Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་གཉིས་པ།


  collapse section
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
   
ལྔ་པ། རབ་ཏུ་གནས་པ་དང་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ།
   
  collapse section
   
   
   
   


 
previousལྔ་པ། རབ་ཏུ་གནས་པ་དང་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ།next

ལྔ་པ། རབ་ཏུ་གནས་པ་དང་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ།


DTG010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་བྱས་ནས་ལྷར་བཅས་ལྷ་མིན་དབང་པོ་དང༌། །ཀླུ་དང་མི་དབང་ཚོགས་ཀྱིས་གང་ལ་ཕྱག་བྱས་པ། །དུས་ཀྱི་འཁོར་ལོ་དེ་ལ་སྤྱི་བོས་རབ་ཏུ་བཏུད་ནས། །སྐུ་གཟུགས་ལ་སོགས་རྣམས་ཀྱི་རབ་གནས་བརྗོད་པར་བྱ། །འདིར་དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་རབ་ཏུ་གནས་པའི་ཆོ་ག་འཇམ་


DTG012_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་ཚིགས་སུ་བཅད་པ་བཞི་ལྷག་པའི་བརྒྱ་པ་ལ་སོགས་པ་ཕྱུང་བ་ནི་རྒྱས་འགྲེལ་གྱིས་དགྲོལ་བར་བྱའོ། །ཀླུ་དང་ཞེས་པ་ལ་སོགས་པ་ནི་འདིར་དང་པོར་འཆད་པར་འགྱུར་པའི་བུམ་པ་ལ་སོགས་པའི་དབང་བསྐུར་བ་རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ་དེ་ནས་རྒྱུད་ཐམས་ཅད་ཤེས་ཤིང་དམ་བཅའ་བ་ལ་གནས་པའི་སློབ་མ་ནི་རྡོ་རྗེ་སློབ་དཔོན་བདག་པོའི་སླད་དུ་བླ་མས་དབང་བསྐུར་བར་བྱའོ། །ཀྱེ་དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ཐམས་ཅད་ཤེས་སོ་ཞེས་བླ་མ་ལ་ཞུས་ནས་དམ་བཅའ་བ་བྱ་སྟེ་དུས་འདི་ནས་བརྩམས་ཏེ་ཁྱོད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས་བླ་མ་གཞན་པ་བསྟེན་པར་མི་བགྱིའོ། །ཡོན་ཏན་ཐམས་ཅད་དང་ལྡན་པའི་སློབ་མ་དམ་བཅའ་བ་ལ་གནས་པ་གཟིགས་ཏེ་དེ་ནས་སྔར་བརྗོད་པའི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་རྣམས་ཏེ་དེ་རྣམས་ཀླུ་ཞེས་པ་བརྒྱད་དང་བཞི་དང་བུམ་པ་གཅིག་གིས་བདག་པོ་རྣམ་པ་གསུམ་ལ་སྦྱིན་པར་བྱ་སྟེ་ཀླུ་རྣམས་ཀྱིས་དགེ་སློང་རྡོ་རྗེ་འཛིན་པ་ལའོ། །བཞི་ཡིས་དགེ་ཚུལ་ལའོ། །གཅིག་གིས་ཁྱིམ་པ་ལ་སྟེ་དེ་ལྟར་གསུངས་པའི་ཚོགས་སྨན་ལ་སོགས་པ་དང་ལྡན་པའི་བུམ་པ་རྣམས་ཀྱིས་བཀྲུ་སྟེ། འདིར་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་མཉམ་པའི་སའི་ཆར་ཁྲུ་བཞི་པ་ལ་རབ་ལྔའི་རེ་ཁཱ་བྱས་ནས་དབུས་སུ་ཁྲུ་གཉིས་པའི་པདྨ་འདབ་མ་བརྒྱད་པ་མཚན་མ་ལྔ་དང་བྲལ་བ་ཁ་དོག་སྣ་ཚོགས་པའོ། །འདི་ཉིད་ནི་གདན་གྱི་པདྨ་སྟེ་ཤིང་སྟན་གྱི་སྟེང་དུ་ཚོན་སྣ་ལྔས་བྲི་བར་བྱའོ། །པདྨ་དེའི་དབུས་ཀྱི་སྟེང་དུ་དགེ་སློང་བཀོད་ནས་བུམ་པ་བརྒྱད་རྒྱལ་བ་དང་རྣམ་པར་རྒྱལ་བ་དང་བཅས་པ་བཅུས་ཁྲུས་བྱ་སྟེ་བུ་མོ་གཟུགས་མཛེས་ཤིང་རྒྱན་ཐམ་ཅད་དང་ལྡན་པ་བུམ་པ་སྐྱེས་པ་བརྒྱད་དང་བཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཀྱིས་མགོ་བོར་ཅོད་པན་དར་དབྱངས་དང་ཕྱག་རྒྱ་དྲུག་དང་བཅས་པ་བཅིངས་ཏེ་ཁྲུས་བྱའོ། །གདུག་པ་སྡིགས་པར་བྱེད་པའི་མཆོག །གང་གི་དུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ཏུ་འགྲོ། །དགེ་སློང་རྡོ་རྗེ་འཛིན་པ་བྱ་ཞེས་པ་སྟེ་དེ་ལྟར་ན་ཀླུ་རྣམས་ཀྱིས་ནི་དཔལ་ལྡན་ཅོད་པན་བཅིང་སྟེ་ནོར་འདབ་པདྨར་ཞེས་བྱའོ། །དགེ་ཚུལ་ལ་ཡང་དར་དཔྱངས་


DTG012_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་བར་བྱ་སྟེ་བུ་མོ་བཞི་དང་གཞོན་ནུ་མ་གཉིས་ཀྱིས་དར་དཔྱངས་ཕྱག་རྒྱ་དང་བཅས་པ་བཅིངས་ཏེ་རྡུལ་ཚོན་གྱི་པདྨ་སྤངས་ཤིང་རེ་ཁཱ་ལྔ་བྱས་པའི་དབུས་སུ་ཤིང་སྟན་བྱིན་ནས་ཁྲུས་བྱའོ། །དེ་ལྟར་སློབ་དཔོན་འབྲིང་པོའོ། །དེ་ནས་ཕྱག་རྒྱ་ལ་ནི་ཞེས་པ་མཐེ་བོའི་རྡོ་རྗེ་བྱིན་ནས་བུམ་པ་གཅིག་དང་རྣམ་པར་རྒྱལ་བས་བུ་མོ་གཅིག་དང་གཞོན་ནུ་མ་གཅིག་གིས་ཁྲུས་བྱའོ། །རེ་ཁཱ་ལྔ་སྤངས་ཤིང་སྤྱིའི་བྱུག་པས་རེ་ཁཱ་གསུམ་བྱས་ནས་ཐུན་མོང་གི་གདན་བྱིན་ལ་ཁྲུས་བྱ་སྟེ་སློབ་དཔོན་ཐ་མའོ། །དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲུ་བཞི་པ་དང་ཁྲུ་གཉིས་པ་དང་ཁྲུ་གཅིག་པའི་གདན་བྱས་ནས་དགེ་སློང་དང་དགེ་ཚུལ་དང་ཁྱིམ་པ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་དང་རྒྱུད་བསྟན་པའི་དོན་དུ་གསུང་ངམ་རྗེས་སུ་གནང་བ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །དེ་ནས་དང་པོར་ཞེས་པ་ལ་སོགས་པས་དབང་གི་རྣམ་པར་དག་པ་གསུངས་པ་འདིར་དང་པོར་དབང་བདུན་པོ་ཆུའི་མིང་ཅན་དག་ལ་མངོན་པར་དབང་བསྐུར་བར་གྱུར་པ་ནི་ས་བདུན་པར་ལུང་བསྟན་པའི་ཕྱིར་དགེ་བསྙེན་དུ་བརྗོད་དེ་དེས་ན་དགེ་བསྙེན་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། །བུམ་པ་ལ་ཡང་དགེ་ཚུལ་དག་ཏུ་འགྱུར་ཏེ་མི་གཡོ་བར་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་སྲས་པོ་སྟེ་གཞོན་ནུ་ཞེས་པའི་དོན་ཏོ། །དེ་ནས་གསང་བའི་དབང་ལ་དགེ་སློང་དུ་འགྱུར་ཏེ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་ཚབ་པོ། །དེ་ནས་གོང་མ་གསུམ་པའི་བྱེད་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མངོན་པར་དབང་བསྐུར་པ་ནི་གནས་བརྟན་ཞེས་པ་ཆོས་སྟོན་པར་བྱེད་པ་དང་སློབ་མ་སྡུད་པ་པོར་འགྱུར་ཏེ་ཆོས་ཀྱི་སྤྲིན་ལ་ལུང་བསྟན་པའི་ཕྱིར་སངས་རྒྱས་གཉིས་པ་ཉིད་དོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་གསུམ་གཅིག་གཞོན་ནུའི་སྐུ། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་


DTG012_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་མཛེས་པ་ཞེས་དང༌། དེ་བཞིན་དུ། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བ་དབང་པོ་ཐུལ། །བདེ་བ་རྙེད་པ་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད་ཅེས་པ་དང༌། དེ་བཞིན་དུ། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པའི་རིག །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་སྐུ། །རྣམ་གྲོལ་ཞི་བ་ཞི་བ་ཉིད་ཅེས་པ་སྟེ་སློབ་དཔོན་གྱི་དབང་ངོ༌། །དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བྱེད་པའི་སླད་དུ་རྡོ་རྗེ་སྐུའི་ཕྱག་རྒྱ་སྦྱིན་པར་བྱའོ། །དར་དཔྱངས་ཅོད་པན་སྦྱིན་པ་བྱ་བ་ནི་ཁྱབ་འཇུག་བྱེད་པའི་སླད་དུ་སྟེ་ཐུགས་རྡོ་རྗེ་བྱེད་པའི་སླད་དུའོ་ཞེས་པའི་དོན་ཏོ། །རྡོ་རྗེ་མཆོད་ཕྱིར་ཐོགས་གསེར་གྱི་རང་བཞིན་ནམ་སྐུད་པའི་རང་བཞིན་ནི་ཚངས་པ་བྱེད་པའི་སླད་དུ་སྟེ་སྐུ་རྡོ་རྗེ་བྱེད་པའི་སླད་དུ་སྦྱིན་པར་བྱའོ། །རྒན་པོ་དང་གཞོན་ནུ་དེ་རྣམས་ལ་སློབ་དཔོན་སླད་དུ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཞེས་པ་མེ་ཏོག་ལྷུང་བའི་དབང་གིས་ཕྱག་རྒྱ་རྣམ་པར་དག་པ་དབང་བསྐུར་བ་ཉིད་སྦྱིན་པར་བྱ་བ་ནི་གསུང་གི་རྡོ་རྗེ་རྣམ་པར་དག་པ་བྱེད་པའི་སླད་དུ་སྟེ་དབང་ཕྱུག་ཆེན་པོ་བྱེད་པའི་སླད་དུའོ། །དེ་ལྟར། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །རྡོ་རྗེ་སློབ་དཔོན་ཞེས་དང༌། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་


DTG012_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་ཐོགས། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད་ཅེས་པ་སྟེ་རྒྱུད་གཞན་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདིར་སྟོན་པ་པོའི་དབང་ལ་མངོན་པར་དབང་བསྐུར་བའི་དགེ་སློང་ངམ་དགེ་ཚུལ་ལམ་ཁྱིམ་པས་གཡོག་ལ་སོགས་པའི་ཆོས་དང་ཁྱིམ་པའི་ཆོས་མི་བྱའོ། །གལ་ཏེ་རལ་གྲི་དང་སྣག་ཚ་དང་ཚོང་ལ་སོགས་པ་བྱེད་ན་དེའི་བཀའ་བཅག་པར་འགྱུར་ཞིང་བཀའ་བཅག་པ་ལས་མནར་མེད་པར་འགྲེ་བར་འགྱུར་ཏེ་སློབ་དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་ཆོ་གའི་རབ་ཏུ་གནས་པའི་ངེས་པའོ། །འདིར་སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་ཏུ་གནས་པ་ནི་སྟེང་དུ་བླ་རེ་བཀོད་ཅིང་ས་ཡི་མཐིལ་གྱི་གནས་དག་ཏུ་ཡང་རི་མོ་གསུམ་ནི་ཀུན་ནས་སོ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ནས་བརྩམས་པ་ཚིགས་སུ་བཅད་པ་བཅུ་གཉིས་ནི་གོ་སླ་སྟེ། ཇི་སྲིད་སློབ་མས་སྨོན་ལམ་གདབ་པ་དང་ཡོངས་སུ་སྔོ་བ་བྱེད་པ་བསོད་ནམས་འདི་ཡིས་སེམས་ཅན་རྣམས་ནི་རྣམ་གསུམ་སྲིད་པར་གནས་པའི་བླ་མེད་བྱང་ཆུབ་ཐོབ་པར་ཤོག་ཅེས་པའི་མཐར་ཐུག་པ་རབ་ཏུ་གནས་པའི་ཆོ་ག་ནི་གོ་སླའོ། །དེས་ན་རྒྱས་འགྲེལ་མ་བྱས་སོ། །ད་ནི་ཇི་སྲིད་ཕྱོགས་ཀྱི་ལོ་ཞེས་པ་ལ་སོགས་པས་དབང་གོང་མའི་ཆོ་ག་གསུངས་ཏེ་འདིར་བུམ་པ་ལ་སོགས་པའི་དབང་གི་དོན་དུ་ཕྱག་རྒྱ་ནི་ཇི་སྲིད་ཕྱོགས་ཀྱི་ལོ་ཞེས་པ་ལོ་བཅུའི་བར་ནི་སྤང་བར་བྱ་སྟེ་གཞོན་ནུ་མའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་རྣམ་པ་བཅུར་འགྱུར་ཏེ་ལོ་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པར་དག་པས་སོ། །དེ་ལ་ཡང་ཇི་སྲིད་སོ་ལྷུང་བར་མ་གྱུར་པ་དེ་སྲིད་དུ་ཡེ་ཤེས་ཀྱི་ཁམས་ཏེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་སོ་ལྷུང་ནས་ནམ་མཁའི་ཁམས་སོ། །དེ་ལྟར་ཁམས་གཉིས་ཀྱིས་གཞོན་ནུ་མ་སྐྱེ་གནས་མ་ཉམས་པའོ། །དེས་ན་དེ་ནི་བལྟ་བར་བྱ་བ་དང་རེག་པར་བྱ་བ་དང་མཆོད་པར་བྱའོ། །ལོ་བཅུ་པོ་དེ་ནས་ལོ་བཅུ་གཅིག་པ་


DTG012_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་བྱས་ནས་ཇི་སྲིད་ལོ་ཉི་ཤུའི་མཐར་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་ཞེས་པ་ནི་དྲུག་དང་བཅས་པའི་བཞིའོ། །གཡོ་བ་ལ་སོགས་ཏེ་རླུང་ལ་སོགས་པ་རྣམས་ནི་བསྟེན་པར་བྱའོ། །དེའི་ཕྱིར་ལོ་བཅུ་གཅིག་མ་ལ་རླུང་གི་ཁམས་སོ། །བཅུ་གཉིས་མ་ལ་མེ་དང་བཅུ་གསུམ་མ་ལ་ཆུ་དང་བཅུ་བཞི་མ་ལ་སའོ་ཞེས་པ་སྟེ་བཞིའོ། །བཅྭ་ལྔ་མ་ལ་སྒྲ་དང་བཅུ་དྲུག་མ་ལ་རེག་བྱ་དང་བཅུ་བདུན་མ་ལ་རོ་དང་བཅོ་བརྒྱད་མ་ལ་གཟུགས་དང་བཅུ་དགུ་མ་ལ་དྲི་དང་ཉི་ཤུ་མ་ལ་ཆོས་ཀྱི་ཁམས་སོ། །དེ་ནས་ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྟེ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ་ནི་འདིར་ལོ་ཉི་ཤུའི་ཕྱི་ནས་ཉི་ཤུ་རྩ་གཅིག་ནས་བརྩམས་ཏེ་ལོ་སོ་སོ་རྣམས་ནི་གྲངས་བཞིན་དུ་ཤིན་ཏུ་སྔོན་མོ་དང་ཤིན་ཏུ་སྟོབས་ལྡན་མ་དང་རྨུགས་བྱེད་མ་དང་ཁེངས་ལྡན་མ་དང་རེངས་བྱེད་མ་དང་འོད་ཟེར་ཅན་མ་དང་ཙུན་དཱ་དང་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་དྲག་སྤྱན་མ་སྟེ་ཁྲོ་བོ་བཅུའི་ལྷ་མོ་རྣམས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་ནས་བརྒྱད་ནི་འབྱུང་པོའི་ཆ་སྟེ། ཙརྩི་ཀཱ་དང་ཕག་མོ་དང་དྲག་མོ་དང་དབང་མོ་དང་ཚངས་མ་དང་དཔལ་ཆེན་མོ་དང་གཞོན་ནུ་མ་དང་ཁྱབ་འཇུག་མའོ། །དེ་ནས་ལོ་སུམ་ཅུ་རྩ་དགུ་ནས་བརྒྱད་ནི་ལྷ་མིན་གྱི་ཆ་སྟེ་ཁྱི་གདོང་མ་དང་ཕག་གདོང་མ་དང་སྟག་གདོང་མ་དང་ཅེ་སྦྱང་གདོང་མ་དང་མཁའ་ལྡིང་གདོང་མ་དང་འུག་གདོང་མ་དང་བྱ་རྒོད་གདོང་མ་དང་བྱ་རོག་གདོང་མ་སྟེ་ཇི་སྲིད་ལོ་བཞི་བཅུ་རྩ་དྲུག་གི་བར་དུ་ནི་ཕྱག་རྒྱ་བསྒོམ་པའི་དོན་དུའོ། །དབང་གི་དོན་དུ་ནི་སླར་ཡང་དྲུག་དང་གསུམ་སྟེ་བདེ་མཉམ་འབྲས་བུ་སྟེར་བ་ཞེས་པ་མེའི་ཁམས་ནས་བརྩམས་ཏེ་ཇི་སྲིད་ཆོས་ཀྱི་ཁམས་ཀྱི་བར་དུའོ། །རླུང་གི་ཁམས་ནི་རྡུལ་མེད་པ་ཉིད་ཀྱི་ཕྱིར་གཟུང་བར་མི་བྱའོ་ཞེས་པ་ངེས་པའོ། །འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ་གཅིག་ནི་སེམས་ཅན་གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་


DTG012_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟོན་པ་པོ་བྱེད་པའི་སླད་དུའོ། །དང་པོར་དབང་འདི་ལ་རེ་ཞིག་སྐྲག་པ་དང་འཁྲུལ་པའི་སེམས་ལ་སོགས་པའི་སྐྱོན་དང་བྲལ་བ་ལོ་བཅུ་གཉིས་མ་ལ་སོགས་པ་ཡོངས་སུ་སྨིན་པ་ནི་སློབ་མས་བླ་མ་ལ་དབུལ་བར་བྱའོ། །དེ་ནས་གསོལ་བ་གདབ་པ་ལ་སོགས་པ་བྱས་ནས་སློབ་མས་བླ་མ་ལ་འཆད་པར་འགྱུར་པའི་བསྟོད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་མཉེས་པས་འཇིག་རྟེན་ཀུན་རྫོབ་ཀྱིས་རང་གི་ཕྱག་རྒྱའི་ནུ་མ་ལ་རེག་པར་བྱེད་དུ་གཞུག་སྟེ་དེས་ན་བུམ་པའི་དབང་ནི་དེ་ཉིད་དོ། །དེ་ནས་གསང་བའི་མཆོད་པ་བྱས་ནས་སློབ་མ་ལ་བདུད་རྩི་སྦྱིན་ཞིང་ཕྱག་རྒྱའི་བྷ་ག་ཡང་གསལ་བར་བྱེད་དུ་གཞུག་གོ །དེས་ན་རི་བོང་འཛིན་པ་མྱང་བ་དང་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར་རོ། །དེ་ནས་ཤེས་རབ་ཡེ་ཤེས་དབང་ལ་ཨོཾ་ཡིག་ལ་སོགས་པའི་ས་བོན་རྣམས་ཀྱིས་རིགས་ལྔའི་ཆ་དང་ལྡན་པར་བྱ་ཞིང་དེ་ནས་བླ་མས་རྒྱལ་བ་སྟེ་རྡོ་རྗེ་སེམས་དཔའ་དབང་དུ་བྱས་ནས་ལག་བཅངས་དང་གཉིས་གཉིས་འཁྱུད་པ་བྱེད་པའི་ཆེད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ། །ཇི་ལྟར་སྐལ་བ་ངལ་པའི་སེམས་ཅན་འདི་ནི་སྒོམ་པ་ལ་སོགས་པ་ལ་དབང་པ་དང་རྒྱུད་མཉན་པའི་ཆེད་དུ་སྟེ་སེམས་ཅན་རྣམས་ལ་རྒྱུད་བསྟན་པ་དང་དཀྱིལ་འཁོར་བྲི་བའི་ཆེད་དུ་ནི་མ་ཡིན་ནོ་ཞེས་པ་དང་པོར་སློབ་མ་གཞུག་པ་ལ་དབང་བསྐུར་བའི་ངེས་པའོ། །དེ་བཞིན་དུ་སློབ་དཔོན་ནི་རྒོད་པ་ཡོན་ཏན་གཉིས་ཀྱི་བདག་ཉིད་ཁུ་བའི་བདེ་བ་རྣམ་པར་དག་པས་སོ། །གསང་བ་ཞེས་པ་ནི་ལྟ་བ་ཡོན་ཏན་གསུམ་གྱི་བདག་ཉིད་རྣམ་པར་དག་པས་སོ། །ལག་བཅངས་ཞེས་པ་ནི་ཡོན་ཏན་བཞིའི་བདག་ཉིད་རྣམ་པར་དག་པས་སོ། །གཉིས་གཉིས་ཞེས་པ་ནི་ཡོན་ཏན་ལྔའི་བདག་ཉིད་ཁུ་བའི་བདེ་བ་རྣམ་པར་དག་པས་སོ་ཞེས་པ་ལ་སོགས་པ་ནི་འཆད་པར་འགྱུར་པའི་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ། །སེམས་ཅན་གཞུག་པའི་སླད་དུ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའི་ངེས་པའོ། །དེ་ནས་རྒྱས་འགྲེལ་དང་བཅས་པའི་རྒྱུད་


DTG012_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐོས་ཤིང་ཤེས་པར་གྱུར་པ་ན་བདག་པོ་ཆེན་པོ་ཉིད་ཀྱི་ཆེད་དུ་གོ་རིམས་ཇི་ལྟ་བ་བཞིན་གསུངས་པའི་རིག་མ་བཅུ་པོ་རྣམས་ཁྱིམ་ན་གནས་པའི་སློབ་མས་བླ་མ་ལ་དབུལ་བར་བྱའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། སྲིད་མོའི་བུ་མོ་བུ་མོ་དང༌། །སྲིང་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་པོའི་བུད་མེད་དང༌། །ཕ་ཡི་སྤུན་ཟླའི་ཆུང་མ་དང༌། །དེ་བཞིན་ཕ་ཡི་སྲིང་མོ་དང༌། །རང་གི་མ་ཡི་སྤུན་ཟླ་ཉིད། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས་ཁམས་མཐར། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པའི་ཁྱིམ་པ་ཡིས། །དབང་གི་དུས་སུ་རབ་སྦྱིན་བྱ། །རིག་མ་འདི་རྣམས་རིགས་བསྲུང་ཕྱིར། །གལ་ཏེ་བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་རྣམས་ལ། །གཞན་གྱིས་དབང་བསྐུར་སྦྱིན་མི་བྱ། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་གཞན་རྣམས་ཀྱིས། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་སྦྱིན་བྱ་མི་ཡི་བདག །རླུང་སོགས་རིམ་པས་དམངས་རིགས་མོ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེ་མོ་གཡུང་མོ་ཉ་པ་མོ། །གར་མེད་བཞིན་ཚོས་མཁན་མོ། །ཀོ་པགས་བྱེད་མ་གཏུམ་མོ་ནི། །མཐར་སྐྱེས་ཆོས་ཁམས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར་ཞེས་པ་སྟེ་དེ་ལྟར་གསུངས་པའི་རིམ་པས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དབང་བཅུ་དང་ས་བཅུ་དང་སྟོབས་བཅུ་རྣམས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་


DTG012_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ་ཞེས་པ་སྟེ་བདག་པོ་ཉིད་བྱེད་པའི་སླད་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་གོ་འཕང་མངོན་པར་འདོད་པས་ཕྱག་རྒྱ་བཅུ་དབུལ་བར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་སློབ་མས་བླ་མ་ལ་ཕྱག་རྒྱ་བཅུ་ཕུལ་ཏེ་དེ་ནས་བཀའ་སྩལ་དོན་དུ་གཉེར་བར་བྱའོ། །ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་བོ། །ད་ནི་བདག་གིས་ཅི་ཞིག་བགྱི་དེ་ནས་སློབ་དཔོན་གྱིས་གསུངས་པ་བཅུའི་ནང་ནས་རང་གི་ཆུང་མ་འདི་བཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པ་བྱོས་ཤིག་དགེ་སློང་དང་དགེ་ཚུལ་རྣམས་ལ་ནི་གཏུམ་མོ་རང་གི་ཆུང་མར་བྱའོ། །དེ་ནས་བླ་མའི་ངེས་པས་དེ་བཟུང་ནས་གཉིས་ཀྱིས་གསེར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ཏེ་དེ་ནས་གསོལ་བ་གདབ་པར་བྱའོ། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་དེ་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན་ཞེས་པས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཆུང་མ་དང་བཅས་པ་གཟིགས་ནས་སློབ་དཔོན་གྱིས་སྒྲ་རྡོ་རྗེ་མ་རྒྱན་ཐམས་ཅད་བཀྲོལ་ཞིང་གཅེར་བུར་བྱས་པ་ལ་འཁྱུད་དུ་གཞུག་པར་བྱའོ། །ཁྱིམ་པ་རྣམས་ནི་ཆུང་མའི་མ་ལའོ། །དེ་ནས་ཤར་སྒྲོལ་མ་དང་ལྷོར་གོས་དཀར་མོ་དང་བྱང་དུ་མཱ་མ་ཀཱི་དང་ནུབ་ཏུ་སྤྱན་མ་དང་མེར་རེག་བྱ་རྡོ་རྗེ་མ་དང་བདེན་བྲལ་དུ་རྡོ་རྗེ་མ་དང་དབང་ལྡན་དུ་གཟུགས་རྡོ་རྗེ་མ་དང་རླུང་དུ་དྲི་རྡོ་རྗེ་མ་སྟེ་རྣལ་འབྱོར་མའི་འཁོར་ལོ་གཅེར་མོ་སྐྲ་གྲོལ་མ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་རྣམས་དགོད་པར་བྱ་སྟེ་རིག་མ་དགུ་པོ་རྣམས་ཀྱིས་རིམ་པ་བཞིན་དུའོ། །དེ་ལྟར་སྔར་དབང་བསྐུར་བ་ནི་ཆུ་ལ་སོགས་པས་རྣམ་པ་བདུན་ནོ། །དེ་ནས་གོང་མའི་དབང་ནི་སྤྱིའི་ལས་ཀྱི་ཕྱག་རྒྱས་སོ། །གོང་མའི་


DTG012_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གོང་མའི་དབང་ནི་དམངས་རིགས་ལས་སྐྱེས་པ་ལ་སྒོས་པའི་ཕྱག་རྒྱ་དབུལ་བའི་དོན་དུ་སྔར་གསུངས་པ་བཅུ་པོ་རྣམས་སོ། །ཀླུ་སྟེ་བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གིས་དགེ་སློང་ལ་འཁྲུས་བྱའོ། །དགེ་ཚུལ་ལ་དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་དྲུག་གིས་བུམ་པ་བཞི་དང་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གིས་ཁྲུས་བྱའོ། །ཁྱིམ་ན་གནས་པ་ལ་དགུ་པོ་དེ་རྣམས་ཀྱི་ནང་ནས་གཅིག་དང་རང་གི་ཆུང་མས་བུམ་པ་གཅིག་དང་རྣམ་པར་རྒྱལ་བའི་བུམ་པས་མངོན་པར་དབང་བསྐུར་བར་བྱ་སྟེ་སྔར་གསུངས་པའི་ཆོ་གས་སོ། །དེ་ནས་ཕྱག་རྒྱ་གཏད་བྱ་སྟེ། །བུམ་དབང་སྦྱིན་པའི་དོན་དུའོ་ཞེས་པ་འདིར་ནི་རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་མའི་བུ་མོ་ལོ་ཉི་ཤུའི་མཐར་ཐུག་པ་ཁྲག་ལྡན་ཏེ་རྡུལ་དང་ལྡན་པ་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་ཞེས་པ་འཆད་པར་འགྱུར་པའི་ལྷའི་རྣལ་འབྱོར་གྱིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། ས་བོན་དང་བཅས་རྡོ་རྗེ་དག་ཀྱང་གོང་མའི་དབང་ལ་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་སྟེ་སློབ་དཔོན་གྱིས་གང་ལ་འཁྱུད་པའོ། །ཡང་ན་བུའི་ཆུང་མ་ལ་སློབ་དཔོན་རང་གིས་མངོན་པར་བགྲོད་དེ་དེ་ནས་དབང་གི་དུས་ལ་བབ་པ་ན་སློབ་མ་ལ་སླར་ཡང་རང་གི་ཆུང་མ་གཏད་པར་བྱའོ། །འདིར་བུམ་པའི་དབང་ལ་ཤེས་རབ་ཀྱི་ནུ་མ་ལ་ཐབས་ཀྱིས་རེག་པར་བྱ་ཞིང་བླ་མས་སློབ་མའི་ཆུང་མའི་ནུ་མ་ལ་རེག་པར་བྱའོ། །གསང་བའི་དབང་ལ་སློབ་མ་དང་ཆུང་མའི་ཁར་རྡོ་རྗེ་གཞུག་པར་བྱ་སྟེ་སློབ་མའི་མིག་བཅིངས་ནས་བླ་མས་ཤེས་རབ་ཀྱི་ན་ར་ནཱ་སི་སྐ་གཞིབ་པར་བྱའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆེད་དུ་སློབ་དཔོན་གྱིས་རང་གི་ཆུང་མ་ཕྱག་རྒྱར་གཏད་པར་བྱའོ་ཞེས་པ་ནི་ཐམས་ཅད་དུ་བདག་པོ་ཆེན་པོའི་དབང་གི་ཆོ་གའོ། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་དེའི་ཚེ་གང་དང་གང་ལ་འདོད་པ་སྤྱོད་པར་ནུས་པའི་སློབ་མ་ལ་དེ་དང་དེ་གཏད་པར་བྱ་སྟེ་མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ཀྱི་རྗེས་ལ་ཉ་མ་འཆང་བ་ཇི་སྲིད་པར་རོ། །དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་ཏུ་གསོལ་བར་བྱ་སྟེ་གཤེགས་སུ་གསོལ་བར་བྱ་སྟེ་གཤེགས་སུ་གསོལ་ནས་སློབ་མ་ལ་སྡོམ་པ་སྦྱིན་པར་བྱའོ། །ཁྱད་པར་དགའ་


DTG012_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་བདག་གིས་བརྗོད་པ་གང་ཡིན་པ་འདི་ནི་ཀུན་རྫོབ་སྟེ་ཐིག་ལེ་གསུམ་གྱི་མཐར་གང་ཡིན་པ་དེ་ནི་དོན་དམ་པར་མི་འགྱུར་རོ། །དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ནི་འཕོ་བ་མེད་པའོ། །དེས་ན་བདེ་བ་ཆེན་པོ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བསྲུངས་པ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །རང་དང་གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་སྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་བརླབས་རྫོགས་བྱང་ཆུབ་འཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྔོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་དུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་གྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླང་ཞེས་སོ། །སྐྲག་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་བྱིན་ནས་སློབ་མས་ཀྱང་བླ་མ་ལ་ཡོན་དབུལ་ལོ། །སླར་ཡང་མཎྜལ་བྱས་ནས་གསོལ་བ་གདབ་པར་བྱ་སྟེ་བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་མཛད་དུ་གསོལ། །དེ་ནས་བླ་མས་སློབ་མ་བོས་ཏེ་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ནི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱ་པ་ལ་


DTG012_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་པའི་རྡོ་རྗེས་ཕྱུང་བ་འདོད་པ་སྐྱོད་པར་ཞེས་པ་ལ་སོགས་པ་སྟེ་འདིར་འགྲོ་བ་ཐམས་ཅད་ཀྱི་ཡིད་ལ་འདོད་པ་སྐྱོད་པར་བྱེད་པ་ནི་དང་པོ་དགའ་བའོ། །དེ་ནས་གང་བའི་གནས་སྐབས་ནི་ཤེས་རབ་ལ་འཁྱུད་བ་ལ་སོགས་པས་དཔྲལ་བར་བྱང་ཆུབ་ཀྱི་སེམས་རྫོགས་པ་ཉིད་ཀྱི་ཕྱིར་གང་བ་ཉིད་དུ་འགྱུར་པ་སྟེ་གཉིས་པ་མཆོག་དགའོ། །གང་བ་ཡན་ལག་མཆོག་ལས་རི་བོང་འཛིན་པ་ཁུ་པར་བྱས་ནས་ཐིག་ལེ་འཛག་པ་ནི་འཁྲིག་པ་ལ་འབར་བའི་གནས་སྐབས་ཏེ་གསུམ་པ་ཁྱད་པར་དགའ་བར་བྱེད་དོ། །དེ་ནས་ཨོ་ཌྜའི་གནས་སྐབས་ནི་ཐིག་ལེ་འཕོ་བའི་དུས་སུ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་ཀྱི་མཐར་ཐིག་ལེ་བཞི་པ་འབྱུང་བའི་དུས་ན་ལྷན་ཅིག་སྐྱེས་པའི་དགའ་བ་བྱེད་དོ། །དེ་ལྟར་ཚེས་གཅིག་ལ་སོགས་པའི་ཆ་ལྔ་ལྔ་བོ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པའི་མིང་ཅན་ཨ་ཨི་རྀ་ཨུ་ལྀ་ཀ །ཨ་ཨེ་ཨར་ཨོ་ཨ་ལ་ཙ། །ཧ་ཡ་ར་ཝ་ལ་ཊ་ཅེས་པའི་དབྱངས་འདི་དག་གི་ཆོས་ཅན་རྣམས་ཀྱིས་ཏེ་དེ་ལྟར་ལྔ་པ་ནི་དགའ་བ་རྫོགས་པའོ། །བཅུ་པ་ནི་མཆོག་དགའ་རྫོགས་པའོ། །ཉ་ནི་ཁྱད་པར་གྱི་དགའ་བ་རྫོགས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི་ཆ་བཅུ་དྲུག་པ་སྟེ་ཁམས་ཐམས་ཅད་བསྡུས་པ་དང་ཚོགས་པ་དང་འདུས་པ་དང་སྔོམ་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་ཆགས་བྲལ་ནི་ནག་པོའི་ཕྱོགས་སོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ་ཞེས་པ་དང་དེ་བཞིན་དུ། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་དོན་དམ་པས་ལེའུ་ལྔ་པ་ལས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱ་ཆེར་བརྗོད་པར་བྱ་སྟེ་དེས་ན་འདིར་


DTG012_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་མ་བྱས་སོ། །ད་ནི་འདོད་པ་ཞེས་པ་ལ་སོགས་པས་དགའ་བ་བཅུ་དྲུག་པོ་རྣམས་ཀྱི་སྦྱོར་བ་བཞི་གསུངས་པ་འདིར་སེམས་ཅན་ཐམས་ཅད་ཀྱི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་དབྱེ་བས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་སྦྱོར་བ་སྟེ་དེ་དག་ཀྱང་དགའ་བ་ལ་སོགས་པའི་དབྱེ་བས་བཅུ་དྲུག་གོ །དེ་ལ་འདོད་པ་ཞེས་པ་ནི་སྐུའི་དགའ་བའོ། །དགའ་བ་ཞེས་པ་ནི་གསུང་གི་དགའ་བའོ། །འདར་བ་ཞེས་པ་ནི་ཐུགས་ཀྱི་དགའ་བའོ། །འགྱུར་མེད་ཅེས་པའི་མིང་གིས་ཡེ་ཤེས་ཀྱི་དགའ་བའོ། །དེ་ལྟར་བཞི་པོ་ཡིས་དགའ་བའི་སྦྱོར་བ་གཅིག་གོ །དེ་བཞིན་དུ་གང་བ་ཞེས་པ་ནི་སྐུའི་མཆོག་དགའོ། །འདིར་མཆོག་གི་དགའ་བ་ལ་སོགས་པ་གསུམ་པོ་རྣམས་མཐའ་མ་དང་པོར་བྱས་ནས་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཏེ་སྡེབ་སྦྱོར་གྱི་དབང་གིས་སོ། །དེའི་ཕྱིར་མཆོག་གི་དགའ་བ་ནི་ཞེས་པ་གསུང་གི་མཆོག་དགའོ། །སྐྱེ་བ་ཞེས་པ་ནི་ཐུགས་ཀྱི་མཆོག་དགའོ། །ནུས་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཆོག་དགའ་སྟེ་གཉིས་པའི་སྦྱོར་བའོ། །འབར་བ་ཞེས་པ་ནི་སྐུའི་ཁྱད་པར་དགའ་བའོ། །ཁྱད་པར་དགའ་བ་ཞེས་པ་ནི་གསུང་གི་ཁྱད་པར་དགའ་བའོ། །གཉིད་ཡུར་ཞེས་པ་ནི་ཐུགས་ཀྱི་ཁྱད་པར་དགའ་བའོ། །ཐིག་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་ཁྱད་པར་དགའ་བ་སྟེ་གསུམ་པའི་སྦྱོར་བའོ། །དེ་བཞིན་དུ་ཨོཌྜ་ཞེས་པ་ནི་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བའོ། །གཉིད་ཅེས་པ་ནི་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ནཱ་ད་ཞེས་པ་ནི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་བཞིན་དུ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ངོ་བོ་ཉིད་ཀྱི་དབྱེ་བས་སྐུ་རྣམ་པ་བཞི་དང་དེ་བཞིན་དུ་གསུང་རྣམ་པ་བཞི་དང་ཐུགས་རྣམ་པ་བཞི་དང་ཡེ་ཤེས་རྣམ་པ་བཞིའོ། །དེ་བཞིན་དུ་དགའ་བ་བཅུ་དྲུག་གི་དབྱེ་བ་ནི་འཆད་པར་འགྱུར་པ་ལས་རྒྱ་ཆེར་བརྗོད་པར་བྱའོ། །བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའོ་ཞེས་པ་ནི་ངེས་པའོ། །ད་ནི་སེམས་ཀྱི་ཞེས་པ་ལ་སོགས་པས་ལས་ཀྱི་ཕྱག་རྒྱའི་རྣམ་པར་དག་པ་གསུངས་པ་འདིར་རྒྱུད་ཐམས་ཅད་ལས་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཐུན་མོང་གིས་གསུངས་ཏེ་རྣལ་འབྱོར་པ་རྣམ་རྗེས་སུ་ཆགས་པ་བྱེད་པའི་སླད་དུའོ། །


DTG012_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་རྣམས་ཀྱི་ཡིན་གྱི་གཞན་རྣམས་ཀྱི་ནི་མ་ཡིན་ནོ། །གཞན་རྣམས་ཀྱི་འཇིག་རྟེན་གྱི་ཐ་སྙད་དང་ལྡན་པའི་བུད་མེད་གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་པར་འགྱུར་རོ། །འདིར་གང་གི་ཚེ་རྣལ་འབྱོར་པ་བུད་མེད་ལ་སེམས་པར་བྱེད་ན་དེའི་ཚེ་སེམས་ཀྱི་བསམ་པ་བྱས་པས་མར་འགྱུར་རོ། །རེག་པས་ནི་སྲིང་མོའོ། །རྡོ་རྗེ་ཞུགས་པས་བུ་མོར་འགྱུར་རོ། །བྱེད་པ་དང་བཅས་ཤིན་ཏུ་དགའ་བས་སྲིང་མོའི་བུ་མོ་ཉིད་དུ་འགྱུར་རོ། །ཐིག་ལེ་ལྷུང་བར་གྱུར་ན་ཆུང་མའོ། །གཞན་གྱི་རིགས་ལ་གནས་པ་གཏུམ་མོའི་རྣལ་འབྱོར་མར་ནི་འདོད་ཆགས་ཉམས་པར་གྱུར་པ་ལས་ཏེ་ཆགས་བྲལ་ལས་འགྱུར་རོ། །འདི་རྣམས་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ་རྣལ་འབྱོར་པ་རྣམས་ཀྱི་ས་ལ་སོགས་པ་རྣམས་སོ། །འདིར་དང་པོར་སའི་ཁམས་འཁྲུག་གོ །དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་རྣམས་འཁྲུག་སྟེ་འཁྲུག་པ་རྣམས་འཛག་གོ །དེའི་ཕྱིར་ས་ཆུ་བསྲེག་ཟ་རླུང་དང་མཁའ་དང་ཆད་པའི་དངོས་རྣམས་ཏེ་གནས་སྐབས་དྲུག་གོ །དེ་བཞིན་དུ་གཡས་དང་གཡོན་གྱི་དཀྱིལ་འཁོར་ལྔ་ཟད་པ་ཡང་འཕོ་པའི་དུས་སུ་རིག་པར་བྱ་སྟེ་མ་ལ་སོགས་པ་རྣམ་པར་དག་པས་སོ། །འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་སྐེ་རགས་དང་ཐལ་བ་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་རྣམས་ཏེ་དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་སོ་ཞེས་པ་ནི་ངེས་པའོ། །ད་ནི་ཆུ་སྐྱེས་ཞེས་པ་ལ་སོགས་པས་སྐུ་ལ་སོགས་པའི་ཕྱག་རྒྱ་གསུམ་གསུངས་ཏེ་འདིར་རྒྱུད་ཐམས་ཅད་ལས་ཕྱི་རོལ་དུ་དྲང་བའི་དོན་གྱིས་དཔྲལ་བར་སྐུའི་ཕྱག་རྒྱ་དང་མགྲིན་པར་གསུང་གི་ཕྱག་རྒྱ་དང་སྙིང་ཁར་ཐུགས་ཀྱི་ཕྱག་རྒྱའོ། །ངེས་པའི་དོན་གྱིས་ཀྱང་ཆུ་སྐྱེས་ལ་ནི་རྡོ་རྗེ་རབ་ཞུགས་ཏེ་རྡོ་རྗེ་རྟག་ཏུ་ལངས་པ་ནི་སྐུའི་ཕྱག་རྒྱའོ། །རྩེ་མོ་ཅན་ལ་རླུང་དང་ཞེས་པ་རྩ་དབུ་མ་ལ་སྲོག་གི་རླུང་རབ་ཏུ་ཞུགས་པ་གསུང་གི་ཕྱག་རྒྱའོ། །ཐིག་ལེ་མི་ལྟུང་བ་ནི་ཐུགས་ཀྱི་ཕྱག་རྒྱའོ། །འདི་རྣམས་རྣལ་འབྱོར་གསུམ་གྱི་སྟེ་དབུ་མ་ལ་རྟེན་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་རྣམས་སུ་གྲངས་བཞིན་དུ་འགྱུར་རོ། །དེའི་སྟེང་དུ་ཆགས་དང་ཆགས་བྲལ་མཐར་


DTG012_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་དང་པོ་ཞེས་པ་ལ་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་དེའི་མཐར་གྱུར་པའོ། །ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ་དེའི་དང་པོའོ། །དེ་ལྟར་ཆགས་དང་ཆགས་བྲལ་མཐར་གྱུར་དང་པོ་ནི་ཆ་བཅུ་དྲུག་པར་གནས་པ་སྟེ་ཇི་སྲིད་མི་འཛག་པ་དེ་སྲིད་དུ་དེ་ནི་མཐའ་དག་ཡོན་ཏན་གྱི་གཏེར་འགྱུར་པ་མེད་པའི་བདེ་བ་སྦྱིན་པ་པོ་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་བཞི་པའོ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཡན་ལག་དྲུག་གི་སྦྱོར་བ་ཁོ་ནས་རྟོགས་པར་བྱ་བ་སྟེ་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །ཕྱག་རྒྱ་རྣམས་ལས་ཏེ་སྔ་མ་དང་ཕྱི་མ་དགུ་པོ་རྣམས་ལས་དེ་ནི་ལེགས་པའི་མ་སྐྱེད་བྱེད་མར་མངལ་ནས་སྐྱེས་པའི་དུས་ནས་བརྩམས་ཏེ་འཆི་བའི་མཐར་འགྱུར་རོ། །རྣམ་བཅུ་ནི་དུ་བ་ལ་སོགས་པའི་དབྱེ་བས་སྤྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ཞལ་འདིའོ་ཞེས་པ་ནི་ཡེ་ཤེས་ཀྱི་ཞལ་བཞི་པའོ་ཞེས་པའི་དོན་ཏོ། །དེ་ནི་ངོ་བོ་ཉིད་ཀྱི་སྐུའི་ཆོས་ཅན་ནོ་ཞེས་པ་ངེས་པའོ། །དེ་ལྟར་སློབ་མ་དབང་བསྐུར་བའི་དོན་དུ་ཕྱག་རྒྱའི་མཚན་ཉིད་རབ་ཏུ་བསྟན་ནས་ཚོགས་ཀྱི་འཁོར་ལོའི་སླད་དུ་བླ་མས་ངེས་པ་སྦྱིན་པར་བྱའོ། །དེ་ལ་རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོ་རྣམས་སྤྱན་དྲང་བར་བྱ་སྟེ། དེ་ནས་ཉིན་མོའི་དུས་སུ་གཞོན་ནུ་དང་གཞོན་ནུ་མ་བཅུ་ལའོ་ཐུག་ལ་སོགས་པ་མངར་བའི་ཟས་ཀྱིས་སྟོན་མོ་བྱས་ཏེ་ཡོན་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཆུ་ཚོད་བདུན་པ་ལ་དགེ་སློང་དང་དགེ་སློང་མའི་དགེ་འདུན་མངར་བའི་ཁ་ཟས་ཤ་དང་བྲལ་བ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་སངས་རྒྱས་གཙོ་བོར་བྱས་ནས་དགེ་འདུན་ལ་ཡོན་ཕུལ་ཏེ་འཕགས་པའི་དགེ་འདུན་ཆེན་པོ་གཙུག་ལག་ཁང་དུ་གཞུག་པར་བྱའོ། །དེ་ནས་སྐྱེ་བོ་དང་བྲལ་བའི་ཁྱིམ་བུག་པ་མེད་པར་ཚོགས་ཀྱི་འཁོར་ལོའི་ཚོགས་དཔའ་བོ་དང་དཔའ་བོའི་དབང་ཕྱུག་མ་རྣམས་ཀྱི་གནས་རྣམས་བསམ་པར་བྱའོ། །འདིར་འབྱོར་བ་དང་རྗེས་སུ་མཐུན་པས་གཙོ་བོ་བླ་མ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་དབུས་དང་ཕྱོགས་བཞིའི་ཆར་རྣལ་འབྱོར་མ་བཞི་རྣམས་ཏེ་དབུས་སུ་གཡུང་མོ་དང་ཤར་དུ་དམངས་རིགས་མོ་དང་ལྷོར་རྒྱལ་རིགས་མོ་དང་བྱང་དུ་བྲམ་ཟེ་མོ་དང་ནུབ་ཏུ་རྗེ་རིགས་མ་སྟེ་ཚོགས་ཀྱི་གཙོ་བོ་ལྔའི་


DTG012_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱིའོ། །འདི་རྣམས་ཀྱི་གདན་ནི་མིའི་པགས་པ་དང་ཁྱིའི་པགས་པ་དང་རྟའི་པགས་པ་དང་བ་ལང་གི་པགས་པ་དང་གླང་པོ་ཆེའི་པགས་པའོ། །དེ་ནས་གཉིས་པ་ནི་ཕྱོགས་བྲལ་རྣམས་སུ་སྟེ་དབང་ལྡན་དུ་གཅི་བའི་སྣོད་དང་རླུང་དུ་བཤང་པའི་སྣོད་དང་བདེན་བྲལ་དུ་ཁྲག་གི་སྣོད་དང་མེར་རྐང་གི་སྣོད་དོ། །དེ་ནས་ཟླུམ་སྐོར་གཉིས་པ་ཐུགས་ཀྱི་འཁོར་ལོའི་གནས་ལ་ཤར་དུ་འཁར་བ་མཁན་མོ་དང་ལྷོར་འོད་མའི་གར་མཁན་མོ་དང་བྱང་དུ་ནོར་བུ་མཁན་མ་དང་ནུབ་ཏུ་ཁྲོན་པ་མཁན་མ་དང་མེར་ཐགས་མཁན་མ་དང་བདེན་བྲལ་དུ་ཆང་འཚོང་མ་དང་དབང་ལྡན་དུ་གསེར་མཁན་མ་དང་རླུང་དུ་ཕྲེང་བ་མཁན་མ་སྟེ་རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་གྲངས་བཞིན་དུ་ལུག་གི་པགས་པ་དང་འབྲོག་དགོན་པའི་ཁྱིའི་པགས་པ་དང་རྔ་མོའི་པགས་པ་དང་འདམ་སེང་གི་པགས་པ་དང་རའི་པགས་པ་དང་རི་དགས་ཀྱི་པགས་པ་དང་བོང་བུའི་པགས་པ་དང་ཕག་གི་པགས་པ་རྣམས་སོ། །དེ་ནས་ཟླུམ་སྐོར་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཤར་དུ་ཤ་འཚོང་མ་དང་མེར་རྫ་མཁན་མ་དང་ལྷོར་འཁུར་བ་མཁན་མ་དང་བདེན་བྲལ་དུ་སྨད་འཚོང་མ་དང་ནུབ་ཏུ་ཚེམ་བུ་མ་དང་རླུང་དུ་ཉ་པ་མོ་དང༌། བྱང་དུ་གར་མཁན་མ་དང་དབང་ལྡན་དུ་བཙོ་བླག་མཁན་མ་སྟེ་རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་ཀུམ་བྷཱི་རའི་པགས་པ་དང་འགྲོན་བུའི་ཕུང་པོ་དང་ཀརྐ་ཊའི་རུས་པའི་ཕུང་པོ་དང༌། ཉ་སྐམ་པོ་དང༌། མ་ཀ་རའི་པགས་པ་དང༌། སྦལ་པའི་པགས་པ་དང༌། རུས་སྦལ་གྱི་ཁོག་པ་དང་དུང་རྣམས་གྲངས་བཞིན་ནོ། །དེ་ནས་ཟླུམ་སྐོར་བཞི་པ་སྐུའི་འཁོར་ལོའི་གནས་ལ་ཤར་དུ་ལྕགས་མཁན་མ་དང༌། ལྷོར་རྒྱ་སྐྱེགས་མཁན་མ་དང༌། ནུབ་ཏུ་སྲིན་བལ་མཁན་མ་དང། བྱང་དུ་ཏིལ་མར་མཁན་མ་དང༌། མེར་སྨྱུག་མ་མཁན་མ་དང༌། བདེན་བྲལ་དུ་ཤིང་མཁན་མ་དང༌། རླུང་དུ་ཀོ་ལྤགས་མཁན་མ་དང༌། དབང་ལྡན་དུ་འདྲེག་མཁན་མ་སྟེ་བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་བསེའི་


DTG012_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་དང༌། སྟག་གི་པགས་པ་དང༌། དོམ་གྱི་པགས་པ་དང༌། ནེའུ་ལེའི་པགས་པ་དང༌། འབྲིའི་པགས་པ་དང༌། ཅེ་སྤྱང་གི་པགས་པ་དང༌། སྲམ་གྱི་པགས་པ་དང༌། བྱི་ལའི་པགས་པ་རྣམས་སོ། །དེ་ནས་ཟླུམ་སྐོར་ལྔ་པ་དུར་ཁྲོད་ཀྱི་གནས་ལ། ཤར་དུ་ཀླ་ཀློ་མ་དང༌། ལྷོ་རུ་འཕྱག་པ་མོ་དང༌། ནུབ་ཏུ་གཏུམ་མོ་དང༌། བྱང་དུ་སྟག་གཟིག་མ་དང༌། མེར་བསྙོན་ཐབས་མ་དང༌། བདེན་བྲལ་དུ་རོ་སྲེག་མ་དང༌། རླུང་དུ་བྷི་ལླཱི་དང་དབང་ལྡན་དུ་རི་ཁྲོད་མ་སྟེ་རབ་གཏུམ་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་གོ་དྷཱའི་པགས་པ་དང༌། བྱི་བའི་པགས་པ་དང༌། སཱ་ལ་ཛཱ་ཏ་ཀའི་པགས་པ་དང༌། སྤྲེའུའི་པགས་པ་དང༌། རི་བོང་གི་པགས་པ་དང༌། གཟུངས་མོ་བྱི་དུར་གྱི་པགས་པ་དང༌། ཨཱི་ཤུ་ཀ་པ་ཤུའི་པགས་པ་དང༌། རྩངས་པའི་པགས་པ་རྣམས་སོ། །པགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་པགས་པ་དང༌། ལྷོ་དང་བདེན་བྲལ་དུ་རྟའི་པགས་པ་དང༌། ནུབ་དང་རླུང་དུ་གླང་པོའི་པགས་པ་དང༌། བྱང་དང་དབང་ལྡན་དུ་བ་ལང་གི་པགས་པ་སྟེ་དབུས་སུ་མིའི་པགས་པའོ། །དེ་ལྟར་གདན་རྣམས་བཀོད་ནས་རྣལ་འབྱོར་མ་རྣམས་བཞུགས་སུ་གསོལ་བར་བྱའོ། །པགས་པ་འདི་རྣམས་ཀྱི་སྡེར་སྦྱིན་པར་བྱ་སྟེ་དེ་བཞིན་དུ་སྐྱོགས་རྣམས་ནི་ཤར་དུ་ཉ་ཕྱིས་ཀྱི་སྣོད་དེ་མེ་རུ་ཡང་དེ་བཞིན་ནོ། །ལྷོ་དང་བདེན་བྲལ་དུ་ནཱ་རི་ཀེ་ལའི་སྐྱོགས་དང་ནུབ་དང་རླུང་དུ་ཁམ་ཕོར་དང་བྱང་དང་དབང་ལྡན་དུ་མིའི་ཐོད་པ་དང་དབུས་སུ་ཤིང་གི་སྣོད་དོ། །དེ་ནས་ཆང་ལ་སོགས་པ་ཕུལ་ནས་བཟའ་བ་དང་བཅའ་བ་ལ་སོགས་པ་སྒྲོན་མ་དང་བཅས་པ་འཆང་བར་འགྱུར་པ་ཆུ་དང་མཆོད་ཡོན་ལ་སོགས་པ་རྣམ་པ་བཅུ་པོ་ཕུལ་ཏེ་མཎྜལ་བྱས་ནས། སློབ་མས་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་ཏུ་མཆོད་པའི་རྫས་དབུལ་བར་བྱའོ། །དེ་ལྟར་ན་ཚོགས་ཀྱི་འཁོར་ལོ་ལ་གནས་དང་རིགས་ངེས་པའོ། །དེ་ནས་ལེའུ་ལྔ་པ་ལས་གསུངས་པའི་ཚོགས། ཀུན་དུ་སྤྱོད་པ་དང་འཁྲིག་པ་ཡང་བྱའོ། །ཀུན་དུ་སྤྱོད་པ་དེ་ལ་ཤེས་རབ་ཡུམ་གྱི་ནང་ནས་ཚོགས་ཀྱི་གཙོ་མོ་དེ་ནི་མཆོག་


DTG012_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡུམ་ཞེས་པ་སྟེ་གཡུང་མོ་དང་གཏུམ་མོའོ། །ཚོགས་ཀྱི་འཁོར་ལོ་ལ་ཐམས་ཅད་དུ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་སྤྱན་མ་ལ་སོགས་པ་བཞིའི་ནི་སྲིང་མོའོ། །སྒྲ་རྡོ་རྗེ་མ་ལ་སོགས་པ་དྲུག་དང་སྔོན་མོ་དང་དྲག་སྤྱན་མ་གཉིས་ནི་སྲིང་མོའི་བུ་མོ་རྣམས་སོ། །ཕྱུགས་ཀྱི་སྐྱེ་བོ་འཇིགས་སྟེར་ཙརྩི་ཀཱ་སོགས་བརྒྱད་ནི་ཡང་ཚ་མོའོ། །འདི་རྣམས་ནི་འཁོར་ལོ་ལ་གནས་པ་དུས་ཀུན་ཏུ་ནི་ཀུན་ཏུ་སྤྱོད་པས་གནས་པ་རང་རིགས་ས་ལ་གནས་པ་རྣམས་ཏེ། རྣལ་འབྱོར་པ་ཡིས་བསྟེན་པར་བྱའོ། །གནས་དང་ཞིང་དང་འདུས་པ་དང་དུར་ཁྲོད་དེ་ས་བཅུ་གཉིས་ལ་གནས་པ་རྣམས་བསྟེན་པར་བྱ་ཞིང་སྐྱེ་བོ་དང་བཅས་པ་གྲོང་གི་དབུས་དང་ཚོགས་ཀྱི་འཁོར་ལོ་དང་ཕྱི་རོལ་སྐྱེ་བོ་མེད་པར་ནམ་ཡང་དོར་བར་མི་བྱའོ་ཞེས་པ་ནི་ངེས་པའོ། །གཅེར་བུ་གོས་དང་བྲལ་ཞིང་སྐྲ་གྲོལ་བ་ལག་ན་གྲི་གུག་དང་ཐོད་པ་ཅན་དེ་རྣམས་ཐམས་ཅད་ཡང་དག་པར་རྒྱུའོ། །དེ་བཞིན་དུ་དཔལ་ལྡན་རྡོ་རྗེ་ཅན་ནི་སློབ་དཔོན་ཏེ་གཡུང་པོའོ། །དཔལ་ལྡན་ཡབ་དེ་ཉིད་ནི་གཏུམ་པོ་སྟེ། གཙོ་བོ་ཉིད་ཀྱི་ཕྱིར་དང་གཡུང་མོ་དང་གཏུམ་མོའི་ལྷག་མ་ཟབ་དང་དེ་དང་འཁྲིག་པ་བྱེད་པའི་ཕྱིར་རོ། །དེ་ལྟར་རིགས་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱི་རང་གི་མ་ལ་སོགས་པ་དང་རིགས་ལས་སྐྱེས་པ་རང་གི་སར་འོངས་པ་རྣམས་དོར་བར་མི་བྱ་ཞིང་དེ་ལ་ངོ་ཚ་བར་མི་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱིས་དཔལ་ལྡན་རྡོ་རྗེ་ཅན་ནི་དཔལ་ལྡན་ཡབ་སྟེ་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་བཞིན་དུ་བལྟ་བར་བྱའོ། །སངས་རྒྱས་ཐམས་ཅད་མིང་པོ་སྟེ། དམངས་རིགས་ལ་སོགས་པ་དང་འཕྱག་པ་ལ་སོགས་པ་རྣམས་སོ། །མིག་ལ་སོགས་པ་རྣམས་ནི་ཚ་བོ་སྟེ། འཁར་བ་མཁན་ལ་སོགས་པ་རྣམས་སོ། །ཡང་ཚ་རྣམས་ནི་བརྒྱད་དེ་ཤན་པ་ལ་སོགས་པའོ། །ཡང་ཚའི་བུ་ནི་ལྕགས་མཁན་ལ་སོགས་པ་རྣམས་ཏེ། སྐྱེ་བོ་དང་བཅས་པ་དང་སྐྱེ་བོ་མེད་པར་རྣལ་འབྱོར་མ་རྣམས་ཀྱིས་དོར་བར་མི་བྱའོ། །ཕན་ཚུན་སེམས་རྣམ་པར་དག་པའི་ངེས་པའོ། །ཚོགས་ཀྱི་འཁོར་ལོ་དེ་ལ་བུད་མེད་ཟླ་བའི་བཞིན་དང་ཨུཏྤལ་མིག་ཅན་མཆོག་གི་དྲི་ཡིས་རྗེས་སུ་བྱུགས་


DTG012_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་སུ་དག །བསོད་ནམས་ངག་གི་རྒྱུ་རུ་དག་པ་གསུམ་གྱིས་སློབ་དཔོན་དཔའ་བོ་དང་བཅས་པ་ལ་རྡོ་རྗེའི་མཆོད་པར་འབུལ་བྱེད་ན། །ས་གཞི་སྦྱིན་དང་གླང་པོ་རྟ་དང་ཤིང་རྟ་དུ་མའི་བུ་མོ་རབ་ཏུ་སྦྱིན་ལས་བསོད་ནམས་གང་ཞིག་འགྱུར་པའི་བསོད་ནམས་དེ་རྣམས་ཐམས་ཅད་རྣལ་འབྱོར་མ་དེ་ལ་འགྱུར་རོ། །མི་བདག་ཅེས་པ་ནི་བོད་པའོ། །མཁར་གནས་ཟླ་བ་ཉི་མའི་མཚམས་སུ་སྟེ་མི་ཟད་པར་ཞེས་པའི་དོན་ཏོ། །ད་ནི་སྒྲོལ་མ་ཞེས་པ་ལ་སོགས་པས་དམངས་རིགས་ལ་སོགས་པའི་རིགས་རྣམས་སྒྲོལ་མ་ལ་སོགས་པའི་རིགས་རྣམས་སུ་གསུངས་ཏེ། མིའི་འཇིག་རྟེན་འདིར་ལས་ཀྱི་རྗེས་སུ་མཐུན་པས་རིགས་སོ། །དེ་ལ་དམངས་རིགས་རྣམ་པ་བཞི་སྟེ། ས་གཞི་རྨོ་བ་དང་བ་ལང་སྐྱོང་བ་དང་འཇིམ་པའི་ལས་བྱེད་པ་དང་ཁྱིམ་ལ་སོགས་པའི་གནས་བྱེད་པ་སྟེ། དེ་ལྟར་ན་སྒྲོལ་མ་དམངས་མོ་རྣམ་པ་བཞི་རུས་ཡི་སྟེང་དུ་འགྱུར་རོ། །གོས་དཀར་མོ་ནི་རྒྱལ་རིགས་རྣམ་པ་བཞི་སྟེ། རྒྱལ་རིགས་ཀྱི་ཆོས་ཀྱིས་རྐང་ཐང་དང་རྟ་ལ་ཞོན་པ་དང་གླང་པོ་ཆེ་ལ་ཞོན་པ་དང་ཤིང་རྟ་ལ་ཞོན་པའོ། །ས་སྟེ་སྤྱན་མ་ནི་རྗེ་རིགས་མ་རྣམས་ཏེ་རྗེ་རིགས་ཀྱི་ཆོས་ལས་རྣམ་པ་གསུམ་ནི་ཚོང་པ་དང་ཡིག་མཁན་དང་སྨན་པའོ། །མཱ་མ་ཀཱི་ནི་གཉིས་སྐྱེས་སྐྱེ་བོའི་རིགས་སྐྱེས་བྲམ་ཟེ་མོ་སྟེ། གཉིས་སྐྱེས་ཀྱི་ཆོས་ལས་རྣམ་པ་བདུན་ནི་ངེས་བརྗོད་ཀྱི་ཡལ་ག་དང་མཆོད་སྦྱིན་གྱི་ཡལ་ག་དང་སྙན་ངག་གི་ཡལ་ག་དང་སྲིད་སྲུང་གི་ཡལ་ག་དང་ནགས་ན་རབ་ཏུ་གནས་པའི་ཆུང་མ་དང་བདག་པོའི་ཆུང་མ་དང་གྲོལ་བའི་ཆུང་མ་སྟེ་རྣམ་པ་བདུན་ནོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ནི་འཁར་བ་མཁན་མ་དང༌། རོ་རྡོ་རྗེ་མ་ནི་ཆང་འཚོང་མ་དང༌། གཟུགས་རྡོ་རྗེ་མ་ནི་གསེར་མཁན་མ་དང༌། དྲི་རྡོ་རྗེ་མ་ནི་ཕྲེང་བ་མཁན་མ་དང༌། རེག་བྱ་རྡོ་རྗེ་མ་ནི་ཐགས་མཁན་མ་དང༌། ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ནི་ནོར་བུ་མཁན་མ་དང༌། དྲག་སྤྱན་མ་ནི་ཁྲོན་པ་མཁན་མ་དང༌། ཤིན་ཏུ་སྔོན་མོ་ནི་འོད་མའི་གར་མཁན་མ་སྟེ། གཡུང་མོའི་གར་མཁན་མའོ། །དེ་བཞིན་དུ་ཙཱ་མུཎྜཱ་ནི་ཤ་འཚོང་མ་དང༌། ཁྱབ་འཇུག་མ་ནི་རྫ་མཁན་མ་དང༌། ཕག་མོ་ནི་འཁུར་བ་མཁན་མ་དང༌། གཞོན་ནུ་


DTG012_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་སྨད་འཚོང་མ་དང༌། དབང་མོ་ནི་ཚེམ་བུ་མ་དང༌། ཚངས་མ་ནི་ཉ་པ་མ་དང༌། དྲག་མོ་ནི་གར་མཁན་མ་དང༌། དཔལ་མོ་ནི་བཙོ་བླག་མཁན་མ་སྟེ་བརྒྱད་དོ། །དེ་བཞིན་དུ་རྨུགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མ་དང༌། རེངས་བྱེད་མ་ནི་སྲིན་བལ་མཁན་མ་དང༌། ཁེངས་མ་ནི་ཏིལ་མར་མཁན་མ་དང༌། ཤིན་ཏུ་སྟོབས་མ་ནི་ལྕགས་མཁན་མ་དང༌། འོད་ཟེར་ཅན་ནི་ཀོ་ལྤགས་མཁན་མ་དང༌། ཁྲོ་གཉེར་ཅན་ནི་ཤིང་མཁན་མ་དང༌། ཙུན་དཱ་ནི་འདྲེགས་མཁན་མ་དང༌། རྡོ་རྗེ་ལྕགས་སྒྲོག་མ་ནི་སྨྱུག་མ་མཁན་མ་སྟེ་བརྒྱད་ནི་ཁྲོ་བོའི་རིགས་ཅན་རྣམས་སོ། །ཁྱི་གདོང་མ་ནི་ཀླ་ཀློ་མ་དང༌། ཕག་གདོང་མ་ནི་འཕྱག་པ་མོ་དང༌། ཅེ་སྤྱང་གདོང་མ་ནི་གཏུམ་མོ་དང༌། སྟག་གདོང་མ་ནི་སྟག་གཟིག་མ་དང༌། བྱ་རོག་གདོང་མ་ནི་བསྙོན་ཐབས་མ་དང༌། བྱ་རྒོད་གདོང་མ་ནི་རོ་སྲེག་མ་དང༌། མཁའ་ལྡིང་གདོང་མ་ནི་བྷི་ལླཱི་དང༌། འུག་གདོང་མ་ནི་རི་ཁྲོད་མ་སྟེ་བརྒྱད་ནི་རབ་གཏུམ་མའོ། །དེ་ལྟར་ན་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་གཞིའི་གནས་སུ་རྣལ་འབྱོར་རྣམས་དག་གི་རིགས་རྣམས་ཏེ། ཞིང་དང་གནས་དང་ཉེ་བའི་གནས་དང་ཡུལ་དང་གྲོང་མཆོག་དཔལ་ལྡན་ནགས་སུ་ཡང་དག་གནས་རྣམས་ཀྱིས། །རྨོངས་པ་རྣམས་ནི་འཆིང་བར་བྱེད་ཅིང་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར་རྣམས་ལ་དངོས་གྲུབ་སྟེ་ཞེས་པའོ། །སླར་ཡང་འདི་རྣམས་ཀྱི་དབྱེ་བ་ནི་བཞི་ནི་དམངས་རིགས་མོ་ལ་སོགས་པའོ། །དྲུག་ནི་སྒྲ་རྡོ་རྗེ་མ་ལ་སོགས་པའོ། །དེ་བཞིན་བརྒྱད་ནི་ཙརྩི་ཀཱ་ལ་སོགས་པའོ། །བཅུ་ནི་ཁྲོ་བོའི་དབྱེ་བ་རྣམས་ཏེ། དེ་དག་ལས་གཉིས་ནི་སྒྲ་ལ་སོགས་པ་རྣམས་ལ་རབ་ཏུ་ཞུགས་སོ། །ནོར་ནི་བརྒྱད་ཀྱི་དབྱེ་བ་སྟེ། ཁྱི་གདོང་མ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་བཞི་ནི་སངས་རྒྱས་ཀྱི་དབྱེ་བ་རྣམས་སོ། །དྲུག་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་དབྱེ་བ་རྣམས་སོ། །ཡི་དགས་རྣམས་ནི་བརྒྱད་ཀྱི་དབྱེ་བའོ། །ཁྲོ་བོ་རྣམས་ནི་བཅུའོ། །ལྷ་མིན་རྣམས་ནི་བརྒྱད་ཀྱི་དབྱེ་བ་སྟེ། གདེངས་ཅན་སྲིད་པར་གནས་རྣམས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་


DTG012_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་སུམ་ཅུ་རྩ་དྲུག་སྟེ་རྣལ་འབྱོར་པ་ཡིས་རིག་པར་བྱའོ། །གཅིག་པུ་གཅིག་ནི་སྣ་ཚོགས་གཙོ་བོ་སྟེ། སྲིད་གསུམ་གནས་སུ་དཔལ་ལྡན་རིགས་རྣམས་དག་གི་ཁྱབ་བྱེད་དེ་སུམ་ཅུ་རྩ་བདུན་པའོ། །དེ་བཞིན་དུ་ས་འོག་རྣམས་སུ་གཏུམ་མོ་བརྒྱད་དེ་ཁྱི་གདོང་མ་ལ་སོགས་པ་རྣམས་སོ། །མི་ཡི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་འཁོར་ལ་ནི་ཁྲོ་སྐྱེས་རྣམས་སོ། །ཡི་དགས་ཞེས་བྱ་བརྒྱད་ནི་ཡི་དགས་འཇིག་རྟེན་དུ་སྟེ། ལྷག་མཆོག་གནས་སུ་སྒྲ་ཡི་རྡོ་རྗེ་ལ་སོགས་དྲུག་ཅེས་པ་ནི་འདོད་པ་སྤྱོད་པ་དྲུག་གོ །ཚངས་པའི་ཡུལ་སར་དཔལ་ལྡན་བཞི་སྟེ། ཚངས་རིས་ལ་སོགས་པའི་གཟུགས་ཅན་ཟད་པར་ས་ལ་སོགས་པ་བསྒོམས་པ་རྣམས་སོ། །གཟུགས་མེད་པ་རྣམས་ནི་སྟོང་པའི་ཁམས་སོ། །རབ་མཆོག་ཞི་བའི་གྲོང་དུ་ཡུམ་གཅིག་མ་ནི་ཡེ་ཤེས་ཀྱི་ཁམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །འདི་རྣམས་རབ་ཏུ་ཁྲོས་པའི་ཞལ་རྣམས་ཀྱིས་སྣ་ཚོགས་ཏེ། ལུས་ཡང་དག་སྡུད་བྱེད་དགྱེས་པ་རྣམས་ཀྱིས་ནི་སྐྱོང་བར་བྱེད་པ་ཉིད་དོ་ཞེས་པ་ནི་རྣལ་འབྱོར་མའི་རིགས་ངེས་པའོ། །ད་ནི་བུ་མོ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་རྡོ་རྗེ་མཆོད་པའི་ངེས་པ་གསུངས་ཏེ། འདིར་དབེན་པར་ཚོགས་ཀྱི་འཁོར་ལོའམ་སྐྱེ་བོ་མེད་པར་བསྒོམ་པའི་དུས་སུ་བུ་མོ་རྒན་མོ་དར་མ་རྣམས་སམ། ལུས་ནི་དྲི་མ་དང་བཅས་པའམ། བྲམ་ཟེ་མོའམ། རྒྱལ་རིགས་མོའམ། རྗེ་མོའམ། དམངས་མེའམ། མཐར་སྐྱེས་མའམ། མིག་དང་ལག་པ་དང་བྲལ་བའམ། རྣ་བ་ཆད་པའམ། སྣ་ཆད་པའམ། མཆུ་ཆད་པའམ་ཞེས་པ་ལ་སོགས་པ་ཡན་ལག་མ་ཚད་བ་རྣམས་ཏེ། མཐའ་དག་ནི་བྱང་ཆུབ་རྒྱུ་རུ་མཆོག་གི་སྙིང་རྗེས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་གྱིས་བསྟེན་པར་བྱ་སྟེ། སློབ་དཔོན་ནམ་རྣལ་འབྱོར་པ་དྲི་མ་དག་དང་རྣམ་པར་བྲལ་ཏེ་ཁེངས་པ་ལ་སོགས་པའི་སྐྱོན་ལས་གྲོལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པ་ཆགས་པ་དང་ཕྱི་རོལ་དང་ཁྱིམ་གྱི་འཆིང་བ་ཐམས་ཅད་ལས་གྲོལ་བ་རྣམས་ཀྱིས་སོ་ཞེས་པ་ནི་བཅོམ་ལྡན་འདས་


DTG012_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངེས་པའོ། །ད་ནི་དང་པོར་ཞེས་པ་ལ་སོགས་པས་རྡོ་རྗེའི་མཆོད་པ་ལ་ཕྱག་རྒྱ་བཞིའི་མིང་གསུངས་ཏེ། འདིར་དམ་ཚིག་འདུས་པ་ལ་མིང་རྣམ་པ་བཞི་ནི་དང་པོར་ཤེས་རབ་བུད་མེད་གང་ཡིན་པ་དེ་ནི་གསང་བའི་ཕྱག་རྒྱར་བརྗོད་དོ། །དམ་ཚིག་དཔལ་ལྡན་སྐྱེས་པ་སྟེ་རྣལ་འབྱོར་པ་ཐབས་ནི་མཆོག་གི་ཕྱག་རྒྱར་འགྱུར་རོ། །དེ་དག་འདུས་པའི་རྩེད་མོ་ལ་ཙུམྦ་ན་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །དབང་པོ་གཉིས་ཀྱི་སྦྱོར་བའི་བདེ་མཉམ་ཆོས་ཀྱི་ཕྱག་རྒྱར་བརྗོད་དེ་དམ་ཚིག་གི་སྐད་རྣམ་པ་བཞི་པོ་འདི་ནི་རྡོ་རྗེའི་མཆོད་པ་ལ་གསུངས་སོ། །ད་ནི་ཕོ་ཉ་མོ་རྣམས་ཞེས་པ་ལ་སོགས་པས་ཕོ་ཉ་མོ་རྣམས་ཀྱི་ལུས་སམ་སྐྱེ་གནས་ལ་དྲིའི་མཚན་ཉིད་གསུངས་པ། འདིར་ཕོ་ཉ་མོ་རྣམས་དག་གི་དྲི་ལྔ་ལུས་ལ་གནས་པའམ་པདྨ་གནས་པར་འགྱུར་ཏེ། དེ་བཞིན་དུ་དེ་རྣམས་ཀྱི་རིགས་རྣམ་པ་ལྔ་རུ་འགྱུར་རོ། །དེ་ལ་རང་བཞིན་ནི་ནམ་མཁའ་ལ་སོགས་པ་སྟེ་དེའི་ཡོན་ཏན་གྱི་དབང་གིས་གླ་རྩིའི་དྲི་དང་པདྨའི་དྲི་དང་གཅི་བའི་དྲི་དང་ཉའི་དྲི་དང་རང་གི་དྲིའོ། །གྲངས་བཞིན་དུ་དཔལ་ལྡན་བཟང་མོ་དང་པདྨ་ཅན་མ་དང་དུང་ཅན་མ་དང་སྣ་ཚོགས་མ་དང་གླང་ཆེན་མ་སྟེ་འདི་རྣམས་གླ་རྩི་ལ་སོགས་པའི་དྲིར་རིམ་པ་བཞིན་དུ་འགྱུར་རོ། །དཔལ་ལྡན་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། དཔལ་ལྡན་ཤིན་ཏུ་བཟང་མོའོ། །སྒྲོལ་མ་ནི་པདྨ་ཅན་མ་དང༌། གོས་དཀར་མོ་ནི་དུང་ཅན་མ་དང༌། མཱ་མ་ཀཱི་ནི་སྣ་ཚོགས་མ་དང་སྤྱན་མ་ནི་གླང་ཆེན་མའོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་རྣམ་པ་ལྔ་སྟེ། སེང་གེ་དང་རི་དགས་དང་རྟ་དང་ཁྱུ་མཆོག་དང་གླང་པོ་ཆེ་སྟེ་རིགས་ཀྱི་དབྱེ་བ་ལས་སོ། །མི་བསྐྱོད་པ་ནི་ངེས་གེ་དང་དོན་ཡོད་གྲུབ་པ་ནི་རི་དགས་དང་རིན་ཆེན་འབྱུང་ལྡན་ནི་རྟ་དང་སྣང་བ་མཐའ་ཡས་ནི་ཁྱུ་མཆོག་དང་རྣམ་པར་སྣང་མཛད་ནི་གླང་པོ་ཆེའོ། །དེའི་ཕྱིར་སྔ་མ་བཞིན་དུ་དྲིའི་ངེས་པ་དང་རིགས་ཀྱི་ངེས་པའོ། །ད་ནི་ཡན་ལག་ཕྲ་ཞེས་པ་ལ་སོགས་པས་ལུས་ཀྱི་མཚན་ཉིད་གསུངས་པ། འདིར་ཤིན་ཏུ་བཟང་མོ་ནི་ཡན་ལག་ཕྲ་ལྡན་སྐྲ་རྣམས་ཕྲ་ཞིང་རྐང་ལག་འཇམ་ལ་སེམས་ཅན་ལ་མཉེས་གཤིན་


DTG012_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་བཞིན་ཅུང་ཟད་ཕྲ་བ་དང་ལྡན་ལ་ཅུང་ཟད་རིང་ཞིང་མིག་ནི་གཡོ་བ་མེད་ལ་སྐྲ་ནི་འཁྱོག་པ་པདྨ་ཅན་ཞེས་པ་སྟེ་སྒྲོལ་མའོ། །དེ་བཞིན་དུ་ངོ་ཚ་མེད་ཅིང་འདོད་པ་དྲག་ལ་རྩོད་མང་ལ་དགའ་སྐྲ་ནི་ཤིན་ཏུ་ཆུང་བདུད་ཅན་མ་ཞེས་པ་སྟེ་གོས་དཀར་མོའོ། །རིང་ཞིང་ཡན་ལག་ཐམས་ཅད་རྫོགས་ལ་ངེས་པར་ཡང་བའི་ཡུལ་དང་སྐྲ་ནི་རིང་བ་སྣ་ཚོགས་མ་ཞེས་པ་སྟེ་མཱ་མ་ཀཱིའོ། །དེ་བཞིན་དུ་སྦོམ་ཞིང་ཐུང་ལ་ཡན་ལག་བརྟན་ལྡན་ཤིང་ཏུ་སྲ་བའི་ཡུལ་དང་སྐྲ་ནི་སྦོམ་པ་གླང་ཆེན་མ་ཞེས་པ་སྟེ་སྤྱན་མའོ། །དེ་ལྟར་ཕོ་ཉ་མ་རྣམས་དག་པའི་རིགས་ནི་འགའ་ཞིག་དག་ཏུ་འདིར་འགྱུར་དུས་ཀུན་དུ་ནི་འདྲེས་པའི་རིགས་སོ། །ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་རིགས་ངེས་པའོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་མཚན་ཉིད་གསུངས་ཏེ། སེང་གེ་དག་ཀྱང་འབྲོག་ན་གནས་ཤིང་ཡུལ་དང་རྣམ་བྲལ་འཇིགས་པ་མེད་ལ་གཏོང་བའི་དང་ཚུལ་ཅན་ཞེས་པ་ནི་མི་བསྐྱོད་པའོ། །རི་དགས་མགྱོགས་འགྲོ་དང་ལྡན་འགྱུར་བྱེད་ཡང་བའི་ཡུལ་དང་སྐྲག་པའི་སེམས་ཏེ་ཤིན་ཏུ་འཇིགས་པའོ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །རྟ་ནི་ངེས་པར་འདོད་ལ་སྲེད་པར་འགྱུར་ཏེ། གཞན་དབང་གཅི་བའི་དྲི་དང་གཞན་དོན་གཉེར་བའོ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཁྱུ་མཆོག་རེངས་པའི་མིག་དང་དམན་པར་འགྲོ་ལྡན་རང་བཞིན་ཡོན་ཏན་བླུན་པོ་ཉ་ཡི་དྲི་རུ་འགྱུར་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །གླང་ཆེན་འདོད་ལྡན་ངེས་པར་དལ་བར་འགྲོ་བར་འགྱུར་ཏེ། རང་གི་དྲི་དང་ཤིན་ཏུ་རྨོངས་པའོ་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དེ་ལྟར་འགའ་ཞིག་ཏུ་རྣལ་འབྱོར་པ་རྣམས་ཀྱིས་དག་པའི་རིགས་ཏེ་ཐམས་ཅད་དུ་ནི་འདྲེས་པའི་རིགས་སོ། །དེ་ལྟར་སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བ་ས་ཡི་སྟེང་གི་གནས་སུ་རིགས་ཀྱི་དྲི་ཡི་རང་བཞིན་ཏེ། ཕན་ཚུན་འདྲེས་པ་ལས་སྐྱེས་པར་གྱུར་པའོ། །དེའི་ཕྱིར་ཕོ་ཉ་མོ་དེ་རྣམས་མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱའོ། །གང་ལས་ཅིའི་ཕྱིར་ཞེ་ན་ཤིན་ཏུ་ཆགས་པར་འགྱུར་པས་ཚིམ་པ་མེད་ན་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་


DTG012_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་གྲུབ་སྟེར་བར་མི་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པའི་བསྟན་བཅོས་ཤེས་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་བཟང་མོ་ཞེས་པ་ལ་སོགས་པས་ཕོ་ཉ་མོ་རྣམས་ཀྱི་ཆོས་ཀྱི་ཁམས་ལ་སོགས་པའི་རིགས་གསུངས་ཏེ་འདིར་བཟང་མོ་ནི་ཆོས་ཀྱི་ཁམས་མའོ། །ལྷ་མོ་ནི་སྒྲ་རྡོ་རྗེ་མ་དང༌། ཤ་ཟ་མོ་ནི་དྲི་རྡོ་རྗེ་མ་དང༌། མི་མོ་ནི་གཟུགས་རྡོ་རྗེ་མ་དང་སྲིན་མོ་ནི་རོ་རྡོ་རྗེ་མ་དང་ཀླུ་མོ་ནི་རེག་བྱ་རྡོ་རྗེ་མའོ། །དེ་ལ་བཟང་མོ་སེམས་ཅན་ཕན་པ་བྱེད་མ་བརྟུལ་ཞུགས་ངེས་པ་ལ་དགའ་སྡོམ་དང་བསམ་གཏན་དང་ཚུལ་ཅན། ལྷ་མོ་ལོངས་སྤྱོད་ལ་ནི་རྗེས་ཆགས་འགྱུར་ཏེ་དྲི་མ་ལྡན་ཞིང་ལྷག་མ་ལ་ཆགས་ཤ་ཟ་མོ། །མི་མོ་འདོད་ལ་རྗེས་སུ་ཆགས་མ་སྲིན་མོ་མི་ཡི་ཁྲག་ལ་དགའ་ཞིང་གསོད་པའི་སེམས་མ་སྟེ། ཀླུ་མོ་དག་ཀྱང་འོ་མའི་ཟས་ཅན་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར་པ་ཡིས་མཆོད་པར་བྱ་སྟེ། ཐམས་ཅད་དུ་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་གཞན་པ་འདྲེས་པའི་རང་བཞིན་རྣམས་ནི་རང་བཞིན་ཡོན་ཏན་དབང་གིས་རྣལ་འབྱོར་པ་ཡིས་རིགས་པར་བྱ་སྟེ། ཙརྩི་ཀཱ་ལ་སོགས་པ་རྣམས་དང་འདོད་མ་དང་ཕྱིར་འདོད་མ་ལ་སོགས་པའི་རང་བཞིན་གྱིས་སྒྲུབ་ཐབས་ཀྱི་ལེའུ་ལས་འཆད་པར་འགྱུར་པའི་ཆོ་གས་སོ། །དེ་ལྟར་ས་ཡི་སྟེང་གི་གནས་སུ་མཁའ་སྤྱོད་ས་སྤྱོད་རྣམས་ནི་སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བའོ། །ད་ནི་ཆང་ཞེས་པ་ལ་སོགས་པས་སྟོན་པ་པོའི་བཏུང་བའི་ངེས་པ་གསུངས་པ་འདིར་ཆང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཏེ། སྦྲང་རྩི་ལས་སྐྱེས་པ་དང་བུ་རམ་ལས་སྐྱེས་པ་དང་འབྲས་ལས་སྐྱེས་པའམ་ཤིང་ལས་སྐྱེས་པའམ་གཞན་པའོ། །ཕྱག་རྒྱ་དང་བྲལ་སློབ་དཔོན་གང་ཞིག་འཐུང་བྱེད་དེ་ནི་ཡུལ་ཅན་དུ་འགྱུར་ཏེ་མྱོས་པར་འགྱུར་རོ་ཞེས་པའི་དོན་ཏེ་བདུད་ཀྱི་ཚོགས་ཀྱིས་བསྐོར་བར་འགྱུར་རོ། །དེ་ཕྱིར་ཤེས་རབ་ལྷག་ལྡན་སྡིག་པའི་དྲི་མ་འཕྲོག་ཅིང་སྔགས་པ་རྣམས་ལ་དངོས་གྲུབ་སྦྱིན་པར་འགྱུར་ཞེས་པའོ། །ཕྱག་རྒྱ་གང་སུ་རུང་བ་ཆང་འཐུང་བའི་དུས་འདིར་ནི་དཀྱིལ་འཁོར་དང་ཚོགས་


DTG012_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་མེད་ཅིང་དམ་ཚིག་གི་རྫས་དང་རྣམ་པར་བྲལ་ཡང་བཏུང་བའི་སླད་དུ་རབ་ཏུ་བྱ་སྟེ་རྡོ་རྗེ་མཆོད་པའི་དོན་དུའོ་ཞེས་པ་ནི་ངེས་པའོ། །གང་གིས་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་བཞི་པོ་བསྟེན་པར་གྱུར་པ་དེའི་ཡོན་ཏན་གསུངས་ཏེ། རྒྱལ་པོ་རི་བོང་མཚན་མ་གཅིག་པུ་འཆི་བའི་འཇིགས་འཕྲོག་བྱེད་པ་ཐམས་ཅད་དུས་སུ་བསྟེན་པར་བྱ་ཞེས་པ་མི་འཕོ་བའོ་བདེ་བའོ། །ཤེས་རབ་ཆོས་འབྱུང་ལ་གནས་ཉིན་མོར་བྱེད་པ་དང་བཅས་པའི་བྱང་ཆུབ་སེམས་ཀྱི་ཁམས་ཕྱི་རོལ་དུ་ཤོར་བ་ཟོས་པས་ཀྱང་འཆི་བའི་འཇིགས་པ་འཕྲོག་ན་རྣལ་འབྱོར་ལྡན་པ་དག་ནི་སྨོས་ཅི་དགོས་ཏེ་མི་འཕོ་བར་བྱས་པས་སོ་ཞེས་པའི་དོན་ཏོ། །མི་བསྐྱོད་པ་ནི་གཅི་བ་དང་དོན་ཡོད་གྲུབ་པ་ནི་རྐང་དང་རྒྱལ་བ་མཆོག་ནི་རྣམ་པར་སྣང་མཛད་དེ་དེ་དང་ལྡན་པ་ནི་འཆི་བའི་འཇིགས་པ་འཕྲོག་པར་འགྱུར་རོ། །དེ་བཞིན་དུ་ཁྱི་དང་རྟ་དང་བ་ལང་དང་གླང་པོ་ཆེ་དང་ལྡན་པ་དང་གཞན་ཡང་བརྒྱད་པ་ཤིན་ཏུ་དྲག་པོ་ནི་ཤ་ཆེན་ཏེ་དམ་ཚིག་རྣམས་ནི་ཉོན་མོངས་པ་རྣམས་ཀྱི་རྡོ་རྗེ་དབྱུག་པ་དང་སྐྱེ་བོ་ཕྱུགས་ལ་འཇིགས་པ་སྟེར་བའོ། །དེ་ལྟར་བཤང་པ་དང་གཅི་བ་དང་རྐང་དང་སྒྲོལ་མ་ལྔ་ནི་དམ་ཚིག་བརྒྱད་དེ་གཉིས་ནི་ཉི་མ་དང་ཟླ་བ་དག་གོ །ད་ལྟར་བདུད་རྩི་ལྔ་དང་སྒྲོལ་མ་ལྔས་ཚོགས་ཀྱི་འཁོར་ལོ་ལ་མཆོད་པ་རྣམ་པ་བཅུར་འགྱུར་རོ། །ཆང་དང་ཤ་དང་འཁྲིག་པ་དང་བདུད་རྩི་ཟ་བ་ཞེས་པ་དམ་ཚིག་བཞི་ནི་སློབ་དཔོན་གྱིས་བྱ་སྟེ། རྣམ་པ་གཞན་དུ་ན་བདུད་ཀྱི་ཕྱོགས་ཀྱིས་འཛིན་པའི་ཕྱིར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་ཁྱི་རྟ་ཞེས་ལ་སོགས་པས་རྣལ་འབྱོར་མ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་པས་དམ་ཚིག་སུམ་ཅུ་རྩ་དྲུག་གསུངས་ཏེ། འདིར་ཁྱི་མོ་ནི་སྒྲོལ་མ་དང༌། རྟ་མོ་ནི་གོས་དཀར་མོ་དང༌། བ་ལང་མོ་ནི་མཱ་མ་ཀཱི་དང་གླང་ཆེན་མོ་ནི་སྤྱན་མ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་གཟུགས་ཐམས་ཅད་འཛིན་པའོ། །ལུག་མོ་ནི་སྒྲ་རྡོ་རྗེ་མ་དང༌། ར་མོ་ནི་རེག་བྱ་རྡོ་རྗེ་མ་དང༌། རི་དགས་མོ་ནི་རོ་རྡོ་རྗེ་མ་དང༌། བོང་མོ་ནི་གཟུགས་རྡོ་རྗེ་དག་ཕག་མོ་ནི་དྲི་རྡོ་རྗེ་མ་དང༌། རྔ་མོ་ནི་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་ཀྱི་


DTG012_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་འདི་རྣམས་ཕྱོགས་ཞེས་པ་སྟེ་བཅུའོ། །དེ་བཞིན་དུ་ཀུམ་བྷཱི་ར་མོ་ནི་ཙརྩི་ཀཱ་དང༌། འགྲོན་བུ་མོ་ནི་ཁྱབ་འཇུག་མ་དང༌། ཀུ་ལཱི་ར་མོ་ནི་ཕག་མོ་དང༌། ཉ་མོ་ནི་གཞོན་ནུ་མ་དང༌། མ་ཀ་ར་མོ་ནི་དབང་མོ་དང༌། སྦལ་མོ་ནི་ཚངས་མ་དང༌། རུས་སྦལ་མོ་ནི་དབང་ཕྱུག་མ་དང༌། དུང་མོ་ནི་དཔལ་ཆེན་མོ་སྟེ་འབྱུང་པོ་ལས་སྐྱེས་པ་བརྒྱད་དོ། །བསེ་རུ་མོ་ནི་ཤིན་ཏུ་སྟོབས་མ་དང་སྟག་མོ་ནི་རྨུགས་བྱེད་མ་དང༌། དོམ་མོ་ནི་རེངས་བྱེད་མ་དང་ནེ་ལེ་མོ་ནི་ང་རྒྱལ་མ་དང་འབྲི་མོ་ནི་རྡོ་རྗེ་ལྕགས་སྒྲོག་མ་དང་ཅེ་སྦྱང་མོ་ནི་ཁྲོ་གཉེར་ཅན་མ་དང༌། སྲམ་མོ་ནི་འོད་ཟེར་ཅན་མ་དང༌། ཕྱི་ལ་མོ་ནི་ཙུན་དཱ་དང་འབྲོག་དགོན་པའི་ཁྱི་མོ་ནི་ཤིན་ཏུ་སྔོན་མོ་དང་འབྲོག་དགོན་པའི་སེང་གེ་མོ་ནི་དྲག་སྤྱན་མ་སྟེ་ཁྲོ་བོ་ལས་སྐྱེས་པ་བཅུའོ། །དེ་བཞིན་གོ་དྷཱ་ནི་ཁྱི་གདོང་མ་དང་བྱི་བ་མོ་ནི་ཕག་གདོང་མ་དང༌། ཤཱ་ལི་ཛ་ཏ་ཀ་ནི་ཅེ་སྦྱང་གདོང་མ་དང་སྤྲེའུ་མོ་ནི་སྟག་གདོང་མ་དང་རི་བོང་མོ་ནི་བྱ་རོག་གདོང་མ་དང༌། གཟུགས་མོ་ནི་བྱ་རྒོད་གདོང་མ་དང༌། ཨིཥུ་ཀ་ནི་མཁའ་ལྡིང་གདོང་མ་དང་རྩངས་པ་མོ་ནི་འུག་གདོང་མ་སྟེ་བརྒྱད་ནི་ལྷ་མིན་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་དང་གཟུགས་ཡོངས་སུ་བསྒྱུར་པའོ། །དེ་ལྟར་ས་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པའི་དམ་ཚིག་ངེས་པའོ། །ད་ནི་ཁེང་ལྡན་ཞེས་པ་ལ་སོགས་པས་མཁའ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་གསུངས་པ། འདིར་ཁྱིལ་སོགས་པ་བཞི་པོ་ཇི་ལྟ་བ་དེ་བཞིན་དུ་ཁེངས་ལྡན་འདབ་ཆགས་ཏེ། ཁུག་རྟ་དང་ནེ་ཚོ་དང་ཁུ་བྱུག་དང་རི་སྐེགས་ཏེ་གསལ་བར་ཆུ་ཡི་གཏེར་ཞེས་པ་དམ་ཚིག་བཞི་སྟེ་སྒྲོལ་མ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པ་དྲུག་ནི་ལཱ་བ་དང་ཕུག་རོན་དང་བྱ་དཀར་དང་མཆིལ་པ་དང་དུར་པ་དང་དང་པའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་འབྱུང་པོ་ལས་སྐྱེས་པའི་དམ་ཚིག་བརྒྱད་ནི་ཁྲུང་ཁྲུང་དང་ཁུ་བྱུག་མིག་དང་སྲིན་བྱ་དག་དང་བྷ་ག་བ་ཏཱི་ཞེས་པ་སྐྱུང་ཀ་དང་སྲེག་པ་དང་བཞད་དང༌། ཆུ་ལ་འཇུག་པ་ཞེས་པ་ཆུའི་བྱ་རོག་དང་ཆུ་སྐྱར་ཏེ་ནོར་རྣམས་ཞེས་པ་བརྒྱད་ནི་ཙཱ་མུཎྜལ་སོགས་པ་རྣམས་ཀྱི་སྟེ་རིམ་པས་རིག་པར་བྱའོ། །དེ་བཞིན་དུ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་བཅུ་ནི་བྱ་རོག་དང་བྱ་རྒོད་དང་


DTG012_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འུག་པ་དང་རི་དགས་དགྲ་ཞེས་པ་ཧོར་པ་ཆེན་པོ་དང་གཙུག་ཕུད་ཅན་དང་བྱ་གག་དང༌། བྷེ་དྲ་ཞེས་པ་སན་ཙ་ཀ་དང་གྷཱ་ར་ཞེས་པའོ་ལ་བ་དང༌། ཧོར་པ་དང་ལྗོན་ཤིང་དགྲ་སྟེ་ཁྲོ་བོ་ལས་སྐྱེས་ཁྲོ་བོའི་རིགས་རྨུགས་བྱེད་ལ་སོགས་པ་རིམ་པ་ཇི་ལྟ་བས་སོ། །དེ་བཞིན་དུ་ཁྱི་གདོང་མ་ལ་སོགས་པ་ལྷ་མིན་རྣམས་ཀྱི་དམ་ཚིག་བརྒྱད་ནི་མིག་སྔོན་དང་ཙ་ཀོ་ར་དང་ཨ་ནི་ལ་དང་གུ་ད་མུ་ཁ་ཞེས་པ་ཕ་བང་དང་བུག་ཀི་ཞེས་པ་དཱ་ད་པཱུ་ཧ་དང་རྐང་སྟེ་ཉལ་ཞེས་པ་ལྕོག་དང༌། བྷེ་རུཎྜ་དང་ཨམ་པ་རི་ཀ་སྟེ་མི་ཡི་བདག་པོ་བྱ་རོག་གདོང་མ་ལ་སོགས་པ་ལྷ་མིན་མོ་རྣམས་ཀྱི་མཆོག་གི་འདབ་ཆགས་བརྒྱད་དུ་འགྱུར་རོ། །དེ་ལྟར་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་ཡི་སྲིད་པ་ལ་གནས་ས་སྤྱོད་མཁའ་ལ་སྤྱོད་རྣམས་ཀྱི་རིགས་སུ་གྱུར་པའི་དམ་ཚིག་སྟེ་དམ་ཚིག་བདུན་ཅུ་རྩ་གཉིས་པོ་མཐའ་དག་རྣམས་ནི་མཆོད་པའི་དུས་སུ་རྣལ་འབྱོར་པས་བཟའ་བར་བྱའོ། །དེ་རྣམས་ཀྱང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་ཏེ་རྨོངས་པས་གཏི་མུག་དག་ལས་གལ་ཏེ་ཚོགས་ཀྱི་འཁོར་ལོ་ལ་དམ་ཚིག་བྱིན་པ་རྣམས་སྤངས་ན་དེའི་ཚེ་མྱུར་དུ་ཉམས་པར་རབ་ཏུ་འགྱུར་ཏེ་སྨད་པའི་སེམས་ཀྱིས་སོ། །ད་ནི་སོ་དང་ཞེས་པ་ལ་སོགས་པས་ལུས་ཀྱི་ཆ་ཤས་ཀྱི་དམ་ཚིག་གསུངས་ཏེ། སོ་དང་སྐྲ་དང་པགས་པ་དང་ཤ་དང་ཆུ་རྒྱུས་དང་རུས་པ་དང་སྙིང་དང༌། པདྨ་ཞེས་པ་སྐྱེ་གནས་དང༌། ཤིག་དང་བ་སྤུ་དང༌། སྲིན་བུ་དང་གློ་བ་དང་རྒྱུ་མ་དང༌། ཆུ་སོ་དང་བད་ཀན་དང༌། མཁྲིས་པ་དང་ཆུ་དང་རྣག་དང་ཁྲག་དང་རྡུལ་དང༌། ཚིལ་དང་མཆི་མ་དང༌། མཆིལ་མ་དང་སྣབས་དང༌། དྲི་ཆུ་དང་ཆུ་སེར་དང་ཞག་དང་བཤང་བ་རྣམས་ཏེ། སྣ་ཚོགས་ལུས་ལ་གནས་པ་ཞེས་པ་སེམས་ཅན་རྣམས་ཀྱི་ལུས་ལ་གནས་པའི་ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས་དང༌། ལྕེ་དང་མིག་དང་རྣ་བ་དང་སྣ་དང་རི་བོང་ཅན་ཞེས་པ་ཁུ་བ་དང་ཉིན་བྱེད་ཅེས་པ་རྡུལ་ཏེ་དམ་ཚིག་གི་རྫས་འདི་རྣམས་ཀྱིས་ལྷ་རྣམས་མཆོད་པར་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་པ་རྣམས་ཀྱིས་སོ་ཞེས་པ་ནི་ངེས་པའོ། །སུ་ཅུ་རྩ་དྲུག་ཡི་གེ་རྣམས་ནི་དེ་དག་གི་རང་གི་རང་བཞིན་ཡོན་ཏན་དབང་


DTG012_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞེས་པ་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་དབང་གིས་ཏེ། ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཊྷ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ཐཀ་ཤ་ཥ་ཝ་ས། ཧ་ཡ་ར་ཝ་ལ་ཀྵ་ཞེས་པའོ། །འདི་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་སྟེ་བཅོམ་ལྡན་འདས་མ་དང་བཅས་པ་སུམ་ཅུ་རྩ་བདུན་ནོ། །དེ་བཞིན་དུ་སུམ་ཅུ་རྩ་དྲུག་ཁམས་ཀྱི་དབྱེ་བ་སྟེ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨོཾ་ཨཿཨ་ཨཱ་ཨེ་ཨཻ་ཨ་ར་ཨཱ་ར་ཨོ་ཨཽ་ཨ་ལ་ཨཱ་ལ་ཨོ་ཨཿཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧོ་ཧཿཞེས་པ་སུམ་ཅུ་རྩ་དྲུག་སྟེ། འདི་རྣམས་ནི་མཐའ་དག་སྲིད་པ་ལ་གནས་རིགས་རྣམས་དང་མཚན་མ་སུམ་ཅུ་རྩ་དྲུག་དང་ཕྱག་རྒྱ་སུམ་ཅུ་རྩ་དྲུག་གོ །དེ་བཞིན་དུ་དབྱངས་དང་བཅས་པའི་ཡི་གེ་སོ་སོས་བསྐྱེད་པ་རྣམས་ནི་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གོ །དེ་བཞིན་དུ་རྣལ་འབྱོར་མའི་རིགས་ཀྱི་རྒྱུད་རྣམས་ཏེ། བཅོམ་ལྡན་འདས་མ་དང་བཅས་པ་ཐམས་ཅད་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་རིག་པར་བྱའོ། །ཞེས་པ་ནི་ས་གཞི་དག་ལ་གནས་པ་རྣམས་ཞེས་པ་སྟེ་ངེས་པའོ། །ལྷག་མ་རྣམས་ནི་དག་པའི་རིགས་སུ་མི་འགྱུར་ཏེ། གསལ་བྱེད་སྣ་ཚོགས་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རིགས་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་བྲི་བ་དང་རྣལ་འབྱོར་མ་རྣམས་མཆོད་པ་ནི་ཉ་སོ་སོ་ལ་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་ཆུ་དང་ཞེས་པ་ལ་སོགས་པས་འཁོར་ལོ་འདུས་པ་ལ་མཆོད་ཡོན་ལ་སོགས་པ་གསུངས་ཏེ། ཆུའི་སྣོད་དང་མཆོད་ཡོན་གྱི་སྣོད་དང་དྲིའི་སྣོད་དང༌། སྤོས་ཀྱི་སྣོད་དང་མེ་ཏོག་གི་སྣོད་དང༌། འབྲས་བུའི་སྣོད་དང་འབྲུ་མ་ཉམས་པའི་སྣོད་དང༌། མར་མེའི་སྣོད་དང་ལྷ་བཤོས་ཀྱི་སྣོད་དང༌། གོས་ཀྱི་སྣོད་དེ་དེ་ལྟར་མཆོད་པའི་རྫས་རྣམ་པ་བཅུ་ནི་ཚོགས་ཀྱི་འཁོར་ལོ་ལ་འདུས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་དོན་དུའོ། །དེ་བཞིན་དུ་ནང་གི་རྫས་རྣམ་པ་བཅུར་འགྱུར་ཏེ། ཁུ་བ་དང་གཅི་བ་དང༌། རྐང་དང་བཤང་བ་དང་ཤ་དང༌། མཆིན་པ་དང་མཁྲིས་པ་དང་ཁྲག་དང་རྒྱུ་མ་དང་པགས་པ་སྟེ། རྣམ་པ་བཅུ་ནི་འཁོར་ལོ་འདུས་པ་


DTG012_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷ་མོ་རྣམས་མཆོད་པའི་དོན་དུ་འགྱུར་རོ། །རྒྱལ་པོ་ཞེས་པ་ནི་བོད་པའོ། །ད་ནི་སྒྲོལ་མ་ལ་སོགས་པའི་རིགས་ལས་སྒྱེས་པ་རྣམས་ཀྱི་མཚན་མ་སུམ་ཅུ་རྩ་དྲུག་གསུངས་ཏེ། འདིར་ཚོགས་ཀྱི་འཁོར་ལོ་ལ་ཞུགས་པ་རྣམས་སམ། གྲོང་ངམ་གྲོང་ཁྱེར་དུ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་དཔྲལ་བའམ་ཕྲག་པ་གཉི་གའམ་གཡོན་པ་དང་གཡས་པའི་དཔྱིའི་ཕྱོགས་ལ་གང་གི་ཚེ་ལུས་ཀྱི་ཁ་དོག་ལས་གང་ཞིག་ཁ་དོག་གཞན་དང་གཞན་དུ་རྟོགས་པར་འགྱུར་པའི་མཚན་མ་དེ་ནི་ཁ་དོག་ལས་རིག་པར་བྱ་སྟེ། གང་ཡང་ལག་པ་དང་རྐང་པའི་མཐིལ་དུ་འགྱུར་པ་དེ་ནི་རི་མོ་རྣམས་ཀྱིས་རིག་པར་བྱའོ། །དེས་ན་རྣལ་འབྱོར་མ་རྣམས་ཀྱི་ལག་པ་གཟུང་བའི་སླད་དུ་བུད་མེད་དང་སྐྱེས་པའི་མཚན་ཉིད་བསླབ་པར་བྱའོ། །གང་གིས་གཞན་གྱི་བུད་མེད་ཀྱིས་རང་གི་ལག་པ་ཡང་མཚན་ཡིད་ཀྱི་དོན་དུ་གཏོང་དུ་འཇུག་པར་བྱེད་ན་དེས་ཟོལ་གྱིས་དེ་རྣམས་ཀྱི་ལུས་ལ་གནས་པ་དང་ལག་པ་དང་རྐང་པའི་མཐིལ་ན་གནས་པ་དང་ཁྱིམ་དུ་བྲིས་པའི་མཚན་མ་རིག་པར་བྱའོ་ཞེས་པ་ནི་ཐབས་སོ། །དེ་ལ་གང་གི་སྐྱེ་བའི་གནས་ལྔ་རྣམས་སུ་ཁ་དོག་ལས་རྡོ་རྗེ་མཐོང་ན་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། ལག་པའི་མཐིལ་ལམ་རྐང་པའི་དག་ལ་ནི་རི་མོ་རྣམས་ཀྱིས་སོ། །དེ་བས་ན་དེ་ནི་ནམ་མཁའི་ཁམས་ཀྱི་རིགས་ཅན་མའོ། །དེ་བཞིན་དུ་སྒྲོལ་མའི་རལ་གྲི་དང་གོས་དཀར་མོའི་མངའ་འམ་རིན་པོ་ཆེ་དང་མཱ་མ་ཀཱིའི་པདྨ་འདབ་མ་བརྒྱ་པ་དང་སྤྱན་མའི་ལྔ་པ་འཁོར་ལོའི་མཚན་མ་སྟེ། དེ་ལྟར་རླུང་དང་མེ་དང་ཆུ་དང་སའི་རིགས་ལས་སྐྱེས་པ་རྣམས་ཀྱི་མཚན་མ་རྣམས་སོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མའི་རྒྱུད་མངས་དང༌། གཟུགས་རྡོ་རྗེ་མའི་མེ་ལོང་དང༌། རོ་རྡོ་རྗེ་མའི་སྣོད་དང༌། དྲི་རྡོ་རྗེ་མའི་མེ་ཏོག་ཕྲེང་བ་དང༌། རེག་བྱ་རྡོ་རྗེ་མའི་གོས་དང། ཆོས་ཁམས་རྡོ་རྗེ་མའི་ཆོས་འབྱུང་སྟེ། ཡུལ་གྱི་རིགས་ལས་སྐྱེས་པ་རྣམས་ཀྱི་སྐྱེ་བའི་གནས་ལྔ་རྣམས་སམ་ལག་པ་དང་རྐང་པ་རྣམས་ལ་མཐོང་བར་འགྱུར་རོ་ཞེས་པ་ནི་སྒྲ་རྡོ་རྗེ་མ་ལ་སོགས་པའི་མཚན་མའོ། །དེ་བཞིན་དུ་ངེས་པར་གྲི་གུག་ལ་སོགས་པ་རྣམ་པ་བརྒྱད་


DTG012_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་ལ་ཙརྩི་ཀཱའི་གྲི་གུག་དང་ཁྱབ་འཇུག་མའི་དུམ་པ་དང༌། ཕག་མོའི་བཅུ་གཟར་དང་གཞོན་ནུ་མའི་གོས་སེར་པོ་དང༌། དབང་མོའི་ཁབ་བམ་ཐོ་བ་དང༌། ཚངས་མའི་ཉ་རྒྱ་དང་དྲག་མོའི་རྩེ་གསུམ་དང༌། དཔལ་མོའི་རྡོ་གྲུ་བཞི་སྟེ། མཚན་མ་བརྒྱད་པོ་འདི་ནི་འབྱུང་པོ་ལས་སྐྱེས་རྣམས་ཀྱི་ཞེས་པ་འཆི་མེད་ལ་སོགས་པའི་རིགས་ལས་སྐྱེས་པ་རྣམས་ཀྱིའོ། །དེ་བཞིན་དུ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱི་བཅུ་སྟེ། དེ་ལས་རྨུགས་བྱེད་མའི་སྨུག་རྩིའི་སྣོད་དེ་ཉིན་མོར་བྱེད་པ་དང་མཚུངས་པ་ཟླུམ་པོ་དང་རེངས་བྱེད་མའི་དར་གྱི་སྲིན་བུ་དང་ང་རྒྱལ་ཅན་མའི་ཀུ་ཤ་དང༌། ཤིན་ཏུ་སྟོབས་མའི་ཆུ་གྲི་དང་འོད་ཟེར་ཅན་མའི་མཐིལ་ལྷ་མ་དང་ཙུན་དཱའི་སྤུ་གྲི་དང་ཁྲོ་གཉེར་ཅན་མའི་ཤིང་ལྷ་མ་དང༌། རྡོ་རྗེའི་ལྕགས་སྒྲོག་མའི་གདུགས་དང་དྲག་སྤྱན་མའི་ཏོག་ཙེ་དང་ཤིན་ཏུ་སྔོན་མོའི་འོད་མའི་དབྱུག་པ་སྟེ། དེ་ལྟར་བཅུ་ནི་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱི་རང་གི་མཚན་མ་རྣམ་པ་བཅུར་འགྱུར་ཞིང་རྣམ་གཉིས་ལས་ཀྱི་དབང་པོ་རྣམས་ཀྱིའོ། །དེ་བཞིན་དུ་ལྷ་མིན་རྣམས་ཀྱི་མཚན་མ་ནི་ཁྱི་གདོང་མའི་བ་ལང་གི་རྭ་དང་ཕག་གདོང་མའི་ཁམ་པོར་ཞེས་པ་སའི་ཕོར་པ་དང༌། ཅི་སྦྱང་གདོང་མའི་རྒྱུད་ལྡན་དང་སྟག་གདོང་མའི་འཕང་དང་བྱ་རོག་གདོང་མའི་ཤའི་གསལ་ཤིང་དང་བྱ་རྒོད་གདོང་མའི་རྒྱུད་མངས་ཉེ་བའི་ཡན་ལག་སྟེ། མིའམ་ཅི་མོ་དང་མཁའ་ལྡིང་གདོང་མའི་མདའ་དང་འུག་གདོང་མའི་རྨ་བྱའི་མཇུག་མ་སྟེ། མཚན་མ་བརྒྱད་པོ་འདི་ནི་ཁ་ལ་སོགས་པ་སྒྲོ་བརྒྱད་རྣམ་པར་དག་པས་རིགས་བརྒྱད་པོ་རྣམས་ལ་མཐོང་བར་འགྱུར་རོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་གང་ལ་མཐོང་བ་དེ་རྣམས་ནི་དེའི་རིགས་ཅན་ཏེ་མཚན་མ་ངེས་ཤེས་ནས་མཆོད་པར་བྱའོ་ཞེས་པ་ངེས་པའོ། །སླར་ཡང་སྟེ་ཡང་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་དམངས་རིགས་ལ་སོགས་པའི་མཚན་མ་གསུངས་ཏེ། འདིར་དམངས་རིགས་ཀྱི་ཡོན་ཏན་གྱི་དབང་གིས་སྒྲོལ་མའི་རིགས་ལས་སྐྱེས་པ་རྣམས་ཀྱི་ཨུཏྤལ་འམ་ཐོང་གཤོལ་མ་ཐོང་བར་འགྱུར་རོ། །རྒྱལ་རིགས་མ་སྟེ་གོས་དཀར་མོའི་རིགས་ལས་སྐྱེས་པའི་རིན་ཆེན་པཊྚའོ། །རྗེ་རིགས་


DTG012_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྟེ་སྤྱན་མའི་རིགས་ལས་སྐྱེས་པའི་སྨྱུ་གུ་དང་རིན་ཆེན་ཕྲེང་བའོ། །གཉིས་སྐྱེས་མ་སྟེ་མཱ་མ་ཀཱིའི་རིགས་ལས་སྐྱེས་པའི་ཆུ་ན་རྒྱུ་བ་དུང་དང་ཟངས་སྣོད་དོ། །དེ་བཞིན་དུ་སྔ་མ་དང་ཕྱི་མར་ཡུམ་གྱི་མཚན་མ་རྣམ་པ་བཞི་སྟེ། གཡུང་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རིགས་ལས་སྐྱེས་པའི་ཌ་མ་རུ་དང་རྡ་ཆེན་ནོ། །དེ་བཞིན་དུ་གཏུམ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རིགས་ལས་སྐྱེས་པའི་ཅོད་པན་དང་བགྲང་ཕྲེང་ངོ༌། །དེ་ལྟར་རང་གི་དབྲལ་བའམ་ཕྲག་པའམ་དབྱི་དང་ལག་པའམ་རྐང་པ་རྣམས་ལ་མཚན་མ་གང་ཞིག་མཐོང་བའམ་ཁྱིམ་དུ་བྲིས་ཤིང་མཆོད་པ་བྱེད་པ་དེ་ནི་དེའི་རིགས་ཅན་དུ་རྣལ་འབྱོར་པས་རིགས་པར་བྱའོ། །དེས་གང་བྱིན་པའི་དམ་ཚིག་གི་རྫས་དེ་བཟའ་བར་བྱ་ཞིང་ཇི་སྲིད་ལན་བདུན་དུ་འཁོར་བའི་མཐར་ཐུག་པ་དེ་བསྟེན་པར་བྱ་སྟེ། དམ་ཚིག་གི་རྫས་དེས་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། །ད་ནི་བཤད་པ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ལས་ལ་སོགས་པའི་ལྷའི་རྣམ་པར་དག་པ་གསུངས་ཏེ། འདིར་བཤང་བ་དང་གཅི་བ་དང་ཁྲག་དང་བཅས་པ་དང༌། ཤ་དང་བཅས་པ་ནི་གྲངས་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་གི་ལྷ་རྣམས་ཀྱི་བཞིར་འགྱུར་རོ། །མ་སྨོས་ཀྱང་ཁུ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པ་ནམ་མཁའི་ཁམས་སོ། །དེ་བཞིན་དུ་རྣ་བ་དང་སྣ་དང་མིག་དང་ལྕེ་དང་བཤང་ལམ་དང༌། བྷ་ག་ནི་སྒྲ་དང་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་ཀྱི་ལྷ་མོ་རྣམས་ཀྱི་དམ་ཚིག་དྲུག་སྟེ་སྒྲ་ཡི་རྡོ་རྗེ་ལ་སོགས་དྲུག་ཅེས་སོ། །དེ་བཞིན་དུ་རང་དང་བད་ཀན་དང༌། ཤིག་དང་སྲིན་བུ་དང་ཆུ་སེར་དང་ཞག་དང་བ་སྤུ་རྣམས་དང་སྐྲ་རྣམས་ཞེས་པ་དམ་ཚིག་བརྒྱད་ནི་གྲངས་བཞིན་དུ་ཙརྩི་ཀཱ་དང་ཁྱབ་འཇུག་མ་དང༌། ཕག་མོ་དང་གཞོན་ནུ་མ་དང་དབང་མོ་དང་ཚངས་མ་དང་དྲག་མོ་དང་དཔལ་ཆེན་མོ་སྟེ། རྣལ་འབྱོར་མ་འབྱུང་པོ་ལས་སྐྱེས་པ་རྣམས་ཀྱིའོ། །དེ་བཞིན་དུ་རྒྱུ་མ་དང་མཁྲིས་པ་དང་རུས་པ་དང་རྐང་དང་སྣ་ཚོགས་ལུས་ལ་གནས་པ་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པ་སྟེ། མཆིན་པ་


DTG012_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དང་གློ་བ་དང་རྩ་དང་པགས་པ་དང་སྙིང་དང་ཚིལ་བུ་སྟེ་དེ་ལྟར་བཅུར་འགྱུར་རོ། །རྒྱུ་མ་ལ་སོགས་པའི་ཚུལ་བུའི་མཐར་ཐུག་པ་ནི་གྲངས་བཞིན་དུ་རྨུགས་བྱེད་མ་དང་རེངས་བྱེད་མ་དང་ང་རྒྱལ་ཅན་མ་དང་ཤིན་ཏུ་སྟོབས་མ་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་དང་ཙུན་དཱ་དང་འོད་ཟེར་ཅན་དང་དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་སྟེ། ཁྲོ་བོའི་ལྷ་མོ་འདི་རྣམས་ཀྱི་དམ་ཚིག་བཅུའོ། །དེ་བཞིན་དུ་རྣ་བའི་དྲི་མ་དང་སྣའི་དྲི་མ་དང་མིག་གི་དྲི་མ་དང་ལྕེའི་དྲི་མ་དང༌། བཤང་ལམ་གྱི་དྲི་མ་དང༌། བྷ་གའི་དྲི་མ་དང༌། རྟགས་ཀྱི་དྲི་མ་དང༌། མཆན་ཁུང་གི་དྲི་མ་སྟེ་ལུས་ཐམས་ཅད་ཀྱི་དྲི་མ་རྣམས་སོ། །དམ་ཚིག་བརྒྱད་ནི་ལྷ་མིན་མོ་རྣམས་ཀྱི་གྲངས་བཞིན་དུ་སྟེ། ཁྱི་གདོང་མ་དང་ཕག་གདོང་མ་དང་ཅེ་སྦྱང་གདོང་མ་དང༌། སྟག་གདོང་མ་དང༌། བྱ་རོག་གདོང་མ་དང༌། བྱ་རྒོད་གདོང་མ་དང་མཁའ་ལྡིང་གདོང་མ་དང༌། འུག་གདོང་མ་སྟེ་འདི་རྣམས་ཀྱི་དམ་ཚིག་བརྒྱད་དོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ནི་འཇིགས་མ་ལ་སོགས་པ་སྟེ། གང་ཞིག་བརྒྱད་པ་བརྒྱད་དེ་དྲུག་ཅུ་རྩ་བཞི་པོ་དེ་རྣམས་ཀྱི་དམ་ཚིག་ནི་སེན་མོ་ཉི་ཤུ་དང་སོ་སུམ་ཅུ་རྩ་གཉིས་དང་རྩ་རྒྱུ་བའི་དབྱེ་བས་ཐོད་པ་དུམ་བུ་བཅུ་གཉིས་རྣམས་ཏེ་དམ་ཚིག་དྲུག་ཅུ་རྩ་བཞིའོ། །དེ་བཞིན་དུ་རིགས་བརྒྱའི་དབྱེ་བས་དམ་ཚིག་བརྒྱ་སྟེ། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་སྟེ་རིགས་བརྒྱའོ། །ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་དང་རིགས་དྲུག་ཅུ་རྩ་བཞི་གཅིག་ཉིད་རིགས་བརྒྱར་རིག་པར་བྱའོ་ཞེས་པ་ངེས་པའོ། །ད་ནི་གནས་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་རྣམ་པར་དག་པ་གསུངས་ཏེ། བཤད་པ་དང་གཅི་བ་དང་ཁྲག་དང་ཤ་ཞེས་པ་སྣ་ཚོགས་མཐའ་དག་སེམས་ཅན་རྣམས་ཀྱི་ལུས་ལ་གནས་པ་རྣམས་ནི་གནས་ཀྱི་དབྱེ་བ་དག་ལ་བཞིའོ། །རྣ་བ་དང་སྣ་དང་མིག་དང་ལྕེ་དང་བཤང་ལམ་དང་བྷ་ག་ཞེས་པ་དྲུག་ནི་ཞིང་གི་དབྱེ་བ་ལ་འགྱུར་རོ། །དེ་བཞིན་དུ་རང་དང་བད་ཀན་དང་ཤིག་དང་སྲིན་བུ་དང༌། ཆུ་སེར་དང་


DTG012_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དང་བ་སྤུ་དང་སྐྲ་སྟེ་བརྒྱད་ནི་ཚན་དོ་ཧ་ཡི་དབྱེ་བ་རྣམས་སོ། །དེ་བཞིན་དུ་རྒྱུ་མ་དང་མཁྲིས་པ་དང་རུས་པ་དང་རྐང་དང་མཆིན་པ་དང་གློ་བ་དང་རྩ་དང་པགས་པ་དང་སྙིང་དང་ཚིལ་བུ་སྟེ་བཅུ་ནི་འདུས་པའི་དབྱེ་བ་རྣམས་སོ། །དེ་བཞིན་དུ་རྣ་བའི་དྲི་མ་དང་སྣའི་དྲི་མ་དང་མིག་གི་དྲི་མ་དང་ལྕེའི་དྲི་མ་དང་བྷ་གའི་དྲི་མ་དང་བཤང་ལམ་གྱི་དྲི་མ་དང་རྟགས་ཀྱི་དྲི་མ་དང་མཆན་ཁུང་གི་དྲི་མ་སྟེ་ཡན་ལག་བརྒྱད་ཀྱི་དྲི་མ་འདི་བརྒྱད་ནི་དུར་ཁྲོད་ཀྱི་རབ་ཏུ་དབྱེ་བ་རྣམས་སོ། །དེ་བཞིན་དུ་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ལ་གནས་ལ་སོགས་པའི་རྣམ་པར་དག་པས་དམ་ཚིག་རྣམས་གསུངས་ཏེ། འདིར་དུས་མེ་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་ནི་གནས་ཀྱི་དབྱེ་བས་སྤྱན་མ་ལ་སོགས་པ་རྣམས་ཀྱི་དམ་ཚིག་བཞིའོ། །ས་སྐྱེས་དང་ཟླ་སྐྱེས་དང་སྔགས་པ་དང་པ་སྔགས་དང་སྤེན་པ་དང་གདེངས་ཅན་ཞེས་པ་མཇུག་རིངས་ཏེ། འདི་རྣམས་ནི་ཞིང་གི་དབྱེ་བས་གཟུགས་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་རྣམས་སོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ས་ལས་སྐྱེས་པ་དང་ཆུ་ལས་སྐྱེས་པ་དང༌། མེ་ལས་སྐྱེས་པ་དང་རླུང་ལས་སྐྱེས་པ་སྟེ། བརྟན་པ་དང་གཡོ་བའི་འབྱུང་བ་བརྒྱད་པོ་རྣམས་ནི་ཚན་དོ་ཧ་ཡི་དབྱེ་བ་རྣམས་ཏེ། འབྱུང་པོ་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་གོ །སླར་ཡང་དེ་ནས་རོ་དྲུག་པོ་རྣམས་དང་དྲི་དང་ཁ་དོག་དང་སྒྲ་དང་རེག་བྱ་སྟེ། བཅུ་ནི་འདུས་པའི་དབྱེ་བ་རྣམས་ཏེ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱིའོ། །ས་ལ་སོགས་པ་རྣམས་དང་ཁ་དོག་ལ་སོགས་པ་བཞི་པོ་རྣམས་དབུགས་འབྱུང་བ་དང་འཇུག་པ་དག་གིས་ཟད་པ་ནི་དུར་ཁྲོད་ཀྱི་རབ་ཏུ་དབྱེ་བ་རྣམས་ཏེ། ལྷ་མིན་མོ་རྣམས་ཀྱི་དམ་ཚིག་བརྒྱད་དོ། །གནས་ལ་སོགས་པ་ཕྱི་ནང་གི་དམ་ཚིག་རྣམ་པར་དག་པའི་ངེས་པའོ། །ད་ནི་གནས་ཞེས་པ་ལ་སོགས་པས་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་གསུངས་ཏེ། འདིར་ཐུན་མོང་གིས་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལཾ་དྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ། །དེ་ཉིད་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་


DTG012_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །གང་གིས་ན་འདིར་ས་གཞི་ཐམས་ཅད་དུ་ཁྱབ་པར་དམ་པ་དང་པོའི་རྒྱུད་དུ་གསུངས་པའི་ཕྱིར་རོ། །མཆོག་གི་དང་པོའི་སངས་རྒྱས་ས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ། བོད་ལ་སོགས་པ་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་ཡོད་དོ། །དེ་ཉིད་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་ཏོ། །ཡུལ་ཐམས་ཅད་དང་གྲོང་ཐམས་ཅད་དུ་གནས་ལ་སོགས་པ་གསུངས་པ་ནི་གནས་ནི་སྒྲོལ་མ་ལ་སོགས་ཁྱིམ་སྟེ་རྣམ་པ་བཞིའོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པའི་ཁྱིམ་ནི་ཞིང་རྣམ་པ་དྲུག་གོ །ཙརྩི་ཀཱ་ལ་སོགས་པའི་ཁྱིམ་ནི་ཚན་དོ་ཧ་རྣམ་པ་བརྒྱད་དོ། །རྨུགས་བྱེད་མ་ལ་སོགས་པའི་ཁྱིམ་ནི་འདུས་པ་རྣམ་པ་བཅུའོ། །ཁྱི་གདོང་མ་ལ་སོགས་པའི་ཁྱིམ་ནི་དུར་ཁྲོད་རྣམ་པ་བརྒྱད་དོ། །མཆོག་གི་སར་གནས་རྩ་བའི་གནས་དང་གསང་བར་བཅས་པ་ནི་ཡུམ་གྱི་ཁྱིམ་རྣམ་པ་གཉིས་ཏེ། དེ་དག་རབ་ཏུ་གསལ་བར་ས་ལ་མཐར་སྐྱེས་མ་དང་མཐར་སྐྱེས་མ་ཞེས་པ་གཡུང་མོ་དང་གཏུམ་མོའི་ཁྱིམ་སྟེ། དེ་ལྟར་དམངས་རིགས་ལ་སོགས་པའི་ཁྱིམ་ནི་གནས་ལ་སོགས་པའི་མིང་གིས་རྣལ་འབྱོར་པས་རིག་པར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །ད་ནི་གནས་ཞེས་པ་ལ་སོགས་པས་ནང་དུ་གནས་ལ་སོགས་པའི་མིང་གསུངས་ཏེ། འདིར་དམ་ཚིག་འདུས་པ་ལ་གནས་ནི་ཐམས་ཅད་དུ་བུད་མེད་ཀྱི་པདྨའོ། །ཉེ་བའི་རྣམས་ཀྱི་སྒྲས་སྐྱེས་པའི་རྡོ་རྗེར་འགྱུར་རོ། །དེ་བཞིན་དུ་བུད་མེད་རྣམས་ཀྱི་སྐྱེ་མཆེད་དྲུག་ནི་ཞིང་ངོ༌། །སྐྱེས་པ་རྣམས་ཀྱི་ནི་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་བུད་མེད་རྣམས་ཀྱི་མཉམ་གནས་ལ་སོགས་པའི་རླུང་བརྒྱད་ནི་ཚང་དོ་ཧའོ། །སྐྱེས་པ་རྣམས་ཀྱི་ནི་ཉེ་བའི་ཚན་དོ་ཧའོ། །དེ་བཞིན་དུ་བུད་མེད་རྣམས་ཀྱི་ལྕེ་དང་ལྕེ་ཆུང་དང་ལག་པ་གཉིས་དང་རྐང་པ་གཉིས་དང༌། བཤང་ལམ་གྱི་གཡས་དང་གཡོན་གྱི་རྩ་གཉིས་དང༌། གཅི་བ་དང་ཁུ་བའི་རྩ་གཉིས་ཏེ། ལས་ཀྱི་དབང་པོ་བཅུ་པོ་འདི་རྣམས་ནི་འདུས་པའོ། །སྐྱེས་པ་


DTG012_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ནི་ཉེ་བའི་འདུས་པའོ། །སྣ་གཉིས་དང་རྣ་བ་གཉིས་དང་མིག་གཉིས་དང༌། ཁ་དང་བཤང་ལམ་ལས་དྲི་མ་འབྱུང་བ་སྟེ། དེ་ལྟར་བུད་མེད་རྣམས་ཀྱི་དུར་ཁྲོད་བརྒྱད་དོ། །སྐྱེས་པ་རྣམས་ཀྱི་ནི་ཉེ་བའི་དུར་ཁྲོད་དོ་ཞེས་པ་སྟེ་མཐའ་དག་གོ །དེ་བཞིན་དུ་གཉི་གའི་ལུས་ལ་སོ་སོར་གནས་ནི་གཡོན་གྱི་ཡན་ལག་དང་མདུན་ནོ། །ཉེ་བའི་གནས་ནི་རྒྱབ་དང་གཡས་ཀྱི་ཡན་ལག་སྟེ། དེ་ལྟར་གནས་རྣམ་པ་གཉིས་སོ། །དེ་བཞིན་དུ་གཡོན་གྱི་དབང་པོའི་ཚོགས་ནི་ཞིང་ངོ༌། །གཡས་ཀྱི་དབང་པོའི་ཚོགས་ནི་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་རུས་སྦལ་དང་རྩངས་པ་དང་ལྷ་སྦྱིན་དང་ནོར་ལས་རྒྱལ་བ་སྟེ་བཞི་ནི་ཚང་དོ་ཧའོ། །མཉམ་གནས་དང་གྱེན་རྒྱུ་དང་ཁྱབ་བྱེད་དང་ཀླུའི་ཚོགས་ནི་ཉེ་བའི་ཚན་དོ་ཧའོ། །དེ་བཞིན་དུ་གཡོན་གྱི་ལས་ཀྱི་དབང་པོའི་ཚོགས་ནི་འདུས་པའོ། །གཡས་ཀྱི་ནི་ཉེ་བའི་འདུས་པའོ། །གཡོན་གྱི་རྣ་བ་ལ་སོགས་པའི་བུག་པ་དྲི་མ་འབྱུང་བ་ནི་དུར་ཁྲོད་དོ། །གཡས་ཀྱི་ནི་ཉེ་བའི་དུར་ཁྲོད་དོ། །དེ་བཞིན་དུ་ལག་པ་དང་རྐང་པ་ལ་སོགས་པར་གཏོགས་པའི་རྣམ་པར་དག་པ་གཞན་གྱིས་ཏེ། མདུན་དང་གཡོན་གྱི་ཡན་ལག་ནི་གནས་སོ། །རྒྱབ་དང་གཡས་ཀྱི་ནི་ཉེ་བའི་གནས་སོ། །དེ་བཞིན་དུ་གཡོན་གྱི་དཔུང་པའི་ཚིགས་དང་གཡོན་གྱི་བྲལ་དང་དཔྱིའི་ཚོགས་ནི་ཞིང་ངོ༌། །གཡས་ཀྱི་ནི་ཉེ་བའི་ཞིང་ངོ༌། །གཡོན་གྱི་ཉེ་བའི་དཔུང་པའི་ཚིགས་དང་བྱིན་པ་དང་བརླའི་ཚིགས་ནི་ཚན་དོ་ཧའོ། །གཡས་ཀྱི་ནི་ཉེ་བའི་ཚན་དོ་ཧའོ། །དེ་བཞིན་དུ་གཡོན་གྱི་ལག་པ་དང་རྐང་པའི་ཚིགས་གཉིས་ནི་འདུས་པའོ། །གཡས་ཀྱི་ནི་ཉེ་བའི་འདུས་པའོ། །དེ་བཞིན་དུ་གཡོན་གྱི་སེར་མོ་དང་སེན་མོ་རྣམས་ནི་དུར་ཁྲོད་ངོ༌། །གཡས་ཀྱི་ནི་ཉེ་བའི་དུར་ཁྲོད་དོ། །ཡང་ན་གཉི་གའི་དཔུང་པའི་ཚིགས་གཉིས་ནི་ཞིང་ངོ༌། །བརླའི་ཚིགས་གཉིས་ནི་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་ཚན་དོ་ཧ་ལ་སོགས་པ་ཡང་སྟེ། ལག་པ་དང་རྐང་པ་ལ་གནས་པ་ཡང་སོར་མོའི་མཐའི་མཚམས་སུའོ་ཞེས་པ་དམ་ཚིག་འདུས་པ་ལ་གནས་ལ་སོགས་པའི་མིང་རྣལ་འབྱོར་པས་


DTG012_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ། །ད་ནི་དྲན་པ་ཞེས་པ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། འདིར་ལྷ་མོ་བཞི་ནི་རིམ་པ་བཞིན་དུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་སྤྱན་མ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་གོས་དཀར་མོའོ་ཞེས་པ་རྒྱབ་དང་གཡས་སོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་མཱ་མ་ཀཱི་དང་ཆོས་དྲན་པ་ཉེ་བར་གཞག་པ་ནི་སྒྲོལ་མའོ་ཞེས་པ་གཡོན་དང་མདུན་ཏེ། ལུས་ཀྱི་དབྱེ་བས་གནས་དང་ཉེ་བའི་གནས་གཉིས་སོ། །དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་ཞེས་པ་རྒྱུད་གཞན་དུ་རབ་ཏུ་མ་གྲགས་ཏེ། བཅོམ་ལྡན་འདས་ཀྱིས་སྤས་སོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནང་ནས་བྱང་ཆུབ་ཀྱི་ཡན་ལག་གཅིག་ནི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། རིགས་ཀྱི་གནས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །གཞན་པ་རྣམས་ཀྱང་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག་ཅེས་པ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྒྲ་རྡོ་རྗེ་མ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རེག་བྱ་རྡོ་རྗེ་མ་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཟུགས་རྡོ་རྗེ་མ་སྟེ། ལུས་ཀྱི་དབྱེ་བས་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དྲི་རྡོ་རྗེ་མ་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་མ་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ། ཞིང་རྣམ་པ་གཉིས་སོ། །དེ་བཞིན་དུ་ཆུ་གཏེར་ཡང་དག་སྤོང་བ་རྣམས་དང་ཞེས་པ་སྟེ། སྡིག་པ་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་སྤོང་བ་ནི་ཙརྩི་ཀཱ་དང་སྡིག་པ་སྐྱེས་པ་རྣམས་སྤོང་བའི་དགེ་བའི་རྩ་བ་ནི་ཁྱབ་འཇུག་མ་དང༌། མི་དགེ་བ་མ་སྐྱེས་པ་རྣམས་སྤོང་བའི་དགེ་བ་བསྐྱེད་པ་ནི་དབང་ཕྱུག་མ་དང་དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བས་སྤོང་བ་ནི་དཔལ་ཆེན་མོ་སྟེ། ཉེ་བའི་ཚན་དོ་ཧ་བཞིའོ། །གཞན་པ་ཆུ་གཏེར་ལྷ་མོ་བཞི་ནི་རྫུ་འཕྲུལ་གྱི་རྐང་པར་འགྱུར་ཏེ། དེ་ལ་འདུན་པའི་


DTG012_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱི་རྐང་པ་ནི་ཚངས་མ་དང༌། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་དབང་མོ་དང༌། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ཕག་མོ་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་གཞོན་ནུ་མའོ་ཞེས་པ་ཚན་དོ་ཧའི་དབྱེ་བ་སྟེ། དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་ཁྲོ་མོ་ལྔ་ནི་སྟོབས་རྣམས་དག་སྟེ། འདིར་དད་པའི་སྟོབས་ནི་ཤིན་ཏུ་སྔོན་མོ་དང༌། བརྩོན་འགྲུས་ཀྱི་སྟོབས་ནི་ཤིན་ཏུ་སྟོབས་མ་དང༌། དྲན་པའི་སྟོབས་ནི་རྡོ་རྗེ་ལྕགས་སྒྲོག་མ་དང༌། ཏིང་ངེ་འཛིན་གྱི་སྟོབས་ནི་ང་རྒྱལ་མ་དང༌། ཤེས་རབ་ཀྱི་སྟོབས་ནི་ཙུན་དཱ་སྟེ། ཉེ་བའི་འདུས་པའོ། །དེ་བཞིན་དུ་རབ་ཏུ་གསལ་ཞིང་ངེས་པར་དབང་པོ་རྣམས་ནི་ལྔ་ཉིད་དོ་ཞེས་པ་སྟེ། དེ་བཞིན་དུ་དད་པའི་དབང་པོ་ནི་རེངས་བྱེད་མ་དང༌། བརྩོན་འགྲུས་ཀྱི་དབང་པོ་ནི་རྨུགས་བྱེད་མ་དང༌། དྲན་པའི་དབང་པོ་ནི་འོད་ཟེར་ཅན་དང༌། ཏིང་ངེ་འཛིན་གྱི་དབང་པོ་ནི་ཁྲོ་གཉེར་ཅན་དང༌། ཤེས་རབ་ཀྱི་དབང་པོ་ནི་དྲག་སྤྱན་མའོ་ཞེས་པ་འདུས་པ་སྟེ། དེ་ལྟར་བཅུའོ། །ཡང་དག་ཡན་ལག་བརྒྱད་ཀྱི་ལམ་ནི་མི་ཡི་བདག་པོ་ལྷ་མིན་དག་ལས་སྐྱེས་པ་བརྒྱད་དུ་འགྱུར་ཞེས་པ་ལ་འདིར་ཡང་དག་པའི་ལྟ་བ་ནི་ཁྱི་གདོང་མ་དང་ཡང་དག་པའི་རྟོག་པ་ནི་བྱ་རོག་གདོང་མ་དང༌། ཡང་དག་པའི་ངག་ནི་སྟག་གདོང་མ་དང༌། ཡང་དག་པའི་ལས་ཀྱི་མཐའ་ནི་འུག་གདོང་མ་དང༌། ཡང་དག་པའི་འཚོ་བ་ནི་ཅེ་སྦྱང་གདོང་མ་དང༌། ཡང་དག་པའི་རྩོལ་བ་ནི་མཁའ་ལྡིང་གདོང་མ་དང༌། ཡང་དག་པའི་དྲན་པ་ནི་ཕག་གདོང་མ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་བྱ་རྒོད་གདོང་མ་སྟེ། དེ་ལྟར་ན་སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་རྣམས་མཐའ་དག་རྣལ་འབྱོར་མ་རྣམས་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་བ་ཡིས་རིག་པར་བྱ་སྟེ་གཡུང་མོ་ལ་སོགས་པའོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་རྣམ་པར་སྦྱངས་པའི་གནས་ལ་སོགས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དུ་འགྱུར་ཏེ། མི་ཡི་བདག་པོ་ཕྱི་དང་ལུས་ལ་ཡང་དེ་བཞིན་ཞེས་པ་ཐམས་ཅད་དུ་ངེས་པའོ། །


DTG012_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སངས་རྒྱས་པ་ཞེས་པ་ལ་སོགས་པས་འདི་རྣམས་བསྟེན་པའི་སླད་དུ་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་ཆོ་ག་གསུངས་པ། འདིར་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་སྟེ་མུ་སྟེགས་པ་རྣམས་ཀྱི་ལྷ་དང༌། ལྷ་མོ་ཁྱབ་འཇུག་དང༌། དྲག་པོ་ལ་སོགས་པ་རྣམས་དང༌། ཙརྩི་ཀཱ་ལ་སོགས་པ་རྣམ་པར་སྦྱངས་པ་རྣམས་ཀྱི་དཀྱིལ་འཁོར་ལ་ཡང་སྒྲུབ་པ་པོའོ། །དེས་ན་རྣལ་འབྱོར་པ་དེ་ཉིད་ཐོབ་པ་སྟེ་དབང་བསྐུར་བ་ནི་ཡེ་ཤེས་སམ། འཇིག་རྟེན་པའི་ལས་རབ་འབྱམ་བསྒྲུབ་པའི་དོན་དུ་སངས་རྒྱས་པར་གྱུར་ཀྱང་རུང་ཞི་བ་པའམ། གཅེར་བུ་པ་དད་པ་མཆོག་ཏུ་གྱུར་པའམ། སྐལ་ལྡན་ནམ་གཙང་གནས་སམ། དེ་བཞིན་དུ་བྲམ་ཟེའམ་ཐོད་པ་ཅན་ནམ་སྐྲ་འབྲལ་ཞེས་པ་ཟད་བྱེད་པར་གྱུར་ཀྱང་རུང་གོས་དཀར་པའམ་ཞིང་སྐྱོང་དུ་གྱུར་ཀྱང་རུང་སྟེ་དག་པའོ། །ཐུབ་པའམ་བསྙོན་བའི་གཟུགས་ཅན་ནམ་རིག་པ་ཅན་ནམ་སྡིག་པ་མེད་པའི་སེམས་ལྡན་མཁས་པའམ། སློབ་གཉེར་པ་ཡང་རུང་སྟེ་རྣལ་འབྱོར་པ་ནི་དངོས་གྲུབ་དོན་སླད་མཐའ་དག་ཡོན་ཏན་གཏེར་ཏེ་མི་ཡི་དབང༌། །ཡིད་ལ་གང་འདོད་པའི་སྤྱོད་པ་དེ་ཇི་སྲིད་གྲུབ་པར་གྱུར་གྱི་བར་དུ་སྤས་ཏེ་བྱ་ཞིང༌། དེ་ནས་ནུས་པ་ལས་འཇིག་རྟེན་ལས་འདས་པ་མངོན་དུ་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་རབ་ཏུ་གནས་པ་དང་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ།། །།


previousལྔ་པ། རབ་ཏུ་གནས་པ་དང་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ།next