ་རྣམས་ཀྱི་རྒྱན་དང་ཕྱག་རྒྱ་ལྔ་པོ་རྣམས་ནི་བཅོམ་ལྡན་འདས་མའི་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ་ཞེས་པ་ངེས་པའོ། །ད་ནི་ནག་མོ་འབར་མ་ལ་སོགས་པ་རྣམས་ཀྱི་གཡས་དང་གཡོན་གྱི་ཕྱག་གི་མཚན་


DTG012_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་གསུངས་པ་ནག་མོ་ཞེས་པ་ལ་སོགས་པ་སྟེ། ནག་མོ་ཡི་ནི་དང་པོའི་ཕྱག་གི་མཐིལ་ན་སྤོས་ཀྱི་སྣོད་དང་གཉིས་པ་དག་ན་བསིལ་བའི་སྣོད་དེ་ཙནྡན་གྱི་སྣོད་དང་དམར་པོ་སྦྱར་བ་གུར་གུམ་གྱི་གསུམ་པ་ནའོ། །མྱོས་བྱེད་དང་བཅས་རི་བོང་འཛིན་པ་ཞེས་པ་གླ་རྩི་དང་བཅས་པའི་ག་པུར་གྱི་སྣོད་ནི་བཞི་པ་ན་སྟེ་གཡས་ཀྱི་ཕྱག་རྣམས་ནའོ། །གཡོན་པའི་དང་པོ་ན་དྲིལ་བུ་དང་གཉིས་པ་ན་པདྨ་དང་གསུམ་པ་ན་ལྷའི་ཤིང་གི་མེ་ཏོག་དང་བཞི་པ་ན་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་རིམ་པས་སོ་ཞེས་པ་སྟེ་ཤར་གྱི་འདབ་མ་ལའོ། །དམར་མོ་འབར་མའི་གཡས་ཀྱི་ཕྱག་དང་པོ་ན་མར་མེ་དང་གཉིས་པ་ན་དོ་ཤལ་དང་གསུམ་པ་ན་ཅོད་པན་དང་བཞི་པ་ན་གདུ་བུའོ། །དེ་བཞིན་དུ་གཡོན་པའི་ཕྱག་དང་པོ་ན་གོས་དང་གཉིས་པ་ན་སྐ་རགས་དང་གསུམ་པ་ན་རིན་པོ་ཆེའི་རྣ་རྒྱན་དང་བཞི་པ་ན་རྐང་གདུབ་བོ། །དེ་བཞིན་དུ་སེར་མོ་འབར་མའི་གཡས་ཀྱི་དང་པོ་ན་དུང་དང༌། གཉིས་པ་ན་གླིང་བུ་དང༌། གསུམ་པ་ན་ནོར་བུ་དང༌། བཞི་པ་ན་ཌ་མ་རུའོ། །གཡོན་གྱི་དང་པོ་ན་རྒྱུད་མངས་དང་གཉིས་པ་ན་རྡ་དང་གསུམ་པ་ན་སྒྲ་སྒྲོགས་པའི་ཁར་རྔ་དང་བཞི་པ་ན་ཟངས་དུང་ངོ༌། །དེ་བཞིན་དུ་དཀར་མོ་འབར་མའི་དང་པོ་ནའོ་མའི་སྣོད་དང༌། གཉིས་པ་ན་ཆུའི་སྣོད་དང༌། གསུམ་པ་ན་མཆོག་གི་སྨན་དང༌། བཞི་པ་ན་ཆང་གི་སྣོད་དོ། །གཡོན་གྱི་དང་པོ་ན་བདུད་རྩིའི་སྣོད་དང་གཉིས་པ་ན་གྲུབ་པའི་རོའི་སྣོད་དང༌། གསུམ་པ་ན་བདུད་རྩིའི་འབྲས་བུ་དང༌། བཞི་པ་ན་ཟས་ཀྱི་སྣོད་དེ་དཀར་མོ་ཡིའོ། །རང་གི་ཕྱག་རྒྱ་དང་བཅས་པ་སྟེ་རྡོ་རྗེ་སེམས་དཔའ་རྫོགས་པའོ། །ད་ནི་མིང་དང་གཟུགས་ལ་སོགས་པ་སྐྱེད་པའི་སླད་དུ་འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་གྱི་འཇིག་རྟེན་དང་པོའི་སངས་རྒྱས་བསྟན་པར་བྱ་བའི་སྣོད་དུ་མངོན་པར་གཟིགས་ནས་ཤིན་ཏུ་དགའ་བའི་སྒྲས་རང་གི་ལུས་ལ་མི་བསྐྱོད་པ་ལ་སོགས་པའི་རྒྱལ་བའི་ཚོགས་རྣམས་དང་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་ཚོགས་རྣམས་ཏེ་སྐྱེས་བུ་དང་རིག་མ་དང་མིག་ལ་སོགས་པ་དང༌། གཟུགས་ལ་སོགས་པ་ཡུལ་གྱི་རང་བཞིན་གྱིས་ལྷའི་རང་གི་ངོ་བོར་གྱུར་པ་རྣམས་གཞུག་པར་བྱ་སྟེ་སླར་ཡང་དེ་


DTG012_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་གི་ལུས་ལས་སྤྲོས་ནས་སྣ་ཚོགས་ཡུམ་གྱི་ནང་དུ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་ཉིད་དུ་སྤྲོས་ནས་སླར་ཡང་ཁམས་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་གཞུག་པར་བྱ་སྟེ་ཞུ་བཟླ་བར་གྱུར་པ་རྣམས་རང་གི་རྡོ་རྗེ་ནས་སྤྲོས་ཏེ་རང་གི་རིག་མའི་པདྨར་དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་མཚན་ཉིད་ཅན་ནོ། །མི་བསྐྱོད་པ་ལྷག་པའི་བདག་པོར་བསྒོམས་ནས་དང་པོར་བཅོམ་ལྡན་འདས་ཀྱི་སྐུ་ལ་གཞུག་པར་བྱའོ། །དེ་ནས་ཕྱོགས་ཀྱི་པདྨར་ཆུ་གཏེར་སངས་རྒྱས་བཞི་རྣམས་ནི་ངེས་པར་སྤྱན་དགུ་པ་མེའི་ཞལ་ཞེས་པ་ཞལ་གསུམ་པ་དུས་ཀྱི་ཕྱག་ཅེས་པ་ཕྱག་དྲུག་པ་རྣམས་སྤྲོ་བར་བྱའོ། །དེ་ལ་ཤར་གྱི་པདྨར་ཉི་མའི་སྟེང་དུ་དོན་ཡོད་གྲུབ་པ་ནག་པོ་སྟེ་གཡས་སྐོར་གྱིས་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་ཅན་ནོ། །ལྷོར་རིན་ཆེན་འབྱུང་ལྡན་ཁ་དོག་དམར་པོ་སྟེ་གཡས་སྐོར་གྱིས་དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་ཅན་ནོ། །བྱང་དུ་སྣང་བ་མཐའ་ཡས་དཀར་པོ་སྟེ་གཡས་སྐོར་གྱིས་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན་ནོ། །ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་སྟེ་གཡས་སྐོར་གྱིས་སེར་པོ་དང་དཀར་པོ་དང་ནག་པོའི་ཞལ་ཅན་ནོ། །དེ་ལྟར་བཞི་ནི་ཉི་མའི་དཀྱིལ་འཁོར་ལ་སྟེ་ཉིན་མོ་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །མེར་སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་བུའོ། །བདེན་བྲལ་དུ་གོས་དཀར་མོ་རིན་ཆེན་འབྱུང་ལྡན་ལྟ་བུའོ། །དབང་ལྡན་དུ་མཱ་མ་ཀཱི་སྣང་བ་མཐའ་ཡས་ལྟ་བུའོ། །རླུང་དུ་སྤྱན་མ་རྣམ་པར་སྣང་མཛད་ལྟ་བུའོ། །དེ་ལྟར་བཞི་ནི་ཟླ་བའི་དཀྱིལ་འཁོར་ལ་སྟེ་མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །སླར་ཡང་ལྷ་དང་ལྷ་མོ་དེ་དག་གི་བར་གྱི་མཚམས་བརྒྱད་དུ་བདུད་རྩིའི་བུམ་པ་བརྒྱད་དོ། །དེ་ལྟར་ལྷ་དང་ལྷ་མོ་ནག་དང་དམར་དང་སེར་བ་དང་ནི་རི་བོང་འཛིན་པ་ལྟ་བུར་དཀར་བ་སྟེ་ཞེས་སོ། །ཤར་གྱི་སྒོར་ཁྲོ་བོ་ཤིན་ཏུ་སྟོབས་ཏེ་ཁ་དོག་དང་ཞལ་དང་ཕྱག་ནི་དོན་ཡོད་གྲུབ་པ་ལྟ་བུ་ནག་པོའོ། །ལྷོའི་


DTG012_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་རྨུགས་བྱེད་དེ་ཁ་དོག་དང་ཞལ་དང་ཕྱག་ནི་རིན་ཆེན་འབྱུང་ལྡན་ལྟ་བུ་དམར་པོའོ། །ནུབ་ཀྱི་སྒོར་རེངས་བྱེད་དེ་ཁ་དོག་དང་ཞལ་དང་ཕྱག་ནི་རྣམ་པར་སྣང་མཛད་ལྟ་བུ་སེར་པོའོ། །བྱང་དུ་ཁེངས་བྱེད་དེ་ཁ་དོག་དང་ཞལ་དང་ཕྱག་ནི་སྣང་བ་མཐའ་ཡས་ལྟ་བུ་དཀར་པོའོ། །སྟེང་དུ་གཙུག་ཏོར་ཏེ་ཁ་དོག་དང་ཞལ་དང་ཕྱག་ནི་མི་བསྐྱོད་པ་ལྟ་བུ་ལྗང་ཁུའོ། །འོན་ཀྱང་ཁྲོ་བོ་འདི་རྣམས་གཡས་བརྐྱང་པ་སྟེ་ཁྲོ་བོའི་ལྷ་མོ་རྣམས་ནི་གཡོན་བརྐྱང་ངོ༌། །ཟླ་བ་བཞི་པ་ལ་མིང་དང་གཟུགས་སྐྱེ་བའི་དུས་སུ་གཟུགས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་དང་རླུང་དང་མེ་དང་ས་དང་ཆུའི་ཁམས་ཀྱི་བདག་ཉིད་དེ་དེས་ན་ཁམས་དང་ཕུང་པོ་དང་ཁྲོ་བོ་རྣམས་སྤྲོ་བའོ། །དེ་ནས་ཟླ་བ་ལྔ་པ་ལ་སྐྱེ་མཆེད་དྲུག་སྐྱེ་བའི་དུས་སུ་ནམ་མཁའི་སྙིང་པོ་ལ་སོགས་པ་སྤྲོ་བར་བྱ་སྟེ་མཁའ་སྙིང་ལ་སོགས་ཞེས་པ་ནི་འདིར་རླུང་ལས་སྐྱེས་པ་སྣ་ནི་ནམ་མཁའི་སྙིང་པོ་དབྱིབས་ལ་སོགས་པ་དོན་ཡོད་གྲུབ་པ་ལྟ་བུ་སྟེ་ཤར་གྱི་སྒོའི་གཡས་སུ་ར་བའི་རྩིག་པ་ལ་སྟེ་ཕྱོགས་སུའོ། །ཕྱོགས་བྲལ་དུ་གནས་ནི་མེའི་ཟུར་དུ་རླུང་ལས་སྐྱེས་པ་རེག་བྱ་རྡོ་རྗེ་མ་སྟེ་དབྱིབས་ལ་སོགས་པ་སྒྲོལ་མ་ལྟ་བུའོ། །དེ་བཞིན་དུ་ལྷོའི་སྒོའི་གཡས་སུ་མེ་ལས་སྐྱེས་པ་མིག་ནི་སའི་སྙིང་པོ་སྟེ་དབྱིབས་ལ་སོགས་པ་རིན་ཆེན་འབྱུང་ལྡན་ལྟ་བུའོ། །དེ་བཞིན་དུ་བདེན་བྲལ་གྱི་ཟུར་དུ་མེའི་ཁམས་ལས་སྐྱེས་པ་རོ་རྡོ་རྗེ་མ་ནི་གོས་དཀར་མོ་ལྟ་བུའོ། །ནུབ་ཀྱི་སྒོའི་གཡས་སུ་ས་ལས་སྐྱེས་པ་ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ་རྣམ་པར་སྣང་མཛད་ལྟ་བུའོ། །དེ་བཞིན་དུ་རླུང་གི་ཟུར་དུ་སའི་ཁམས་ལས་སྐྱེས་པ་དྲི་རྡོ་རྗེ་མ་ནི་སྤྱན་མ་ལྟ་བུའོ། །བྱང་གི་སྒོའི་གཡས་སུ་ཆུ་ལས་སྐྱེས་པ་ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ་སྣང་བ་མཐའ་ཡས་ལྟ་བུའོ། །དབང་ལྡན་དུ་ཆུ་ལས་སྐྱེས་པ་གཟུགས་རྡོ་རྗེ་མ་ནི་མཱ་མ་ཀཱི་ལྟ་བུའོ། །འོག་ཏུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་ཡིད་ནི་ཀུན་ཏུ་བཟང་པོ་ཁ་དོག་སྔོན་པོ་ཞལ་གསུམ་པ་ཕྱག་དྲུག་པ་ཁ་དོག་དུས་ཀྱི་འཁོར་ལོ་ལྟ་བུ་སྟེ་ཤར་གྱི་སྒོའི་གཡོན་དུ་ར་བའི་རྩིག་པ་ལའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་སྒྲ་རྡོ་རྗེ་མ་ནི་ཀུན་ཏུ་བཟང་པོ་


DTG012_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ་བྱང་གི་སྒོའི་གཡོན་དུའོ། །སྟེང་དུ་ནམ་མཁའི་ཁམས་ལས་སྐྱེས་པ་རྣ་བ་ནི་ཕྱག་ན་རྡོ་རྗེ་ལྗང་ཁུ་མི་བསྐྱོད་པ་ལྟ་བུ་སྟེ་ལྷོའི་སྒོའི་གཡོན་དུའོ། །དེ་བཞིན་དུ་ནམ་མཁའི་ཁམས་ལས་སྐྱེས་པ་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ནི་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ་ནུབ་ཀྱི་སྒོའི་གཡོན་དུའོ། །དེ་ལྟར་ཟླ་བ་ལྔ་པ་ལ་སྐྱེ་མཆེད་དྲུག་དང་དྲུག་པ་ལ་རེག་པ་ཞེས་པའི་ཤེས་པར་བྱེད་པས་རེག་བྱ་ལ་སོགས་པའི་ཡུལ་རྣམས་ཏེ་དེ་ལྟར་སྐྱེ་མཆེད་བཅུ་གཉིས་སྤྲོ་བའོ། །སྐུ་རྡོ་རྗེའི་གནས་སྐབས་གཉིས་པའོ། །འདིར་ཤར་དང་བྱང་དང་སྟེང་ན་གནས་པའི་ལྷ་དང་ལྷ་མོ་ནག་པོ་དང་དཀར་པོ་རྣམས་ནི་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱ་སྟེ་ནམ་མཁའ་དང་རླུང་དང་ཆུའི་ཁམས་རྣམས་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ཡང་ན་ཕྱོགས་བྲལ་དུ་གནས་པ་ཟུར་གྱི་ལྷ་མོ་རྣམས་ཟླ་བ་ལ་སྟེ་མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ལྷོ་དང་ནུབ་དང་འོག་ན་གནས་པའི་ལྷ་དང་ལྷ་མོ་དམར་བ་དང་སེར་བ་རྣམས་ནི་ཉི་མའི་དཀྱིལ་འཁོར་ལ་སྟེ་ཡེ་ཤེས་དང་མེ་དང་སའི་ཁམས་རྣམས་རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ཡང་ན་ཕྱོགས་ན་གནས་པའི་ལྷ་རྣམས་ཉི་མ་ལ་སྟེ་ཉིན་མོ་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གང་ཞིག་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་དེ་ནི་གཙོ་བོ་སྟེ་ཕྱོགས་རྣམས་སུའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པའི་ལྷ་མོ་ནི་གཙོ་མོ་སྟེ་ཕྱོགས་བྲལ་རྣམས་སུའོ། །གཞན་དུ་ཕྱོགས་པ་ནི་གཙོ་བོ་མ་ཡིན་པའོ། །དེའི་ཕྱིར་ཤེས་རབ་ཕང་བར་ཐབས་ནི་གཙོ་བོ་མ་ཡིན་པ་སྟེ་པདྨ་དང་ཟླ་བ་ལ་ཟུར་གྱི་ཆར་ཕྱོགས་བྲལ་རྣམས་སུའོ། །དེ་བཞིན་དུ་ཐབས་ཀྱི་ལྷ་རྣམས་ཀྱི་ཕང་པར་ཡང་ལྷ་མོ་གཙོ་མོ་མ་ཡིན་པ་སྟེ་ཉི་མའི་དཀྱིལ་འཁོར་ལ་ཕྱོགས་རྣམས་སུའོ། །གཉིས་པོ་དག་གི་རང་གི་ཕྱག་གི་ཆུ་སྐྱེས་འཆད་པར་འགྱུར་པའི་རང་རང་མཚན་མས་མཚན་པ་དག་གིས་ཕན་ཚུན་འཁྱུད། །མཚན་མ་གང་ཞིག་གང་གི་གཡས་ཀྱི་དང་པོའི་ཕྱག་མཐིལ་ན་དེ་དེ་ཡི་ཕྱག་རྒྱ་ཆུས་སྐྱེས་དམན། །ཆུས་སྐྱེས་ཀྱི་མཚན་མ་དང་རིན་པོ་ཆེ་དང་རལ་གྲི་ནི་གཡོན་དང་གཡས་སུ་ཡང་ཐུན་མོང་ངོ༌། །དེ་ལྟར་


DTG012_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དང་ནུབ་དང་གཡོན་དང་གཡས་དང་འོག་དང་སྟེང་དུ་ཤེས་རབ་ཐབས་ཀྱིས་འཁོར་ལོ་མཆོག་གི་བདེ་བར་གནས་པའི་རྡོ་རྗེའི་འདུག་སྟངས་དག་གིས་བཞུགས་པ་ནི་ཐབས་འདྲེན་པ་སྟེ་པདྨའི་འདུག་སྟངས་ཀྱིས་བཞུགས་པ་ནི་ལྷ་མོའི་ཚོགས་འདྲེན་མའོ་ཞེས་པ་ངེས་པའོ། །ད་ནི་ནག་པོ་རྣམས་ཀྱི་ཞེས་པ་ལ་སོགས་པས་མཚན་མ་རྣམས་གསུངས་ཏེ། འདིར་རིགས་དྲུག་གི་ཕུང་པོ་རྣམ་པར་དག་པས་མཚན་མ་དྲུག་རྣམས་སོ། །དེ་ལ་འདུ་བྱེད་ཀྱི་རིགས་ལས་སྐྱེས་པ་དོན་ཡོད་གྲུབ་པ་དང་སྒྲོལ་མ་དང་ཤིན་ཏུ་སྟོབས་དང་ནམ་མཁའི་སྙིང་པོ་དང་རེག་བྱ་རྡོ་རྗེ་མ་སྟེ་ནག་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ན་རལ་གྲི་དང་གཉིས་པ་ན་གྲི་གུག་དང་གསུམ་པ་ན་རྩ་གསུམ་མོ། །གཡོན་གྱི་དང་པོ་ན་ཕུབ་དང་གཉིས་པ་ན་ཐོད་པ་དང་གསུམ་པའི་ཕྱག་གི་མཐིལ་ན་ཁ་ཊྭཱཾ་ག་དཀར་པོའོ། །དེ་བཞིན་དུ་ཚོར་བའི་རིགས་ལས་སྐྱེས་པ་རིན་ཆེན་འབྱུང་ལྡན་དང་གོས་དཀར་མོ་དང་རྨུགས་བྱེད་དང་སའི་སྙིང་པོ་དང་རོ་རྡོ་རྗེ་མ་སྟེ་དམར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ན་མེའི་མདའ་དང་གཉིས་པ་ན་རྡོ་རྗེ་ལྕགས་ཀྱུ་དང་གསུམ་པ་ན་སྒྲ་དང་བཅས་པའི་ཌ་མ་རུ་སྟེ་རིམ་པ་ཡིས་སོ། །གཡོན་གྱི་དང་པོ་ན་གཞུ་དང་གཉིས་པ་ན་རྡོ་རྗེ་ཞགས་པ་དང་གསུམ་པ་ན་དྲི་མེད་འཕྲོ་བའི་ནོར་བུ་རིན་པོ་ཆེ་རྩེ་མོ་དགུ་པའོ། །དེ་བཞིན་དུ་གཟུགས་ཀྱི་རིགས་ལས་སྐྱེས་པ་རྣམ་པར་སྣང་མཛད་དང་སྤྱན་མ་དང་རེངས་བྱེད་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་དྲི་རྡོ་རྗེ་མ་སྟེ་སེར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ན་འཁོར་ལོ་དང་གཉིས་པ་ན་དབྱུག་པ་དང་གསུམ་པ་ན་འཇིགས་བྱེད་རྡོ་རྗེའོ། །གཡོན་གྱི་དང་པོ་ན་དུང་དང་གཉིས་པ་ན་རྡོ་རྗེ་ལྕགས་སྒྲོག་དང་གསུམ་པ་ན་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུའོ། །དེ་བཞིན་དུ་འདུ་ཤེས་ཀྱི་རིགས་ལས་སྐྱེས་པ་སྣང་བ་མཐའ་ཡས་དང་མཱ་མ་ཀཱི་དང་པདྨ་མཐར་བྱེད་དང་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ་སྟེ་དཀར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ན་ཐོ་བ་དང་གཉིས་པོ་ན་མདུང་དང་གསུམ་པ་ན་རྩེ་གསུམ་མོ། །གཡོན་པའི་དང་པོ་ན་པདྨ་དཀར་པོ་འདབ་མ་བརྒྱ་པ་དང་གཉིས་པ་ན་མེ་ལོང་དང་གསུམ་པ་ན་བགྲང་ཕྲེང་


DTG012_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རིགས་ལས་སྐྱེས་པ་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་གཙུག་ཏོར་དང་ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ་ལྗང་ཁུ་རྣམས་ཀྱི་གཡས་ཀྱི་དང་པོ་ན་རྡོ་རྗེ་དང་གཉིས་པ་ན་གྲི་གུག་དང་གསུམ་པ་ན་དགྲ་སྟའོ། །གཡོན་གྱི་དང་པོ་ན་དྲིལ་བུ་དང་གཉིས་པ་ན་ཐོད་པ་དང་གསུམ་པ་ན་ཚངས་པའི་མགོ་བོའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རིགས་ལས་སྐྱེས་པ་རྡོ་རྗེ་སེམས་དཔའ་དང་སྣ་ཚོགས་ཡུམ་དང་གནོད་མཛེས་རྒྱལ་པོ་དང་ཀུན་དུ་བཟང་པོ་དང་སྒྲ་རྡོ་རྗེ་མ་སྟེ་སྔོན་པོ་རྣམས་ཀྱི་ཡང་ངོ༌། །མཚན་མའི་ངེས་པའོ། །ཡང་ན་སྒྲོལ་མ་དང་ཀུན་དུ་བཟང་པོའི་ཁ་ཊཱཾ་གའི་གནས་དང་ཚངས་པའི་མགོ་བོའི་གནས་སུ་ཨུཏྤལའོ། །གང་གི་ཚེ་དུ་བ་ལ་སོགས་ལྷ་མོ་བརྒྱད་པོ་དང་བུམ་པ་བརྒྱད་དང་ཆོས་ཀྱི་དུང་ལ་སོགས་པ་རེས་འགའ་དོར་ནས་རྒྱལ་བའི་བདག་པོའི་པདྨ་དག་ལ་དཔལ་ལྡན་འཁོར་ལོ་སྟེ་ཐུགས་ཀྱི་དཀྱིལ་འཁོར་ནི་སྙིང་པོའི་དབུས་སུ་མི་ཡི་བདག་པོ་ཉི་ཤུར་ཙ་ལྔའི་བདག་ཉིད་དུ་ཡང་འགྱུར་ཏེ་དེའི་ཚེ་བཅོམ་ལྡན་འདས་ཉེ་བར་བསྐོར་བ་ཡང་དཔལ་འདུས་པ་ལྟ་བུར་འགྱུར་རོ། །འདི་ལ་སྐྱོན་མེད་དེ་རིས་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྒྲུབ་པ་པོ་རྣམས་ཀྱིས་རང་གི་སེམས་ཀྱི་ནུས་པ་ཤེས་ནས་བཅོམ་ལྡན་འདས་འདི་ཡང་རྣལ་འབྱོར་པ་རྣམས་དག་གིས་བསྒོམ་པར་བྱའོ། །དབང་གི་དོན་དུ་ཡང་ན་དཀྱིལ་འཁོར་རིགས་ཀྱི་དབང་གིས་ཕྱི་ཡི་འཁོར་ལོས་རབ་ཏུ་དམན་པར་འགྱུར་རོ། །འདིར་ལྷན་ཅིག་སྐྱེས་པའི་བདེ་བ་རྡོ་རྗེ་སེམས་དཔའ་ཁུ་བ་མངལ་དུ་ཞུགས་པ་ནི་ཟླ་བ་དང་པོ་ལ་མ་རིག་པ་དང་གཉིས་པ་ལ་འདུ་བྱེད་དང་གསུམ་པ་ལ་རྣམ་པར་ཤེས་པ་དང་བཞི་པ་ལ་མིང་དང་གཟུགས་སོ། །གཟུགས་དང་འབྲེལ་པ་སྐྱེ་མཆེད་དྲུག་དང་རེག་པ་ལ་སོགས་པ་ནི་ཟླ་བ་དྲུག་པ་ཇི་སྲིད་བར་ཏེ་རིགས་ཀྱི་དབང་གིས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་སྙིང་ཁར་ཐུགས་ཀྱི་དཀྱིལ་འཁོར་ཁམས་ལྔ་ལྔའི་བདག་ཉིད་དོ། །དེ་ནས་ཟླ་བ་བདུན་པ་ལ་ཚོར་བ་སྐྱེ་བའི་དུས་སུ་སྐབས་གསུམ་པ་ནི་གསུང་གི་དཀྱིལ་འཁོར་ལ་རྩའི་ལྷ་མོ་རྣམས་སྤྲོ་བ་སྟེ་དེ་ལ་


DTG012_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དཀྱིལ་འཁོར་ནི་མགྲིན་པ་ནས་སྤྲུལ་པའི་འཁོར་ལོའི་མཐར་ཐུག་པ་གྲུབ་བཞིར་གཟུང་བར་བྱའོ། །སྤྲུལ་པའི་འཁོར་ལོ་དེ་ལ་རྩ་རྣམ་པ་བཞི་སྟེ་སྙིང་པོའི་ཟླུམ་སྐོར་དང་པོ་ལ་བཞི་དང་གཉིས་པ་ལ་བརྒྱད་དང་གསུམ་པ་ལ་བཅུ་གཉིས་ཏེ་ཐུགས་དང་གསུང་དང་སྐུའི་རང་བཞིན་གྱིས་སོ། །དེ་ནས་ཟླུམ་སྐོར་བཞི་པ་ལ་རྡོ་རྗེ་གསུམ་ཐུན་མོང་གི་རྩ་དྲུག་ཅུ་རྩ་བཞི་སྟེ་དེ་ལ་དྲུག་ཅི་ནི་དཀྱིལ་འཁོར་འབབ་པ་ཡིན་ཨོ་བཞི་སྟོང་པའོ། །དེ་བཞིན་དུ་མགྲིན་པར་སུམ་ཅུ་ནི་ཡུད་ཙམ་འབབ་པ་སྟེ་གཉིས་ནི་སྟོང་པའོ། །དེ་ལྟར་སྤྲུལ་པའི་འཁོར་ལོ་ནས་གསུང་གི་རྩ་ཐུན་ཚོད་བརྒྱད་ཀྱི་དབྱེ་བ་འབབ་བཟླུམ་སྐྲ་གཉིས་པ་ལ་གནས་པ་རྣམས་དྲུག་ཅུ་རྩ་བཞི་པོ་རྣམས་དང་ལྷན་ཅིག་ཏུ་མགྲིན་པའི་བར་དུ་སྤྲོ་བར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་ཕྱི་རོལ་ཞེས་པ་ལ་སོགས་པས་གསུང་གི་དཀྱིལ་འཁོར་གྱི་ལྷ་སྤྲོ་བ་གསུངས་པ། འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ནི་གསུང་གི་དཀྱིལ་འཁོར་ཏེ་ཕྱི་རོལ་དེར་ནི་བརྒྱད་པ་བརྒྱད་ཀྱིས་པད་འདབ་བརྒྱད་པ་རྣམས་ལ་ཕྱོགས་བརྒྱད་ཀྱི་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་ཙ་རྩི་ཀཱ་སོགས་རྣལ་འབྱོར་མ་རྣམས་ཟླ་བ་ཉི་མ་དང་བྲལ་ཞིང་རང་རང་གི་བཞོན་པ་ལ་གནས་པ་རིག་བྱེད་ཕྱག་ཅེས་པ་ཕྱག་བཞི་དང་སྤྱན་གསུམ་མ་གདོང་སྣ་ཚོགས་པའོ། །དེ་ལ་ཤར་གྱི་པདྨར་ཙ་རྩི་ཀཱ་ཞལ་གཅིག་མ་ནག་མོའོ། །མེ་ར་ནི་མཁའ་འགྲོའི་བདག་པོ་འགྲོ་མ་ཁྱབ་འཇུག་མའོ། །ཕག་མོ་དང་གདོང་དྲུག་མ་ནི་ཁ་དོག་དམར་མོ་སྟེ་གཤིན་རྗེ་དང་བདེན་བྲལ་དུའོ། །ཆུར་དབང་མོ་སེར་མོའོ། །རླུང་དུ་ཆུ་གཏེར་གདོང་མ་སྟེ་ཚང་མ་སེར་མོའོ། །བྱང་དུ་དྲག་མོ་དཀར་མོ་ཞལ་གཅིག་མའོ། །དབང་ལྡན་དུ་དཔལ་མོ་དཀར་མོའོ། །དེ་ལྟར་ལྟེ་བ་ལ་གནས་པའི་གཙོ་མོའི་ཁ་དོག་དང་དབྱིབས་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཀྱི་འདབ་མ་ལ་གནས་པའི་ལྷ་མོ་རྣམས་སོ། །དེ་ལྟར་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་གང་པདྨའི་འདབ་མ་ལ་གནས་གཙོ་མོའི་ཁ་དོག་ཞལ་རྣམས་སོ། །ད་ནི་ཤར་ལ་སོགས་པར་ཞེས་པ་ལ་སོགས་པས་ཙ་རྩི་ཀཱ་ལ་སོགས་པ་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་ལ་མཚན་མ་རྣམས་རིམ་པ་བཞིན་དུ་གསུངས་


DTG012_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འདིར་ཤར་དུ་ཙརྕི་ཀཱའི་ཕྱག་དང་པོ་ན་གྲི་གུག་དང་གཉིས་པ་ན་རྩེ་གསུམ་མོ། །ཁྱབ་འཇུག་མའི་འཁོར་ལོ་དང་བེ་ཅོན་ནོ། །ཕག་མོའི་དབྱུག་པ་དང་རལ་གྲིའོ། །གཞོན་ནུ་མའི་ཤ་ཀ་ཏི་དང་ལྕགས་ཀྱུའོ། །དབང་མོའི་རྡོ་རྗེ་དང་མདའོ། །ཚངས་མའི་པདྨ་དང་ཚངས་པའི་དབྱུག་པའོ། །དྲག་མོའི་རྩེ་གསུམ་དང་ཌ་མ་རུའོ། །དཔལ་ཆེན་མོའི་པདྨ་དང་བགྲང་ཕྲེང་ངོ་ཞེས་པ་སྟེ་གཡས་ཀྱི་ཕྱག་གཉིས་ལའོ། །དེ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་ཡང་ངོ༌། །དེ་ནས་གཡོན་གྱི་ཕྱག་གཉིས་ལ་ཤར་ལ་སོགས་པ་རིམ་པ་བཞིན་དུ་སྟེ་ཙརྩི་ཀཱའི་གཡོན་གྱི་ཕྱག་དང་པོ་ན་ཐོད་པ་དང་གཉིས་པ་ན་ཁ་ཊྭཱཾ་གའོ། །ཁྱབ་འཇུག་མའི་པདྨ་དང་དུང་ངོ༌། །ཕག་མོའི་ལྕགས་སྒྲོག་དང་ཕུབ་བོ། །གཞོན་ནུ་མའི་རིན་པོ་ཆེ་དང་ཞགས་པའོ། །དབང་མོའི་དྲིལ་བུ་དང་གཞུའོ། །ཚངས་མའི་སྤྱི་བླུགས་དང་སྣོད་དོ། །དྲག་མོའི་ཁ་ཊྭཱཾ་ག་དང་སྦྲུལ་ལོ། །དཔལ་ཆེན་མོའི་པདྨ་དང་རིན་པོ་ཆེ་ཉིད་དོ། །དེ་བཞིན་དུ་པདྨ་ནོར་འདབ་ལ་ནི་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མའི་ཕྱག་གི་མཚོན་ཆ་དེ་བཞིན་ནོ་སྟེ་གཙོ་མོའི་ཇི་ལྟ་བ་དེ་བཞིན་ནོ་ཞེས་པ་ངེས་པའོ། །ད་ནི་དེ་རྣམས་ཀྱི་མིང་དུ་འགྱུར་ཏེ་དེ་ལ་ཙརྩི་ཀཱ་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ་ཤར་ལ་སོགས་པ་གཡས་སྐོར་གྱིས་ཙརྩི་ཀཱ་ལ་སོགས་པ་རྣམས་ཀྱི་འདབ་མའི་ལྷ་མོ་རྣམས་རིག་པར་བྱའོ། །དེ་ལ་འདབ་མ་དང་པོ་ལ་འཇིགས་མ་སྟེ་གཉིས་པ་ལ་སོགས་པ་ལ་དྲག་མོ་དང༌། དུས་ཀྱི་མཆེ་བ་མ་དང༌། མེ་འབར་གདོང་མ་དང༌། རླུང་གི་ཤུགས་མ་དང༌། རབ་གཏུམ་མ་དང༌། དྲག་སྤྱན་མ་དང༌། སྣ་ཆེན་མ་སྟེ་ཙརྩི་ཀཱའི་ནོར་འདབ་པདྨ་ལ་རང་གི་ཕྱོགས་རྣམས་སུའོ། །ཁྱབ་འཇུག་མའི་འདབ་མ་དང་པོ་ལ་སོགས་པ་ལ་གཡང་མོ་དང་སྒྱུ་མ་དང་གྲགས་མོ་དང་དཔལ་མོ་དང་རྣམ་པར་རྒྱལ་མ་དང་དཔལ་ལྡན་རྒྱལ་མ་དང་དཔལ་ལྡན་རྒྱལ་བྱེད་མ་དང་བརྒྱད་པ་དཔལ་ལྡན་འཁོར་ལོ་ཅན་མ་སྟེ་ནོར་འདབ་པདྨ་ལ་ནི་ཁྱབ་འཇུག་མའི་ཕྱོགས་ཀྱི་ཆར་ཞེས་པ་མེར་རོ། །དེ་ནས་ཕག་མོའི་འདབ་མ་དང་པོ་ལ་སོགས་པ་ལ་ཀེང་རུས་མ་དང་དུས་མཚན་མ་དང༌། རབ་ཏུ་ཁྲོས་པའི་གདོང་མ་དང་


DTG012_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་ལྕེ་དང་གཙིགས་མ་དང་ནག་མོ་དང་འཇིགས་རུང་མ་དང་གཟུགས་ངན་མ་རྣམས་ནོར་བདག་པདྨ་ལ་སྟེ་ཕག་མོའི་འདབ་མའི་ལྷ་མོའི་ཞེས་པ་ལྷོར་རོ། །དེ་བཞིན་དུ་གཞོན་ནུ་མའི་མདུན་གྱི་འདབ་མ་ལ་སོགས་པ་ལ་པདྨ་དང་ལུས་མེད་མ་དང་གཞོན་ནུ་མ་དང་རི་དགས་བདག་པོས་འགྲོ་མ་དང་རིན་ཆེན་ཕྲེང་བ་མ་དང་མིག་བཟང་མ་དང་རུལ་མ་དང་བཟང་མོ་སྟེ་གང་ན་གཙོ་མོ་མཆོག་གི་རྨ་བྱས་འགྲོ་མའི་ཆུ་སྐྱེས་འདབ་མ་ལའོ་རྒྱལ་པོ་ཀྱེ་ཞེས་པ་སྟེ་བདེན་བྲལ་དུའོ། །དེ་བཞིན་དུ་དབང་མོའི་མདུན་གྱི་འདབ་མ་ལ་སོགས་པ་ལ་རྡོ་རྗེ་འོད་དང་རྡོ་རྗེ་ལུས་དང་གསེར་ལྡན་མ་དང་ཨཱུར་བ་སཱི་དང་བཀྲ་བའི་རི་མོ་དང་རམ་བྷཱ་དང་ཟུག་རྔུ་མེད་དང་ཤིན་ཏུ་སྒྲོལ་མ་སྟེ་པདྨ་ནོར་འདབ་རྡོ་རྗེ་ལག་མ་ལྷག་པའི་ལྷ་ཅན་ལའོ་ཞེས་པ་ནུབ་ཏུའོ། །དེ་ནས་ཚངས་མའི་མདུན་གྱི་འདབ་མ་ལ་སོགས་པ་ལ་ས་བཱི་ཏྲཱི་དང་པདྨའི་སྤྱན་མ་དང་ཆུ་སྐྱེས་ཅན་མ་དང་བློ་གྲོས་མ་དང་ངག་གི་དབང་ཕྱུག་མ་དང་གཱ་ཡ་ཏྲཱི་དང་གློག་མ་དང་དྲན་མ་རྣམས་ཀྱང་པདྨ་རིགས་བྱེད་གདོང་མ་ལྷག་པའི་ལྷ་ཅན་ལའོ་ཞེས་པ་རླུང་དུའོ། །དེ་ནས་དྲག་མོའི་མདུན་གྱི་འདབ་མ་ལ་སོགས་པ་ལ་གཽ་རཱི་དང་གཾ་གཱ་དང་རྟག་མ་དང་མྱུར་མ་དང་ཏོ་ཏ་ལཱ་དག་མཚན་བྱེད་མ་དང་དམར་སེར་མ་དང་ནག་མོ་སྟེ། དེ་བཞིན་གང་ན་དྲག་མོ་གཙོ་མོའི་པདྨ་ནོར་གྱི་འདབ་མ་ལའོ་ཞེས་པ་བྱང་དུའོ། །དེ་ནས་དཔལ་མོའི་མདུན་གྱི་འདབ་མ་ལ་སོགས་པ་ལ་དཔལ་ལྡན་དཀར་མོ་དང་ཟླ་བའི་རི་མོ་དང་རི་བོང་འཛིན་པའི་གདོང་མ་དང་ངང་པའི་མདོག་མ་དང་འཛིན་མ་དང་པདྨའི་དབང་མོ་དང་སྐར་མིག་མ་དང་དྲི་མེད་རི་བོད་འཛིན་མ་སྟེ་དབང་ལྡན་པདྨ་དག་ལ་མཚན་མར་བཅས་པའོ། །དེ་ལྟར་གསུང་གི་དཀྱིལ་འཁོར་གྱི་གཙོ་མོ་ཙརྩི་ཀཱ་ལ་སོགས་པ་རྣམས་ཀྱི་པདྨའི་འདབ་མ་རྣམས་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་པོ་རྣམས་ཏེ་ཚོར་བའི་ཡན་ལག་ལའོ། །སྲེད་པའི་ཡན་ལག་ལ་སྐུ་རྡོ་རྗེ་ཐམས་ཅད་རྫོགས་པ་སྟེ་སྐུ་རྫོགས་པ་ལ་དཔྲལ་བ་ནས་གསང་བའི་པདྨའི་མཐར་གྲུ་བཞིར་རིག་པར་བྱའོ། །དེ་ལ་ལག་པ་དང་རྐང་བའི་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོའི་ཚིགས་


DTG012_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ལ་འདབ་མ་ཉི་ཤུ་རྩ་བརྒྱད་པའི་པདྨ་བཅུ་གཉིས་པོ་གང་ཡིན་པ་དེ་རྣམས་ནི་ཟླ་བ་བརྒྱད་པ་ལ་རྩ་དང་ལྷའི་གཟུགས་ཀྱིས་སྤྲོ་བར་བྱའོ། །དེ་ཡི་ཕྱི་རོལ་ཉི་མའི་པདྨ་ལ་ཞེས་པ་ནི་དེའི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་པདྨ་བཅུ་གཉིས་པོ་རྣམས་ལ་ཤར་གྱི་སྒོའི་གཡས་ཀྱི་ཆ་ལ་སོགས་པར་ར་བའི་རྩིག་པ་ལ་ནམ་མཁའི་སྙིང་པོ་ལ་སོགས་པ་བཞེན་དུ་བདེན་བྲལ་ལ་སོགས་པ་རྣམ་གྲངས་བཞིན་དུ་གསུངས་ཏེ་ལྷ་མིན་བདེན་བྲལ་ཏེ་ཤར་གྱི་སྒོའི་གཡས་སུའོ། །གཡོ་བ་ཞེས་པ་རླུང་སྟེ་མེར་རོ། །གཤིན་རྗེ་ཞེས་པ་ལྷོའི་སྒོའི་གཡོན་དུའོ། །གཡས་སུ་མེ་དང་བདེན་བྲལ་དུ་གདོང་དྲུག་གོ །ནུབ་ཀྱི་སྒོའི་གཡོན་དུ་གནོད་སྦྱིན་དང་གཡས་སུ་བརྒྱ་བྱིན་དང་རླུང་དུ་ཚངས་པའོ། །བྱང་གི་སྒོའི་གཡོན་དུ་དྲག་པོ་དང་གཡས་སུ་རྒྱ་མཚོ་དང་དབང་ལྡན་དུ་ཚོགས་ཀྱི་བདག་པོའོ། །ཤར་གྱི་སྒོའི་གཡོན་དུ་ཁྱབ་འཇུག་སྟེ་ཐམས་ཅད་ཕྱག་བཞི་པའོ། །བཅུ་གཉིས་པོ་འདི་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་ལ་རིམ་པ་བཞིན་མཚན་མ་རྣམས་སུ་འགྱུར་ཏེ་བདེན་བྲལ་གྱི་དང་པོ་ན་རལ་གྲི་དང་གཉིས་པ་ན་གྲི་གུག་གོ །རླུང་གི་དང་པོ་ན་ལྗོན་ཤིང་དབང་པོ་སྟེ་དཔག་བསམ་གྱི་ཤིང་དང་གཉིས་པ་ན་ཡོངས་འདུའི་མེ་ཏོག་གོ །གཤིན་རྗེའི་དང་པོ་ན་དབྱུག་པ་དང་གཉིས་པ་ན་རལ་གྲིའོ། །མེའི་དང་པོ་ན་ཤ་ཀ་ཏི་དང་གཉིས་པ་ན་དབྱུག་པའོ། །གདོང་དྲུག་གི་དང་པོ་ན་ཤ་ཀ་ཏི་དང་གཉིས་པ་ན་མདུང་ངོ༌། །ནོར་སྦྱིན་གྱི་དང་པོ་ན་ནོར་བུ་རིན་པོ་ཆེ་དང་གཉིས་པ་ན་བེ་ཅོན་ནོ། །དབང་པོའི་དང་པོ་ན་རྡོ་རྗེ་དང་གཉིས་པ་ན་མེའི་མདའོ། །ཆངས་པའི་དང་པོ་ན་ཁབ་དང་གཉིས་པ་ན་བགྲང་ཕྲེང་ངོ༌། །དྲག་པོའི་དང་པོ་ན་རྩེ་གསུམ་དང་གཉིས་པ་ན་མདའོ། །ཆུ་ལྷའི་དང་པོ་ན་ཞགས་པ་དང་གཉིས་པ་ན་རིན་པོ་ཆེའོ། །ལོག་འདྲེན་གྱི་དང་པོ་ན་དགྲ་སྟ་དང་གཉིས་པ་ན་རྡོ་རྗེའོ། །ཁྱབ་འཇུག་གི་དང་པོ་ན་འཁོར་ལོ་དང་གཉིས་པ་ན་དབྱུག་ཐོའོ། །དེ་ནས་གཡོན་དུ་བདེན་བྲལ་གྱི་ཕྱག་དང་པོ་ན་ཕུབ་དང་གཉིས་པ་ན་ཐོད་པའོ། །རླུང་གི་དང་པོ་ན་ཨིནྡྲ་ནཱི་ལ་དང་གཉིས་པ་ན་ཨུཏྤལ་སྔོན་པོའོ། །གཤིན་


DTG012_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དང་པོ་ན་ལྕགས་སྒྲོག་དང་གཉིས་པ་ན་ཞགས་པའོ། །མེའི་དང་པོ་ན་པདྨ་དང་གཉིས་པ་ན་རིལ་བ་སྤྱི་བླུགས་སོ། །གདོང་དྲུག་པའི་དང་པོ་ན་རིན་པོ་ཆེ་དང་གཉིས་པ་ན་མེ་ལོང་ངོ༌། །གནོད་སྦྱིན་གྱི་དང་པོ་ན་ནེའུ་ལེ་དང་གཉིས་པ་ན་པདྨའོ། །དབང་པོའི་དང་པོ་ན་དྲིལ་བུ་དང་གཉིས་པ་ན་གཞུའོ། །ཚངས་པའི་དང་པོ་ན་པདྨ་དང་གཉིས་པ་ན་སྤྱི་བླུགས་སོ། །དྲག་པོའི་དང་པོ་ན་སྦྲུལ་དང་བཅས་པའི་ཁ་ཊྭཱཾ་ག་དང་གཉིས་པ་ན་གཞུའོ། །རྒྱ་མཚོའི་དང་པོ་ན་སྦྲུལ་གྱི་ཞགས་པ་དང་གཉིས་པ་ན་ཟླ་བ་ཆུ་ཤེལ་གྱི་ནོར་བུ་རིན་པོ་ཆེའོ། །ལོག་འདྲེན་གྱི་དང་པོ་ན་ཞགས་པ་དང་གཉིས་པ་ན་རིན་པོ་ཆེའོ། །ནོར་ལྷའི་དང་པོ་ན་པདྨ་དང་གཉིས་པ་ན་སྐྱེ་བ་ལྔ་པའི་དུང་སྟེ་ཐམས་ཅད་ཀྱི་ཕྱག་གཡོན་པ་གཉིས་ལ་རིམ་པ་བཞིན་དུ་མཚན་མ་རྣམས་སོ། །བདེན་བྲལ་ལ་སོགས་པ་པདྨའི་ལྟེ་བ་ལ་གནས་པ་དེ་རྣམས་ཀྱི་པདྨའི་འདབ་མ་ནི་འདབ་མ་ཉི་ཤུ་རྩ་བརྒྱད་དེ་གཡས་སྐོར་གྱིས་འདབ་མའི་ཟླུམ་སྐོར་གསུམ་ལས་ཟླུམ་སྐོར་དང་པོ་ལ་འདབ་མ་བཞི་དང་གཉིས་པ་ལ་བརྒྱད་དང་གསུམ་པ་ལ་བཅུ་དྲུག་གོ །དེ་ལྟར་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་ནག་པ་ལ་སོགས་པའི་ཟླ་བའི་ཚེས་རྣམས་ཏེ་དཀར་པོ་དང་ནག་པོའི་ཕྱོགས་རྣམས་ཀྱི་ཉ་དང་གནམ་སྟོང་གི་གཙོ་བོ་ཉིད་ཀྱི་ལྟེ་བ་ལ་གནས་སོ། །དེ་ལྟར་ནག་པའི་ཟླ་བའི་ཚེས་རྣམས་བདེན་བྲལ་གྱི་པདྨའི་འདབ་མ་ལའོ། །ས་གའི་ཟླ་བའི་ཚེས་རྣམས་རླུང་གི་ལའོ། །སྣོན་གྱི་ཟླ་བའི་ཚེས་རྣམས་མེའི་ལའོ། །ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་གདོང་དྲུག་གི་ལའོ། །གྲོ་བཞིན་གྱི་ཟླ་བའི་ཚེས་རྣམས་རྒྱ་མཚོའི་ལའོ། །ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་རྣམས་ལོག་འདྲེན་གྱི་ལའོ། །ཐ་སྐར་གྱི་ཟླ་བའི་ཚེས་རྣམས་དབང་པོའི་ལའོ། །སྨིན་དྲུག་གི་ཟླ་བའི་ཚེས་རྣམས་ཚངས་པའི་ལའོ། །མགོའི་ཟླ་བའི་ཚེས་རྣམས་དྲག་པོའི་ལའོ། །རྒྱལ་གྱི་ཟླ་བའི་ཚེས་རྣམས་གནོད་སྦྱིན་གྱི་ལའོ། །མཆུའི་ཟླ་བའི་ཚེས་རྣམས་ཁྱབ་འཇུག་གི་ལའོ། །དབོའི་ཟླ་བའི་ཚེས་རྣམས་གཤིན་རྗེའི་ལའོ། །ལྷ་མོ་རྣམས་ཀྱི་ཁ་དོག་དང་མཚོན་ཆ་དང་དབྱིབས་ནི་དེ་བཞིན་ནོ། །དེ་ལྟར་པདྨའི་འདབ་


DTG012_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་ནག་པ་སོགས་ཀྱི་ནོར་ལག་ཚེས་རྣམས་དང་ནི་ལྟེ་བར་རྫོགས་པ་གཉིས། མཆོག་གི་ཟླ་བའི་ཆ་རྣམས་ཐམས་ཅད་སྟོང་པ་དུས་དང་འཇིག་རྟེན་ཞེས་པ་སུམ་བརྒྱ་དྲུག་ཅུ་སྟེ་དེ་རྣམས་ལོ་ཡི་སྦྱོར་བས་རིག་པར་བྱའོ། །འཆད་པར་འགྱུར་པའི་ས་བོན་དང་པོར་གྱུར་པ་རྡོ་རྗེའི་མཐའ་ཅན་ནི་འདི་རྣམས་ཀྱི་མིང་དུ་འགྱུར་རོ་ཞེས་པ་ངེས་པའོ། །ད་ནི་ལག་པ་དང་རྐང་པའི་མཐིལ་དང་གཙུག་ཏོར་དང་བཤང་ལམ་གྱི་རྩ་སྤྲོ་བའི་དག་པས་སྒོར་ནི་ལྷ་མོ་ཤིང་རྟ་ལ་གནས་འོད་ཟེར་ཅན་ལ་སོགས་པ་ཞལ་གཅིག་ཕྱག་བཞི་མ་རྣམས་ཏེ། འདི་རྣམས་ནི་གཞན་གྱི་གནས་སུ་འགྲོ་བའི་ཕྱིར་གཙོ་མོ་མ་ཡིན་པ་ཉིད་དོ། །དབྱུག་པ་སྔོན་པོ་ལ་སོགས་པ་རྣམས་ནི་རང་གི་གནས་ཀྱི་ཕྱིར་གཙོ་བོ་ཉིད་དོ། །དེའི་ཕྱིར་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་འདི་རྣམས་མངོན་དུ་ཕྱོགས་པའི་གནས་སུ་འགྲོ་བ་ནི་ཤར་ལ་སོགས་པའི་རིགས་སོ། །རིགས་ཀྱི་དབང་དེས་ན་ལྕགས་སྒྲོག་མའི་གཡས་ཀྱི་ཕྱག་དང་པོ་ན་རལ་གྲི་དང་གཉིས་པ་ན་རྡོ་རྗེ་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་དབང་གིས་སོ། །དེ་བཞིན་དུ་རིན་ཆེན་རིགས་ཀྱི་དབང་གིས་ཁྲོ་གཉེར་ཅན་གྱི་ཕྱག་དང་པོ་ན་མདའ་དང་གཉིས་པ་ན་ལྕགས་ཀྱུ་དང་བཅས་པའོ། །རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དབང་གིས་འོད་ཟེར་ཅན་གྱི་གཡས་ཀྱི་ཕྱག་དང་པོ་ན་འཁོར་ལོ་དང་གཉིས་པ་ན་དབྱུག་པའོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་པདྨའི་རིགས་ཀྱི་དབང་གིས་ཙུན་དཱའི་ཕྱག་དང་པོ་ན་ཐོབ་དང་གཉིས་པ་ན་མདུང་ངོ༌། །ཡེ་ཤེས་ཀྱི་རིགས་ཀྱི་དབང་གིས་ཤིན་ཏུ་སྔོན་མོའི་དང་པོ་ན་གྲི་གུག་དང་གཉིས་པ་ན་རྡོ་རྗེའོ། །ནམ་མཁའི་རིགས་ཀྱི་དབང་གིས་དྲག་སྤྱན་མའི་དང་པོ་ན་དགྲ་སྟ་དང་གཉིས་པ་ན་རྩེ་གསུམ་མོ། །དེ་བཞིན་དུ་ལྕགས་སྒྲོག་མའི་གཡོན་གྱི་ཕྱག་ན་ཕུབ་དང་སྦྲུལ་ལོ། །ཁྲོ་གཉེར་ཅན་གྱི་དང་པོ་ན་གཞུ་དང་གཉིས་པ་ན་ཞགས་པའོ། །འོད་ཟེར་ཅན་གྱི་དུང་དང་རིན་ཆེན་ནོ། །ཙུན་དཱའི་པདྨ་དང་མེ་ལོང་ངོ༌། །ཤིན་ཏུ་སྔོན་མོའི་ཐོད་པ་དང་དྲིལ་བུའོ། །དྲག་སྤྱན་མའི་སྦྲུལ་གྱི་ཞགས་པ་དང་ཁ་ཊྭཱཾ་གའོ། །དེ་བཞིན་


DTG012_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོར་གནས་པ་དབྱུག་པ་སྔོན་པོ་དང་འདོད་པའི་རྒྱལ་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བའིའོ་ཞེས་པ་ནི་ངེས་པའོ། །དེ་ནས་ཟླ་བ་དགུ་པ་ལེན་པ་ལ་བྱ་བའི་འཁོར་ལོའི་སོར་མོ་ཉི་ཤུའི་རྩ་རྣམ་པར་དག་པས་ཀླུ་བཅུ་དང་རབ་གཏུམ་མ་བཅུ་སྤྲོ་བར་བྱ་སྟེ་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྟ་བབས་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ་ཀླུ་བརྒྱད་དང་འོག་དང་སྟེང་དུ་རྒྱལ་བ་དང་རྣམ་པར་རྒྱལ་བདག་གོ །ཐམས་ཅད་ཕྱག་བཞི་པ་སྟེ་གཡས་ཀྱི་དང་པོ་ན་བདུད་རྩིའི་བུམ་པ་དང་གཉིས་པ་ན་རྡོ་རྗེའོ། །གཡོན་གྱི་དང་པོ་ན་པདྨ་དང་གཉིས་པ་ན་རིན་པོ་ཆེའོ། །དེའི་ཕྱིར་བུམ་པ་རྡོ་རྗེའི་ཕྱག་དང་པདྨ་ནོར་བུ་དག་གི་ཕྱག་རླུང་ལ་སོགས་པའི་དཀྱིལ་འཁོར་ལ་ནི་ཞེས་པ་སྟེ་ཤར་གྱི་རླུང་གི་དཀྱིལ་འཁོར་གཉིས་ལ་པདྨ་དང་སྟོབས་ཀྱི་རྒྱུ་དག་གོ །ལྷོར་མེའི་དཀྱིལ་འཁོར་ལ་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་ངོ༌། །ནུབ་ཏུ་སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོའོ། །བྱང་དུ་ཆུའི་དཀྱིལ་འཁོར་ལ་མཐའ་ཡས་དང་རིགས་ལྡན་ནོ། །ནམ་མཁའ་ལ་རྒྱལ་བའོ། །ཡེ་ཤེས་ལ་རྣམ་པར་རྒྱལ་བའོ་ཞེས་པ་སྟེ་རྐང་པའི་སོར་མོ་བཅུའོ། །དེ་ནས་ལག་པའི་སོར་མོ་རྣམ་པར་དག་པས་ཤར་དུ་ཁྱི་གདོང་མ་དང་ལྷོར་ཕག་གདོང་མ་དང་ནུབ་ཏུ་ཅེ་སྦྱང་གདོང་མ་དང་བྱང་དུ་སྟག་གདོང་མ་སྟེ་རླུང་དང་མེའི་ཁོར་ཡུག་གི་དབུས་སུ་དུར་ཁྲོད་ཆེན་པོ་ལ་ཞལ་གཅིག་ཕྱག་གཉིས་མ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་ནོ། །དེ་བཞིན་དུ་མེར་བྱ་རོག་གདོང་མ་དང་བདེན་བྲལ་དུ་བྱ་རྒོད་གདོང་མ་དང་རླུང་དུ་མཁའ་ལྡིང་གདོང་མ་དང་དབང་ལྡན་དུ་འུག་གདོང་མ་དང་ས་འོག་ཏུ་རྡོ་རྗེའི་མིག་དང་ནམ་མཁར་སྔོན་མོ་སྟེ་འདི་རྣམས་ཐམས་ཅད་ཕྱག་ན་གྲི་གུག་དང་ཐོད་པ་ཅན་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་མགོའི་ཕྲེང་བ་འཕྱང་བའོ། །དེ་བཞིན་དུ་བ་སྦུ་དང་སྐྲ་རྣམ་པར་དག་པས་ཕྱེད་དང་བཅས་པ་བྱེ་བ་ཕྲག་གསུམ་གྱི་འབྱུང་པོའི་སྐྱེ་གནས་གཡོ་བའི་མཐར་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་མཐར་ཏེ་པགས་པའི་མཐར་བ་སྤུ་རྣམས་སོ། །ཞེས་པ་སྔགས་པས་ཕྱི་རོལ་དུ་སྤྲོ་བར་བྱ་སྟེ་དེ་ལྟར་ཟླ་བ་དགུའི་མཐར་ལུས་དང་ལྷའི་ཚོགས་


DTG012_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའོ། །ད་ནི་ཡི་དགས་དམར་དང་ཞེས་པ་ལ་སོགས་པས་ཙཱ་མུཎ་ཌཱ་ལ་སོགས་པ་རྣམས་ཀྱི་པདྨར་གང་ན་རྣམས་གསུངས་ཏེ། འདིར་ཤར་གྱི་པདྨའི་ལྟེ་བ་ལ་ཙཱ་མུཎ་ཌཱའི་གདན་ཡི་དགས་ཆེན་པོ་དམར་པོའོ། །ལྟེ་བ་དང་འདབ་མ་བརྒྱད་ཙཱ་མུཎ་ཌཱ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་བཞིན་དུ་ཁྱབ་འཇུག་མའི་མཁའ་ལྡིང་དང་ཕག་མོའི་མ་ཧེ་དང་གཞོན་ནུ་མའི་རྨ་བྱ་དང་དབང་མོའི་གླང་པོ་དང་ཚངས་མའི་ངང་པ་དང་དྲག་མོའི་ཁྱུ་མཆོག་དང་དཔལ་ཆེན་མོའི་སེང་གེ་ནི་ནིམ་པས་གདན་ཏེ་ཕྱོགས་དང་ཕྱོགས་བྲལ་གྱི་པདྨ་རྣམས་སུའོ། །ལྷ་མིན་ལ་སོགས་རྣམས་ཀྱི་དེ་བཞིན་ཞེས་གསུངས་པའི་ཕྱིར་བདེན་བྲལ་གྱི་པདྨར་གདན་ནི་ཡི་དགས་དམར་པོའོ། །ཁྱབ་འཇུག་གི་མཁའ་ལྡིང་དང་གཤིན་རྗེའི་མ་ཧེ་དང་གཞོན་ནུའི་རྨ་བྱ་དང་དབང་པོའི་གླང་པོ་དང་ཆངས་པའི་ངང་པ་དང་དྲག་པོའི་ཁྱུ་མཆོག་གོ་ཞེས་པ་ནི་བདེན་བྲལ་ལ་སོགས་པ་རྣམས་ཀྱི་ངེས་པའོ། །དེ་བཞིན་དུ་ནོར་བདག་རྩེ་མོ་ཅན་དང་ཆུ་གཏེར་རླུང་དང་ཚོགས་ཀྱི་ནི་ཞེས་པ་ལྔ་པོ་རྣམས་ཀྱི་གྲངས་བཞིན་དུ་སྟེ་ནོར་བདག་གི་གླང་པོ་ཆེ་དང་མེའི་ལུག་དང་རྒྱ་མཚོའི་ཆུ་སྲིན་དང་རླུང་གི་རི་དགས་དང་ཚོགས་ཀྱི་བདག་པོའི་བྱི་བའོ། །དེ་བཞིན་དུ་བྱ་རོག་གདོང་མའི་འཁོར་ལོའི་འོག་ཏུ་བྷེ་རུཎྜ་དང་བྱ་རྒོད་གདོང་མའི་ཁྲུང་ཁྲུང་དང་མཁའ་ལྡིང་གདོང་མའི་མིག་སྔོན་དང་འུག་གདོང་མའི་བྱ་མ་བྱི་སྟེ་ཟུར་དུའོ། །དེ་བཞིན་དུ་ཕྱོགས་རྣམས་སུ་ཁྱི་གདོང་མའི་འཁོར་ལོའི་འོག་ཏུ་བསེ་དང་ཕག་གདོང་མའི་དོམ་དང་ཅེ་སྦྱང་གདོང་མའི་སེང་གེ་དང་སྟག་གདོང་མའི་འབྲིའོ་ཞེས་པ་ཁྱི་གདོང་མ་ལ་སོགས་པ་ཡི་སྟེ་ཕྱོགས་རྣམས་སུའོ། །རྡོ་རྗེའི་མིག་མའི་རྐང་པ་བརྒྱད་པ་ས་འོག་ཤིང་རྟ་ལ་གནས་པའོ། །མཁའ་ལ་སྔོན་མོའི་ཤིང་རྟ་ཡི་མཁར་བགྲོད་ཁྲོ་བ་དང་བཅས་ཁ་དོག་ལྔ་པ་ལུས་རྒྱས་མིག་གསུམ་ལྡན་པ་ཨ་ནི་ལ་ཞེས་པའོ། །དེ་བཞིན་དུ་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ཤིང་རྟ་ལ་ཕག་བདུན་དང་ལྷོར་ཙུན་དཱའི་ཤིང་རྟ་ལ་རྟ་བདུན་དང་ནུབ་ཏུ་ལྕགས་སྒྲོག་མའི་ཤིང་རྟ་ལ་གླང་པོ་བདུན་དང་བྱང་དུ་ཁྲོ་གཉེར་ཅན་གྱི་ཤིང་རྟ་ལ་སེང་གེ་བདུན་ནོ། །དེ་བཞིན་དུ་


DTG012_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྙིང་ཁའི་རྩ་བཅུའི་རང་བཞིན་གྱིས་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞིའི་གཡས་དང་གཡོན་གྱི་སྟེགས་བུ་ལ་མཆོད་པའི་ལྷ་མོ་སྤྲོ་བར་བྱ་སྟེ་ཤར་དུ་དྲི་མ་དང་ཕྲེང་བམ་དང་ལྷོར་བདུག་སྤོས་མ་དང་མར་མེ་མ་དང་ནུབ་ཏུ་སྒེག་མོ་དང་བཞད་མ་དང་བྱང་དུ་རོལ་མོ་མདང་གར་མཁན་མ་དང་ནམ་མཁར་གླུ་མ་དང་འདོད་མ་དང་འོག་ཏུ་བཤང་བ་དང་གཅི་བའི་རྩའི་རང་བཞིན་གྱིས་ལྷ་བཤོས་མ་དང་བདུད་རྩིའི་འབྲས་བུ་མའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཁའ་དང་འོག་ན་གནས་པའི་ལྷ་མོ་གང་སུ་ཡང་རུང་བ་དེ་རྣམས་ནི་ཤར་དང་ནུབ་ཀྱི་རྟ་བབས་ཀྱི་འོག་ཏུ་བལྟ་བར་བྱ་སྟེ་ཕྱོགས་སྐྱོང་ལ་སོགས་པ་རྣམས་བསྒོམ་པ་ནི་ཇི་ལྟར་གསུངས་པའི་གནས་ཉིད་དུའོ། །སྒོའི་གཡོན་གྱི་ཀུན་དུ་བཟང་པོ་ལ་སོགས་པ་བཞི་ཡང་དེ་བཞིན་ནོ་ཞེས་པ་ངེས་པའོ། །དེ་ལྟར་མཆོད་པའི་ལྷ་མོ་རྣམས་ཇི་ལྟ་བ་དེ་བཞིན་དུ་མཐའ་ཡས་པའི་གཟུངས་མ་རྣམས་ནི་སྣམ་བུ་ལ་སྟེ་སྟེགས་བུ་ལའོ། །དེ་བཞིན་དུ་གདེང་ས་ཅན་རིགས་དང་བཅས་པའི་ཕྱིར་འདོད་མ་རྣམས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྟེགས་བུ་ལའོ། །དེའི་ཕྱིར་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་འདོད་མ་རྣམས་སོ། །དེ་ལ་ཤར་དུ་སྒྲོལ་མ་ལས་སྐྱེས་པ་དབྱེ་བར་འདོད་མ་དང་ལྷོར་གོས་དཀར་མོ་ལས་སྐྱེས་པ་བསྐྱོད་པར་འདོད་མ་དང་བྱང་དུ་མཱ་མ་ཀཱི་ལས་སྐྱེས་པ་རྒྱས་པར་འདོད་མ་དང་ནུབ་ཏུ་སྤྱན་མ་ལས་སྐྱེས་པ་རེངས་པར་འདོད་མ་སྟེ་དེ་ལྟར་ལྷ་མོ་སྒྲོལ་མ་ལ་སོགས་དག་པ་ཡིས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་སྐྱེས་པ་ནི་སྲིད་གསུམ་སྐྱེད་མ་གསོད་པར་འདོད་མའོ། །སྣ་ཚོགས་ཡུལ་ལས་སྐྱེས་པ་ནི་སྐྱེད་པར་འདོད་མའོ། །དེ་བཞིན་དུ་སྒྲ་ལས་སྐྱེས་པ་རོལ་མོ་འདོད་མ་དང་གཟུགས་ལས་སྐྱེས་པ་རྒྱན་འདོད་མ་དང༌། རོ་ལས་སྐྱེས་པ་ཟས་འདོད་མ་དང༌། དྲི་ལས་སྐྱེས་པ་དྲི་འདོད་མ་དང༌། རེག་བྱ་ལས་སྐྱེས་པ་གོས་འདོད་མ་དང༌། ཆོས་ཀྱི་ཁམས་ལས་སྐྱེས་པ་འཁྲིག་པ་འདོད་མ་སྟེ། ཤར་ལ་སོགས་པའི་སྟེགས་བུ་རྣམས་ལ་རིགས་ཀྱི་དབྱེ་བས་སོ། །ཙཱ་མུ་ཎ་ཌཱ་ལས་སྐྱེས་པ་


DTG012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་འཕྲུག་པར་འདོད་མ་དང༌། ཁྱབ་འཇུག་མ་ལས་སྐྱེས་པ་ཁ་ན་གནས་པའི་མཆིལ་མ་འདོར་བར་འདོད་མ་དང༌། ཕག་མོ་ལས་སྐྱེས་པ་ལུས་ཀྱི་དྲི་མ་འདོད་མ་དང༌། གཞོན་ནུ་མ་ལས་སྐྱེས་པ་གར་འདོད་མ་དང༌། དྲག་མོ་ལས་སྐྱེས་བསྟན་འདོད་མ་དང༌། ཚངས་མ་ལས་སྐྱེས་པ་ཆུ་ལ་རྐྱལ་བར་འདོད་མ་དང༌། དབང་པོ་ལས་སྐྱེས་པ་མལ་སྟན་ལ་སྙེས་པར་འདོད་མ་དང༌། དཔལ་མོ་ལས་སྐྱེས་པ་རྒྱལ་སྲིད་འདོད་མ་སྟེ་ཙཱ་མུ་ཎ་ཌཱ་ལ་སོགས་པ་བརྒྱད་ཀྱི་བྱ་བ་རྣམས་སོ། །དེ་བཞིན་ས་ལ་ཁྲོ་སྐྱེས་རྣམས་ཀྱི་འདོད་མ་སྟེ་འདིར་ཤིན་ཏུ་སྔོན་མོ་ལས་སྐྱེས་པ་ཀུན་དུ་གདུང་བ་འདོད་མ་དང༌། རེངས་བྱེད་མ་ལས་སྐྱེས་པ་གཉེན་པ་འདོད་མ་དང༌། ང་རྒྱལ་མ་ལས་སྐྱེས་པ་འཇམ་པར་སྨྲ་བ་འདོད་མ་དང༌། རྨུགས་བྱེད་མ་ལས་སྐྱེས་པ་སྐེམས་འདོད་མ་དང༌། ཤིན་ཏུ་སྟོབས་མ་ལས་སྐྱེས་པ་སྐྲོད་འདོད་མ་དང༌། དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མ་ལས་སྐྱེས་པ་རེག་བྱ་འདོད་མ་དང༌། ཁྲོ་གཉེར་ཅན་ལས་སྐྱེས་པ་དགུག་འདོད་མ་དང༌། ཙུན་ཌཱ་ལས་སྐྱེས་པ་འཆིང་འདོད་མ་དང༌། འོད་ཟེར་ཅན་ལས་སྐྱེས་པ་ཕུར་བུས་འདེབས་པར་འདོད་མ་དང༌། དྲག་སྤྱན་མ་ལས་སྐྱེས་པ་རྒྱུག་པར་འདོད་མའོ། །དེ་བཞིན་དུ་ལྷ་མིན་རིགས་ལས་སྐྱེས་པ་རྣམས་ཀྱི་འདོད་མ་རྣམས་ནི་ཁྱི་གདོང་མ་ལས་སྐྱེས་པ་ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་དང༌། ཕག་གདོང་མ་ལས་སྐྱེས་པ་བཤང་གཅི་ཟག་པར་འདོད་མ་དང༌། ཅེ་སྤྱང་གདོད་མ་ལས་སྐྱེས་པ་སེམས་ཅན་རྣམས་ལ་སླུ་བར་འདོད་མ་དང༌། སྟག་གདོང་མ་ལས་སྐྱེས་པ་རྩོད་པ་མད་པོ་འདོད་མ་དང༌། བྱ་རོག་གདོང་མ་ལས་སྐྱེས་པ་ལྷག་མ་ཟ་བར་འདོད་མ་དང༌། བྱ་རྒོད་གདོང་མ་ལས་སྐྱེས་པ་གཡུལ་འདོད་མ་དང༌། མཁའ་ལྡིང་གདོང་མ་ལས་སྐྱེས་པ་སྦྲུལ་འཆིང་བར་འདོད་མ་དང༌། འུག་གདོང་མ་ལས་སྐྱེས་པ་བྱིས་པ་ཁྲོ་བར་འདོད་མ་སྟེ། འདོད་མ་སུམ་ཅུ་རྩ་བདུན་རྣམས་ནི་གསུང་གི་དཀྱིལ་འཁོར་ལ་རང་གི་རིགས་ཀྱི་དབྱེ་བས་རང་རང་གི་ཕྱོགས་རྣམས་སུའོ། །དེ་བཞིན་དུ་


DTG012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་བདུན་ཕྱིར་འདོད་མ་རྣམས་ཞེས་པ་འདོད་མ་རྣམས་ལས་བཟློག་བ་ནི་ཕྱིར་འདོད་མ་ཞེས་བརྗོད་དེ། དེ་རྣམས་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་ལ་རང་གི་རིགས་ཀྱི་དབང་གིས་རང་རང་གི་ཕྱོགས་རྣམས་སུའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །དེ་ལྟར་ཕྱི་ཡི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་སྣམ་བུ་ལ་གཞན་ཡང་ཉིན་ཞག་སོ་སོའི་དུས་སུ་གང་ཞིག་ཅུང་ཟད་སེམས་ཅན་གྱི་བྱ་བ་འདོད་པ་དེ་ཐམས་ཅད་འདིར་ཁམས་ཀྱི་དབང་གིས་རྣལ་འབྱོར་མ་ཡི་བྱ་བའོ་ཞེས་པ་ནི་ངེས་པའོ། །ད་ནི་རྟག་པ་དང་མི་རྟག་པ་གསུངས་པ་ཞེས་པ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ་ཞེས་པ་དེ་ལྟར་སྐྱེ་བའི་ཟླ་བ་བདུན་པ་ལ་སོགས་པ་རྣམས་ཀྱིས་ཕྱི་རོལ་དུ་རྡོ་རྗེ་ཅན་གྱིས་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་རྣམ་པར་གསུངས་ཏེ། བྱིས་པའི་སྐྱེ་བོ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་དོན་དུའོ། །འདིར་ཕྱི་འཇིག་རྟེན་གྱི་ཁམས་དང་ནང་ལུས་དང་གཞན་བརྟགས་པའི་དཀྱིལ་འཁོར་ལ་སྤྲོ་བ་དང་བསྡུ་བ་ནི་སྤྲོ་དང་བསྡུ་བདག་ལ་དངོས་པོའི་སྐྱེ་པ་ཡང་དག་གནས་ཞེས་པ་ལ་འདིར་དངོས་པོའི་སྐྱེ་པ་ཡང་དག་གནས་ཞེས་པ་ལ་འདིར་དངོས་པོ་ནི་རྡུལ་ཕྲ་རབ་ཀྱི་རྫས་ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་པོ་རྣམས་དང་ནམ་མཁའི་ཁམས་ནི་ཟླ་བ་དང་རྗེས་སུ་ང་རོ་འམ་ཁུ་བའམ་དེ་བཞིན་དུ་རྡུལ་ལམ་ཐིག་ལེ་གཉིས་དང་ཉི་མ་ཡང་ནམ་མཁའི་ཁམས་དང་དེ་བཞིན་དུ་སྒྲ་གཅན་རྣམ་པར་ཤེས་པའི་ཁམས་ཏེ་དེ་ལྟར་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ནི་དངོས་པོའི་སྐྱེ་བའོ། །དངོས་པོའི་སྐྱེ་བ་དེའི་འབྱུང་བ་ནི་སྤྲོ་བའོ། །ཉམས་པ་ནི་སྡུད་པ་སྟེ་དེ་གཉིས་ལས་འབྱུང་བ་ལས་སྐྱེས་པ་རྣམས་ཡང་དག་པར་གནས་སོ། །དེ་ལྟར་སའི་སྐྱེ་བ་ནི་ལྗོན་ཤིང་ལ་སོགས་པ་བརྟན་པ་རྣམས་དང་ཆུའི་སྐྱེ་བ་ནི་དྲོད་གཤེར་ལས་སྐྱེས་པ་རྣམས་དང་མེའི་སྐྱེ་བ་ནི་མངལ་སྐྱེས་རྣམས་དང༌། རླུང་གི་སྐྱེ་བ་ནི་སྒོང་སྐྱེས་རྣམས་དང་ཟླ་བའི་སྐྱེ་བ་ནི་ཀླུ་དང་ལྷ་མ་ཡིན་རྣམས་དང་ཉི་མའི་སྐྱེ་བ་ནི་འབྱུང་པོ་དང་ལྷ་རྣམས་དང་སྒྲ་གཅན་གྱི་སྐྱེ་བ་ནི་གཟུགས་མེད་རྣམས་དང་དུས་མེའི་སྐྱེ་བ་ནི་དམྱལ་བ་རྣམས་སོ། །


DTG012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐྱེ་བ་རྣམ་པ་བརྒྱད་ནི་དངོས་པོའི་རང་བཞིན་ཅན་ཏེ་དངོས་པོའི་སྐྱེ་བའོ། །དེ་ལ་རྟག་བ་མཁའ་ཡི་རྡོ་རྗེ་ཞེས་པ་ལ་འདིར་མཁའ་ཞེས་པ་ནི་དགུ་པ་ནམ་མཁའི་རྡུལ་ཕྲ་རབ་ཀྱི་རྫས་དང་བྲལ་བ་མི་ཆོས་པ་སྟེ་གཅད་དུ་མེད་པ་དང་དབྱེར་མེད་པ་ཉིད་ཕྱིར་དང་རྫས་མེད་པའི་ཕྱིར་མཁའ་ཡི་རྡོ་རྗེ་ནམ་མཁའི་ཁམས་ནི་རྟག་པ་སྟེ་ནམ་མཁའི་ཁམས་དེ་ཐམས་ཅད་ན་གནས་པ་ཉིད་ཀྱི་ཕྱིར་རྣམ་གསུམ་སྲིད་པ་ལ་གནས་ཀྱང་མི་རྟག་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །སྔར་བརྗོད་པའི་འབྱུང་པོའི་ཚོགས་ནི་རྟག་པ་མིན་པར་འགྱུར་ཏེ་མི་ཡི་བདག་པོ་མིག་འཕྲུལ་ཇི་བཞིན་ཉིད་དུ་བརྟགས་ན་མེད་པ་ཞེས་པའི་རིགས་པ་ལས་སོ། །དེ་ལྟར་རྣམ་པར་དཔྱད་ཀྱང་རྟག་པ་སྟོང་པ་ཆེན་པོ་མཐོང་ཞིང་མི་རྟག་པ་རྡུལ་ཕྲ་རབ་ཕྲད་པ་དང་འབྲལ་བ་ཡང་མཐོང་སྟེ་གཉི་ག་སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་སུ་མི་འགྱུར་རོ། །དེ་ལྟ་ན་ཡང་བླུན་པོའི་བློ་ཅན་བྱིས་པ་རྣམས་གཞུག་པ་དང་སེམས་ནི་དག་པའི་དོན་སླད་དུ་ཀྱེ་མིའི་བདག་པོ་ཟླ་བ་བཟང་པོ་ཁྱོད་ཀྱིས་སྒྲུབ་ཐབས་དག་ནི་བརྗོད་པར་བྱ་སྟེ་དོན་དམ་པར་ནི་རྟག་པ་དང་མི་རྟག་པའི་དངོས་པོ་སྙིང་པོར་གྱུར་པ་འགའ་ཡང་འདིར་ནི་བསྒྲུབ་པར་བྱ་བ་མེད་དོ། །དེའི་ཕྱིར་སངས་རྒྱས་ཉིད་ཀྱི་སླད་དུ་གང་ཞིག་བསྒྲུབ་པར་བྱ་བ་སྒྲུབ་པ་དེ་ཉིད་ནི་ཞེས་པ་ངེས་པ་སྟེ་འདིར་གང་ཞིག་བརྟགས་པའི་སྒྲུབ་ཐབས་དེ་ནི་འཁྲུལ་པ་ཞེས་པ་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང་ཡིན་པའོ། །དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་སྟེ་བརྟགས་པ་དང་བྲལ་བ་དག་ནི་དཀྱིལ་འཁོར་གྱི་དབང་པོར་བྱའོ། ཞེས་པ་ངེས་པའོ། །ད་ནི་དཔལ་ལྡན་ཞེས་པ་ལ་སོགས་པས་རྟེན་དང་བརྟེན་པ་གསུངས་ཏེ་སྐུ་གསུངས་ཐུགས་ཀྱི་དཀྱིལ་འཁོར་དཔལ་ལྡན་རྡོ་རྗེ་ཅན་གཙོ་བོ་ནི་ཐུགས་རྡོ་རྗེ་འགྱུར་ཏེ་མི་བདག་སྐུ་གསུངས་ཐུགས་ཀྱི་མཚན་ཉིད་ཀྱི་དཀྱིལ་འཁོར་ནི་སྐུ་ཡི་རྡོ་རྗེའོ། །ལྷ་རྣམས་འཁོར་ལོ་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་གསུང་གི་རྡོ་རྗེ་ཟླ་བ་ཉི་མའི་སྟེང་དུའོ། །དེ་ལྟར་གསུངས་དང་སྐུའི་དཀྱིལ་འཁོར་ལ་ཡང་ལྷའི་ཚོགས་ནི་གསུང་རྡོ་རྗེའོ། །དེ་ལྟར་སྐུའི་རྣམ་པས་ཐུགས་རྣམ་པར་གསུམ་དང་


DTG012_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་རྣམ་པས་སྐུ་རྣམ་པ་གསུམ་དང་སོ་སོར་བརྗོད་པས་གསུང་ཡང་རྣམ་པ་གསུམ་མོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །འདིར་པདྨ་རྣམས་ཀྱི་རྩ་བ་དང་སྡོང་བུ་ནི་ཨ་ཡིག་ལས་བྱུང་བའོ། །འདབ་མ་རྣམས་དང་གསེར་རྣམས་ནི་ཨུ་ཡིག་ལས་ཡང་དག་པར་བྱུང་བའོ། །དབུས་ཀྱི་ལྟེ་བ་དང་ཟླ་བའི་གདན་ནི་མ་ཡིག་ལས་སོ། །ཉི་མའི་གདན་ནི་ཡང་ན་ར་ཡིག་ལས་སོ། །དེ་ལྟར་ཨོཾ་ཡིག་པྲ་ན་བ་ནི་སྙིང་པོར་གསུངས་ཏེ་པདྨའོ། མངལ་ནས་སྐྱེས་པ་རྣམས་ཀྱི་སྐྱེ་བ་འདི་ལ་དད་པོ་ལྷའི་སྐུའི་དབྱིབས་རྫོགས་པའོ་ཞེས་པ་སྟེ་ངེས་པའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་པས་དབུ་བརྒྱན་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་བསྒོམས་ཏེ། དེ་ནས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དེ་ཉིད་དུ་བཅུག་པར་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཁམས་དང་བཅས་པ་རྣམས་རང་གི་སྙིང་ཁར་བཅུག་ནས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་རང་གི་གསང་བའི་རྡོ་རྗེ་ནས་སྤྲོས་ཏེ་བྱང་ཆུབ་ཀྱི་སེམས་དེས་སེམས་ཅན་དེ་རྣམས་ཐམས་ཅད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རེག་པའི་སེམས་ཅན་དེ་རྣམས་ཐམས་ཅད་ཞལ་གསུམ་པ་དང་ཞལ་སྣ་ཚོགས་པ་དང་ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་མཆོག་གི་དགའ་བའི་བདེ་བས་གང་བར་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ཀྱི་རང་གི་ལུས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གྱུར་པར་སྐད་ཅིག་གིས་བལྟ་བར་བྱའོ། །དེ་ལ་སྔགས་ཀྱི་ས་བོན་རྣམས་ནི་གསལ་བྱེད་སྣ་ཚོགས་བརྩེགས་པ་དབྱངས་དང་བཅས་པ་རྣམས་སོ། །འདིར་གསལ་བྱེད་ཐམས་ཅད་ཀྱི་ཚོགས་ནི་ཀཥ་ཡིག་སྟེ་ཤེས་པར་བྱེད་པ་དེས་གང་གི་མིང་གི་གསལ་བྱེད་དང་པོ་གང་ཡིན་པ་དེ་ས་དེས་ཐམས་ཅད་བྱའོ། །འདིར་ཀྵ་ཀྵི་ཀྵར་ཀྵུ་ཀྵླྀ་ཞེས་པ་ནི་རྣམ་པར་ཤེས་པ་ལ་སོགས་པ་དེ་


DTG012_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ལྔའོ། །དེ་བཞིན་དུ་ཀྵཱ་ཀྵཱི་ཀྵཱྀ་ཀྵཱུ་ཀྵླཱྀ་ཞེས་པ་ནི་ནམ་མཁའ་ལ་སོགས་པ་ཁམས་ལྔའོ། །དེ་བཞིན་དུ་ཀྵ་ཀྵེ་ཀྵར་ཀྵོ་ཀྵླ་ཀྵཾ་ཞེས་བ་ནི་རྣ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གོ །དེ་བཞིན་དུ་ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱ་ཀྵ། ཞེས་པ་ནི་ཡུལ་དྲུག་གོ །ཀྵྷ་ཀྵྱ་ཀྵྺ་ཀྵླ་ཞེས་པ་ནི་ལས་ཀྱི་དབང་པོ་ལྔའོ། །དེ་བཞིན་དུ་ཁྲོ་བོ་རྣམས་ནི་ཀྵྷཱ་ཀྵྱཱ་ཀྵྼཱ་ཀྵྺཱ་ཀྵླཱ་ཞེས་པ་ནི་ལས་ཀྱི་དབང་པོའི་ཡུལ་ལྔའོ། །དེ་ལྟར་ཕུང་པོ་ལྔ་དང་ཁམས་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ལས་ཀྱི་དབང་པོ་ལྡན་དང་ལས་ཀྱི་དབང་པོའི་ཡོད་ལྔ་སྟེ་དེ་ལྟར་སྐྱེས་བུ་ཞེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སེམས་ཅན་ཐམས་ཅད་སྐད་ཅིག་གིས་བསྒོམ་པར་བྱའོ། །ཡང་ན་རྒྱས་པར་ཏེ་ལྷ་མོའི་གསང་བར་ས་བོན་སོ་སོར་རེ་རེས་དེ་རྣམས་སོ་སོར་རྫོགས་པར་བྱས་ནས་སྤྲོ་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ། སངས་རྒྱས་ཞིང་ན་སེམས་ཅན་གང༌། །སྐུ་གསུམ་དམ་ཚིག་བདུད་རྩི་ཡིས། །བསྐྱེད་ཅིང་རྡོ་རྗེ་དཔལ་གྱིས་རེག །ཐམས་ཅད་དེར་ནི་དེ་བཞིན་གཤེགས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ། །འདིར་ནི་རྫོགས་སངས་རྒྱས་གྱུར་པར། །བསྒོམས་ཏེ་དེ་ནས་དེ་དག་རྣམས། །རང་རང་ཞིང་དུ་རབ་ཏུ་གཞུག་ཅེས་པའོ། །སེམས་ཅན་རྣམས་ལ་བརྩེ་བའི་དོན་དུ་དབང་བསྐུར་སྦྱིན་པའོ་ཞེས་པ་ངེས་པའོ། །ད་ནི་ཟླ་བ་བཅུ་བ་སྲིད་པའི་ཡན་ལག་ལ་སྲོག་སྤྲོ་བ་དང་གསུང་གི་རྡོ་རྗེ་བསྐྱེད་པའི་སླད་དུ་བཙའ་བ་གསུངས་ཏེ། ཕྱི་རོལ་དུ་ཡང་སྐྱེད་པ་གཉིས་པའོ། །དེ་ལ་ལྟེ་བ་དང་གཙུག་ཏོར་དུ་ཡང་ཧོཿ་ཡིག་སྟེ་འདི་གཉིས་ཀྱི་དབུས་སུ་ཆུད་པའི་དཔྲལ་བར་སྐུ་རྡོ་རྗེ་ཨོཾ་མགྲིན་པར་གསུང་རྡོ་རྗེ་ཨཱཿ་སྙིང་གར་ཐུགས་རྡོ་རྗེ་ཧཱུཾ་ཞེས་པའི་ཡི་གེ་གསུམ་པོའི་འདི་ནི་སུ་གསུང་ཐུགས་ཀྱི་མཚན་ཉིད་རྩ་གསུམ་སྐྱེད་པར་བྱེད་པའོ། ལྟེ་བར་ཧོཿ་ཡིག་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཞུབ་བདེ་མཉམ་པདྨ་ལ་ནི་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་སྟེ་དེ་ཤེས་རབ་ཆགས་པས་ཞུ་བ་ཁྱབ་བདག་རྡོ་རྗེ་ཅན་ཡང་ཞེས་པ་ཡང་ཡིག་གིས་ཤེས་རབ་དང་ལྷན་ཅིག་རི་བོང་འཛིན་པ་བཞིན་དུ་རྣམ་པར་བལྟས་ནས་ནང་དུ་དཀྱིལ་འཁོར་ལྔ་འབབ་པའི་དོན་དང་


DTG012_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་གྱི་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་དོན་དང་ཕྱིར་རོལ་དུ་ལྷ་རྫོགས་པ་ན་འགྲོ་བ་མཐའ་དག་གི་དོན་བྱེད་པའི་སླད་དུ་བྱས། པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཅན། སྒྲོལ་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྤྱན་མ་སྟེ་ལྷ་མོ་རྣམས་ཀྱིས་གླུ་དག་མཛད་པ། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད་ཅེས་པ་སྟེ། བྱམས་པའི་རང་བཞིན་སྒྲོལ་མས་ཐུགས་རྡོ་རྗེ་དང༌། སྙིང་རྗེའི་རང་བཞིན་མཱ་མ་ཀཱིས་སྐུ་རྡོ་རྗེ་དང༌། དགའ་བའི་རང་བཞིན་གོས་དཀར་མོས་གསུངས་རྡོ་རྗེ་དང༌། བཏང་སྙོམས་ཀྱི་རང་བཞིན་སྤྱན་མས་ཡེ་ཤས་རྡོ་རྗེ་སྐུལ་བར་བྱེད་དོ། །དེ་ལྟར་ཐུགས་དང་སྐུ་དང་གསུང་ཡེ་ཤེས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་རྡོ་རྗེ་ཅན་དེས་རྣམས་ཀྱི་གླུ་དག་གསན་ནས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིས་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་མིག་འཕྲུལ་ལྟ་བུར་གཟིགས་ནས་ཟླ་བ་ཞུ་བ་དེ་ལ་ཧཱུཾ་ཡིག་ཁ་དོག་སྔོན་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ལྟས་ཏེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེ་ལས་སྤྲོས་པ་ཞེས་པ་ནི་རྣལ་འབྱོར་པ་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་པན་ཅན་ཤེས་རབ་ཀྱིས་འཁྱུད་པར་གྱུར་པ་ཡང་རྫོགས་པའོ། །སྔར་བཞིན་དུ་སླར་ཡང་ཤེས་རབ་ཐབས་ཀྱི་བདག་ཉིད་ཐུགས་དང་གསུང་དང་སུའི་ཆོས་ཀྱིས་དཀྱིལ་འཁོར་རབ་ཏུ་སྤྲོ་བར་བྱ་སྟེ་སྐྱེས་པའི་བྱིས་པ་རབ་ཏུ་སད་པ་དུ་བར་བྱེད་པའི་ཕྱིར་རོ། །འདིར་སྔགས་ཀྱི་ཚུལ་ལ་མངལ་ནས་སྐྱེས་པ་སྐྱེ་བའི་རིམ་པས་བླ་བ་དགུས་བྱིས་པའི་ལུས་རྫོགས་ཤིང་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་ལྷ་རྣམས་ཀྱི་སྐུ་རྫོགས་པ་སྟེ་པ་སྟེ་སྙེན་པའི་ཡན་ལག་དང་པོའོ། །འདིར་ལྷའི་ང་རྒྱལ་གྱི་སླད་དུ་སྔགས་ཀྱི་ཚིག་ན་ཨོཾ་སུ་བི་ཤུད་དྷ་དྷ་རྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ་ཧཾ་ཞེས་བརྗོད་དེ་དེ་ནས་གསུང་རྡོ་རེ་བསྐྱེད་པའི་སླད་དུ་རྣལ་འབྱོར་པས་བསྙེན་པའི་ཡན་ལག་གཉིས་པ་བསྒོམ་པར་བྱའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འབྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་


DTG012_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། །།


previousགཉིས་པ། བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ།next