Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་གཉིས་པ།


  collapse section
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
དང་པོ། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ།
   
   
   


 
previousདང་པོ། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ།next

དང་པོ། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ།


DTG012_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་གང་གིས་ཡིད་ལས་བྱུང་རྣམས་ཤེས་རབ་ཡེ་ཤེས་སྟོབས་ཀྱིས་རང་ཉིད་ཀྱི། །རྡོ་རྗེ་ནས་བཀུག་རང་གི་དཔྲལ་བ་དང་ནི་རྡོ་རྗེ་གཙུག་ཏོར་ཆེན་པོར་དྲངས་གྱུར་པ། །གང་གིས་དམིགས་བཅས་རྡུལ་མེད་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་བཟང་པོ་ཡིས། །ལྷ་མི་ལྷ་མིན་ཀླུ་ཡི་བླ་མ་ཀུན་གྱི་སྟོན་པ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིམ་མེད་པས། །ཀཱ་ལ་ཙ་ཀྲའི་མངོན་བརྗོད་པ། །གཉིས་མེད་དེ་ལ་བཏུད་བྱས་ཤིང༌། །གང་ཞིག་ཀཱ་སོགས་ཡི་གེ་རྣམས་ཀྱིས་སྤྲུལ་པ་དང༌། །ལོངས་སྤྱོད་རྫོགས་དང་བཟང་པོའི་ཆོས་དང་དག་པ་ཡི། །སྐུ་བཞི་གསུང་པ་དང་པོའི་སངས་རྒྱས་རིས་མེད་པ། །དེ་བཞིན་གཤེགས་པ་དེ་ལ་སྤྱི་བོས་རབ་བཏུད་ནས། །བདེ་བར་གཤེགས་པས་ལུང་བསྟན་ཅིང༌། །འཇམ་དཔལ་གྱིས་ནི་བསྐུལ་གྱུར་པས། །དྲང་སྲོང་རྣམས་དང་འགྲོ་ཀུན་གྱིས། །བསོད་ནམས་ཡེ་ཤེས་འབྲས་ཐོབ་སླད། །དཔལ་ལྡན་ཡེ་ཤེས་ལེའུ་ཡི། །རྒྱས་འགྲེལ་འཇིག་རྟེན་དབང་པོ་ནི། །ཆུ་སྐྱེས་འཛིན་པའི་སྤྲུལ་པའི་སྐུ། །པདྨ་དཀར་པོ་བདག་གིས་བྲི། །འདྲི་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར། རིན་པོ་ཆེའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་པ། འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་པོའི་སངས་རྒྱས་ལས་ཡེ་ཤེས་ཀྱི་ལེའུ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པའི་ལན་གྱི་གསུང་ཚིགས་སུ་བཅད་པ་དང་པོས་གསུངས་པ། གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དག་ནི་ཅུང་ཟད་ཤེས། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་ལྷ་མིའི་བླ་མ་ཁམས་ཀྱི་དབྱེ་བ་རྣམས་ཀྱིས་དཀྱིལ་འཁོར་དང༌། །སངས་རྒྱས་རྣམས་དང་རྣལ་འབྱོར་མ་རྣམས་དག་གི་རིགས་དྲུག་ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཉིད། །ཟླ་བ་བཟང་པོའི་ཚིག་གསན་


DTG012_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི་རྒྱལ་བའི་བདག་པོས་ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་གསུངས། །ཞེས་པའོ། །འདིར་ཚིགས་སུ་བཅད་པ་དང་པོས་དང་པོའི་སངས་རྒྱས་ལས་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པས་ལན་གསུངས་པ། འཇམ་དཔལ་གྱིས་དོན་ལ་རྟོན་པ་ཉིད་ཀྱིས་ཡང་དག་པར་བསྡུས་པ་དེ་ཉིད་རྒྱས་འགྲེལ་གྱིས་དགྲོལ་བར་བྱ་སྟེ། གཙོ་བོའི་ཞེས་པ་ལ་སོགས་པ་ལ་འདིར་སྒྲུབ་ཐབས་ཀྱི་ལེའུ་ལས། གང་ཞིག་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དེ་བཞིན་གཤེགས་པ་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དེ་ནི་བདག་གིས་ཅུང་ཟད་ཤེས་ཏེ་དེའི་ཕྱིར་སླར་ཡང་བདག་ནི་ཉན་པར་འཚལ་ལོ་ཀྱེ་ལྷ་མིའི་བླ་མ་ཤཱཀྱ་ཐུབ་པ་ལུས་ལ་ཁམས་ཀྱི་དབྱེ་བ་རྣམས་ཀྱིས་ཞེས་པ་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པ་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དང༌། གཞན་ཡང་སངས་རྒྱས་རྣམས་ཀྱི་རིགས་དྲུག་ཉན་པར་འཚལ་ཏེ་གང་ཞིག་ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཞེས་པ་ནི། ཨ་ཡིག་ལ་སོགས་པའི་དབྱངས་ལ་གནས་པ་དང༌། ཀ་ཡིག་ལ་སོགས་པའི་གསལ་བྱེད་ལ་གནས་པ་འཆད་པར་འགྱུར་པ་རྣམས་སོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ངག་གི་དེ་དག་སྟེ། ཕུང་པོ་དྲུག་པོ་རྣམས་ཀྱི་རིགས་དྲུག་ཇི་ལྟ་བ་དེ་བཞིན་དུ་ཁམས་དྲུག་པོ་རྣམས་ཀྱི་ཡང་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་ལ་གནས་པའོ། །ཟླ་བ་བཟང་པོའི་ཚིག་འདི་གསན་ནས་ཏེ་དེ་ནས་རྒྱལ་བའི་བདག་པོ་ཞེས་པ་ལྷན་ཅིག་སྐྱེས་པ་ལ་སོགས་པ་སྐུ་བཞིའི་བདག་ཉིད་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ནི་སྐྱེད་པར་བྱེད་པ་རྫོགས་པའི་སངས་རྒྱས་ཏེ་དང་པོའི་སངས་རྒྱས་སོ། །ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་ཞེས་པ་རིགས་དྲུག་ལ་སོགས་པ་འཆད་པར་འགྱུར་པ་རྣམས་གསུངས་ཏེ། སྟོན་པ་དང༌། གསོལ་བ་འདེབས་པ་པོའི་འབྲེལ་པའོ། །ཚིགས་སུ་བཅད་པ་འདི་ལ་རྐང་པ་གསུམ་གྱིས་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །རྐང་བ་བཞི་པ་ནས་བརྩམས་ཏེ་ཇི་སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ནི་དེ་བཞིན་གཤེགས་པའི་ལན་གྱི་གསུང་སྟེ། རྒྱུད་འདི་ལ་སླར་ཡང་གསོལ་བ་གདབ་བ་མེད་དོ་ཞེས་པ་ནི་ངེས་


DTG012_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ད་ནི་ཁམས་རྣམ་པར་དག་པས་དཀྱིལ་འཁོར་གྱི་རྣམ་པར་དག་པ་གསུངས་པ་ཀ་བ་རྣམས་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་ཀྱི་རུས་པ་རྣམས་ཀྱིས་ལུས་ལ་སྐུའི་དཀྱིལ་འཁོར་ལ་ཀ་བ་རྣམས་མཛོད་ཅིག་ཅེས་པ་བརྟགས་པས་སོ། །དེ་བཞིན་དུ་རྡོ་རྗེ་ཕྲེང་བ་དང་སའི་ཁོར་ཡུག་དང༌། རྩིག་པ་ཡང་རུས་པ་རྣམས་ཀྱིས་ཏེ་མཛོད་ཅེས་པ་ཚིགས་སུ་བཅད་པ་གསུམ་དུ་འབྲེལ་ལོ། །རྣམ་པར་དག་པ་འདིར་སྲུས་པའི་ཕྱེ་མ་ལ་སོགས་པ་རྡུལ་ཚོན་གྱིས་ནང་དུ་བླུགས་པར་བྱའོ། །ཤ་ཁྲག་ཆུ་དང་བཤད་པ་རྣམས་ཀྱིས་ཞེས་པ་ནི་ཤ་རྣམ་པར་དག་པས་ལྷ་སྟེ་ཤར་དུ་རྡུལ་ཚོན་གདབ་པའོ། །ཁྲག་རྣམ་པར་དག་པས་གཤིན་རྗེ་སྟེ་ལྷོར་རྡུལ་ཚོན་གདབ་པའོ། །ཆུ་རྣམ་པར་དག་པས་ནོར་སྦྱིན་ཏེ་བྱང་དུ་རྡུལ་ཚོན་གདབ་པའོ། །བཤང་པ་རྣམ་པར་དག་པས་གཞན་ཏེ་ནུབ་ཏུ་རྡུལ་ཚོན་གདབ་པའོ། །དབུས་སུ་ཁུ་བ་རྣམ་པར་དག་པས་རྡུལ་ཚོན་གདབ་བའོ། །གང་དུ་རྡུལ་ཚོན་དྲུག་པ་ཡིན་པ་དེར་ནི་རྡུལ་རྣམ་པར་དག་པས་རྡུལ་ཚོན་གདབ་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཤལ་སོགས་པ་རྣམ་པར་དག་པས་རིམ་པ་བཞིན་དུ་དོན་ཡོད་གྲུབ་པ་དང༌། རིན་ཆེན་དབང་པོ་དང༌། འོད་དཔག་མེད་དང༌། རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རྡོ་རྗེ་སེམས་དཔལ་སྟེ་དྲུག་གོ །མཁྲིས་པ་ཞེས་པ་མཁྲིས་པའི་ཁམས་ཀྱིས་ཉི་མའི་གདན་རྣམས་དང༌། བད་ཀན་གྱི་ཁམས་ཀྱིས་ཟླ་བའི་གདན་རྣམས་ཏེ་ཉི་མའི་རི་བོང་ཅན་ཡང་ཞེས་སོ། །ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས་ཏེ་ཟླ་བ་དང་ཉི་མའི་གདན་གྱི་འོག་ཏུའོ། །ར་བ་ལྔའི་རེ་ཁཱ་ཞེས་པ་ལ་རེ་ཁཱ་དང་པོ་ནི་ས་ལས་སྐྱེས་པའི་མཐེ་བོ་རྣམ་པར་དག་པས་སོ། །གཉིས་བ་ནི་ཆུ་ལས་སྐྱེས་པའི་མཛུབ་མོ་རྣམ་པར་དག་པས་སོ། །གསུམ་པ་མེ་ལས་སྐྱེས་པའི་གུང་མོ་རྣམ་པར་དག་པས་སོ། །བཞི་པ་ནི་རླུང་ལས་སྐྱེས་པའི་མིང་མེད་རྣམ་པར་དག་པས་སོ། །ལྔ་པ་ནི་ནམ་མཁའ་ལས་སྐྱེས་པའི་མཐེ་ཆུང་རྣམ་པར་དག་པས་སོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ར་བ་ལྔའི་རེ་ཁཱ་མཛོད་ཅེས་པའོ། །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་ཞེས་པ་ནི་ཨ་བ་དྷཱུ་ཏཱི་རྣམ་པར་དག་པས་གཙོ་བོའི་པདྨའོ། །ལྷག་མ་རྣམས་ནི་ལ་ལ་ནཱ་ལ་སོགས་པ་རྣམས་ཀྱིས་ཞེས་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་


DTG012_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་མཐར་ཐུག་པ་རྣམས་ཀྱིས་ཏེ། ཆུ་རྒྱུས་རྣམས་ཀྱིས་ཞེས་པ་ངེས་པའོ། །གཡོ་བ་མེ་ཡི་ཁོར་ཡུག་ལ་སོགས་པགས་པ་ལ་སོགས་ཀྱིས་ཞེས་བ་འདིར་རླུང་གི་ཁོར་ཡུག་ནི་པགས་པས་སོ། །མེའི་ཁོར་ཡུག་ནི་ཁྲག་དང་དྲོད་ཀྱི་ཁམས་ཀྱིས་སོ། །ཆུའི་ཁོར་ཡུག་ནི་རྡུལ་གྱིས་སོ། །ཉི་མའི་སྒོ་རྣམས་ཞེས་པ་སྒོ་བཅུ་གཉིས་པོ་རྣམས་བུག་བ་བཅུ་གཉིས་པོ་རྣམས་ཀྱིས་ཏེ། རྣ་བ་ལ་གཉིས་དང༌། སྣ་ལ་གཉིས་དང༌། མིག་ལ་གཉིས་དང༌། ཁ་ལ་གཅིག་དང༌། གཅི་བ་དང༌། བཤད་བ་དང༌། ཁུ་བའི་བུག་པ་གསུམ་དང༌། ནུ་མ་གཉིས་ལ་གཉིས་སོ། །དེ་ལྟར་བུག་པ་བཅུ་གཉིས་ཏེ། བུག་པ་བཅུ་གཉིས་རྣམ་པར་དག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ། །དཀྱིལ་འཁོར་ལ་ནོར་བུའི་རང་བཞིན་བཀོད་པ་དོ་ཤལ་ལ་སོགས་པ་གང་ཡིན་པ་དེ་སོ་ཡི་ཕྲེང་བས་མཛོད་ཅིག་དུར་ཁྲོད་བརྒྱད་དུ་འཁོར་ལོ་གང་ཡིན་པ་དེ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས་ཞེས་པ་ལག་པ་དང༌། རྐང་པའི་སེན་མོ་རྣམ་པར་དག་པས་མཛོད་ཅིག་བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེ་ཞེས་པ་ནི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བ་དང༌། རྡོ་རྗེ་འབར་བ་བ་སྤུ་རྣམས་ཀྱིས་མཛོད་ཅིག་སྟེ། དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ལ་གནས་པའི་རྡོ་རྗེ་མེ་ལྕེ་བ་སྤུ་རྣམས་ཀྱིས་སོ། །དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་ཁམས་དྲུག་གི་བདག་ཉིད་ས་ལ་སོགས་པའི་དབྱེ་བས་མཆོག་གི་ཡོན་ཏན་རྣམ་མད་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས་ཞེས་པ་ནི་དཀྱིལ་འཁོར་གྱི་ངེས་པའོ། །ད་ནི་ལྷའི་ཚོགས་ཀྱི་རྣམ་པར་དག་པ་གསུངས་པ་གསུང་གི་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་ཨ་སོགས་ཀ་སོགས་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ནི་གསུང་རྡོ་རྗེ་སྟེ་དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་པའི་ལྷའི་ཚོགས་མཐའ་དག་རྒྱལ་བའི་རིགས་དང་བཅས་པའོ། །དེས་ན་གསུང་གི་རྡོ་རྗེ་ནི་ལྷའི་རྣམ་པ་ཉིད་དུ་གསུངས་ཏེ། དེ་ཉིད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷའི་རྣམ་པར་མཛོད་ཅིག་ཅེས་པའོ། །སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་


DTG012_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམ་པར་དག་པས་རྣམ་པ་དྲུག་སྟེ། སྟོང་པ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་རྣམས་སྒྲིབ་པ་མེད་པ་ཐུགས་རྡོ་རྗེར་འགྱུར་རོ། །རྣམ་གསུམ་སྲིད་བར་གནས་བས་ཀུན་ལ་ཁྱབ་པ་གཙོ་བོའི་རྣམ་པ་གཅིག་བུར་མཛོད་ཅིག་ཅེས་པའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་གཟུང་བར་བྱ་བའི་སེམས་རྣམས་གསུམ་གྱི་སྲིད་པ་ལ་གནས་པ་སྣ་ཚོགས་ཡུམ་གྱི་རང་བཞིན་སྟོང་བ་ཉིད་ཀྱི་གཟུགས་སྲིད་བའི་འཇིགས་འཛོམས་རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཤེས་རབ་གཙོ་མོར་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ། །དེ་ལྟར་ལུས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཁམས་རྣམས་ནི་ཕྱི་རོལ་དུ་དཀྱིལ་འཁོར་དང་ལྷའི་ཚོགས་དང་གཙོ་བོ་དང་གཙོ་མོའི་ཞེས་པ་ནི་ཀུན་རྫོབ་ཏུ་སྟེ་དོན་དམ་པས་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའོ་ཞེས་འགྲུབ་པོ། །ད་ནི་སྔགས་དྲུག་གི་རིགས་རྣམས་གསུངས་པ་སྡེ་པ་ཞེས་པ་ལ་སོགས་པ་སྟེ་འདིར་ཀ་ལ་སོགས་པའི་སྡེ་པ་དྲུག་ནི་ཀ་ཙ་ཊ་ཏ་པས་ཞེས་པའོ། །སྡེ་བ་ཀ་ལ་སོགས་པ་རིམ་པར་ཡོངས་སུ་བཀོད་པ་དེ་རྣམས་ཀྱི་རིགས་དྲུག་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་ཏེ་དེ་ལ་རྡོ་རྗེ་ནི་ཀ་སྡེའི་རིགས་དང་རལ་གྲི་ནི་ཙ་དེའི་རིགས་བར་རིན་ཆེན་ནི་ཊ་སྡེའི་རིགས་དང་འཁོར་ལོ་ནི་ཏ་སྡེའི་རིགས་དང་ཆུ་སྐྱེས་ནི་པ་སྡེའི་རིགས་སོ། །དེ་བཞིན་དུ་གྲི་གུག་ནི་ས་སྡེའི་རིགས་དེ་ཉིད་ཅེས་བ་མཐའ་གཅིག་ཏུའོ། །སྡེ་པའི་རིགས་ངེས་པའོ། །སླར་ཡང་སྡེ་པ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་དབྱེ་བ་ལྔ་རྣམས་དག་གིས་དབྱེ་ཞེས་པ་ནི་འདིར་གང་དུ་གཅིག་ཡིན་པ་དེར་ཀུན་འབྱུང་གི་བདེན་པས་རིགས་ལྔ་རྣམས་སུ་འགྱུར་ཏེ་དེས་ན་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་དེ་རྣམས་ཀྱི་ཐ་སྙད་དོ། །དེའི་ཕྱིར་སྡེ་པ་རེ་རེ་ལ་ཡང་སོ་སོར་ཡི་གེའི་དབྱེ་བ་སའི་དངོས་པོ་དང་ཆུའི་དངོས་པོ་དང་མེའི་དངོས་པོ་དང་རླུང་གི་དངོས་པོ་དང་ནམ་མཁའི་དངོས་པོ་ལས་སོ་སོར་སྡེ་པ་རྣམ་པ་ལྔར་དབྱེ་སྟེ་ཀ་ཁ་ག་གྷ་ང་ཞེས་པ་དང་དེ་བཞིན་དུ་ཙལ་སོགས་པ་སྟེ་བསྡུ་བའི་རིམ་པས་ཀློག་པའོ། །སོ་སོར་སྡུད་པའི་རིམ་པས་ཀློག་པས་ནི་སླར་ཡང་ང་ལ་སོགས་པ་རྣམས་ནམ་མཁའ་ལ་སོགས་བསྐྱེད་པའི་རིམ་པས་བཀླགས་པ་སྟེ་དེ་རྣམས་ཀྱང་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོ་རེ་ཞིག་སྟོང་པ་ནི་


DTG012_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཉ་ཎ་མ་ན་དང་དེ་བཞིན་དུ་ཋྐ་དང་དང་པོའི་དབྱངས་ཞེས་པ་ཨ་ཡིག་དང་དེའི་དབུས་སུ་ལྷུང་བ་ནི་དེ་སྨོས་པས་བཟུང་བའི་ཕྱིར་རོ་ཞེས་པའི་བརྡ་སྐད་ཀྱིས་ཧ་ཡིག་ཀྱང་ནམ་མཁའི་དབྱེ་བའོ་ཞེས་གྲུབ་པོ། །དེ་བཞིན་དུ་རླུང་གི་དབྱེ་བ་ཨི་ཡིག་དང་གྷ་ཛྷ་ཌྷ་བྷ་དྷ་ཤ་རྣམས་དང་ཡ་ཡིག་གོ །མེ་ཡི་རྀ་དང་ག་ཛ་ཌ་བ་ང་ཥ་རྣམས་དང་རའོ། །ཆུ་ཡི་ཨུ་དང་ཥ་ཚ་ཋ་ཕ་ཐ་ཝ་རྣམས་དང་ཝའོ། །ས་ཡི་ལྀ་དང་ཀ་ཙ་ཊ་པ་ཏ་ས་རྣམས་དང་ལའོ། །དེ་ལྟར་མཆོག་གི་རྒྱལ་བའི་རིགས་ནི་རྣམ་པ་ལྔ་ཡིས་ཀ་ལ་སོགས་པའི་སྡེ་རྣམས་རྣམ་པར་ཕྱེ་ཞེས་པ་སྟེ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་དང་འཁོར་ལོའི་རིགས་རྣམས་ཀྱིས་གསུངས་པའི་ཡི་གེ་ང་ལ་སོགས་པ་རྣམས་རིག་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་གཙུག་ཏོར་གྱི་རིགས་རྣམས་གསུངས་པ་གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ་འདིར་གཙུག་ཏོར་ཆེན་པོའི་རིགས་ཆེན་གང་ཡིན་པ་དེ་ནི་སྟོང་པ་ལྔ་སྟེ་འཇིག་རྟེན་ཁམས་ཀྱི་ལེའུར་བརྗོད་ཟིན་ཏོ། །རིགས་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྟེ་ཨོཾ་ཨཱཿ་ཧཱུཾ་ཞེས་པའོ། །ཨ་སོགས་ཞེས་པ་ནི་ཨ་ཨི་རྀ་ཨུ་ལྀ་སྟེ་ལྷའི་ཚོགས་རྒྱས་གདབ་པའི་སླད་དུ་ཕྱག་རྒྱའི་རིགས་མི་བསྐྱོད་པ་ལ་སོགས་པའོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་ཞེས་པ་ནི་ཧ་ཡ་ར་ཝ་ལཀྵ་དང་ལྡན་པའི་ཀ་སོགས་སྡེ་པ་མཐའ་དག་རྣམས་ཏེ་གསལ་བྱེད་སུམ་ཅུ་རྩ་དྲུག་གོ །ཧ་ཡ་ར་ཝ་ལར་ལྡན་དབྱངས་དང་བཅས་པའི་སྡེ་པ་རྣམས་ཏེ་ཧ་ལ་སོགས་པ་དབྱངས་དང་བཅས་པ་དྲུག་ཅུ་སྔར་གསུངས་པ་རྣམས་དང༌། ཀ་ལ་སོགས་པ་དབྱངས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་དང་སླར་ཡང་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་པས་ཕྱེ་བ་སྟོང་བརྒྱད་ཅུ་ནི་འཇིག་རྟེན་འཇིག་རྟེན་འདས་པའི་རིགས་སུ་འགྱུར་རོ། །གསལ་བྱེད་བརྩེགས་པ་ནི་རིག་སྔགས་འཆང་གི་དབང་པོར་འགྱུར་ཏེ་ཀ་སོགས་མཐའ་དག་བརྩེགས་པར་གནས་པའི་སྡེ་པ་བརྒྱད་རྣམས་ཞེས་པ་ནི་ཀྑྒྒཧྡ་ཙྪྫྫྷྙ་ནྟྲྷཌྷྞ་པྤྦྦྷྨ་ཧྟྲྷདྷྷྣ་སྐྲཤཀ་ལླྲྱྷ་ལྺྲྱྐྵ་ཞེས་པའོ། །ད་ནི་ཀ་ལ་སོགས་པའི་ཡི་གེ་སོ་སོ་རེ་རེ་ལ་རྒྱུད་སོ་སོ་རེ་རེ་གསུངས་པ་ཀ་སོགས་ཞེས་པ་ལ་སོགས་པ་སྟེ་འདིར་ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་ཧ་ཡ་ར་ཝ་ལ་ཀྵ་དང་བཅས་པ་ནི་སུམ་ཅུ་རྩ་དྲུག་ཉིད་དེ་དེ་རྣམས་ནི་ཡི་གེ་ཞེས་བྱའོ། །ཡི་གེ་དེ་རྣམས་དབྱངས་ཀྱི་རྣམ་པར་འགྱུར་


DTG012_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཕྱེ་བ་ཞེས་པ་ལ་དབྱིངས་ནི་ཨ་ཡིག་ལ་སོགས་པ་ཐུང་དུ་དང་རིང་པོ་བཅུ་གཉིས་དང་ཡོན་ཏན་དང་འཕེལ་བར་གཞག་པར་བྱ་བ་བཅུ་གཉིས་དང༌། ཡ་ཎར་བསྒྱུར་པ་ཐུང་དུ་དང་རིང་པོ་བཅུ་གཉིས་ཏེ་དབྱངས་ཀྱི་རྣམ་པར་འགྱུར་པ་འདི་རྣམས་ཀྱིས་དྲུག་དྲུག་གིས་ཕྱེ་བར་གྱུར་པ་ན་རོ་ཡིས་བསྒྱུར་བའི་རོ་ཞེས་པ་སུམ་ཅུ་རྩ་དྲུག་ནི་འཁོར་ལོའི་མགོན་པོ་རྣམས་སུ་འགྱུར་རོ། །ཡི་གེ་སོ་སོ་རེ་རེ་ལ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བར་འགྱུར་ཏེ་དེ་ལྟར་ན་ཐམས་ཅད་ལ་སུམ་ཅུ་རྩ་དྲུག་གོ །རྒྱུད་སུམ་ཅུ་རྩ་དྲུག་པོ་རྣམས་ལ་གསལ་བྱེད་སུམ་ཅུ་རྩ་དྲུག་གི་རང་བཞིན་གྱིས་འཁོར་ལོའི་མགོན་པོར་ཡང་འགྱུར་རོ། །དང་པོར་གསལ་བྱེད་ཀ་གཙོ་བོས་ཀ་རྡོ་རྗེའི་རྒྱུད་གསུངས་ཏེ་དེ་ལ་དཀྱིལ་འཁོར་དུ་གཙོ་བོ་སྐུ་ནི་གཅིག་པ་དབྱངས་གཅིག་གིས་ཕྱེ་བ་སྟེ་དཔའ་བོ་གཅིག་པ་ནི་ཨ་ཡིག་དང་བཅས་པའི་གསལ་བྱེད་ཀའོ། །འཁོར་དང་བཅས་པ་གཉིས་ཞེས་པ་ཨ་ཡིག་གཉིས་དང་ལྡན་པ་ནི་གཙོ་བོ་ཤེས་རབ་མ་ཡིས་འཁྱུད་པར་འགྱུར་ཏེ་ཀཱའོ། །ལྔ་ཡི་བདག་ཉིད་ལྔ་ཡིས་འགྱུར་ཏེ་ཞེས་པ་ནི་ཀཱ་ཀི་ཀྲྀ་ཀུ་ཀླྀ་ཞེས་པའོ། །འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད་ཅེས་པ་ནི་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཞེས་པའོ། །དབྱངས་ཀྱི་གྲངས་ཀྱི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་ཞེས་པ་ནི་བཅུ་གསུམ་གྱིས་བཅུ་གསུམ་གྱི་བདག་ཉིད་དེ་སྔར་བརྗོད་པ་རྣམས་ཀྱ་ཀྲ་ཀྺ་ཀླ་ཡ་ཎ་ར་བསྒྱུར་པ་འདི་རྣམས་དང་ལྡན་པ་ནི་སྒྲོ་སྐྱོང་རྣམས་དང་བཅས་པ་བཅུ་གསུམ་གྱི་བདག་ཉིད་དོ། །འདི་ཡང་ཡོན་ཏན་རྣམས་ཀྱིས་ཕྱེ་བ་བཅུ་དགུའི་བདག་ཉིད་དུ་འགྱུར་ཏེ་ཀ་ཀེ་ཀ་ར་ཀོ་ཀ་ལ་ཀཾ་ཞེས་པ་འདི་རྣམས་དང་བཅས་པའོ། །དེ་ནས་ཉི་ཤུ་རྩ་ལྔའི་བདག་ཉིད་ནི་ཡོན་ཏན་དང་འཕེལ་བ་རྣམས་དང་བཅས་པ་སྟེ་ཀཱ་ཀཻ་ཀཱ་ར་ཀཽ་ཀཱ་ལ་ཀཿ་ཞེས་པའོ། །དེ་ནས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ནི་ཁཱ་ཀྱཱ་ཀྲཱ་ཀྺཱ་ཀླཱ་ཁཱཿ་ཞེས་པ་སྟེ་སྙིང་པོའི་ཤེས་རབ་མ་དང་བཅས་པའོ། །དེ་ནས་སུམ་ཅུ་རྩ་བཞིའི་བདག་ཉིད་ནི་ཀཾ་ཀཿ་དང་བཅས་པའོ། །དེ་བཞིན་དུ་སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་ཁཾ་ཁཿ་དང་བཅས་པ་སྟེ་ཐམས་ཅད་དུ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དེ་དབུས་སུ་ཧཱུཾ་ཡིག་གཙོ་བོ་དང་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་པ་རྣམས་སོ། །ཀ་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀཾ་ཀཿ་ཞེས་


DTG012_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ནི་ཐུང་དུ་དང་རིང་པོའི་དབྱངས་ཀྱིས་ཕྱེ་བའི་ཡི་གེའོ། །དེ་བཞིན་དུ་ཀ་ཀཱ་ཀེ་ཀཻ་ཀ་རེ་ཀཱ་ར་ཀོ་ཀཽ་ཀ་ལ་ཀཱ་ལ་ཀཾ་ཀཿ་ཞེས་པ་ནི་ཡོན་ཏན་དང་འཕེལ་བ་རྣམས་ཀྱིས་ཕྱེ་བའི་ཡི་གེའོ། །ཁ་ཁཱ་ཀྱ་ཀྱཱ་ཀྲ་ཀྲཱ་ཀྺ་ཀྺཱ་ཀླ་ཀླཱ་ཁཾ་ཁཿ་ཞེས་པ་ནི་ཐུང་དུ་དང་རིང་པོའི་ཡ་ཎར་བསྒྱུར་པས་ཕྱེ་བའི་ཡི་གེ་སྟེ་ཀ་ཡིག་གོ །ཁ་ལ་སོགས་པ་རྣམས་ཀྱང་སོ་སོར་སུམ་ཅུ་རྩ་དྲུག་གོ །དེ་ལྟར་ན་ཁ་རྡོ་རྗེ་ལ་སོགས་པའི་རྒྱུད་གསུངས་ཏེ་གཅིག་གི་བདག་ཉིད་སུམ་ཅུ་རྩ་དྲུག་གིས་ཕྱེ་བའོ། །དེ་ལྟར་སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་དཀྱིལ་འཁོར་གྱི་དབང་པོའོ། །ཡ་ལ་སོགས་པ་རྣམས་ཀྱིས་སྒོ་སྐྱོང་ཞེས་པ་ནི་ཡ་ཎར་བསྒྱུར་པ་དང་བཅས་པའི་གསལ་བྱེད་ཀྱ་ཀྲ་ཀྺ་ཀླ་ཞེས་པ་འདི་རྣམས་ཀྱིས་སྒོ་སྐྱོང་རྣམས་སོ། །མཐའ་དག་ཚོགས་ཀྱི་རིགས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ནི་ལྷག་མའི་དབྱངས་ཐུང་དུ་དང་རིང་པོ་དང༌། །ཡོན་ཏན་དང་འཕེལ་བར་གཞག་པར་བྱ་བ་རྣམས་ཀྱིས་ཏེ་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་ཞེས་པ་ནི་གང་དུ་ཕྱོགས་བཅུ་རྣམས་སུ་ཁྲོ་བོ་བཅུར་འགྱུར་པ་དེར་གཞན་ཁྲོ་བོ་དྲུག་པོ་དེ་རྣམས་སུ་ཧ་ལ་སོགས་པ་ཡ་ཎ་ར་བསྒྱུར་པའི་རིང་པོ་རྣམས་ཀྱིས་འགྱུར་ཏེ་ཁ་ཁཱ་ཀྱཱ་ཀྲཱ་ཀྺཱ་ཀྺཱ་ཞེས་པའོ། །གང་དུ་ཁྲོ་བོའི་དབང་པོ་ཡིན་པ་དེ་ཁཾ་ཁཿ་ཞེས་པ་ཁྲོ་བོ་བཅུ་གཉིས་ནི་རིགས་དྲུག་གི་རྒྱུད་དེ་རིགས་གཅིག་གི་རྒྱུད་ལ་ཡང་དབྱངས་དྲུག་རིགས་ཀྱི་དབྱེ་བ་རྣམས་ཀྱིས་སོ་ཞེས་པ་ནི་ངེས་པའོ། །རང་རིགས་ཕྱོགས་སུ་གནས་པ་ནི་ནམ་མཁའི་ཁམས་སྟེང་དང་ཡེ་ཤེས་ཀྱི་ཁམས་འོག་ཏུ་གནས་པ་སྟེ་ལྷ་གཞན་རྣམས་ནི་རླུང་གི་དབྱངས་ལ་སོགས་པའི་དབྱེ་བ་ཡིས་ཤར་དང་ལྷོ་དང་བྱང་དང་ནུབ་ཏུ་གནས་སོ། །དེ་ལྟར་སོ་སོར་ཀ་ཡིག་ལ་སོགས་པའི་གསལ་བྱེད་ནི་ཡི་གེའི་དབྱེ་བ་རྣམས་ཀྱིས་ཏེ་དབྱངས་ཀྱི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་པའི་རོ་ཞེས་པ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ཅེས་པ་སྟེ་ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་ཉིད་དེ་དེ་


DTG012_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་ཀྱེའི་རྡོ་རྗེ་ལས་གསུངས་པ། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲ་ཤེས་རབ་ཅེས་བརྗོད་དེ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་པའི་ཕྱིར་ཀྱེའི་རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ་ཤེས་རབ་ཀྱི་རྒྱུད་ཉོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད། །ཅེས་གསུངས་པའི་ཕྱིར་འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས། ཐབས་ཀྱི་ལུས་ཀྱིས་རྣལ་འབྱོར་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་སོ། །དེ་བཞིན་ཡི་གེ་སོ་སོ་ནི་རོ་ཡིས་བསྒྱུར་པའི་རོ་ཞེས་པ་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གྱི་དབང་པོའོ། །རིགས་གཅིག་གི་རྒྱུད་དུ་གྲུབ་པ་གང་ཡིན་པ་དེ་ཉིད་རིགས་གསུམ་དང་རིགས་ལྔ་དང་སྟོང་དང་འབུམ་དང་བྱེ་བའི་དབྱེ་བས་ཐ་དད་པ་ནི་འདུས་པ་ལ་སོགས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་ལ་གྲངས་མེད་དེ་སེམས་ཅན་མཐའ་ཡས་པའི་བསམ་པའི་དབང་གིས་སོ་ཞེས་པ་ནི་རྒྱུད་ཀྱི་ངེས་པའོ། །ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་ནང་གི་དག་པ་གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ཕུང་པོ་ལྔས་ལྔའི་བདག་ཉིད་དག་པར་འགྱུར་རོ། །ཕུང་པོ་ལྔ་དང་འབྱུང་བ་རྣམས་དགུའི་བདག་ཉིད་དག་པར་འགྱུར་རོ། །ལས་ཀྱི་དབང་པོ་བཞི་དང་བཅས་པས་བཅུ་གསུམ་གྱི་བདག་ཉིད་དག་པར་འགྱུར་རོ། །ཡུལ་དྲུག་དང་བཅས་པས་བཅུ་དགུའི་བདག་ཉིད་དག་པར་འགྱུར་རོ། །དབང་པོ་དྲུག་དང་བཅས་པས་ཉི་ཤུ་རྩ་ལྔའི་བདག་ཉིད་དག་པར་འགྱུར་རོ། །ལས་ཀྱི་དབང་པོའི་བྱ་བ་ལྔ་དང་བཅས་ཤིང་ལས་ཀྱི་དབང་པོ་ལྔ་པོ་རབ་ཏུ་ཞུགས་པ་ན་རང་འོད་ཀྱི་ཤེས་རབ་དང་བཅས་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། ལས་ཀྱི་དབང་པོ་དྲུག་པ་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་པ་དང་ལྡན་པ་ནི་སུམ་ཅུ་རྩ་བཞིའི་བདག་ཉིད་དོ། །ཕུང་པོ་དང་ཁམས་དྲུག་པ་དག་དང་ལྡན་པ་ནི་སུམ་ཅུ་རྩ་དྲུག་གི་བདག་ཉིད་དོ། །དེ་ལྟར་


DTG012_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་ཁམས་རྣམས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་ཐུགས་དང་ཡེ་ཤེས་ནི་ཐམས་ཅད་དུ་གཙོ་བོ་སྟེ་དེ་ལྟར་དབྱངས་ཀྱི་དབྱེ་བས་མཐའ་དག་ཚོགས་ཀྱི་རིགས་ནི་སྦྱང་བར་བྱ་ཞེས་སོ། །སྟོང་པ་གཞོམ་མེད་ལ་སོགས་ཞེས་པ་ནི་འདིར་ཡེ་ཤེས་ལ་སོགས་པ་སྟོང་པ་དྲུག་སྟེ་མཐའ་དག་རྒྱལ་བའི་རིགས་ཕུང་པོ་དྲུག་རྣམ་པར་དག་པ་རྣམས་ཀྱིས་ལྷ་རྣམས་རྒྱ་ཡིས་གདབ་པ་སྟེ། གཙུག་ཏོར་ནས་ནི་ཆུ་སྐྱེས་མཐའ་རུ་མི་མཉམ་མཉམ་པའི་རིགས་ལ་འཁོར་ལོའི་དབུས་ཀྱི་གདན་ལའོ་ཞེས་པ་ནི་འདིར་གཙུག་ཏོར་གྱི་འཁོར་ལོར་ཐིག་ལེ་ལ་མི་བསྐྱོད་པ་ཨའོ། །དེ་བཞིན་དུ་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པ་ཨིའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡས་ཨུ་སྟེ་མི་མཉམ་པའི་འཁོར་ལོ་ལ་མི་མཉམ་པའི་རིགས་སོ། །དེ་བཞིན་དུ་ལྟེ་བར་དུས་ཀྱི་མེ་ལ་རྣམ་པར་སྣང་མཛད་ལྀའོ། །མགྲིན་པར་ཉི་མ་ལ་རིན་ཆེན་དབང་མོའི་རྀའོ། །གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ཨཾ་ཞེས་པ་སྟེ་སྐུའི་རྒྱས་གདབ་པ་ལ་ལྷ་རྣམས་ཀྱི་རྒྱས་གདབ་པའོ་ཞེས་པ་ངེས་པའོ། །སྲོག་གིས་རྒྱས་གདབ་པ་ལ་ནི་ལྟེ་བར་ལྀ་དང་སྙིང་ཁར་ཨུ་དང་མགྲིན་པར་རྀ་དང་དཔྲལ་བར་ཨི་དང་གཙུག་ཏོར་དུ་ཨ་སྟེ་ས་ལ་སོགས་པའི་དཀྱིལ་འཁོར་ལ་དགོད་པར་བྱའོ། །དེ་བཞིན་དུ་ཐུགས་ཀྱི་ཐིག་ལེའི་རྒྱས་གདབ་པ་ལ་ནི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དང་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ་དང་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་དང་ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རྒྱས་གདབ་པ་ལ་ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒྲོའོ་ཞེས་པས་རྡོ་རྗེ་ནོར་བུ་ལ་ཨ་ཞེས་པ་གྲུབ་པའོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམས་ཀྱིས་རྒྱས་གདབ་པའོ། །ད་ནི་ཞལ་གྱི་དབྱེ་བ་གསུངས་པ་རྡོ་རྗེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ་འདིར་རིགས་གཅིག་དང༌། རིགས་གསུམ་དང༌། རིགས་ལྔ་དང༌། རིགས་དྲུག་གིས་རྡོ་རྗེར་གསུངས་ཤིང་རྡོ་རྗེ་དེ་རྣམས་ཀྱིས་ཞལ་གྱི་དབྱེ་བར་འགྱུར་ཏེ་


DTG012_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གཅིག་གིས་ཞལ་གཅིག་དང་རིགས་གསུམ་གྱིས་དག་པ་ཞལ་གསུམ་དང་རིགས་ལྔ་དག་པ་ཞལ་ལྔར་འགྱུར་རོ། །རིགས་དྲུག་གིས་དག་པ་ཞལ་དྲུག་ཏུ་འགྱུར་ཏེ་འཇིགས་ཞེས་སོ། །དེ་བཞིན་དུ་ཞལ་བརྒྱད་པ་ལ་སོགས་པ་ནས་ཧ་ལཱ་ཧ་ལ་གདོང་བརྒྱ་པའི་བར་དུ་ཁམས་རྣམས་ཀྱི་དག་པ་གཙོ་བོར་འགྱུར་རོ་ཞེས་པ་རྒྱུད་གཞན་དུ་ངེས་པ་སྟེ་རྒྱལ་བའི་བདག་པོའིའོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལ་དཀྱིལ་འཁོར་གྱི་བདག་པོ་ཡང་གཅིག་ལ་སོགས་པ་མཐའ་ཡས་ཞལ་དང་ཕྱག་དང་ཞབས་མང་དུ་མའི་ཁ་དོག་དང་ནི་མུན་པའི་མཐར་ཞེས་པ་ལ་སོགས་པ་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་སོ། །འདིར་ཕྱག་ཉི་ཤུ་རྩ་བཞི་པའི་ཕྱག་རྣམས་ཀྱི་དབྱེ་བ་ནི་དབྱངས་ཀྱི་དབྱེ་བ་ཡིས་ཞེས་པ་ལ་ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཞེས་པ་ནི་ནག་པོ་བརྒྱད་དེ་མུན་པའི་ཡོན་ཏན་ལས་སོ། །ཧ་ཧཱ་ཧེ་ཧཻ་ཧར་ཧཱ་ར་ཧོ་ཧཽ་ཞེས་པ་ནི་དམར་པོ་བརྒྱད་དེ་རྡུལ་གྱི་ཡོན་ཏན་ལས་སོ། །ཧྷ་ཧྷཱ་ཧྱ་ཧྱཱ་ཧྲ་ཧྲཱ་ཧྺ་ཧྺཱ་ཞེས་པ་ནི་དཀར་པོ་བརྒྱད་དེ་སྙིང་སྟོབས་ཀྱི་ཡོན་ཏན་ལས་སོ་ཞེས་པ་དུས་ཀྱི་འཁོར་ལོའིའོ། །དེ་བཞིན་དུ་སྣ་ཚོགས་ཡུམ་གྱི་ནི་ཡོན་ཏན་ཐམས་ཅད་ལས་ཧཾ་ཧཿ་ཧླྀ་ཧླཱྀ་ཧ་ལ་ཧཱ་ལ་ཧླ་ཧླཱ་ཞེས་པ་སེར་པོ་བརྒྱད་དེ་ཡེ་ཤེས་ཀྱི་ཞལ་གྱི་རང་བཞིན་ལས་སོ་ཞེས་པ་ངེས་པའོ། །དེ་ཉིད་རྣམས་ཀྱིས་ཕྱག་རྒྱའི་རབ་ཏུ་དབྱེ་བ་ཞེས་པ་ནི་ཨཱ་ཨཱི་རཱི་ཨཱུ་ལཱྀ་ཨཿ་ཞེས་པ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་དབྱེ་བ་སྟེ་ལྷའི་ཚོགས་ཐམས་ཅད་ཀྱི་རྒྱས་གདབ་པའོ། །གཞན་ཡང་དེ་བཞིན་དུ་སྐུའི་རྒྱས་གདབ་པ་ཨོཾ་དང་གསུང་གི་རྒྱས་གདབ་པ་ཨཱཿ་དང་ཐུགས་ཀྱི་རྒྱས་གདབ་པ་ཧཱུཾ་དང་ཡེ་ཤེས་ཀྱི་རྒྱས་གདབ་པ་ཧོའོ། །རིགས་གཅིག་གི་རྒྱས་གདབ་པ་གཞོམ་དུ་མེད་པའི་ཨ་ཡིག་གོ་ཞེས་པ་སྟེ་དེ་ལྟར་རིགས་དྲུག་དང་རིགས་ལྔ་དང་རིགས་བཞི་དང་རིགས་གསུམ་དང་རིགས་གཅིག་གིས་རྒྱས་གདབ་པ་ནི་སུམ་ཅུ་རྩ་དྲུག་སྦྱོར་བའི་རྒྱུད་རྣམས་ལའོ། །དཔག་མེད་ཡོན་ཏན་ཡི་གེ་དུ་མའི་རབ་ཏུ་དབྱེ་བ་ཅན་ཏེ་རྒྱུད་སྣ་ཚོགས་པ་ཡི་གེ་སོ་སོའི་མིང་ཅན་ཞེས་པ་ཀ་རྡོ་རྗེ་དང་ཁ་རྡོ་རྗེ་དང་ཁ་རྡོ་རྗེ་དང་གྷ་རྡོ་རྗེ་དང་ང་རྡོ་རྗེའོ། །དེ་བཞིན་དུ་ཡི་གེ་སུམ་ཅུ་རྩ་དྲུག་གི་བར་དུ་ཙ་ཡིག་ལ་སོགས་པའི་མིང་ཅན་མཉམ་པའི་རིགས་ཞེས་པ་ཤེས་རབ་ཀྱི་རྒྱུད་དང་མི་མཉམ་པའི་རིགས་ཞེས་པ་


DTG012_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་རྒྱུད་ལ་ལྷ་དང་ལྷ་མོ་རྣམས་ཀྱིས་རྒྱས་གདབ་པའི་ངེས་པ་སྟེ་ཕྱི་རོལ་དུ་ལག་གདུབ་ལ་སོགས་པ་དང་ནང་དུ་སངས་རྒྱས་ཀྱི་བདག་ཉིད་དོ། །ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་སྐྱེད་པའི་རིམ་པ་ལ་སྐྱེ་བའི་རྣམ་པར་དག་པ་གསུངས་པ་ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་ཇི་ལྟར་མངལ་འཛིན་པ་ན་བྱང་ཆུབ་སེམས་ཀྱི་རྟེན་དང་བཅས་པ་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པུ་ཡུལ་ཆོས་ཀྱི་ཁམས་དང་གཅིག་ཏུ་འདྲེས་པར་གྱུར་པ་ནི་དཔའ་བོ་གཅིག་པར་གསུངས་ཏེ། རང་འོད་ཀྱི་ཤེས་རབ་ནི་སྐྱེ་བ་པོའི་ཁོངས་སུ་གཏོགས་སོ། །དེ་བཞིན་དུ་ལྷ་ནི་ཀ་ཡིག་གཅིག་པུས་དཔའ་བོ་གཅིག་པར་གྲུབ་བོ། །ཕྱི་ནས་ས་བོན་དེ་རྡུལ་ལ་རོ་མཉམ་པ་ནི་ཤེས་རབ་མ་ཡིས་འཁྱུད་པར་འགྱུར་ཞེས་པ་ནི་དེའི་བག་ཆགས་ལས་རྣམ་པར་ཤེས་པའི་ཕུང་པོ་ཤེས་རབ་ཀྱིས་འཁྱུད་པ་ཀཱ་ཞེས་པར་འགྱུར་ཏེ། བཞི་པའི་སྦྱོར་བ་ལས་སོ་ཞེས་པ་ངེས་པའོ། །དེ་བཞིན་དུ་ཕུང་པོ་ལྔ་རྫོགས་པ་ནི་མངལ་དུ་ལྔ་ཡི་བདག་ཉིད་དེ་དེ་བཞིན་དུ་ལྷ་ཡང་ལྔའི་བདག་ཉིད་ཅན་ཀཱ་ཀི་ཀྲཱྀ་ཀུ་ཀླྀ་ཞེས་པའོ། །དེ་བཞིན་དུ་རུས་པ་དང་གཤེར་བ་དང་དྲོ་བ་དང་གཡོ་བའི་ཆོས་སྐྱེས་པ་ན་ཕུང་པོ་དང་ཁམས་ཀྱིས་བྱིན་གྱིས་བརླབས་པ་མངལ་དུ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཞེས་པ་གྲུབ་པ། དེ་བཞིན་དུ་ངག་དང་ལག་པ་དང་རྐང་པ་དང་བཤང་ལམ་རྫོགས་པ་ན་སྔར་གྱི་ཕུང་པོ་དང་ཁམས་དང་བཅས་པ་བཅུ་གསུམ་གྱི་བདག་ཉིད་དེ་ལས་ཀྱི་དབང་པོ་རྫོགས་པ་ན་བྱིས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྱ་ཀྲ་ཀྺ་ཀླ་ཞེས་པའོ། །ནང་དུ་ཡུལ་སྐྱེས་པ་ན་སྔར་གྱི་ཕུང་པོ་ལ་སོགས་པ་དང་ལྷན་ཅིག་མངལ་དུ་བཅུ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྱ་ཀྲ་ཀྺ་ཀླ་ཀཱ་ཀཻ་ཀཱ་ར་ཀཽ་ལ་ཀཿཞེས་པའོ། །དེ་ནས་མིག་ལ་སོགས་པ་སྐྱེས་པ་ན་བྱིས་པ་སྐྱེས་པ་ཉི་ཤུ་རྩ་ལྔའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྱ་ཀྲ་ཀྺ་ཀླ་ཀཱ་ཀཻ་ཀཱ་ར་ཀཽ་ཀཱ་ལ་ཀིཿ་ཀི་ཀེ་ཀར་ཀོ་ཀ་ལ་ཀཾ་ཞེས་པའོ། །དེ་ནས་ལས་ཀྱི་དབང་པོ་ལྔའི་སྦྱོར་བས་བརྗོད་པ་དང༌། ལེན་པ་དང༌། འགྲོ་བ་དང༌། བཤང་བ་དང༌། གཅི་བའི་བྱ་བ་སྐྱེས་པ་ན་བྱིས་པ་


DTG012_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དེ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཁ་ཁཱ་ཀྻ་ཀྻཱ་ཀྼ་ཀྼཱ་ཀྼུ་ཀྼཱུ་ཀླཱ་ཀླ་ཀླཱ་ཀ་ཀཱ་ཀེ་ཀཻ་ཀ་ར་ཀོ་ཀཽ་ཀ་ལ་ཀཱ་ལ་ཀཾ་ཀཿ་ཞེས་པ་སྟེ་ལོ་བཅུ་གཉིས་ཀྱི་མཚམས་རྫོགས་པའོ། །དེ་ནས་ལོ་བཅུ་དྲུག་གི་མཚམས་སུ་ཇི་ལྟར་བྱིས་པའི་ཁུ་བ་འཕོ་བ་ན་བཞི་པའི་གནས་སྐབས་སུ་འགྱུར་ཞིང་བཞི་པ་དེ་ཉིད་སྐུ་བཞི་པ་དེ་ཉིད་སྐུ་བཞི་པ་དང་ཕུང་པོ་དྲུག་པ་དང་ཁམས་དྲུག་པ་དང་དབང་པོ་དྲུག་པ་དང་ཡུལ་དྲུག་པ་དང་ལས་ཀྱི་དབང་པོ་དྲུག་པ་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་པར་འགྱུར་ཏེ། དེ་ལྟར་ཕུང་པོ་དྲུག་དང་ཁམས་དྲུག་དང་སྐྱེ་མཆེད་བཅུ་གཉིས་དང་ལས་ཀྱི་དབང་པོ་དྲུག་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་དེ་ལྟར་ཁམས་སུམ་ཅུ་རྩ་དྲུག་ནི་སུམ་ཅུ་རྩ་བདུན་པ་ཡེ་ཤེས་དང་ཐུགས་ཀྱི་རྟེན་དུ་གྱུར་པའོ། །དེ་བཞིན་དུ་ལྷ་རྫོགས་པ་ལ་ཀ་ཀཱ་ཀི་ཀཱི་ཀྲྀ་ཀྲཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀཾ་ཀཿ་ཞེས་པ་ནི་ཕུང་པོ་དང་ཁམས་བཅུ་གཉིས་སོ། །ཁ་ཁཱ་ཀྱ་ཀྱཱ་ཀྲ་ཀྲཱ་ཀྺ་ཀྺཱ་ཀླ་ཀླཱ་ཁཾ་ཁཿ་ཞེས་པ་ནི་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་བཅུ་གཉིས་སོ། །དེ་བཞིན་དུ་ཀ་ཀཱ་ཀེ་ཀཻ་ཀར་ཀཱ་ར་ཀོ་ཀཽ་ཀ་ལ་ཀཱ་ལ་ཀཾ་ཀཿ་ཞེས་པ་ནི་སྐྱེ་མཆེད་བཅུ་གཉིས་གྲུབ་པའོ། །ཁམས་འདི་རྣམས་ཀྱི་གཙོ་བོ་ནི་ཐབས་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཤེས་རབ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་སྟེ། ཝཾ་ཡིག་དང་ཨེ་ཡིག་གོ །ཨེ་ཝཾ་གྱི་ཡི་གེ་ནི་གཙོ་བོ་བདེ་བ་ཆེན་པོ་སྟེ་དཀྱིལ་འཁོར་གྱི་བདག་པོའོ། །ཀ་རྡོ་རྗེའི་རྒྱུད་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་རྡོ་རྗེ་ལ་སོགས་པ་ལ་གྲུབ་པོ། །དེ་ལྟར་སྙིང་པོའི་འཕར་མ་ལ་ཕུང་པོ་དང་ཁམས་རྣམས་སོ། །ཕྱིའི་འཕར་མ་ལ་སྐྱེ་མཆེད་བཅུ་གཉིས་དང་སྒྲོ་སྐྱོང་རྣམས་དང་ལས་ཀྱི་དབང་པོ་ཡུལ་དང་བཅས་པ་རྣམས་སོ། །འདིར་གཞོན་ནུ་ལོ་བཅུ་དྲུག་གི་རྗེས་ལ་བུ་དང་བུ་མོའི་ཕུང་པོ་རྣམས་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་ཞེས་པ་ཇི་ལྟ་བ་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་བཀོད་པ་སྤྲོ་བའི་ཕྱིར་ལྷའི་ཚོགས་ཀྱི་གཙོ་བོ་ནི་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་དུ་འགྱུར་རོ་ཞེས་པ་ངེས་པའོ། །འདིར་མངལ་གྱི་ལུས་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་སྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ །ངག་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལས་རྒྱལ་མཆོག་དང་ཉེ་བའི་སྒྲུབ་པའོ། །བྱང་ཆུབ་


DTG012_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཐིག་ལེ་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐིག་ལེའི་རྣལ་འབྱོར་དང་སྒྲུབ་པའོ། །ཁུ་བ་འཕོ་བ་ན་བདེ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དང་སྒྲུབ་པ་ཆེན་པོ་སྟེ་དེ་ལྟར་ཡན་ལག་བཞིའི་སྒྲུབ་པ་ནང་གི་ལེའུ་ལས་སྔར་གསུངས་པ་དེ་རྒྱ་ཆེར་སྦྱང་བར་བྱའོ། ཞེས་པ་ནི་ངེས་པའོ། །ད་ནི་འཁོར་ལོ་དྲུག་པོ་རྣམས་སུ་ཁམས་དྲུག་ལས་རིགས་ཀྱི་ལྷ་རྣམས་སྤྲོ་བ་གསུངས་པ་དག་པར་ཞེས་པ་ལ་སོགས་པ་སྟེ་འདིར་མི་རྣམས་ཀྱི་ལོ་བཅུ་དྲུག་གི་རྗེས་ལ་ཁམས་དྲུག་གི་རང་བཞིན་གྱི་སེམས་ཀྱིས་སྣ་ཚོགས་པ་སྤྲོ་བར་བྱེད་པ་ཇི་ལྟ་བདེ་བཞིན་དུ་གཙོ་བོའི་ཡང་ཁམས་དྲུག་གི་དབྱེ་བའོ། །དག་པར་ཞེས་པ་དཔྲལ་བའི་འཁོར་ལོར་ཡང་དག་དག་པའི་ཆུ་ལས་ཞེས་པ་སྒྲིབ་པ་མེད་པ་ཆུའི་ཁམས་དང༌། འདུ་ཤེས་ཀྱི་ཕུང་པོ་ལས་ལྷའི་ཚོགས་རི་བོང་འཛིན་པ་ལྟར་དཀར་པདྨའི་མཚན་མ་ཅན་སྤྲོ་བ་ནི་འདི་ལྟ་སྟེ། འོད་དཔག་མེད་དང་མཱ་མ་ཀཱི་དང་པདྨ་མཐར་བྱེད་དང་མི་གཡོ་བ་དང་ང་རྒྱལ་མ་དང་ཙུན་དཱ་དང་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ་དང་དྲག་མོ་དང་དཔལ་མོ་དང་རྒྱ་མཚོ་དང་ཚོགས་ཀྱི་དབང་པོ་དང་ཀླུ་མཐའ་ཡས་དང་རིགས་ལྡན་དང་སྟག་གདོང་མ་དང་འུག་གདོང་མ་སྟེ། དེ་ལྟར་ལྷ་འདི་རྣམས་གཡོན་གྱི་ཞལ་ནས་ཞེས་པ་སྐུའི་ཞལ་དཀར་པོ་ནས་མཆོག་གི་སྙིང་རྗེ་ཡིས་ནི་སྤྲོས་པའོ་ཞེས་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངེས་པའོ། །འདིར་སྣང་བ་མཐའ་ཡས་ལ་རྣམ་པར་ཤེས་པ་དང་ལྷའི་ཚོགས་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་བཏབ་པ་པདྨའི་མཚན་མ་ཅན་ཞི་བ་དང་རྒྱས་པའི་ལས་ཀྱི་དངོས་གྲུབ་སྟེར་བ་ཆུའི་ཁ་དོག་ལས་དཀར་པོ་སྟེ་དེ་ལྟར་སྣང་བ་མཐའ་ཡས་ཀྱི་རིགས་ཀྱི་ལྷ་སྤྲོ་བ་དང་བསྡུ་བ་ནི་སོ་སོར་རྟོག་པ་ལས་སོ། །ད་ནི་དོན་ཡོད་གྲུབ་པའི་རིགས་སྤྲོ་བ་གསུངས་པ་ཆོས་ལ་ཞེས་པ་ལ་སོགས་པ་སྟེ་འདིར་སྙིང་ག་ཆོས་ཀྱི་འཁོར་ལོར་ཡང་དག་དག་པའི་རླུང་གི་ཁམས་དང་དག། པའི་འདུ་བྱེད་ལས་རལ་གྲིའི་མཚན་མ་ཅན་ལྷའི་ཚོགས་ཁ་དོག་ནག་པོ་ནི་འདི་ལྟ་སྟེ། དོན་ཡོད་གྲུབ་པ་དང་སྒྲོལ་མ་དང་བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་དང་ཤིན་ཏུ་སྟོབས་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ནམ་མཁའི་སྙིང་པོ་དང་རེག་བྱ་རྡོ་རྗེ་མ་དང་ཙ་ཙི་ཀཱ་དང་ཁྱབ་འཇུག་མ་དང་རླུང་ལྷ་


DTG012_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེན་བྲལ་དང་པདྨ་དང་སྟོབས་ཀྱི་རྒྱུ་དང་བྱ་རོག་གདོང་མ་དང་ཁྱི་གདང་མ་སྟེ་འདི་རྣམས་ནི་བྱམས་པའི་ཐུགས་ཀྱི་སྲིད་པ་གསུམ་གྱི་བདག་པོས་ཤར་གྱི་ཞལ་ནས་ཞེས་པ་ཐུགས་ཀྱི་ཞལ་ནས་སྤྲོས་པའོ། །འདིར་དོན་ཡོད་གྲུབ་པ་ལ་རྣམ་པར་ཤེས་པ་དང་ལྷའི་ཚོགས་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པ་རལ་གྲིའི་མཚན་མ་ཅན་བསྐྲད་པ་དང་དབྱེ་བའི་ལས་ཀྱི་དངོས་གྲུབ་བདག་རླུང་གི་ཁ་དོག་ལས་ནག་པོ་སྟེ་དེ་ལྟར་དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བ་ནི་བྱ་བ་ནན་གཏན་ལས་སོ། །ད་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་སྤྲོ་བ་གསུངས་པ་ལོངས་སྤྱོད་རྫོགས་པར་དག་པའི་མེ་ལས་ཞེས་པ་སྟེ་འདིར་མགྲིན་པའི་འཁོར་ལོར་དག་པའི་མེ་དང་དག་པའི་ཚོར་བ་ལས་ཉི་མ་འཆར་ཀ་དང་མཚུངས་ཞེས་པ་ཁ་དོག་དམར་པོ་སྟེ་རིན་ཆེན་འཛིན་ཞེས་པ་རིན་ཆེན་འབྱུང་ལྡན་དང་དེ་བཞིན་དུ་གོས་དཀར་མོ་དང་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དང་རྨུགས་བྱེད་མ་དང་ཁྲོ་གཉེར་ཅན་དང་སའི་སྙིང་པོ་དང་རོའི་རྡོ་རྗེ་མ་དང་ཕག་མོ་དང་གཞོན་ནུ་མ་དང་མེ་ལྷ་དང་སྨིན་དྲུག་གི་བུ་དང་ཕག་གདོང་མ་དང་བྱ་རྒོད་གདོང་མ་དང་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་སྟེ་འདི་རྣམས་དཔལ་ལྡན་གཡས་ཀྱི་ཞལ་ནས་མཆོག་གི་དགའ་བ་ཡི་ནི་སྣ་ཚོགས་གཙོ་བོས་སྤྲོས་པའོ་ཞེས་པ་གསུང་གི་ཞལ་གྱི་རང་བཞིན་ལས་ཐམས་ཅད་ཁ་དོག་དམར་པོ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པ་དབང་དང་དགུག་པའི་དངོས་གྲུབ་སྟེར་བའོ། །དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ལྷ་རྣམས་སྤྲོ་བ་ལ་སོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་ཏེ་འདིར་ཡང་རིན་ཆེན་འབྱུང་ལྡན་ནི་རྣམ་པར་ཤེས་པས་རྒྱས་བཏབ་པའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་སྤྲོ་བ་གསུངས་པ་ལྟེ་བར་ཡང་དག་དག་པའི་ས་ལས་ཞེས་པ་ལ་སོགས་པ་སྟེ་འདིར་ལྟེ་བར་ཞེས་པ་སྤྲུལ་པའི་འཁོར་ལོར་དག་པའི་གཟུགས་ཀྱི་ཕུང་པོ་དང་དག་པའི་སའི་ཁམས་ལས་མཆོག་གི་གསེར་དང་མཚུངས་པ་ཁ་དོག་སེར་པོའི་ཐུབ་པ་ཕྱག་ན་འཁོར་ལོ་ཞེས་པ་རྣམ་པར་སྣང་མཛད་དེ་དེ་བཞིན་དུ་སྤྱན་མ་དང་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་དང་རེངས་བྱེད་མ་དང་འོད་ཟེར་ཅན་དང་རྣམ་པར་སེལ་བ་དང་དྲི་རྡོ་རྗེ་མ་དང་དབང་མོ་དང་ཚངས་མ་དང་བརྒྱ་བྱིན་དང་ཚངས་པ་དང་འཇོག་པོ་


DTG012_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་ཆེན་པོ་དང་ལྕེ་སྦྱང་གདོང་མ་དང་མཁའ་ལྡིང་གདོང་མ་སྟེ་འདི་རྣམས་གཙོ་བོ་ཡིས་ནི་བཏང་སྙོམས་དག་གིས་ནུབ་ཀྱི་ཞལ་ནས་ཞེས་པ་ཡེ་ཤེས་ཀྱི་ཞལ་ནས་སྐྱེ་བོ་ཀུན་ལ་ཕན་རྣམས་སྤྲོས་པ་སྟེ། ཁ་དོག་སེར་པོ་རེངས་བ་དང་རྨོངས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་ཅིང༌། རྣམ་པར་སྣང་མཛད་ལ་ཡང་རྣམ་པར་ཤེས་པས་རྒྱས་བཏབ་པའོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་རིགས་སྤྲོ་བ་ལ་སོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སོ། །ད་ནི་མི་བསྐྱོད་པའི་རིགས་སྤྲོ་བ་གསུངས་པ་གཙུག་ཏོར་དག་པའི་སྟོང་པ་ལས་ནི་ཞེས་པ་སྟེ། གཙུག་ཏོར་གྱི་འཁོར་ལོར་དག་པའི་རྣམ་པར་ཤེས་པའི་ཕུང་པོ་དང་དག་པའི་ནམ་མཁའི་ཁམས་ལས་མཆོག་གི་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཡེ་ཤེས་ཀྱིས་རྒྱས་བཏབ་པ། ཁ་དོག་ལྗང་གུ་དང༌། དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་གཙུག་ཏོར་དང་རྡོ་རྗེ་ཧཱུཾ་མཛད་དང་དྲག་སྤྱན་མ་དང་ཁྲོ་མོའི་རྒྱལ་མོ་དང་ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་དང་ཁྱབ་འཇུག་དང་གཤིན་རྗེ་དང་ཀླུ་རྒྱལ་བ་སྟེ་འདི་རྣམས་སྟེང་གི་ཞལ་ནས་སྟོང་པ་ལས་སྤྲོས་པ་ཡོན་ཏན་མང་པོའི་གནས་ཏེ། ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བ་རྡོ་རྗེའི་མཚན་མ་ཅན་མི་བསྐྱོད་པས་རྒྱས་བཏབ་པ་ནམ་མཁའི་ཁ་དོག་ལས་ལྗང་གུའོ། །དེ་ལྟར་མི་བསྐྱོད་པའི་རིགས་ཀྱི་ལྷ་སྤྲོ་བ་ལ་སོགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་སོ། །ད་ནི་རྡོ་རྗེ་སེམས་དཔའི་རིགས་སྤྲོ་བ་གསུངས་པ་གསུང་བར་དག་པ་ལས་ནི་ཞེས་པ་ལ་སོགས་པ་སྟེ། འདིར་གསང་བའི་འཁོར་ལོར་དག་པའི་ཡེ་ཤེས་ཀྱི་ཕུང་པོ་དང་དག་པའི་ཡེ་ཤེས་ཀྱི་ཁམས་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྡོ་རྗེ་རྩེ་གསུམ་བའི་མཚན་མ་ཅན་རྣམ་པར་ཤེས་པས་རྒྱས་བཏབ་པ་དང༌། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཤེས་རབ་སྔོན་མོ་དང་གནོད་མཛེས་རྒྱལ་པོ་དང་རྡོ་རྗེ་ཤུགས་དང༌། ཤིན་ཏུ་སྔོན་མོ་དང་ཁྲོ་བོའི་དབང་ཕྱུག་མ་དང་དྲག་པོ་དང་ཛམ་བྷ་ལ་དང༌། ཀུན་དུ་བཟང་པོ་དང་སྒྲ་རྡོ་རྗེ་མ་དང༌། ཀླུ་རྣམ་པར་རྒྱལ་བ་སྟེ་སྐྱེ་བོ་ཀུན་ལ་ཕན་པ་འདི་རྣམས་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་རྒྱུར་ནི་འོག་གི་ཞལ་ཡེ་ཤེས་ཀྱི་ཆོས་ལས་སྤྲོས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་


DTG012_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་སྔོན་པོ་སྟེ་མི་བསྐྱོད་པ་སྔོན་པོའི་ཆ་བྱད་ཅན་གྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ནི་ལས་ཐམས་ཅད་སྒྲུབ་བར་བྱེད་པའོ། །དེ་ལྟར་འཁོར་ལོ་དྲུག་ཏུ་རིགས་དྲུག་གི་ལྷ་རྣམས་སྤྲོ་བ་དང་འགྲོ་བའི་དོན་བྱེད་པ་སྟེ་ལོ་བཅུ་དྲུག་གི་རྗེས་ལ་དུས་ཀྱི་འཁོར་ལོ་སྐྱེད་པར་བྱེད་པ་ཉིད་ཀྱིས་གྲུབ་པའོ་ཞེས་པ་ངེས་པའོ། །འདིར་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ལྗང་གུ་ལ་མི་བསྐྱོད་པའི་གཟུགས་སྔོན་པོ་དང་ཡེ་ཤེས་ཀྱི་ཕུང་པོ་སྔོན་བོ་ལ་མི་བསྐྱོད་པ་ལྗང་གུས་རྒྱས་བཏབ་པའོ། །ཡང་ན་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རིགས་བཞིའི་དབྱེ་བས་གང་དུ་རྒྱས་གདབ་པ་དེར་ཟླ་བའི་ཆོས་ལས་རྣམ་པར་སྣང་མཛད་དཀར་པོ་དང་ཉི་མའི་ཆོས་ལས་སྣང་བ་མཐའ་ཡས་དམར་བོ་དང༌། སྒྲ་གཅན་གྱི་ཆོས་ལས་མི་བསྐྱོད་པ་ནག་པོ་དང༌། དུས་མེའི་ཆོས་ལས་རྡོ་རྗེ་སེམས་དཔའ་སེར་པོའོ། །ཡང་ན་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་བའི་ཚོགས་རྟེན་དང་བརྟེན་པའི་འབྲེལ་བས་རྒྱས་བཏབ་སྟེ། དེ་ལྟར་ན་མི་བསྐྱོད་པས་རྣམ་པར་སྣང་མཛད་ལ་རྒྱས་གདབ་བོ། །རྣམ་པར་སྣང་མཛད་ཀྱིས་སྣང་བ་མཐའ་ཡས་ལའོ། །སྣང་བ་མཐའ་ཡས་ཀྱིས་རིན་ཆེན་འབྱུང་ལྡན་ལའོ། །རིན་ཆེན་འབྱུང་ལྡན་གྱིས་དོན་ཡོད་གྲུབ་པ་ལའོ་ཞེས་པ་རྒྱས་གདབ་པའི་ངེས་པའོ། །དེ་ལྟར་ཁམས་གསུམ་པའི་དབང་ཕྱུག་ཆེན་པོ་མཐའ་ཡས་འཁོར་ལོ་ཅན་ནི་རྒྱུད་གཞན་ཐམས་ཅད་ལ་རིག་པར་བྱ་སྟེ། རིགས་གསུམ་དང་རིགས་ལྔ་ལ་ཡང་ངོ༌། །ད་ནི་ཤེས་རབ་ཀྱི་རྒྱུད་སྤྲོ་བ་གསུངས་པ་ཕྱོགས་ཀྱི་འདབ་མར་ཞེས་པ་ལ་སོགས་པ་སྟེ། འདིར་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་སྤྱན་མ་ལ་སོགས་པ་དང་ས་ལ་སོགས་པའི་རང་བཞིན་ཞི་བ་ལ་སོགས་པའི་དངོས་གྲུབ་སྟེར་པར་འཁོར་ལོ་སྔོམ་པ་ལས་གྲགས་མོད་ཀྱི། དེ་རྣམས་ཀྱང་བདེན་པར་ས་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་མི་འགྱུར་ཏེ། ཐུགས་ཀྱི་ཞལ་ལ་སོགས་པ་ཁ་དོག་ནག་པོ་ལ་སོགས་པའི་དབྱེ་བས་སོ། །དེ་སྐད་དུ་གསུངས་བ། སེར་པོས་རེངས་པའི་བྱ་བ་དང༌། །དཀར་པོས་ས་ལ་ཞི་བའོ། །དམར་པོས་དབང་དང་དགུག་པ་སྟེ། །ནག་པོས་བསྐྲད་པ་ལ་སོགས་སོ། །ཞེས་སོ། །དེའི་ཕྱིར་ཁ་དོག་ནག་པོའི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་ནི་རླུང་གི་ཁམས་དང་ཁ་དོག་


DTG012_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བོ་ལས་ལཱ་མཱ་ནི་མེའི་ཁམས་དང༌། ཁ་དོག་སེར་པོ་ལས་དུམ་སྐྱེས་མ་ནི་སའི་ཁམས་དང་ཞལ་གྱི་ཁ་དོག་དཀར་པོ་ལས་གཟུགས་ཅན་མ་ནི་ཆུའི་ཁམས་སོ། །དེ་ལྟར་ཐུགས་དང་གསུང་དང་ཡེ་ཤེས་དང་སྐུའི་ཞལ་རྣམས་རིམ་པ་བཞིན་དུ་ནག་པོ་དང༌། དམར་པོ་དང༌། སེར་པོ་དང༌། དཀར་པོའི་ཁ་དོག་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེའི་ཕྱོགས་ཀྱི་ཆར་གནས་པ། རབ་གཏུམ་མོ་ལ་སོགས་པ་ལྷ་མོ་དགུ་དགུ་པོ་རྣམས་ཀྱི་ཁ་དོག་ཀྱང་རིག་པར་བྱ་སྟེ་མངོན་བརྗོད་འབུམ་པ་ཆེན་པོ་ལས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ན་བརྩོན་འགྲུས་ཆུང་བ་དང་ལྡན་པ་རྣམས་ལ་འཇམ་དཔལ་གྱིས་དུས་ཀྱི་འཁོར་ལོ་བ་སྡུས་པ། འདིར་དེ་ཉིད་མན་ངག་གིས་སྤྲོས་ནས་རབ་ཏུ་བསྟན་ནོ། །ཕྱོགས་ཀྱི་འདབ་མར་སྤྱན་མ་ལ་སོགས་ཞེས་པ་ནི། ནུབ་ཀྱི་འདབ་མར་སྤྱན་མའི་ཁ་དོག་ལས་དུམ་སྐྱེས་མ་སེར་མོའོ། །དུས་ཀྱི་འཁོར་ལོ་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཞལ་ནུབ་མ་སེར་པོ་སྟེ་སའི་ཁ་དོག་དང་བཤང་བའི་རྩའི་རང་བཞིན་ལས་སོ། །བྱང་གི་འདབ་མར་ཆུའི་ཁ་དོག་ལས་གཟུགས་ཅན་མ་དཀར་མོ་དང༌། བྱང་གི་སྐུའི་ཞལ་དཀར་པོ་སྟེ་ལ་ལ་ནཱའི་རང་བཞིན་ལས་སོ། །ལྷོར་མེའི་ཁ་དོག་ལས་ལཱ་མཱ་དམར་མོ་དང༌། གསུང་གི་ཞལ་དམར་པོ་སྟེ་ར་ས་ནཱའི་རང་བཞིན་ལས་སོ། །ཤར་གྱི་འདབ་མར་རླུང་གི་ཁ་དོག་ལས་རྡོ་རྗེ་མཁའ་འགྲོ་མ་ནག་མོ་དང༌། ཐུགས་ཀྱི་ཞལ་ནག་པོ་སྟེ། གཅི་བའི་རྩའི་རང་བཞིན་ལས་སོ། །དེ་བཞིན་དུ་ཨ་བ་དྷཱུ་ཏཱིའི་རང་བཞིན་གྱིས་རྡོ་རྗེ་ཕག་མོ་ལྗང་གུའོ། །དུང་ཅན་མའི་རང་བཞིན་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་ཁ་དོག་སྔོན་པོའོ། །དེ་བཞིན་དུ་ཐུགས་དང་གསུང་དང་སྐུའི་འཁོར་ལོའི་རྩིབས་རྣམས་ལ་ཤར་དང་མེར་མཁའ་འགྲོ་མ་ནག་པོ་རྣམས་དང་ལྷོ་དང་བདེན་བྲལ་དུ་དམར་མོ་རྣམས་དང༌། ནུབ་དང་རླུང་དུ་སེར་མོ་རྣམས་དང༌། བྱང་དང་དབང་ལྡན་དུ་དཀར་མོ་རྣམས་ཏེ། དེ་བཞིན་དུ་དུར་ཁྲོད་བརྒྱད་ཀྱི་ལྷ་མོ་རྣམས་རིག་པར་བྱའོ། །འདི་རྣམས་ཀྱི་ལས་རབ་འབྱམ་ལ་སོགས་པ་རྒྱ་ཆེར་རྒྱུད་ལས་གསུངས་པ་ནི། བྱག་ན་རྡོ་རྗེས་མཛད་པའི་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ལས་


DTG012_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་པར་བྱ་སྟེ། དེས་ན་བསྡུས་པའི་རྒྱུད་འདིར་མ་བྲིས་སོ། །ཕྱོགས་བྲལ་འདབ་མ་ལ་གནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་འདུས་པ་དང་སྒྱུ་འཕྲུལ་དྲ་བ་ཡང་རབ་ཏུ་གྲགས་པས་གོ་སླ་སྟེ། །དེས་ན་འདིར་མ་བྲིས་སོ། །ཐུགས་དང་གསུང་དང་སྐུའི་རྡོ་རྗེ་སྤྲོ་བ་ཙམ་ཞེས་པ་ལ། འདིར་རྩ་བའི་རྒྱུད་ལས་ཐིག་གི་མཚན་ཉིད་ནི། གཉིས་དང་གཅིག་དང་གསུམ་ཕྱེད་བཅས། །ཕྱེད་དང་གཅིག་དུས་རི་བོང་ཅན། །དུས་དང་གཅིག་དང་དུས་དང་གཅིག །ཆ་ནི་སུམ་ཅུ་གཉིས་སོགས་ལ། །ཞེས་པ་སྟེ། ལྷག་མ་ར་བ་ལ་སོགས་པ་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་ནོ། །ད་ནི་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གསུངས་པ་ཐིག་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ནུབ་ཀྱི་ཞལ་ཡེ་ཤེས་ཀྱི་ཞལ་ནས་འཁོར་ལོ་སྡོམ་པ་ཆེན་པོ་ནི་འཁོར་ལོ་གསུམ་གྱི་སྡོམ་པ་ཉིས་འགྱུར་ཏེ། གང་གི་ཕྱིར་འཁོར་ལོ་དྲུག་དང་དུར་ཁྲོད་བཅུ་དྲུག་པོ་རྣམས་ཀྱིས་སོ། །དེས་ན་སྒོ་བརྒྱད་རྣམ་པར་སྦྱང་བའི་སླད་དུ་འདིའི་དཀྱིལ་འཁོར་ནི་ཟླུམ་པོའོ། །དེའི་ཕྱིར་དཀྱིལ་འཁོར་འདིའི་མཚན་ཉིད་གསུངས་པ། ཐིག་ནི་དྲུག་དང་ཐུག་པའི་ཆ་ཤས་ཞེས་པ་ནི་དགུ་བཅུ་རྩ་དྲུག་གི་ཆ་ཤས་སོ། །གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ཀྱིས་ཞེས་པ་འཇིག་རྟེན་གྱི་ཁམས་ལ་རླུང་གི་དཀྱིལ་འཁོར་གྱི་མཐའ་དཔག་ཚད་འབུམ་ཕྲག་བཞིར་གནས་པ་དང༌། ལུས་ལ་ཁྲུ་བཞིར་གནས་པ་རྣམས་ཀྱིས་ཏེ་ཐིག་དགུ་བཅུ་རྩ་དྲུག་རྣམས་ཀྱིས་དཀྱིལ་འཁོར་ལ་ཐིག་བཏབ་ནས་དེ་རྣམས་ཀྱི་དབུས་སུ་དྲུག་དྲུག་ཆ་རྣམས་ཀྱིས་སོ་སོར་འཁོར་ལོ་བྱ་སྟེ་དེ་ལྟར་འཁོར་ལོ་ནི་ཆ་དྲུག་དྲུག་རྣམས་ཀྱིས་སོ། །པདྨའི་འདབ་མ་ལྟེ་བར་ལྡན་བའི་ཕྱེད་ལ་ཡང་དྲུག་གི་ཆ་རྣམས་ཀྱིས་ཏེ་དེ་ལྟར་བདུན་པོ་རྣམས་ལ་ཤར་དུ་ཆ་བཞི་བཅུ་རྩ་གཉིས་སོ། །དེ་བཞིན་དུ་ནུབ་དང་ལྷོ་དང་བྱང་དུ་སྟེ། ཐམས་ཅད་གཅིག་ཏུ་བསྡུས་པས་ཆ་བརྒྱད་ཅུ་རྩ་བཞི་སོང་སྟེ། དགུ་བཅུ་རྩ་དྲུག་ལས་སོ། །ལྷག་མ་ཆ་བཅུ་གཉིས་པོ་རྣམས་ལ་ཆ་དྲུག་གིས་ཤར་གྱི་སའོ། །ནུབ་ཏུ་ཡང་དེ་བཞིན་ཏེ་བྱང་དང་ལྷོ་རུ་ཡང་དེ་བཞིན་ནོ། །ཕྱོགས་ཐམས་ཅད་དུ་ཐིག་རྣམས་དག་པའོ། །དེ་ལ་སྔར་གསུངས་པའི་དབུས་ཀྱི་ཆ་དྲུག་རྣམས་


DTG012_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཞིས་པདྨའི་འདབ་མ་དང་གཉིས་ཀྱིས་ལྟེ་བ་ཕྱེད་དོ། །དེ་བཞིན་དུ་བཞིས་འཁོར་ལོའི་རྩིབས་དང་གཉིས་ཀྱིས་གྲི་གུག་ལ་སོགས་པ་རྣམས་ཀྱི་མཚན་མའི་ཕྲེང་བའོ། །དབུས་སུ་པདྨ་འདབ་མ་བཅུ་དྲུག་པའོ། །པདྨའི་འདབ་མའི་ཕྱི་རོལ་དུ་གྲི་གུག་གི་ཕྲེང་བ་སྔོན་པོ་སྟེ་དེའི་འོག་ཏུ་ས་ལྗང་ཁུའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་ལ་འཁོར་ལོའི་རྩིབས་ཀྱང་སྔོན་པོའོ། །དེ་ནས་སའི་ཁམས་ཀྱི་འཁོར་ལོ་ལ་འཁོར་ལོའི་ཕྲེང་བ་སེར་པོ་དང་དེ་བཞིན་དུ་འཁོར་ལོའི་རྩིབས་ཏེ། འོག་ཏུ་ས་ནག་པོའོ། །ཆུའི་ཁམས་ཀྱི་འཁོར་ལོ་ལ་པདྨའི་ཕྲེང་བ་དང་འཁོར་ལོའི་རྩིབས་དཀར་པོ་སྟེ། འོག་ཏུ་ས་དམར་པོའོ། །མེའི་ཁམས་ཀྱི་འཁོར་ལོ་ལ་རིན་པོ་ཆེའི་ཕྲེང་བ་དང༌། འཁོར་ལོའི་རྩིབས་དམར་པོ་སྟེ། འོག་ཏུ་ས་དཀར་པོའོ། །རླུང་གི་ཁམས་ཀྱི་འཁོར་ལོ་ལ་རལ་གྲིའི་ཕྲེང་བ་དང༌། འཁོར་ལོའི་རྩིབས་ནག་པོ་སྟེ་འོག་ཏུ་ས་སེར་པོའོ། །ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་རྡོ་རྗེ་ཕྲེང་བ་དང་འཁོར་ལོའི་རྩིབས་ལྗང་ཁུ་སྟེ། འོག་ཏུ་ས་སྔོན་པོའོ། །དེ་ནས་ཆ་དྲུག་གིས་ནི་ཚོན་གྱིས་སྟེ་སྐྱེད་བྱེད་ཞལ་གྱི་དབང་གིས་ཞེས་པ་ནི་ཤར་དང་མེར་ནག་པོ་དང༌། ལྷོ་དང་བདེན་བྲལ་དུ་དམར་པོ་དང་ནུབ་དང་རླུང་དུ་སེར་པོ་དང་བྱང་དང་དབང་ལྡན་དུ་དཀར་པོའོ། །སྒོའི་འཁོར་ལོ་དེ་བཞིན་ནོ་ཞེས་པ། སྒོ་བརྒྱད་ཀྱི་མཐར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་འཁོར་ལོ་རྣམས་དང་སྒོ་བརྒྱད་ཀྱི་བར་རྣམས་སུ་དུར་ཁྲོད་བརྒྱད་ཀྱི་འཁོར་ལོ་རྣམས་ཏེ་དེ་ལྟར་ན་དུར་ཁྲོད་ཀྱི་འཁོར་ལོ་རྩིབས་བརྒྱད་པ་བཅུ་དྲུག་གོ །སྙིང་པོའི་པདྨའི་འདབ་མ་བརྒྱད་ལ། ལྷ་མོ་བརྒྱད་དང་ལྷ་མོ་བརྒྱད་ཀྱི་བར་བར་གྱི་འདབ་མ་རྣམས་ལ་ཐོད་པ་བདུད་རྩིས་གང་བ་བརྒྱད་དོ། །འཁོར་ལོ་དྲུག་གི་རྩིབས་བརྒྱད་པོ་རྣམས་ལ་གནས་དང་ཉེ་བའི་གནས་ལ་སོགས་པའི་ལྷ་མོ་བཞི་བཅུ་རྩ་བརྒྱད་དང་དེ་བཞིན་དུ་དཔའ་བོ་རྣམས་ཀྱང་རིག་པར་བྱའོ། །ཕྱི་རོལ་དུ་སྟེགས་བུལ་རྟ་བབས་ཀྱི་ཀ་བའི་རྩ་བར་ཀླུ་རྒྱལ་ཆེན་པོ་བརྒྱད་དང༌། སྒོའི་རྟ་བབས་ལ་སྒེག་མོ་ལ་སོགས་པའོ། །ལྷག་མ་སྒོ་ལ་སོགས་


DTG012_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་དུ་རིག་པར་བྱའོ། །ད་ནི་འཁོར་ལོ་དྲུག་གི་རྩིབས་ལ་སོགས་པ་རྣམས་ལ་ལྷ་མོའི་ས་བོན་རྣམས་གསུངས་པ། རིང་པོ་ཞེས་པ་ལ་སོགས་པ་སྟ། རིང་པོའི་དབྱངས་ལྔ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་དང༌། ཐུང་དུ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་འདི་རྣམས་ཀྱིས་ཕྱེ་བ་ས་ཏ་པ་ཊ་ཙ་ཀའི་སྡེ་པ་དྲུག་པོ་རྣམས་ཀྱི་ས་སོགས་སྟོང་སོགས་ཡི་གེ་རྣམས་སོ། །རླུང་སོགས་རྩིབས་རྣམས་ལ་རིང་པོ་ཞེས་པ་ནི། འདིར་ཡེ་ཤེས་ཀྱི་འཁོར་ལོ་ལ་སའི་སྡེ་པ་ལྷག་པའི་ལྷ་སྟེ་དའི་སླཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ཝཱུ་དང་བདེན་བྲལ་དུ་ཥྲཱྀ་དང་མེར་ཤཱི་དང་ས་འོག་ཏུ་ཋྐཱ་སྟེ་རླུང་དང༌། བྱང་གི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ། །མཁའ་འགྲོ་མ་ལྔ་པོ་འདི་རྣམས་ནི་སྡིག་པའི་དུས་སྦྱོར་གྱི་དཀྱིལ་འཁོར་ལྔའི་གཙོ་མོ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣ་བུག་གཡས་པ་ལས་སྡུད་པའི་རིམ་ངས་སྲོག་འབབ་པའི་ཕྱིར་རོ། །དེ་ནས་གཞུའི་དུས་སྦྱོར་ལ་སྟེང་དུ་ཋྐ་སྟེ་རླུང་དང་ནུབ་ཀྱི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ། །ཡེ་ཤེས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་ཤི་དང་ལྷོར་ཥྲྀ་དང༌། བྱང་དུ་ཝུ་དང་ནུབ་ཏུ་སླྀའོ་ཞེས་པ་ནི། གཞུའི་དུས་སྦྱོར་ལ་གཡོན་པའི་རྩ་ནས་སྲོག་འབབ་པའོ། །དེ་ནས་སའི་འཁོར་ལོ་ལ་ཏའི་སྡེ་པ་ལྷག་པའི་ལྷ་སྟེ་དེའི་ཏླཱྀ་རླུང་དུའོ། །དབང་ལྡན་དུ་ཐཱུ་དང་བདེན་བྲལ་དུ་དྲཱྀ་དང་མེར་དྷཱི་དང༌། ས་འོག་ཏུ་ནཱ་སྟེ་རླུང་གི་སྒོའི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ། །ཞེས་པ་ནི་བུ་མོའི་དུས་སྦྱོར་ལའོ། །དེ་བཞིན་དུ་སྲང་ལ་སྟེང་དུ་ན་སྟེ་ནུབ་ཀྱི་སྒོར་རོ། །ཤར་དུ་དྷི་དང་ལྷོར་དྲྀ་དང་བྱང་དུ་ཐུ་དང་ནུབ་ཏུ་ཏླྀའོ། །དེ་ནས་ཆུའི་ཁམས་ཀྱི་འཁོར་ལོ་ལ་པའི་སྡེ་པ་ལྷག་པའི་ལྷ་སྟེ་དེའི་པླཱྀ་རླུང་དུའོ། །དབང་ལྡན་དུ་ཕཱུ་དང་བདེན་བྲལ་དུ་བྲཱྀ་དང་སེར་བྷི་དང་ས་འོག་ཏུ་མཱ་སྟེ་དབང་ལྡན་གྱི་སྒོ་རུའོ། །དེ་ལྟར་ཀརྐ་ཊའི་དུས་སྦྱོར་ལ་ལྷག་པའི་ལྷ་རྣམས་སོ། །དེ་བཞིན་དུ་སེང་གེའི་དུས་སྦྱོར་ལ་ནམ་མཁར་མ་སྟེ་བྱང་གི་སྒོ་རུའོ། །ཤར་གྱི་རྩིབས་ལ་བྷི་དང་ལྷོར་བྲ་དང་བྱང་དུ་ཕུ་དང་ནུབ་ཏུ་པླྀའོ། །དེ་ནས་མེའི་འཁོར་ལོ་ལ་ཊའི་སྡེ་པ། ལྷག་པའི་ལྷ་སྟེ་དེའི་ཊླཱྀ་རླུང་གི་རྩིབས་ལའོ། །


DTG012_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན་དུ་ཥཱུ་དང་བདེན་བྲལ་དུ་ཌྲཱྀ་དང་མེར་ཌྲཱྀ་དང་ས་འོག་ཏུ་ཎཱ་སྟེ། བདེན་བྲལ་གྱི་སྒོ་རུ་ཞེས་པ་གླང་གི་དུས་སྦྱོར་ལའོ། །དེ་ནས་འཁྲིག་པ་ལ་སྟེང་དུ་ཎ་སྟེ། །ལྷོའི་སྒོའི་དུར་ཁྲོད་དུའོ། །ཤར་གྱི་རྩིབས་ལ་ཌྷི་དང༌། ལྷོར་ཊྲྀ་དང་བྱང་དུ་ཐུ་དང་ནུབ་ཏུ་ཊླྀའོ། །དེ་ནས་རླུང་གི་འཁོར་ལོ་ལ་ཙའི་སྡེ་པ་ལྷག་པའི་ལྷ་སྟེ། དེའི་ཙླཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ཚཱུ་དང་བདེན་བྲལ་དུ་ཛྲཱྀ་དང༌། མེར་ཛྷཱི་དང་ས་འོག་ཏུ་ཉཱ་སྟེ་མེའི་སྒོ་རུའོ་ཞེས་པ་ཉའི་དུས་སྦྱོར་ལའོ། །དེ་ནས་ལུག་གི་དུས་སྦྱོར་ལ་སྟེང་དུ་ཉ་སྟེ་ཤར་གྱི་སྒོའི་དུར་ཁྲོད་ཀྱི་འཁོར་ལོ་ལའོ། །ཤར་གྱི་རྩིབས་ལ་ཛྙི་དང༌། ལྷོར་ཛྲྀ་དང༌། བྱང་དུ་ཚུ་དང༌། ནུབ་ཏུ་ཙླྀའོ། །དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་ཀའི་སྡེ་པ་ལྷག་པའི་ལྷ་སྟེ། དེའི་ཀླཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ཁཱུ་དང་བདེན་བྲལ་དུ་གྲཱྀ་དང་མེར་གྷཱི་དང་འོག་ཏུ་དཱ་སྟེ་མེ་དང་ལྷོའི་སྒོའི་དབུས་ཀྱི་དུར་ཁྲོད་ཀྱི་འཁོར་ལོའི་སྟེང་དུའོ་ཞེས་པ་ཆུ་སྲིན་གྱི་དུས་སྦྱོར་ལའོ། །དེ་ནས་བུམ་པའི་དུས་སྦྱོར་ལ་སྟེང་དུ་ང་སྟེ་མེ་དང་ཤར་གྱི་སྒོའི་དབུས་སུའོ། །ཤར་གྱི་རྩིབས་ལ་གྷི་དང་ལྷོའི་རྩིབས་ལ་གྲྀ་དང་བྱང་གི་རྩིབས་ལ་ཁུ་དང་ནུབ་ཀྱི་རྩིབས་ལ་ཀླྀའོ། །སྒོ་དང་སྒོའི་བར་དུ་ཧ་ཀྵ་དང་ལྡན་ནམ་མཁའི་མཐིལ་ན་གནས་པའི་སྡེ་པར་བཅས་པ་རྣམས་ཞེས་པ་ནི་འདིར་སྡེ་པ་དྲུག་པོ་རྣམས་ཀྱི་སྟོང་པའི་དཀྱིལ་འཁོར་འབབ་པར་བྱེད་པའི་ཡེ་གེ་རིང་པོ་དང་ཐུང་དུ་བཅུ་གཉིས་བོ་རྣམས་ཏེ་ཋྐཱ་ཏྛྐ་ནཱ་ན་མཱ་མ་ཎཱ་ཎ་ཉཱ་ཉ་དཱ་ང་ཞེས་པ་ནི་དུར་ཁྲོད་བཅུ་གཉིས་ཀྱི་ལྷ་མོ་རྣམས་ཀྱིའོ། །གཞན་ནི་ཐུན་མཚམས་བཞིའི་དབྱེ་བས་དུས་སྦྱོར་གསུམ་གསུམ་གྱི་མཐར་ཧ་ཧཱ་ཀྵ་ཀྵཱ་ཞེས་པ་ཡི་གེ་བཞི་སྟེ་བྱང་དང་དབང་ལྡན་དང་ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་བཞི་རྣམས་སུའོ། །དེ་ལྟར་དུར་ཁྲོད་བཅུ་དྲུག་པོ་རྣམས་ལ་ལྷ་མོ་བཅུ་དྲུག་དང་འཁོར་ལོ་དྲུག་པོ་རྣམས་ལ་བཞི་བཅུ་རྩ་བརྒྱད་དོ། །སྙིང་པོའི་པདྨའི་འདབ་མ་ལ་ལྷ་མོ་བརྒྱད་དེ་དེ་རྣམས་ཀྱི་ས་བོན་ནི་ཤར་གྱི་འདབ་མ་ལ་ཨ་དང་ལྷོའི་འདབ་མ་ལ་ཨཿདང་བྱང་གི་འདབ་མ་ལ་ཨཾ་དང་ནུབ་ཀྱི་འདབ་མ་ལ་ཨཱ་དང་མེའི་འདབ་མ་ལ་ཧ་དང་བདེན་བྲལ་གྱི་འདབ་མ་ལ་


DTG012_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཧཿདང་དབང་ལྡན་གྱི་འདབ་མ་ལ་ཧཾ་དང་རླུང་གི་འདབ་མ་ལ་ཧཱའོ། །དེ་རྣམས་ཀྱི་བར་བར་གྱི་འདབ་མ་བརྒྱད་པོ་རྣམས་ལ་ཐོད་པ་བརྒྱད་དོ། །དབུས་སུ་རྡོ་རྗེ་མཁའ་འགྲོ་མ་དང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་གཙོ་བོ་སྟེ་ཧུཾ་ཕྲེཾ་མོ། །མཁའ་འགྲོ་མ་དང་མཁའ་འགྲོ་འདི་རྣམས་ཀྱིས་བོན་གྱི་མཐར་རྡོ་རྗེ་སྟེ་དེ་དང་བཅས་པའི་མིང་སླཱྀ་རྡོ་རྗེ་མ་དང་ཝཱུ་རྡོ་རྗེ་མ་ཞེས་པ་ལ་སོགས་པ་ཀླཱྀ་རྡོ་རྗེ་མའི་མཐར་ཐུག་པ་རྣམས་སོ། །འདི་རྣམས་ཀྱི་མཁའ་འགྲོ་བཞི་བཅུ་རྩ་བརྒྱད་ནི་བསམ་པའི་དབྱེ་བས་ཤི་རྡོ་རྗེ་དང་ཥྲྀ་རྡོ་རྗེའོ། །གང་དུ་མཁའ་འགྲོ་མའི་ས་བོན་རིང་པོ་ཡིན་པ་དེར་མཁའ་འགྲོའི་ས་བོན་ཐུང་དུ་དང་གང་དུ་ཐུང་དུ་ཡིན་པ་དེར་རིང་པོ་སྟེ། སླཱྀ་རྡོ་རྗེ་མ་དང་ཤི་རྡོ་རྗེ་ཞེས་པ་ནི་ཤེས་རབ་དང་ཐབས་སོ། །ཝུ་རྡོ་རྗེ་མ་དང་ཥྲཱྀ་རྡོ་རྗེ་ཞེས་པ་སྟེ་དེ་བཞིན་དུ་འཆད་པར་འགྱུར་པ་ཐམས་ཅད་ལའོ། །དེ་ལྟར་ན་དཀྱིལ་འཁོར་ལ་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཉིས་འགྱུར་མཆོད་པར་བྱའོ་ཞེས་པ་ངེས་པའོ། །འདིར་སྡིག་པ་དང་གཞུ་ལ་སོགས་པ་ལུགས་ལས་བཟློག་པས་དགོང་པ་གང་ཡིན་པ་དེ་སྤྲོས་པས་གསུངས་ཏེ། འདིར་ཡན་ལག་བཅུ་གཉིས་འགགས་པ་ཀུན་རྫོབ་མ་ཡིན་པས་དོན་དམ་པའི་བདེན་པར་གཞུ་དང་སྡིག་པ་ལ་སོགས་པ་ལུགས་ལས་བཟློག་པས་གནས་དང་ཉེ་བའི་གནས་ལ་སོགས་པ་དགོད་པའོ། །ཀུན་རྫོབ་ཀྱིས་ཆུ་སྲིན་དང་བུམ་པ་ལ་སོགས་པ་རིམ་པས་ཉེ་བའི་འཐུང་གཅོད་ལ་སོགས་པ་དགོད་པ་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་སོ། །ཇི་ལྟར་འཁོར་ལོ་གསུམ་གྱི་སྡོམ་པ་ལས་གཅིག་ནི་རབ་གཏུམ་མ་དང་གཏུམ་པའི་མིག་ཅན་མ་ལ་སོགས་པ་ལུགས་ལས་བཟློག་པས་གནས་ལ་སོགས་པ་དགོད་པ་སྟེ་གཉིས་པ་ནི་བརྩོན་འགྲུས་ཆེན་མོ་ལ་སོགས་པ་རིམ་པས་ཉེ་བའི་དུར་ཁྲོད་ལ་སོགས་པས་སོ། །འདིར་ནི་འཇིག་རྟེན་པའི་ཐ་སྙད་ལ་ཀུན་རྫོབ་གང་ཡིན་པ་དེ་དོན་དམ་པ་ཞེས་པ་ལས་ཤེས་པར་བྱའོ། དེ་ལྟར་རླུང་ལ་སོགས་རྩིབས་རྣམས་ལ་ནི་ཉི་མའི་རྒྱུ་བའི་དབང་གིས་ཞེས་པ་གཡས་ཀྱི་རྩལ་སྲོག་རྒྱུ་བའི་དབང་གིས་རིང་པོ་རྣམས་སོ། །སྟེང་སོགས་རྩིབས་ལ་ཟླ་བའི་རྒྱུ་བའི་དབང་


DTG012_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞེས་པ་གཡོན་གྱི་རྩལ་སྲོག་རྒྱུ་བའི་དབང་གིས་ཐུང་དུ་རྣམས་སོ་ཞེས་པ་ནི་དགོད་པ་གསུངས་པ་སྟེ་རིམ་པ་ཡིས་ཀྱང་ཀུན་རྫོབ་ཀྱིས་ཉེ་བའི་འཐུང་གཅོད་ལ་སོགས་པས་ཆུ་སྲིན་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཀ་ཙ་ཊ་པ་ཏ་སའི་སྡེ་པ་རྣམས་ཀྱི་ཡི་གེ་ཀ་ཡིག་ལ་སོགས་པ་རྣམས་ལཱྀ་ཡིག་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རིང་པོ་དང་ཐུང་དུ་རྣམས་དགོད་པར་བྱའོ། །དོན་དམ་པས་ཋྐ་ལ་སོགས་པ་ཐུང་དུའི་ཨ་ཡིག་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རྣམས་གཞུ་དང་སྡིག་པ་ལ་སོགས་པའི་དབྱེ་བས་སོ། །དེ་ལྟར་རླུང་མཚམས་ལ་སོགས་པའི་རྩིབས་རྣམས་ལས་ལ་སོགས་པ་སྟེ་གཡས་ཀྱི་དཀྱིལ་འཁོར་འབབ་པ་ལས་སོ། །སྟེང་ལ་སོགས་པའི་རྩིབས་རྣམས་ལ་ནམ་མཁའ་ལ་སོགས་པ་སྟེ་གཡོན་གྱི་དཀྱིལ་འཁོར་རབ་ཏུ་འབབ་པ་ལས་སོ་ཞེས་པ་ནི་ནང་གི་ངེས་པའོ། །འདིར་ལྷག་མ་ཚིགས་སུ་བཅད་པ་ལྔ་ནི་གོ་སླའོ། །ད་ནི་ལྷ་མོ་རྣམས་ཀྱི་གནས་ལ་སོགས་པའི་གནས་གསུངས་པ་ལྷུན་པོ་ཞེས་པ་ལ་སོགས་པ་སྟེ། འདིར་ལྷུན་པོའི་ཕྱོགས་བརྒྱད་རྣམས་ལ་སྟེང་དུ་རྣལ་འབྱོར་མའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ་འོག་ཏུ་ས་ལ་སེམས་ཅན་གྱི་དོན་གྱི་སླད་དུ་ཡང་དག་པར་རྒྱུའོ། །དེ་བཞིན་དུ་རྒྱ་མཚོའི་དཀྱིལ་འཁོར་དང༌། མེའི་དཀྱིལ་འཁོར་དང༌། རླུང་གི་དཀྱིལ་འཁོར་དང༌། ནམ་མཁའི་མཐར་རོ་ཞེས་པ་སྟེ། འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ལ་དཔག་ཚད་འབུམ་ཕྲག་ལྔ་ཇི་སྲིད་པར་རོ། །སེམས་ཅན་རྣམས་ཀྱི་ལུས་ལ་སྐྲའི་མཐར་ཐུག་པར་ཁྱབ་པར་བྱེད་པ་ཉིད་དེ་བཅོམ་ལྡན་འདས་དང་རྣལ་འབྱོར་མ་ཡང་དག་པར་རྒྱུ་བ་ལས་སོ། །འདིར་ལྷུན་པོའི་སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་པདྨ་འདབ་མ་བཅུ་དྲུག་པའོ། །དེའི་སུམ་ཆ་ནི་ལྟེ་བ་སྟེ་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །ཉི་མའི་སྟེང་དུ་དུས་ཀྱི་འཁོར་ལོའི་ཞབས་གཡས་པའི་འོག་ཏུ་བདུད་དང་ཞབས་གཡོན་པའི་འོག་ཏུ་ཉོན་མོངས་པ་སྟེ་དེ་ཡང་དྲག་པོའོ། །འདབ་མ་བརྒྱད་ལ་དུབ་མ་


DTG012_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྡོ་རྗེ་མཁའ་འགྲོ་མ་བརྒྱད་དང་དེ་རྣམས་ཀྱི་བར་བར་གྱི་འདབ་མ་རྣམས་ལ་བདུད་རྩིས་གང་བའི་ཐོད་པ་བརྒྱད་དོ། །དེ་ལྟར་འདབ་མ་བཅུ་དྲུག་ནི་དགའ་བའི་འཁོར་ལོ་སྟེ་དགའ་བ་བཅུ་དྲུག་གི་དབྱེ་བས་ལྷ་མོ་རྣམས་དང་ཐོད་པ་རྣམས་སོ། །བཅོམ་ལྡན་འདས་ནི་ཐིག་ལེ་བཞི་འཛིན་པའི་ཕྱིར་ཞལ་བཞི་པ་སྟེ་ཕྱོགས་ཉི་ཤུ་རྩ་བཞི་འགགས་པའི་ཕྱིར་ཕྱག་ཉི་ཤུ་རྩ་བཞི་པའོ། །ལྷག་པའི་ཟླ་བའི་ཕྱོགས་གཉིས་འགགས་པའི་ཕྱིར་གཉིས་ལྷག་རྒྱལ་བའི་ཕྱག་སྟེ་སྔར་གསུངས་པའི་རྡོ་རྗེ་ཤུགས་སོ། །བཅོམ་ལྡན་འདས་མའི་ཞལ་གཅིག་ནི་སྟོང་པ་ཉིད་དེ་ཕྱག་གཉིས་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་དག་གོ །གྲི་གུག་དང༌། ཕྱག་རྒྱ་དང༌། ཐོད་པ་ལ་སོགས་པ་ནི་མངོན་པར་འདུས་མ་བྱས་པའོ། །དེ་ནས་པདྨའི་ཕྱི་རོལ་དུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་ཐད་ཀའི་ཆར་སའི་དཀྱིལ་འཁོར་གྱི་ཚད་ཀྱིས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་སྟེ་དེའི་སུམ་ཆའི་ས་ལ་གྲི་གུག་གི་ཕྲེང་བའོ། །ཆ་གཉིས་ཀྱིས་རྩིབས་བརྒྱད་དོ། །དེ་བཞིན་དུ་རྒྱ་མཚོའི་ཕྱེད་ལ་སའི་འཁོར་ལོ་སྟེ་ཕྱེད་ཕྱི་མ་ལ་ཆུའི་འཁོར་ལོའོ། །དེ་བཞིན་དུ་མེའི་དཀྱིལ་འཁོར་གྱི་ཕྱེད་ལ་མེའི་འཁོར་ལོ་སྟེ་ཕྱེད་ཕྱི་མ་ལ་རླུང་གི་འཁོར་ལོའོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལ་ནམ་མཁའི་འཁོར་ལོ་སྟེ་ཕྱེད་ཕྱི་མ་ལ་རྡུལ་ཚོན་གྱི་སའོ། །ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་བཅུ་དྲུག་རྣམས་སོ་ཞེས་པ་ནི་ངེས་པའོ། །འདིར་སྐྲའི་མཐར་ཁྲུ་ལྔ་ནི་ལུས་སོ། །དེས་ན་ནམ་མཁའི་དཀྱིལ་འཁོར་ལ་ཕྱི་རོལ་གྱི་དུར་ཁྲོད་རྣམས་ཏེ་དེའི་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་ཀྱང་དཔག་ཚད་འབུམ་ཕྲག་ལྔའོ་ཞེས་པ་འཁོར་ལོ་སྔོམ་པ་ཆེན་པོ་ལའོ། །དེ་ལྟར་རིམ་པ་བཞིན་དུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་གནས་རྣམས་ཏེ་གཞུ་འགགས་པས་རྒ་ཤི་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་


DTG012_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་ཏེ་སྡིག་པ་འགགས་པས་སྐྱེ་བ་འགག་པའི་ཕྱིར་རོ། །དེ་བཞིན་དུ་དུར་ཁྲོད་གཉིས་སོ། །དེ་ནས་སའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཞིང་བཞི་སྟེ་སྲང་འགགས་པས་སྲིད་པ་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཞིང་རྣམས་ཏེ་བུ་མོ་འགག་པས་ལེན་པ་འགག་པའི་ཕྱིར་རོ། །དེ་བཞིན་དུ་དུར་ཁྲོད་གཉིས་སོ། །དེ་ནས་ཆུའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཚན་དོ་ཧ་བཞི་སྟེ་སེང་གེ་འགགས་པས་སྲེད་པ་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཚན་དོ་ཧ་རྣམས་ཏེ་ཀརྐ་ཊ་འགགས་པས་ཚོར་བ་འགག་པའི་ཕྱིར་རོ། །དེ་བཞིན་དུ་དུར་ཁྲོད་གཉིས་སོ། །དེ་ནས་མེའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་འདུས་པ་བཞི་སྟེ་འཁྲིག་པ་འགགས་པས་རེག་པ་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་འདུས་པ་རྣམས་ཏེ་གླང་འགགས་པས་སྐྱེ་མཆེད་དྲུག་འགག་པའི་ཕྱིར་རོ། །དེ་བཞིན་དུ་དུར་ཁྲོད་གཉིས་སོ། །དེ་ནས་རླུང་གི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་དུར་ཁྲོད་བཞི་སྟེ་ལུག་འགགས་པས་མིང་དང་གཟུགས་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་དུར་ཁྲོད་རྣམས་ཏེ་ཉ་འགགས་པས་རྣམ་པར་ཤེས་པ་འགག་པའི་ཕྱིར་རོ། །དེ་བཞིན་དུ་དུར་ཁྲོད་གཉིས་སོ། །དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་འཐུང་གཅོད་དམ་ཁྱིམ་བཞི་སྟེ་བུམ་པ་འགགས་པས་འདུ་བྱེད་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་འཐུང་གཅོད་རྣམས་ཏེ་ཆུ་སྲིན་འགགས་པས་མ་རིག་པ་འགག་པའི་ཕྱིར་རོ། །དེ་བཞིན་དུ་དུར་ཁྲོད་གཉིས་སོ། །དུས་སྦྱོར་གྱི་ཐུན་མཚམས་བཞི་འགགས་པས་གཞན་དུར་ཁྲོད་བཞིའོ། །ཡང་ན་ཟླ་བའི་ཆ་བཅུ་དྲུག་འགགས་པས་དུར་ཁྲོད་བཅུ་དྲུག་རྣམས་ཏེ་དེ་སྐད་དུ། བདེན་དོན་རྣམ་པ་བཅུ་གཉིས་


DTG012_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་སོ། །ཐུན་ཚོད་བརྒྱད་འགགས་པས་ལྷ་མོ་བརྒྱད་དེ་ཡང་ན་གཟའ་རྣམས་འགག་པའི་ཕྱིར་རོ། །དོན་དམ་པའི་རྟེན་ལ་སྒྲིབ་པ་མེད་པའི་ལྷ་མོ་རྣམས་རྟེན་པའི་རང་བཞིན་ནོ་ཞེས་པ་དོན་དམ་པའི་བདེན་པར་རོ། །འཇིག་རྟེན་ཀུན་རྫོབ་ཀྱིས་ཀྱང་གནས་ལ་སོགས་པར་སྔགས་ཀྱི་ལྷ་རྣམས་སྐྱེ་བ་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཀཱ་མ་རཱུ་པ་ཛཱ་ལར་གྲགས། །པཱུརྞྞ་གི་རི་དེ་བཞིན་གནས། །ཨོ་ཌི་ཡཱ་ཎ་བཞི་པར་འགྱུར། །ཤི་ཥྲྀ་ལྤུ་སྲྀ་དེར་གཙོ་མོ། །གོ་དཱ་པ་རཱི་རཱ་མེ་ཤ །དེ་བཱི་ཀོ་ཊ་མཱ་ལ་བ། །ཉེ་བའི་གནས་བཞི་འདི་རྣམས་སུ། །སླཱྀ་ཝཱུ་ཥྲཱྀ་ཤཱི་གཙོ་མོའོ། །ཨར་བུ་ད་མུམྨུ་ནི་ཞིང༌། །ཨོ་དྲཾ་ཀཱ་ར་ཎྱ་པ་ཊ། །དྷི་དྲྀ་ཐུ་ཏླྀ་ཞེས་ལྷ་མོ། །རྣམས་རྟེན་ནོར་འཛིན་གཞི་ལའོ། །ཏྲི་ཤ་ཀུ་ནི་ཉེ་བའི་ཞིང། །དེ་བཞིན་ཀར་མཱ་ར་པཱ་ཏྲ། །ཀོ་ཤ་ལ་དང་ལཱ་ཌའི་ཡུལ། །ཏླཱྀ་ཐཱུ་དྲཱྀ་དྷཱི་དེར་གཙོ་མོ། །ཀ་ལིང་ག་ཧ་རི་ཀེ་ལ། །ཙན་དྲ་དྭི་པ་ལམ་པ་ཀཾ། །ཚན་དོ་ཧ་ནི་རྣམ་པ་བཞི། །བྷི་པྲྀ་ཕུ་པླྀ་དེར་གཙོ་མོ། །ཀཱ་ན་ཙི་ཀོང་ཀ་ཎ་ཀ་དང༌། །ཧི་མཱ་ལ་ཡ་ཉེ་བ་ཡི། །ཚན་དོ་བཞི་པ་ནཻ་པཱ་ལ་ཉིད། །པླཱྀ་ཕཱུ་བྲཱྀ་བྷཱེ་དེར་གཙོ་མོ། །མཱ་ཏྲ་གྲི་ཧ་པྲ་ཡཱ་གཾ། །ཀོ་པླ་གི་རི་གྲི་ཧའི་ལྷ། །འདུས་པ་རྣམ་པ་བཞིར་འགྱུར་ཏེ། །ཌྷི་ཌྲྀ་ཋུ་ཊླྀ་དེར་གཙོ་མོ། །སཽ་རཱ་ཥྚྲ་དང་ཀཱ་སྨཱི་ར། །སུ་ཝ་རྞྞ་གླིང་སིང་ཧ་ལ། །ཉེ་བའི་འདུས་པ་འདི་རྣམས་སུ། །ཊླཱྀ་ཋཱུ་ཌྲཱྀ་ཌྷཱི་གཙོ་མོའོ། །ན་ག་ར་མ་ཧེ་ན་དྲ་རི། །སིན་དྷུའི་ཡུལ་ཀི་རཱ་ཏ་ཀ །དུར་ཁྲོད་རྣམ་པ་བཞིར་འགྱུར་ཏེ། །ཛྷི་ཛྲྀ་ཚུ་ཙླྀ་དེར་གཙོ་མོ། །མ་རུའི་ཡུལ་དང་ག་ཧྭ་ར་ཉིད། །ཀུ་ལ་ཏཱ་དང་ས་མ་ལ། །དེ་བཞིན་ཉེ་བའི་དུར་ཁྲོད་གསུངས། །ཙླཱྀ་ཚཱུ་ཛྲཱི་ཛྷཱི་དེར་གཙོ་མོ། །ཅ་ར་ཏྲ་ཀེ་ར་ན་ཉིད། །བི་ན་དྷྱ་གཽ་མཱ་རི་ཀའི་གྲོང༌། །རྣམ་བཞི་འཐུང་གཅོད་ཞེས་པར་གྲགས། །གྷི་གྲྀ་ཁུ་ཀླི་དེར་གཙོ་མོ། །ཉེ་ཁྱིམ་བི་ར་ཛཱཿ་ཀོང་ག །ཏྲི་པུ་རཱི་ཤྲཱི་ཧ་ཊྚ་ཀ །རྣམ་པ་འདི་བཞིར་གྲགས་པ་སྟེ། །


DTG012_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཀླཱྀ་ཁཱུ་གྲཱྀ་གྷཱི་དེར་གཙོ་མོ། །ཋྐ་སོགས་བཅུ་གཉིས་ཕོ་ཉ་མོ། །སྟོང་པའི་དཀྱིལ་འཁོར་གཙོ་མོ་སྟེ། །ཧ་སོགས་བཞི་ནི་ཕྱི་རོལ་གྱི། །དུར་ཁྲོད་ལ་སྟེ་བཅུ་དྲུག་ཨ། །ཨཱ་ཨཾ་ཨཿ་ཧ་ཧཱ་ཧཾ་ཧཿ། །ཕོ་ཉ་མོ་དེ་པད་འདབ་ལ། །བརྒྱད་ཉིད་ལ་ནི་ཐོད་པ་རྣམས། །ལྟེ་བའི་རྩེ་མོར་གཙོ་བོ་སྟེ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་ལ་སོགས་པ་དོན་དམ་མོ། །མ་རིག་ལ་སོགས་ལུགས་མཐུན་གྱིས། །ཆུ་སྲིན་སོགས་པ་ཀུན་རྫོབ་ཏུའོ། །གཞུ་ལ་སོགས་པ་ལུགས་བཟློག་གིས། །རྒ་ཤི་ལ་སོགས་དེ་དག་རྣམས། །སྒྲིབ་བ་མེད་པའི་ཆོས་ཀྱིས་ནི། །དག་པའི་ཆོས་ཀྱི་རབ་དབྱེ་ལས། །མཁའ་འགྲོ་མ་རྣམས་ལུས་ཀྱི་ཁམས། །རྣམ་པ་བདུན་ཅུ་གཉིས་རབ་གསུངས། །ཀུན་རྫོབ་སྔགས་གྲུབ་གང་དེ་དག །ཁྱིམ་སོགས་རྣམས་སུ་གཙོ་མོ་སྟེ། །དེ་ནས་དེ་རྣམས་ས་བོན་ཡིག །གནས་སོགས་དང་པོར་གྱུར་པའོ། །ཞེས་པ་ནི་འདི་ལྟ་སྟེ། ཀཱ་ཛཱ་པཱུ་ཨོ་ཞེས་པ་ནི་གནས་རྣམས་ལའོ། །གོ་རཱ་དེ་མཱ་ཞེས་པ་ནི་ཉེ་བའི་གནས་རྣམས་ལའོ། །ཨ་མུ་ཨོ་ཀཱ་ཞེས་པ་ནི་ཞིང་རྣམས་ལའོ། །ཏྲི་ཀ་ཀོ་ལཱ་ཞེས་པ་ནི་ཉེ་བའི་ཞིང་རྣམས་ལའོ། །ཀ་ཧ་ཙ་ལ་ཞེས་པ་ནི་ཚན་དོ་ཧ་རྣམས་ལའོ། །ཀཱཾ་ཀོ་ཧི་ནེ་ཞེས་པ་ནི་ཉེ་བའི་མཚན་དོ་ཧ་རྣམས་ལའོ། །མཱ་པྲ་ཀོ་གྲི་ཞེས་པ་ནི་འདུས་པ་རྣམས་ལའོ། །སཽ་ཀ་སུ་སིཾ་ཞེས་པ་ནི་ཉེ་བའི་འདུས་པ་རྣམས་ལའོ། །ན་མ་སི་ཀི་ཞེས་པ་ནི་དུར་ཁྲོད་རྣམས་ལའོ། །མ་ག་ཀུ་ས་ཞེས་པ་ནི་ཉེ་བའི་དུར་ཁྲོད་རྣམས་ལའོ། །ཙ་ཀེ་བིཾ་ཀོ་ཞེས་པ་ནི་འཐུང་གཅོད་རྣམས་ལའོ། །པི་ཀོ་ཏྲི་ཤི་ཞེས་པ་ནི་ཉེ་བའི་འཐུང་གཅོད་རྣམས་ལའོ། །དེ་བཞིན་དུ་དུར་ཁྲོད་བཅུ་དྲུག་རྣམས་ལ་སྟེ་རླུང་གི་སྒོའི་གཡོན་དང་གཡས་དག་ཏུ། ཀཾ་ཀ་ལ་ལ་ཀཾ་དང་ཀོ་ལ་ཧ་ལ་ལ་ཀོ་སྟེ་ཡང་ན་ཋྐ་ཐྐཱའོ། །དེ་བཞིན་དུ་ནུབ་དང་རླུང་གི་སྒོར་པཱུ་སྟེ་གན་དྷ་


DTG012_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པཱུ་དང་སརྦ་དཾ་ཤ་ལ་ས་སྟེ་ཡང་ན་ན་ནཱའོ། །བྱང་གི་སྒོར་ཀླཱྀ་ན་ལ་ཀླཱྀ་དང་དབང་ལྡན་དུ་བཱ་ལ་མྲྀ་ཏྱུ་ལ་བཱ་སྟེ་ཡང་ན་མ་མཱའོ། །ལྷོ་དང་བདེན་བྲལ་གྱི་སྒོར་ཤ་བ་ད་ཧ་ན་ལ་ཤ་དང་གྷོ་ར་ཡུད་དྷ་ལ་གྷོ་སྟེ་ཡང་ན་ཎ་ཎཱའོ། །ཤར་དང་མེའི་སྒོར་ཤཱུ་ལ་བྷེ་ད་ལ་ཤཱུ་ལ་དང་ཨུཙྪི་ཥྚ་བྷ་ཀྵ་ལ་ཨུ་སྟེ་ཡང་ན་ཉ་ཉཱའོ། །མེའི་སྒོའི་གཡོན་དང་གཡས་དག་ཏུ་བྷཱི་མ་ལ་བྷཱི་དང་བྷ་ཡཾ་ཀ་ར་ལ་བྷ་སྟེ། ཡང་ནང་དཱའོ། །དབང་ལྡན་གྱི་སྒོའི་གཡོན་དང་གཡས་དག་ཏུ། ཧ་ཧཱ་ཀཱ་ར་ལ་ཧ་དང་ཨ་ཊྚ་ཊྚ་ཧཱ་ས་ལ་ཨཱ་སྟེ་ཡང་ན་ཧ་ཧཱའོ། །བདེན་བྲལ་གྱི་སྒོའི་གཡོན་དང་གཡས་དག་ཏུ། རཽ་དྲ་ནཱ་ད་ལ་རཽ་དང་ཕེ་ཊ་ཀཱ་ར་ལ་ཕེ་སྟེ་ཡང་ན་ཀྵ་ཀྵཱའོ་ཞེས་པ་ནི་དུར་ཁྲོད་བཅུ་དྲུག་གི་ལྷ་མོ་རྣམས་ཀྱི་ས་བོན་ནོ། །དེ་ལྟར་མཁའ་འགྲོ་མའི་དྲ་བ་སྔོམ་པ་ཉིས་འགྱུར་ནི་འཇིག་རྟེན་པའི་ཡུལ་གྱི་ཐ་སྙད་ཀྱིས་བྱིས་པའི་སྐྱེ་བོ་རྣམས་བསྒྲལ་བའི་སླད་དུ་གསུངས་སོ། །རྣམ་པར་དཔྱད་ན་ཀཱ་མ་རཱུ་པ་དང་ཛཱ་ལ་དྷ་ར་ལ་སོགས་པ་གནས་ལ་སོགས་པ་ཡིན་པ་ནི་བརྫུན་ཏེ་གྲོང་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་གཅིག་ལ་ཡང་གནས་ལ་སོགས་པ་རྣམ་གསུངས་པའི་ཕྱིར་དང་དེ་བཞིན་དུ་བོད་དང༌། རྒྱ་ནག་དང༌། རྒྱ་ནག་ཆེན་པོ་ལ་སོགས་པའི་ཡུལ་རྣམས་དང༌། གྲོང་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་མ་གསུངས་པ་ཉིད་ཀྱི་ཕྱིར་ཕོ་ཉ་མོ་རྣམས་ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེས་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། གནས་ནི་ཤར་དུ་ལུས་འཕགས་དང༌། །ལྷོ་རུ་འཛམ་བུའི་གླིང་དང་ནི། །ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད། །བྱང་དུ་བྱང་གི་སྒྲ་མི་སྙན། །ཕྱོགས་བྲལ་ཉེ་བའི་གླིང་རྣམས་ནི། །ཉེ་བའི་གནས་འགྱུར་ས་གཞི་ལའོ། །དེ་བཞིན་ཞིང་ལ་སོགས་པ་ཀུན། །རྒྱ་མཚོའི་དཀྱིལ་འཁོར་སོགས་རྣམས་ལ་ཞེས་སོ། །དེའི་ཕྱིར་འཁོར་ལོ་གསུམ་གྱི་སྡོམ་པ་དང་ཀྱེའི་རྡོ་རྗེ་ལས་བཅོམ་ལྡན་འདས་ཀྱིས་སྔ་མ་དང་ཕྱི་མའི་གསུང་འགལ་བ་གང་ཡིན་པ་དེ་ནི་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་འཛིན་པ་དགྲོལ་བའི་སླད་དུ་སྟེ་


DTG012_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཁོར་ལོ་སྡོམ་པ་ལས་གནས་དང་ཉེ་བའི་གནས་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་དག་ནི་ཀྱེའི་རྡོ་རྗེ་ལས་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་འཁྲགས་འཁྲུགས་སུ་གསུངས་སོ། །རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཕྱི་རོལ་གྱི་གནས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ། །ནང་དུ་མ་རེག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་འགགས་པའི་དུས་སྦྱོར་བཅུ་གཉིས་རྣམས་ཏེ་རྒ་ཤི་ལ་སོགས་པ་འགགས་པའི་གཞུ་ལ་སོགས་པས་གནས་ལ་སོགས་པ་རྣམས་རྟོགས་པར་བྱའོ། །གནས་ལ་སོགས་པ་དེ་རྣམས་སུ་དེ་བཞིན་གཤེགས་པའི་རྣམ་པར་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དབྱིངས་རྣམས་ལྷའི་གཟུགས་ཀྱིས་བྱོན་པའམ་གཤེགས་པ་འདས་པའི་དུས་ན་བྱུང་བར་གྱུར་པ་དང་ད་ལྟར་བྱུང་བ་ན་ཡོད་པ་དང་མ་འོངས་པ་ན་འབྱུང་བར་འགྱུར་ཏེ་དབང་བྱེད་པ་དང་ལོངས་སྤྱོད་པ་དང་ཐིམ་པའི་དབྱེ་བས་སོ། །ཀུན་རྫོབ་ཏུ་ནི་འཁོར་ལོ་གསུམ་གྱི་སྡོམ་པ་ལས་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་དང་བདག་པོ་ཉིད་དུ་ཐུན་མཚམས་དང་ཐུན་ཚོད་དང་དུས་སྦྱོར་ཕྱེད་ཀྱི་དབྱེ་བས་ལྷ་མོ་བཞི་དང་བརྒྱད་དང་ཉི་ཤུ་རྩ་བཞི་རྣམས་གསུངས་སོ། །འདིར་འཁོར་ལོ་དྲུག་གི་སྡོམ་པ་ཆེན་པོ་ལས་དུས་སྦྱོར་གྱི་དཀྱིལ་འཁོར་རབ་ཏུ་འབབ་པས་དབང་བྱེད་པ་དང་ཐིམ་པའོ་ཞེས་པ་སྟེ་འདིར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གིས་བྱིན་གྱིས་བརླབས་པའོ། །དེ་ཉིད་ནི་ལོངས་སྤྱོད་པ་སྟེ་བདག་པོ་ཉིད་དོ། །ཐིམ་པ་ཞེས་བྱ་བ་ནི་འགྲོ་བར་བྱ་བའི་གནས་སོ། །དེས་ན་རྒྱབ་ཏུ་ལྷ་མོ་དབང་བྱེད་ཐིམ་པ་ཞེས་པ་འདིར་ནི་མདུན་དུ་དེ་ཉིད་ལྔ་ཡི་རང་བཞིན་རྣམས་ཀྱིས་ཏེ་ཞེས་པ་ལ་སོགས་པ་རྒྱས་པར་མཛད་དེ་འདིར་གཡས་ཀྱི་རྩལ་ཆུ་སྲིན་གྱི་དུས་སྦྱོར་ཆུ་ཚོད་ལྔའི་བདག་ཉིད་ཀྱི་ཆུ་ཚོད་དང་པོ་ལ་སའི་དཀྱིལ་འཁོར་རོ། །ལྟེ་བར་འདབ་མ་བཅུ་གཉིས་ལས་ཆུ་སྲིན་གྱི་འདབ་མའི་ནུབ་ཕྱོགས་ཀྱི་ཆ་ལ་སྲོག་རབ་ཏུ་འབབ་སྟེ་རླུང་གི་རྩིབས་ལ་ཞེས་པ་ནི་བརྟགས་པའོ། །འདིར་གང་གི་ཚེ་སྲོག་གི་ནུས་པའི་ལྷ་མོ་སའི་དཀྱིལ་


DTG012_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་དབང་བྱེད་པས་གནས་པ་དེའི་ཚེ་འགྲོ་བར་བྱ་བ་ཆུའི་དཀྱིལ་འཁོར་ལ་ཐིམ་པའོ། །སླར་ཡང་སྐྱེ་བ་འཛིན་པ་ནི་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བ་སྟེ་ཁ་ཐོན་དང་མར་མེ་ལ་སོགས་པའི་དཔེ་བཞིན་དུ་འདིར་ཡང་འཆི་བའི་ཐ་མ་དང་སྐྱེ་བའི་ཆ་ཅན་གྱི་ཆོས་དག་ལའོ། །དེས་ན་སའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་ཆུའི་དཀྱིལ་འཁོར་ལ་ཐིམ་པའོ། །ཆུའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་མེའི་དཀྱིལ་འཁོར་ལ་ཐིམ་པའོ། །མེའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་རླུང་གི་དཀྱིལ་འཁོར་ལ་ཐིམ་པའོ། །རླུང་གི་དཀྱིལ་འཁོར་ལ་དབང་བྱེད་པ་དང་སྟོང་པའི་དཀྱིལ་འཁོར་ལ་ཐིམ་པའོ། །སྟོང་པའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་པའོ་ཞེས་པ་ནི་ཆུ་སྲིན་ལའོ། །དེ་ནས་བུམ་པའི་འདབ་མ་ལ་དབུ་མར་ཡང་དག་པར་རྒྱུ་བ་གང་ཡིན་པ་དེ་ནི་འཁོར་ལོའི་སྟེང་དུ་གསུངས་ཏེ་འདིར་གང་གི་ཚེ་ཨ་བ་དྷཱུ་ཏཱི་ར་ཡེ་ཤེས་ཀྱི་འཁོར་ལོ་ལ་དབང་བྱེད་པ་དེའི་ཚེ་གཡོན་གྱི་རྩར་ནམ་མཁའི་དཀྱིལ་འཁོར་ལ་ཐིམ་པའོ། །གང་གི་ཚེ་ནམ་མཁའི་དཀྱིལ་འཁོར་ལ་དབང་བྱེད་པ་དེའི་ཚེ་རླུང་ལ་ཐིམ་པའོ། །དེ་བཞིན་དུ་རླུང་ལ་དབང་བྱེད་པ་དང་མེ་ལ་ཐིམ་པའོ། །མེ་ལ་དབང་བྱེད་པ་དང་ཆུ་ལ་ཐིམ་པའོ། །ཆུ་ལ་དབང་བྱེད་པ་དང་ས་ལ་ཐིམ་པའོ། །ས་ལ་དབང་བྱེད་པ་དང་ཨ་བ་དྷཱུ་ཏཱི་ར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་པའོ། །དེ་བཞིན་དུ་ཉ་དང་ལུག་གི་དཀྱིལ་འཁོར་རྣམས་ལ་སྟེ་དེ་བཞིན་དུ་ཁྱུ་མཆོག་དང་འཁྲིག་པ་དག་དང་ཀ་རྐ་ཊ་དང་སེང་གེ་དག་དང་བུ་མོ་དང་སྲང་དག་དང་སྡིག་པ་དང་གཞུ་དག་ལའོ། །དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་རྣམས་ཏེ་དུས་སྦྱོར་གསུམ་གྱི་མཐར་བཞི་ནི་དབུ་མ་ལ་རིག་པར་བྱའོ། །རླུང་དང་དབང་ལྡན་ལྷ་མིན་མེ་དང་འོག་དང་མཁའ་དང་ལྷ་དང་གཤིན་རྗེ་གནོད་སྦྱིན་ནུབ་ཏུ་དཀྱིལ་འཁོར་བཅུ་པོ་རྣམས་ལ་སྟེ་ཡང་ཡིག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་ངོ༌། །ཆུ་སྲིན་དང་བུ་མ་པ་ལ་སྟེ་དེ་བཞིན་དུ་གཞན་ལ་ཡང་ངོ༌། །ད་ནི་ཆུ་སྲིན་ལ་སོགས་པ་རྣམས་


DTG012_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་གྱི་འཁོར་ལོའི་རྩ་རྣམས་གསུངས་པ་གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ་འདིར་གཙུག་ཏོར་གྱི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་རྩ་བཞི་དང་དབུས་སུ་གཅིག་གོ །དེ་བཞིན་དུ་སྙིང་ཁ་ལ་སོགས་པའི་འཁོར་ལོ་རྣམས་ལའོ། །དེས་ན་ཆུ་སྲིན་དང་བུམ་པ་དག་ལ་གཙུག་ཏོར་གྱི་འཁོར་ལོར་རླུང་གི་རྩིབས་ལ་སོགས་པ་ཡང་དག་པར་རྒྱུ་སྟེ་ནམ་མཁའ་དག་པས་འཁོར་ལོའི་དང་པོ་ལ་རྡོ་རྗེའི་མཚན་མའོ། །དེས་ན་དཀྱིལ་འཁོར་དུ་ནམ་མཁའི་འཁོར་ལོ་ལ་རྡོ་རྗེའི་ཕྲེང་བའོ། །དེ་བཞིན་དུ་ཉ་དང་ལུག་དག་ལ་སྙིང་ཁའི་རང་བཞིན་ལས་རླུང་གི་འཁོར་ལོ་ལ་རལ་གྲིའི་ཕྲེང་བའོ། །དེ་བཞིན་དུ་གླང་དང་འཁྲིག་པ་དག་ལ་མགྲིན་པར་གནས་པ་ལ་སྟེ་མེའི་རང་བཞིན་ལས་མེའི་འཁོར་ལོ་ལ་རིན་པོ་ཆེའི་ཕྲེང་བའོ། །ཀརྐ་ཊ་དང་སེང་གེ་དག་ལ་མགོ་པོ་ལ་གནས་པ་ལ་སྟེ་ཆུའི་རང་བཞིན་ལས་ཆུའི་འཁོར་ལོ་ལ་པདྨའི་ཕྲེང་བའོ། །བུ་མོ་དང་སྲང་དག་ལ་ལྟེ་བའི་འཁོར་ལོ་ལ་སྟེ་སའི་རང་བཞིན་ལས་འཁོར་ལོའི་ཕྲེང་བའོ། །སྡིག་པ་དང་གཞུ་དག་ལ་གསང་བའི་འཁོར་ལོར་ཏེ་ཡེ་ཤེས་ཀྱི་རང་བཞིན་ལས་གྲི་གུག་གི་ཕྲེང་བའོ། །འཁོར་ལོ་རྩིབས་བརྒྱད་བརྒྱད་པ་འདི་རྣམས་ལ་འོག་དང་སྟེང་དུ་ཉི་ན་ཞག་སོ་སོར་ཆུ་སྲིན་གྱི་དུས་སྦྱོར་ནས་བརྩམས་ཏེ་སྲོག་གི་ཡང་དག་པར་རྒྱུ་བ་འདི་རྣལ་འབྱོར་པས་རིག་པར་བྱའོ། །འདིར་གང་དང་གང་དུ་སྲོག་དབང་བྱེད་པ་དེ་དང་དེར་དཀྱིལ་འཁོར་གྱི་གཙོ་མོའི་མིང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་རྐང་པ་བཞི་བཅུ་རྩ་བརྒྱད་པའི་རྐང་པ་གཅིག་བཟུང་ནས་སྲོག་རབ་ཏུ་འབབ་པས་བཟླས་པར་བྱ་སྟེ་བགྲང་ཕྲེང་གིས་ནི་མ་ཡིན་ནོ། །དེ་བཞིན་དུ་རྐང་པ་བཅུ་དྲུག་གི་རྐང་པ་རེ་རེ་བཟུང་ནས་དུར་ཁྲོད་ཀྱི་ལྷ་མོའི་མིང་དང་བཅས་པ་བཟླས་པར་བྱའོ། །རྐང་པ་བརྒྱད་ནི་པདྨའི་འདབ་མའི་ལྷ་མོ་བརྒྱད་དང་ལྷན་ཅིག་ཏུ་ཞེས་པ་འཆད་པར་འགྱུར་རོ། །དེ་ལྟར་ཆུ་སྲིན་ལ་སོགས་པ་དུས་སྦྱོར་གཉིས་གཉིས་ཀྱི་བར་དུ་དབྱུག་གུ་བཅུ་བཅུ་རྣམས་ལ་ཕོ་ཉ་མོ་རྣམས་ཀྱི་འཁོར་ལོ་ཡང་དག་པར་རྒྱུའོ། །དེ་ལྟར་ཉིན་ཞག་གི་དབྱུག་གུ་དྲུག་ཅུ་པོ་


DTG012_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་སྲོག་ཡང་དག་པར་རྒྱུ་བའོ། །དེ་ལྟར་ལུས་ལས་སྐྱེས་པའི་ཕྲ་མོ་དང་མི་དང་འབྱུང་པོ་དང་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་རང་རང་གི་ཉིན་ཞག་དང་རང་རང་གི་དཀྱིལ་འཁོར་རྣམས་ལ་རྣལ་འབྱོར་མ་ཡང་དག་པར་རྒྱུ་བ་ནི་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པ་སྟེ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །ཇི་ལྟར་འབྱུང་དང་སྡུད་བྱེད་པས། །རང་ཉིད་བྱེད་པོ་འཕྲོག་པོ་ལྟར། །རྡོ་རྗེ་འཆང་དང་སངས་རྒྱས་དང༌། །ཤེས་རབ་ཕ་རོལ་ཕྱིན་མ་རྣམས། །ལུས་ཅན་རྣམས་ཀྱི་བྱེད་པོ་མིན། །སངས་རྒྱས་པ་ལ་བདེན་གསུང་གིས། །བྱེད་པོ་འཕྲོག་པོ་བསྟན་པ་མེད། །ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་པ། །དེ་ཡི་འབྲས་བུ་སེམས་ཅན་སྤྱོད། །བྱེད་པོ་གཞན་ནི་འགའ་ཡང་མེད། །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་གཙོ་བོའི་གདན་གསུངས་པ་གཙོ་བོའི་ཞེས་པ་ལ་སོགས་པ་སྟེ་འདིར་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་པོ་རྣམས་ལ་ཀ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་ཡང་དག་པར་རྒྱུ་བའོ། །དེས་ན་གཙོ་བོའི་ཆུ་སྐྱེས་ཏེ་དཀྱིལ་འཁོར་གྱི་དབུས་སུ་པདྨ་གང་ཡིན་པ་དེ་རྡོ་རྗེ་ཀུན་གྱིས་ཞེས་པ་ནི་ཐིག་ལེ་བཞི་པོ་རྣམས་འགྱུར་མེད་ཅེས་པ་མི་འཕོ་བའི་རྡོ་རྗེ་ནོར་བུར་གནས་པ་རྣམས་ཀྱིས་རྡོ་རྗེ་ནོར་བུར་གནས་པ་ནི་པདྨ་སྟེ་ཀུན་ནས་དགའ་བ་ཐམས་ཅད་པ་བདེ་བ་མཉམ་པའི་གནས་འཕོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཅན་ནི་དུས་ཐམས་ཅད་པ་སྟེ་རྣལ་འབྱོར་མ་རྣམས་ཀྱིས་དགའ་བསྐྱེད་པའོ། །དེའི་ཕྱིར་ཟླ་བཞུ་བ་མི་འཕོ་བའི་བདེ་བ་བླ་མའི་ཞལ་ཏེ་ཡེ་ཤེས་ཀྱི་ཞལ་དེ་ལ་ནི་གང་ཞིག་ཞུགས་པ་དུས་ཀྱི་འཁོར་ལོ་དེ་ཉིད་དེ་རྣལ་འབྱོར་པར་འགྱུར་རོ་ཞེས་པ་ངེས་པའོ། །དེ་ལྟར་འདིའི་འཁོར་ལོ་ནི་དུས་སུ་གསུངས་ཞེས་པ་མ་རིག་པ་ལ་སོགས་པའི་ཆོས་སུ་བརྗོད་པ་ཕུང་པོའི་བདུད་ལ་སོགས་པ་བཞི་པོ་རྣམས་གསོད་པ་དང་འཇིགས་པར་བྱེད་པ་མཁའ་འགྲོ་མ་ཡི་འཁོར་ལོ་འདི་དག་གོ་ཞེས་པ་ནི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་སྟེ་ལྷའི་ཚོགས་བརྟགས་པ་གཞན་ནི་མ་ཡིན་ནོ། །ད་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་སླད་དུ་སྔགས་ཀྱི་བཟླས་པ་གསང་


DTG012_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་རབ་ཐབས་ཞེས་པ་ལ་སོགས་པ་སྟེ་འདིར་དུས་ཀྱི་འཁོར་ལོ་ལ་ཤེས་རབ་ཐབས་ཀྱི་ཡི་གེ་དག་གིས་ཞེས་པ་ནི་འདིར་གང་དུ་ཤེས་རབ་ཀྱི་ས་བོན་ཐུང་དུ་ཡིན་པ་དེའི་ཐབས་ཀྱི་ནི་མངོན་དུ་ཕྱོགས་པའི་རིགས་ཀྱི་དབང་གིས་རིང་པོར་འགྱུར་རོ། །གང་གི་ཚེ་ཤེས་རབ་ཀྱི་རིང་པོ་ཡིན་པ་དེའི་ཚེ་ཐབས་ཀྱི་ཐུང་དུའོ། །དེ་ལྟར་གཉི་གའི་རིགས་ཀྱི་དབང་ལས་མཁའ་འགྲོ་མ་དང་མཁའ་འགྲོའི་མིང་ཞེས་པ་ནི་ཤི་རྡོ་རྗེ་མ་དང་སླཱྀ་རྡོ་རྗེ་ཞེས་པ་ལ་སོགས་པ་དང་དེ་བཞིན་དུ་སླཱྀ་རྡོ་རྗེ་མ་དང་ཤི་རྡོ་རྗེ་སྟེ་ས་དང་རླུང་ཕན་ཚུན་དུ་ཤེས་རབ་དང་ཐབས་ཀྱི་དབྱེ་བ་ལས་སོ། །དེ་བཞིན་དུ་ཆུ་དང་མེ་དག་གི་ཥྲྀ་རྡོ་རྗེ་མ་དང་ཝཱུ་རྡོ་རྗེ་ཞེས་པ་དང་དེ་བཞིན་དུ་ཝཱུ་རྡོ་རྗེ་མ་དང་ཥྲྀ་རྡོ་རྗེ་ཞེས་པ་མཁའ་འགྲོ་མ་དང་མཁའ་འགྲོ་ཐམས་ཅད་ཀྱི་མིང་རྡོ་རྗེ་གསུམ་པོ་རྐང་པ་གཞན་དང་བཅས་པས་ཐོག་མ་དབུས་དང་ཐ་མར་ཕྱེ་བ་འདི་ནི་བཟླས་བྱ་སྟེ་ཞེས་པ་ནི་ཐོག་མར་ཨོཾ་ཡིག་གོ །དབུས་སུ་ཕྲེང་བའི་སྔགས་ཀྱི་རྐང་པ་དང་པོ་ལ་སོགས་པ་དང་དེ་ནས་རྡོ་རྗེ་ཕོ་ཉ་མོའི་ས་བོན་རྡོ་རྗེ་མཁའ་འགྲོ་དང་བཅས་པ་དང་དེ་ནས་ཐུགས་རྡོ་རྗེ་ཧཱུཾ་ཡིག་ཐུང་དུ་དང་གསུང་རྡོ་རྗེ་རིང་པོ་སྟེ་མཐར་ཕཊ་ཡིག་གོ །དེ་ལ་ཕྲེང་བའི་སྔགས་ནི་རྐང་པ་བདུན་ཅུ་རྩ་གཉིས་པ་སྟེ་རྐང་པ་བདུན་ཅུ་རྩ་གཉིས་པོ་དེ་རྣམས་ལས་དང་པོར་རྐང་པ་བརྒྱད་ནི་པདྨའི་འདབ་མའི་ལྷ་མོ་རྣམས་དང་ལྷན་ཅིག་གོ །རྐང་པ་བཅུ་དྲུག་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་དང་ལྷན་ཅིག་གོ །རྐང་པ་བཞི་བཅུ་རྩ་བརྒྱད་ནི་འཁོར་ལོ་དྲུག་གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་མིང་དང་ལྷན་ཅིག་ཏུ་བཟླས་པར་བྱའོ། །འདིར་རྐང་པ་བརྒྱད་དང་དུར་ཁྲོད་བཞིའི་རྐང་པ་སྲོག་གིས་བྱིན་གྱིས་བརླབས་པ་རྣམས་ནི་ཆུ་སྲིན་ལ་སོགས་པ་ལ་འཕོ་བའི་དུས་སུ་དབུ་མར་རབ་ཏུ་ཞུགས་པ་བཅུ་གཉིས་རྣམས་ལ་བཟླས་པར་བྱའོ། །ལྷག་མ་རྐང་པ་དྲུག་ཅུ་རྣམས་ནི་དཀྱིལ་འཁོར་ལྔའི་བྱིན་གྱིས་བརླབས་ཀྱིས་སྲོག་བྱིན་གྱིས་བརླབས་པ་གང་གི་དཀྱིལ་འཁོར་ཡིན་པ་དེའི་ལྷག་པའི་ལྷ་དང་བཅས་པའི་ཕྲེང་བའི་སྔགས་རྣལ་འབྱོར་པ་རྣམས་ཀྱིས་འགྲུབ་པར་འགྱུར་ཏེ་རྒྱུ་བའི་དབྱེ་བས་སོ། །མྱུར་དུ་དངོས་གྲུབ་ཏུ་ནི་འགྱུར་ཏེ་རོ་ཡི་འགྲོ་བ་རྣམས་ལ་གནས་པ་ཞེས་


DTG012_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགྲོ་བ་རིགས་དྲུག་ལ་གནས་པ་ནི་རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་དོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདིར་ཀུན་རྫོབ་ཏུ་ལྷ་མོའི་ཕྲེང་བའི་སྔགས་ལ་ཆུ་སྲིན་ལ་སོགས་པ་དང་ཀའི་སྡེ་པ་ལ་སོགས་པས་ཉེ་བའི་འཐུང་གཅོད་ལ་སོགས་པ་དགོང་པ་སྟེ་དེ་ལ་འཕོ་བ་བཅུ་གཉིས་ཀྱི་རྐང་པ་རྣམས་ནི་འདི་ལྟ་སྟེ་ཨོཾ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ་ཧྐྵྨླྺོཾ་ཀཱ་ལ་ཙ་ཀྲ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་སྲིན་གྱི་འཕོ་བ་ལ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་བཟླས་སོ། །དེ་བཞིན་དུ་ཨོཾ་དུར་དཱནྟ་ད་མ་ཀཿ་ཛཱ་ཏི་ཛ་རཱ་མ་ར་ཎཱ་ན་ཏ་ཀ་ཧ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་བུམ་པའི་འཕོ་བ་ལའོ། །ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཡཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ལའོ། །ཨོཾ་མ་ཧཱ་བཱི་རེ་ཤྭ་ར་ཨ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ལུག་ལའོ། །ཨོཾ་བཛྲ་བྷཻ་ར་བ་ཧཿ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་གླང་ལའོ། །ཨོཾ་བཛྲ་ཀཱ་ཡ་ཨཿ་བཛྲེ་ཧུཾ་ཧཱུཾ་ཅེས་པ་འཁྲིག་པ་ལའོ། །ཨོཾ་བཛྲ་གཱ་ཏྲ་ཧོཾ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཀ་རྐ་ཊ་ལའོ། །ཨོཾ་བཛྲ་ན་ཏྲ་ཨོཾ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་སེང་གེ་ལའོ། །ཨོཾ་བཛྲ་ཤྲོ་ཏྲ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་བུ་མོའི་འཕོ་བ་ལའོ། །ཨོཾ་བཛྲ་གྷྲཱ་ཎ་ཧ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་སྲང་ལའོ། །ཨོཾ་བཛྲ་ཛི་ཧྭ་ཀྵཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་སྡིག་པ་ལའོ། །ཨོཾ་བཛྲ་དནྟ་ཀྵ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་གཞུའི་འཕོ་བ་ལ་དབུགས་དང་ལྷན་ཅིག་བཟླས་པར་བྱའོ། །ཞེས་པ་སྟེ་འཕོ་བ་བཅུ་གཉིས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བཟླས་པའོ། །ཨོཾ་བཛྲ་ན་ཁ་ཀླཱྀ་བཛྲེ་གྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་སྲིན་གྱི་སའི་དཀྱིལ་འཁོར་ལ་རྐང་པ་དང་བཅས་པའི་བཅུ་གཅིག་གིས་དམན་པའི་སུམ་བརྒྱ་དྲུག་ཅུ་བཟླས་ཏེ། དེ་ལྟར་ཐམས་ཅད་དུ་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལའོ། །ཨོཾ་བཛྲ་ཀེ་ཤ་ཁཱུ་བཛྲེ་གྲྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་བཛྲ་ལོ་མ་གྲཱྀ་བཛྲེ་ཁུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་བཛྲ་བྷ་ར་ཎ་གྷི་བཛྲེ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་བཛྲ་ཧཱ་ས་དཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །ཐབས་ནི་བཅོམ་ལྡན་


DTG012_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཏེ་དེས་ན་ས་བོན་གཉིས་པ་མེད་དོ། །དེ་ལྟར་ནམ་མཁའི་དཀྱིལ་འཁོར་ལ་ཐམས་ཅད་ཤེས་པར་བྱའོ། །ཨོཾ་བཛྲ་གཱི་ཏ་ང་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་བུམ་པའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ཨོཾ་བཛྲ་ཎྲྀ་ཏྱ་གྷི་བཛྲེ་ཀླཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་བཛྲཱ་ཡུ་དྷ་ཀ་ར་གྲྀ་བཛྲེ་ཁཱུ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་བཛྲེ་ཀྲོ་དྷཱ་དྷཱི་པ་ཏི་ཁུ་བཛྲེ་གྲཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་བཛྲ་ཌཱ་ཀ་ཀླྀ་བཛྲེ་གྷཱི་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ལྟར་ཀ་སྡེ་ལ་གནས་པ་རྣམས་སོ། །དེ་ནས་ཉ་ལ་ཨོཾ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་པྲྀ་ཏ་ཙལཱ་བཛྲེ་ཛྷི་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ཨོཾ་ཤཱི་གྷྲ་མཱ་གྩྪ་གྩྪ་ཚཱུ་བཛྲེ་ཛྲྀ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་བཛྲ་ས་ཏྭཱ་ཛྙཱ་ཡཱ་སརྦ་མཱ་ར་བི་གྷྣ་བི་ནཱ་ཡ་ཀ་ཀོ་ན་ན་ར་ཀིཾ་པུ་རུ་ཥ་ག་རུ་ཌ་གན་དྷ་རྦ་ཡཀྵ་རཱ་ཀྵ་ས་བྷཱུ་ཏ་མ་ཧཱ་པྲེ་ཏ་ཀུམ་བྷཱ་ཎྜཱ་པ་སྨཱ་ར་ཀྵེ་ཊ་པཱ་ལ་བེ་ཏཱ་ཌཱ་པཱུ་ཏ་ན་དུ་ཥྚ་ནཱ་ག་གྲ་ཧཱ་ད་ཡོ་ཡེ་སརྦ་ཛྭ་ར་སརྦ་བྱཱ་དྷི་བྷིཿ་ཀྵུ་དྲོ་པ་དྲ་བ་ཀཱ་རི་ཎཿ་སརྦ་ས་ཏྭཱ་པ་ཀཱ་ར་ར་ཏཱཿ་ཏཱ་ན་སརྦཱ་ན་ཛཿ་ཤཱི་གྷྲཾ་བཛྲཱཾ་ཀུ་ཤེ་ནཱ་གྲྀ་ཥྱཱ་ཛྲཱྀ་བཛྲེ་ཚུ་ཕཊ་ཅེས་པ་མེའི་དཀྱིལ་འཁོར་ལ་འཁོར་ལའོ། །ཨོཾ་ཨཱུར་དྷ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྷཱི་བཛྲེ་ཙླྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་པཱུ་རྦ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །དེ་ནས་ལུག་ལ་ཨོཾ་དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྲྀ་ཤྱཱ་ཀྲྀ་ཤྱ་ཉ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །ཨོཾ་ཨུཏྟ་ར་དི་ཤི་ག་ཏཱ་ནཱ་ཀྲྀ་ཤྱ་ཛྷི་བཛྲེ་ཙླཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་པཤྩི་མ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྲྀ་བཛྲེ་ཚཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་བཱ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཆུ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་ཨཱི་ཤ་ན་དི་ཤི་ག་ཏཱ་ནཱ་ཀྲྀ་ཤྱཱ་ཀྲྀ་ཤྱ་ཙླྀ་བཛྲེ་ཛྷཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །


DTG012_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གླང་གི་དུས་སྦྱོར་ལ་ཨོཾ་ནཻ་རྲྀ་ཏྱ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཊླཱྀ་བཛྲེ་ཌྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ཨོཾ་ཨཱ་གནེ་ཡ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཋཱུ་བཛྲེ་ཌྲྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་ཨ་དྷོ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཌྲཱྀ་བཛྲེ་ཋུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་ཨཱ་ཀཱ་ཤ་མཎྜལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་དྷི་བཛྲེ་ཊླྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་བཱ་ཡུ་མཎྜལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཎཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །དེ་ནས་འཁྲིག་པ་ལ་ཨོཾ་ཏེ་ཛོ་མཎྜླ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཎ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ཨོཾ་ཨུ་ད་ཀ་མཎྜལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཌྷི་བཛྲེ་ཊླཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་པྲི་ཐཱི་མཎྜླ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཌྲཱྀ་བཛྲེ་ཋཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཋུ་བཛྲེ་ཌྲཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཊླཱྀ་བཛྲེ་ཌྷཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་ཀརྐ་ཊའི་དུས་སྦྱོར་ལ་ཨོཾ་ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་པཱྀ་བཛྲེ་བྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ཨོཾ་ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཕཱུ་བཛྲ་བྲཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་བཱ་ཀཱ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་བྲཱྀ་བཛྲེ་ཕུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་བྷཱི་བཛྲེ་པླྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་པཉྩ་སྐན་དྷ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་མཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །སེང་གེ་ལ་ཨོཾ་པཉྩ་དྷྲ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་མ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ཨོཾ་པཉྩན་དྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་བྷི་བཛྲེ་བླཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་བྲཱྀ་བཛྲེ་ཕཱུ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་པཉྩ་ཀ་རྨེན་དྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཕུ་བཛྲེ་བྲཱི་བཛྲ་ཧུཾ་


DTG012_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་པཉྩ་ཀརྨེ་ནྡྲི་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་པླྀ་བཛྲེ་བྷཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་བུ་མོའི་དུས་སྦྱོར་ལ་ཨོཾ་སརྦ་ཏྲ་ཡ་ཏྲ་ཀུ་ཏྲ་ཙི་ཏ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཏླཱྀ་བཛྲེ་དྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ཨོཾ་མ་ཧཱ་ཤྨ་ཤཱ་ནེ་བཛྲ་ག་ནི་ཛྭ་ལི་ཏ་བྷ་མྱཾ་ནི་པཱ་ཏ་ཡ་ནི་པཱ་ཏེ་ཨ་ཐཱུ་བཛྲེ་དྲྀ་བཛྡྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་བཛྲ་པཱ་ཤེ་ན་སརྦ་བྷུ་ཛ་ཥུ་བན་དྷ་ཡ་བ་ན་དྷ་ཡ་དྲཱྀ་བཛྲེ་ཐུ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་བཛྲ་ཤྲྀ་ཁ་མ་ལ་ཡ་སརྦ་པཱ་དེ་ཥུ་ནི་རོ་དྷ་ཡ་ནི་རྡོ་དྷ་ཡ་དྷཱི་བཛྲེ་ཏླཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་སརྦ་སཏྭ་ཀཱ་ཡ་བཱ་ཀ་ཙིཏྟ་ཀྵུ་དྲོ་པ་དྲ་པ་ཀཱ་ར་ར་ཏཱ་ན་མ་ཧཱ་ཀྲོ་དྷ་བཛྲེ་ཎ་ཙཱུ་རྞྞ་ཡ་ཙཱུརྞྞ་ཡ་ནཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །དེ་ནས་སྲང་གི་དུས་སྦྱོར་ལ་ཨོཾ་བཛྲ་ཁ་ཌ་གེ་ན་ནི་ཀྲྀནྟ་ཡ་ནི་ཀྲྀནྟ་ཡ་ན་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ཨོཾ་བཛྲ་ཏྲི་ཤཱུ་ལེ་ན་བྷེ་ད་ཡ་བྷེ་ད་ཡ་དྷི་བཛྲེ་ཏླཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་བཛྲ་ཀ་རྟྟི་ཀ་ཡཱ་ཧ་ན་ཧ་ན་དྲྀ་བཛྲེ་ཐཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་བཛྲ་པཱ་ཎེ་ན་བིནྡྷ་བིནྡྷ་ཐུ་བཛྲེ་དྲྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་བ་ཆུ་ལའོ། །ཨོཾ་བཛྲ་ཀའི་ལ་ཀཻཿ་ཀཱི་ལ་ཡ་ཀཱི་ལ་ཡ་ཏླྀ་བཛྲེ་དྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་སྡིག་པའི་དུས་སྦྱོར་ལ་ཨོཾ་བཛྲ་མུངྷ་རེ་ཎཱ་ཀོ་ཊ་ཡཱ་ཀོ་ཊ་ཡ་སླཱི་བཛྲེ་ཤི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ཨོཾ་བཛྲ་ཙཀྲེཎ་ཙྪེ་ད་ཡ་ཙྪེ་ད་ཡ་ཝཱུ་བཛྲེ་ཥྲྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་བཛྲ་ཀུན་ཏེ་ན་བྷིན་བྷ་བྷིན་དྷ་ཥྲི་བཛྲེ་ཝུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་བཛྲ་དཎྜེན་ཏཱ་ཌ་ཡ་ཏཱ་ཌ་ཡ་ཤཱི་བཛྲེ་སླི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་བཛྲ་པར་ཤུ་ནཱ་ཙྪིནྡ་ཙྪིནྡ་ཋྐཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །དེ་ནས་གཞུའི་དུས་སྦྱོར་ལ་ཨོཾ་སཱར་དྷ་ཏྲི་ཀོ་ཊི་ཁ་ཎྜཱ་ནི་ཀྲྀ་ཏྭཱ་ཤམ་ཤཱ་ན་བྷཱུ་མྱཱཾ་སརྦ་བྷཱུ་ཏེ་བྱོར་བ་ལིཾ་ཀུ་རུ་ཀུ་རུ་ཋཀ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་ལྷོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ཨོཾ་བཛྲ་ཌ་མ་རུ་ཀེ་ཎ་བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡཱ་བཱ་ཧ་ཡ་ཤི་


DTG012_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ་སླཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ཨོཾ་བཛྲ་ཌཱ་ཀོ་ནི་བྷྱོ་མཱ་ར་ཀི་ཡ་ཀཱ་ནཱཾ་རུ་དྷི་རཾ་ནི་བེ་ད་ཡ་ནི་བེ་ད་ཡཥྲྀ་བཛྲེ་ཝཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ཨོཾ་པཉྩཱ་མྲྀ་ཏ་ཧཱ་རི་ནཱི་བྷྱཿཔཉྩཱ་མྲྀ་ཏཾ་ནི་བེ་ད་ཡ་ནི་བེ་ད་ཡ་ཝཱུ་བཛྲ་ཥིར་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ཨོཾ་སརྦ་བཛྲ་ཌཱ་ཀི་ནཱི་ས་ཧི་ཏཿསརྦ་སཏྭ་ནཾ་ཤཱནྟིཾ་ཀཾ་པཽཥཊི་ཀཾ་རཀྵཱ་བ་ར་ཎ་གུ་བྷིཾ་ཀུ་རུ་ཀུ་རུ་སླི་བཛྲེ་ཤཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ལྟར་ཕྲེང་བའི་སྔགས་ཉིན་ཞག་སོ་སོར་དབུགས་ཀྱི་འཁོར་ལོའི་གྲངས་བཟླས་པར་བྱའོ། །འདིར་བགྲང་ཕྲེང་མེད་ཅིང་སྔགས་བརྗོད་པ་མེད་དེ་དབུགས་འཇུག་པ་དང་འབྱུང་བ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་འབྱུང་བ་མེ་ཏོག་གི་ཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་བལྟ་བར་བྱའོ། །དེ་ལྟར་ནང་དུ་ཉིན་ཞག་ལྔས་སྟོང་ཕྲག་བརྒྱད་ལྷག་པའི་འབུམ་ཕྲག་གི་བཟླས་པ་རྣལ་འབྱོར་པས་བྱའོ། །ཉིན་ཞག་ལྔ་བརྒྱ་རྣམས་ཀྱིས་དབུགས་འབུམ་ཕྲག་བརྒྱད་ལྷག་པའི་བྱེ་བ་བཟླས་པའོ། །དེ་ནས་ལུས་དག་པ་སྟེ་དེ་བཞིན་དུ་ངག་དག་པ་དང་དེ་བཞིན་དུ་སེམས་རྣམས་པར་དག་པའོ། །དེ་ལྟར་ཉིན་ཞག་བརྒྱ་ཕྲག་བཅོ་ལྔ་རྣམས་ཀྱིས་དབུགས་གཡོ་བ་མེད་པར་འགྱུར་ཏེ་སྲོག་གི་བུམ་པ་ཅན་གྱི་གནས་སྐབས་ཐོབ་པར་འགྱུར་རོ། །དེ་ནས་རྣལ་འབྱོར་པ་རྣམས་ལ་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་ཏེ་གཡོན་དང་གཡས་དང་དབུ་མའི་སྲོག་ཡང་དག་པར་རྒྱུ་བས་རྡོ་རྗེའི་བཟླས་པའི་རིམ་པ་དང་མ་ནིང་གི་བཟླས་པའི་རིམ་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཨ་བ་དྷཱུ་ཏིའི་དབུགས་རྣམས་དང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་འཁོར་ལོ་ལྔ་པོ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྡོམ་པ་གསུངས་པ་དབུགས་རྣམས་གང་དག་ཅེས་པ་ལ་སོགས་པ་སྟེ་འདིར་བྱིས་པ་སྐྱེ་བའི་དུས་སུ་དབུ་མ་ལ་ནི་དབུགས་རྣམས་གང་དག་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་སྟེ་རྐང་པ་དང་བཅས་རོ་དང་དམར་གྱུར་པ་དེ་བརྒྱད་རྣམས་ཀྱིས་འཁོར་ལོར་འགྱུར་ཏེ་འོག་དང་མཁའ་ཡི་དབང་གིས་སྒོ་ཡི་དབུས་གནས་ལྷ་མོ་རྣམས་ཞེས་པ་ནི་དབུགས་འདི་རྣམས་ཀྱི་ནང་ནས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཆོས་ཅན་གྱི་


DTG012_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་བརྒྱད་དེ་ཤེས་རབ་དང་ཐབས་ཀྱི་དབྱེ་བ་ལས་སོ། །དེ་རྣམས་ནི་སྙིང་པོའི་པདྨའི་འདབ་མ་ལ་ལྷ་མོ་བརྒྱད་དོ། །འདིར་ཐོད་པ་རྣམས་སུ་ནི་མི་འགྱུར་ཏེ་དཔའ་བོ་རྣམས་ཀྱང་ངོ༌། །བརྒྱད་ནི་གཟུགས་རྣམས་པར་དག་པས་སའི་འཁོར་ལོ་ལའོ། །བརྒྱད་ནི་འདུ་ཤེས་རྣམ་པར་དག་པས་ཆུའི་འཁོར་ལོ་ལའོ། །བརྒྱད་ནི་ཚོར་བ་རྣམ་པར་དག་པས་མེའི་འཁོར་ལོ་ལའོ། །བརྒྱད་ནི་འདུ་བྱེད་རྣམ་པར་དག་པས་རླུང་གི་འཁོར་ལོ་ལའོ། །བརྒྱད་ནི་རྣམ་པར་ཤེས་པ་རྣམ་པར་དག་པས་ནམ་མཁའི་འཁོར་ལོ་ལའོ། །བརྒྱད་ནི་ཡེ་ཤེས་རྣམ་པར་དག་པས་དུར་ཁྲོད་བརྒྱད་པོ་རྣམས་ལའོ། །དེ་ལྟར་གསང་བ་དང་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་འཁོར་ལོ་དྲུག་པོ་རྣམས་ལ་བཞི་བཅུ་རྩ་བརྒྱད་དོ། །དེ་བཞིན་དུ་སྣའི་བུག་པ་དག་ལ་གཉིས་དང་མིག་གི་བུག་པ་དག་ལ་གཉིས་དང་རྣ་བའི་བུག་པ་དག་ལ་གཉིས་དང་ལྕེའི་སྒོ་དང་གཙུག་ཏོར་གྱི་བུག་པ་དག་ལ་གཉིས་སོ་ཞེས་པ་ནི་ལྷ་མོའི་ཚོགས་ཏེ་དེ་ལྟར་ལྔ་བཅུ་རྩ་དྲུག་གོ །ལྷག་མ་རྐང་པ་གཅིག་གིས་བསྐྱེད་པ་སྲིད་པ་གསུམ་གྱི་ཡུམ་སྣ་ཚོགས་ཡུམ་སྟེ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་ནོ། །གཡོན་བརྐྱང་བདུད་རྩིའི་ཆ་དེ་ཡིས་འཁྱུད་པ་ཉི་མ་ཟླ་བའི་སྟེང་དུ་སྟེ། བདུད་དང་ཉོན་མོངས་པའི་སྟེང་དུ་གཡས་བརྐྱང་གིས་གནས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་མཆོག་ཏུ་མི་འགྱུར་པའི་བདེ་བའོ། །དབུགས་འདི་རྣམས་ཀྱི་ས་བོན་རྣམས་ནི་འཆད་པར་འགྱུར་བ་ལས་ལྀ་སོགས་དབྱངས་བརྒྱད་གང་དག་ཅེས་པ་ལ་སོགས་པས་བརྗོད་པར་བྱ་སྟེ་དེས་ན་འདིར་མ་བྲིས་སོ། །འདིར་ངེས་པའི་དོན་ནི་དུས་ཐམས་ཅད་དུ་བརྟན་པར་གྱུར་པ་དང་བུམ་པ་ཅན་གྱི་གནས་སྐབས་སུ་གྱུར་པ་ཇི་སྲིད་པར་དུས་ཐམས་ཅད་དུ་རྣལ་འབྱོར་པས་འཇུག་པ་དང་འབྱུང་བ་ཉིད་ཀྱིས་སྲོག་དབུ་མར་བསྒོམ་པར་བྱའོ། །དེ་ནས་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ་སྲོག་གི་བཟླས་པ་ལས་སོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་མི་ཕྱེད་པའི་ཡན་ལག་སྲོག་དང་ལྡན་པའི་ཡིད་ཀྱིས་སྔགས་བཟླས་པར་བྱའོ་ཞེས་པ་ནི་


DTG012_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐམས་ཅད་ལས་རྡོ་རྗེའི་ཚིག་སྟེ་སྔར་བརྗོད་ཟིན་ཏོ། །གང་ཡང་སྲོག་གི་བཟླས་པ་སྔགས་བརྗོད་པ་དང་བགྲང་ཕྲེང་དང་བྲལ་བ་དེ་ལྟ་ན་ཡང་བཟླས་པ་ཞེས་བརྗོད་པར་བྱ་སྟེ་སྲོག་འབྱུང་བ་དང་འཇུག་པའི་ཕྱིར་རོ། །ད་ནི་ཕྱི་དང་ནང་དུ་ལྷའི་གདན་གྱི་དག་པ་གསུངས་པ་ལྔ་ཞེས་པ་ལ་སོགས་པ་སྟེ་འདིར་དཔའ་བོ་གཅིག་པའི་གདན་ནི་ཟླ་བ་ཁུ་བའམ་ཉི་མ་རྡུལ་ལོ། །ཁམས་ལྔ་པོ་རྣམས་ཤེས་རབ་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཟླ་བའི་ཡོན་ཏན་ཡུལ་ལྔ་པོ་དེ་རྣམས་ནི་འདིར་སྤྱན་མ་ལ་སོགས་པ་རྣམས་ཀྱི་ཟླ་བའི་གང་ན་རྣམས་ཏེ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་རོ། །ཡོན་ཏན་གསུམ་གྱི་དབང་གིས་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཀྱི་ཉི་མའི་གདན་གསུམ་མོ། །འབྱུང་བ་བཞིའི་བདག་ཉིན་ནི་གཟུགས་ཆེན་པོ་ཞེས་པ་ཁམས་གསུམ་བཞིའི་ཆོས་ཅན་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ཀྱི་ཟླ་བའི་གདན་ནོ། །ཡེ་ཤེས་ཀྱི་འོད་ཟེར་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མའི་གདན་ནི་ཚོར་བ་ལ་སོགས་པ་ལྷག་མ་རྣམས་ཀྱི་སྟེ་གཟུགས་ཅན་མིན་པ་ཞེས་པའི་གསུང་ལས་སོ། །དེ་ལྟར་ཟླ་བའི་དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པ་དང་མཉམ་པ་ཉིད་ཀྱི་དབྱེ་བས་ཉི་མའི་དཀྱིལ་འཁོར་བཞིའོ། །དེ་ལྟར་ཕུང་པོ་དང་ཁམས་རྣམས་ཀྱི་ཡོན་ཏན་དང་ཡུལ་གྱི་རྟེན་ལ་དགུའི་བདག་ཉིད་ཀྱི་འདུས་པ་སྟེ་མངལ་དུ་སྐྱེས་པའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ལྷ་ལ་ཡང་ངོ༌། །སླར་ཡང་གཞན་ཁྲོ་བོའི་གདན་བཞི་སྟེ་ཆུ་གཏེར་རྐང་པ་ཞེས་པ་ཉི་མའི་རྐང་པའི་ནོར་དང་བུ་ལོན་འཕེལ་བ་དང་འགྲིབ་པའི་དབང་གིས་ཁྲོ་བོ་རྣམས་ཀྱི་ཉི་མའི་གདན་རྣམས་སོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་རྐང་པ་ཞེས་པ་སྟེ་བཅུ་གསུམ་གྱི་བདག་ཉིད་ཀྱི་འདུས་པའོ། །དེ་བཞིན་དུ་གཟའ་བདུན་པོ་ཉི་མའི་གདན་རྣམས་དང་རྫོགས་པ་བཅུ་གཉིས་ཟླ་བའི་དཀྱིལ་འཁོར་རྣམས་ཏེ་གསུམ་པ་བཅུ་དགུའི་བདག་ཉིད་ཀྱི་འདུས་པའོ། །ལོ་སོ་སོར་ནག་པོའི་རྫོགས་པ་གནམ་སྟོང་བཅུ་གཉིས་དང་དཀར་པོའི་རྫོགས་པ་ཉ་བཅུ་གཉིས་ཏེ་དེ་ལྟར་ཉི་ཤུ་རྩ་བཞི་ཉི་མ་དང་ཟླ་བའི་གདན་རྣམས་དང་གཙོ་


DTG012_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རིགས་ཀྱི་དབང་གིས་ཟླ་བའམ་ཉི་མའི་གདན་ཏེ་དེ་ལྟར་ལྷ་རྣམས་ཀྱི་རྟེན་གྱི་དབྱེ་བ་ལས་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་འདུས་པའོ། །སླར་ཡང་དེ་རྣམས་ཀྱི་ནང་དུ་གཞན་གཟའ་བདུན་གྱི་གདན་རྣམས་བསྲེག་པ་ནི་ཕུང་པོ་ལྔ་དང་ཁམས་བཞི་དང་སྐྱེ་མཆེད་བཅུ་གཉིས་དང་ཁྲོ་བོ་བཅུ་གཅིག་རྣམས་ཀྱི་གདན་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་འདུས་པའོ། །སླར་ཡང་མཉམ་དང་མི་མཉམ་གནས་ལ་སྲོག་འགྲོ་བ་ཉི་མའི་གདན་དང་འོང་བ་ཟླ་བའི་གདན་ཏེ་དེས་ན་སུམ་ཅུ་རྩ་བཞིའི་བདག་ཉིད་ཀྱི་འདུས་པའོ། །དེ་ལྟར་རྣམ་པ་དྲུག་སྟེ་མངལ་དུ་བྱིས་པའི་ཁམས་ཀྱི་རྟེན་དང་བརྟེན་པ་འདུས་པ་ཇི་ལྟ་བདེ་བཞིན་དུ་ལྷ་རྣམས་ཀྱི་འདུས་པའོ་ཞེས་པའི་རིགས་པས་འདུས་པ་དྲུག་གོ །ད་ནི་ཟླ་བ་ཞེས་པ་ལ་སོགས་པས་འཁོར་ལོ་གསུམ་གྱི་སྡོམ་པ་ལ་གདན་གྱི་དག་པ་གསུངས་ཏེ་འདིར་འཁོར་ལོ་གསུམ་ལ་རྩིབས་ཉི་ཤུ་རྩ་བཞིའོ། །དེ་རྣམས་ཀྱང་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་ཡོན་ཏན་ལག་པ་རི་བོང་ཅན་ཞེས་པ་སྔར་གསུངས་པའི་ཟླ་བའི་རྐང་པ་ཉི་ཤུ་རྩ་ལྔ་སྟེ་དེ་རྣམས་ལས་ཉི་ཤུ་རྩ་བཞི་ནི་འཁོར་ལོ་གསུམ་གྱི་རྩིབས་སུ་འགྱུར་ཞིང་ཉི་ཤུ་རྩ་ལྔ་པ་གཅིག་པུ་ནི་པདྨའི་འདབ་མའི་ལྷ་མོའི་རོའི་གདན་ནོ། །ཉི་མའི་རྐང་པ་ནི་རོ་དང་དུས་དང་རི་བོང་ཅན་ཞེས་པ་བཅུ་གཅིག་སྟེ་དེ་རྣམས་ལས་གསུམ་ནི་སྙིང་པོའི་པདྨའི་འདབ་མ་གསུམ་ལའོ། །ལྷག་མ་བརྒྱད་ནི་དུར་ཁྲོད་བརྒྱད་ལ་རོའི་གཟུགས་ཀྱིས་གནས་པ་རྣམས་ཏེ་རྩིབས་ཞེས་པ་ནི་རྟེན་ནོ། །རོ་ཞེས་པ་ནི་ལྷ་མོ་རྣམས་ཀྱི་བཞོན་པའི་རོ་རྣམས་སོ། །དེ་ལྟར་འཁོར་ལོ་གསུམ་གྱི་སྔོམ་པའོ། །སླར་ཡང་ལྔ་མ་དང་ཕྱི་མའི་དབྱེ་བས་རྐང་པ་ཉིས་འགྱུར་ནི་སྡོམ་པ་ཆེན་པོ་ལ་ལྷ་མོ་རྣམས་ཀྱི་གདན་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ་དེ་ལྟར་འཁོར་ལོ་དྲུག་གོ་སྔོམ་པའོ། །སྒྱུ་འཕྲུལ་དྲ་བ་ལ་རྫོགས་པ་ཉི་ཤུ་རྩ་བཞི་སྟེ་དཀར་པོ་དང་ནག་པོ་རྣམས་ཟླ་བ་དང་ཉི་མའི་གདན་རྣམས་སོ། །དེ་བཞིན་དུ་གཟའ་བདུན་ཏེ་ཉི་མའི་གདན་བདུན་ནོ། །ཉི་མའི་རྐང་པ་རྣམས་ནི་ཉི་མའི་གདན་བཅུ་གཅིག་གོ །ཡང་ན་བསམ་པའི་དབྱེ་བས་ཟླ་བའི་གདན་རྣམས་ཏེ་དེ་ལྟར་གདན་བཞི་བཅུ་རྩ་གསུམ་ནི་གཅིག་ལའོ། །མཉམ་དང་མི་མཉམ་རྐང་བས་སྔར་བཞིན་དུ་ཟླ་བ་དང་ཉི་མའི་གདན་ཏེ་གདན་བཞི་


DTG012_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་ལྔ་ནི་གཉིས་བ་ལའོ། །ཆུ་གཏེར་རྐང་པ་ཞེས་པ་ཉི་མའི་རྐང་པའི་དབྱེ་བས་ཉི་མའི་གདན་ནམ་ཟླ་བའི་གདན་བཞིར་འགྱུར་ཏེ་ལུས་དང་བསམ་པའི་དབྱེ་བས་སོ། །དེ་ལྟར་ལྷ་རྣམས་ཀྱི་གདན་བཞི་བཅུ་རྩ་དགུ་ནི་སྒྱུ་འཕྲུལ་དྲ་བ་གསུམ་པ་ལ་སྟེ་མངལ་དུ་བྱིས་པའི་སྲོག་གི་རྟེན་དུ་གྱུར་པའི་ཁམས་རྣམས་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་དང་གཞན་ལ་ཡང་ལ་གྲུབ་བོ། དེ་ལྟར་འདུས་པ་དང་སྒྱུ་འཕྲུལ་དྲ་བ་དང་འཁོར་ལོ་གསུམ་དང་འཁོར་ལོ་དྲུག་གི་སྡོམ་པ་ཡོངས་སུ་དག་པའི་ངེས་པའོ། །རྒྱུད་དེ་རྣམས་ལ་གཙོ་བོ་ནི་གཟུགས་མེད་པའི་ཕུང་པོའི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མའམ་གཟུགས་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཆོས་ལས་ཟླ་བ་ལ་འགྱུར་ཞིང་རྣམ་པར་སྣང་མཛད་ནི་སྙིང་རྗེའི་ཆོས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་འགྱུར་ཏེ་རིགས་ཀྱི་དབང་གིས་ཞེས་པ་ཤེས་རབ་དང་སྙིང་རྗེའི་དབང་གིས་སོ། །གཙོ་བོའི་ཡང་ན་ཁ་སྦྱོར་ལ་ཞེས་པ་ནི་དུས་ཀྱི་འཁོར་ལོ་ལ་ཤེས་རབ་དང་སྙིང་རྗེ་གཉིས་ལའོ་ཞེས་པ་སྟེ་དང་པོའི་སངས་རྒྱས་རིས་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གྲུབ་བོ། །ད་ནི་རླུང་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་གྱི་དག་པ་གསུངས་པ་རླུང་ཞེས་པ་ལས་སོགས་པ་སྟེ་འདིར་རླུང་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་ནི་རྣམ་པ་གཉིས་ཏེ་གཅིག་ནི་ཡུལ་དག་པས་སོ། །གཉིས་པ་ནི་ཡོན་ཏན་གསུམ་དག་པས་སོ། །དེ་ལ་རླུང་གི་ཁམས་ལ་རེག་བྱའི་ཡོན་ཏན་གྱི་བདག་ཉིད་ཞལ་གཅིག་ཏུ་འགྱུར་ཞིང་གཉིས་པ་ནི་སྒྲའི་ཡོན་ཏན་གྱི་བདག་ཉིད་རྒྱས་གདབ་པ་སྟེ་དེས་ན་འདུ་བྱེད་ཀྱི་ཕུང་པོ་ལ་རྣམ་པར་ཤེས་པའི་ཕུང་པོས་རྒྱས་གདབ་བོ། །དེ་ལྟར་རླུང་ལ་རེག་བྱའི་ཞལ་གཅིག་དང་ནི་ཡོན་ཏན་གཞན་གྱི་དབང་གིས་རྒྱས་གདབ་ཞལ་ནི་གཉིས་པ་ཞེས་པ་སྤྱི་བོར་ཏེ་ཞལ་གྱི་གནས་སུ་ནི་མ་ཡིན་ནོ། །དེ་བཞིན་དུ་མེ་ལ་རོ་དང་རེག་བྱའི་ཡུལ་གྱི་ཆོས་ཀྱིས་ཞལ་གཉིས་དང་ཡོན་ཏན་གྱིས་རྒྱས་གདབ་པའི་ཞལ་ནི་གསུམ་པ་སྟེ་དེས་ན་ཚོར་པ་ལ་ཡང་རྣམ་པར་ཤེས་པས་རྒྱས་གདབ་བོ། །དེ་བཞིན་དུ་ཆུ་ལ་གཟུགས་དང་རོ་དང་རེག་བྱ་ཡི་ནི་ཞལ་ཏེ་ཞལ་གསུམ་དང་རྒྱས་གདབ་ཞལ་ནི་བཞི་པ་ནམ་མཁའི་མཚན་ཉིད་སྒྲའོ། །དེས་ན་འདུ་ཤེས་ལ་རྣམ་པར་ཤེས་པས་རྒྱས་གདབ་བོ། །ས་ལ་དྲི་ལ་སོགས་པ་ཞེས་པ་


DTG012_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དྲི་དང་གཟུགས་དང་རོ་དང་རེག་བྱའི་ཡུལ་གྱི་ཆོས་ཀྱིས་ཞལ་བཞིར་འགྱུར་ཏེ་དེས་ན་གཟུགས་ཀྱི་ཕུང་པོ་ལ་ཡང་རྣམ་པར་ཤེས་པའི་ཕུང་པོས་རྒྱས་གདབ་བོ་ཞེས་གྲུབ་བོ། །ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་སྟོང་པ་ཆེན་པོའི་འགྱུར་མེད་ལྔ་ཞེས་གསུངས་པའི་ཕྱིར་སྟོང་པ་རྣམ་པ་ལྔ་ཞལ་ལྔ་སྟེ་རྒྱ་ཡིས་གདབ་པའི་ཞལ་ནི་དྲུག་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་ནི་ཡེ་ཤེས་ཁམས་ལ་འགྱུར་ཏེ་ཡོན་ཏན་དབང་ལས་ཞེས་པ་ཞལ་དྲུག་པ་ལ་སྟོང་པ་དྲུག་གི་ཞལ་ཏེ་དེ་ལ་ཡང་རྣམ་པར་ཤེས་པའི་ཁམས་ཀྱིས་རྒྱས་གདབ་བོ་ཞེས་པ་ཕྱག་རྒྱའི་ངེས་པ་སྟེ་ཁམས་དང་ཡུལ་གྱི་ཡོན་ཏན་གྱི་དབང་གིས་དག་པའོ། །དེ་ནས་གཅིག་ནི་བཞི་ལ་བསྲེས་པ་བདེ་མཉམ་འབྲས་བུ་སྟེར་བ་དག་སྟེ་གཉིས་དང་གསུམ་ནི་བསྲེས་པ་ལྔ་ཞེས་པ་ནི་འདིར་གང་གི་ཚེ་རླུང་གི་ཁམས་རེག་བྱ་གཅིག་པུའི་ཡོན་ཏན་གྱི་བདག་ཉིད་ནམ་མཁའི་ཁམས་ཀྱིས་རྒྱས་བཏབ་པ་ནི་སའི་ཁམས་དྲི་ལ་སོགས་པ་ཡོན་ཏན་བཞིའི་བདག་ཉིད་ནམ་མཁའི་ཁམས་ཀྱིས་རྒྱས་བཏབ་པ་ལ་བསྲེས་པར་གྱུར་པ་དེའི་ཚེ་བདེ་མཉམ་འབྲས་བུ་སྟེར་བཤེས་རབ་དང་ཐབས་ཀྱི་བདག་ཉི་སྦྱོར་བར་འགྱུར་རོ། དེ་བཞིན་དུ་མེ་རེག་བྱ་དང་རོའི་ཡོན་ཏན་གཉིས་ཀྱི་བདག་ཉིད་ནམ་མཁའི་ཡོན་ཏན་གྱིས་རྒྱས་བཏབ་པ་དང་ཆུའི་ཁམས་ཡོན་ཏན་གསུམ་གྱི་བདག་ཉིད་ནམ་མཁའི་ཡོན་ཏན་གྱིས་རྒྱས་བཏབ་པ་ཕན་ཚུན་འདུས་པ་ནི་ལྔར་འགྱུར་རོ། །དེ་བཞིན་དུས་དང་རླུང་དག་ལ་ལྔའོ། །དེ་བཞིན་དུ་ཤར་དང་ནུབ་དང་བྱང་དང་ལྷོ་ཕན་ཚུན་འདུས་པ་ནི་ཤེས་རབ་དང་ཐབས་ཞལ་བཅུ་སྟེ་འདིའི་སྤྲོས་པ་ནི་ནང་གི་ལེའུ་ལས་ཤེས་རབ་ཐབས་ནི་རུས་པ་ཤ་དང་ཆུ་དང་བཅས་པའི་ཁྲག་དང་སྨིན་བྱེད་དང་ནི་གཅི་བ་ཉིད་ཅེས་པ་ལ་སོགས་པས་གསུངས་སོ་ཞེས་པ་ངེས་པའོ། །གཞན་ཡང་ཡོན་ཏན་རྣམ་པ་གསུམ་ཞེས་པ་ལ་སོགས་པས་ཡོན་ཏན་གསུམ་གྱི་དབྱེ་བ་གསུངས་ཏེ་འདིར་ཁམས་ཐམས་ཅད་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་རྣམས་ཡོད་དེ་དེ་རྣམས་ཀྱི་ཁམས་ཐམས་ཅད་ཞལ་གསུམ་པའོ། །ཁམས་རྣམས་ལ་དྲི་ལ་སོགས་པ་བས་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཡུལ་དྲུག་སྟེ་དེ་རྣམས་ཀྱི་ཕྱག་དྲུག་པའོ། །དེ་ལྟར་ཡོན་ཏན་རྣམས་པ་གསུམ་


DTG012_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་གིས་བཞི་ལ་ཞལ་ནི་བཅུ་གཉིས་ཏེ་ཤར་དང་ནུབ་དང་བྱང་དང་ལྷོ་དང་འོག་དང་སྟེང་གི་ཤེས་རབ་དང་ཐབས་སོ་ཞེས་པ་ངེས་པའོ། །འདུས་པ་ལས་ཐམས་ཅད་ཀྱི་མཚན་མ་ནི་ཁུ་བ་དང་རྩ་དང་རུས་པ་རྣམས་པར་དག་པ་རྡོ་རྗེ་དང་པདྨ་དང་འཁོར་ལོ་སྟེ་མི་བསྐྱོད་པའི་གཡས་ནའོ། །རྡུལ་དང་ཁྲག་དང་ཤ་ནི་རྡོ་རྗེ་དྲིལ་བུ་དང་ནོར་བུ་དང་རལ་གྲི་སྟེ་གཡོན་ནའོ། །འདིར་ལྷ་གང་གི་གཡས་ཀྱི་ཕྱག་དང་པོའི་མཐིལ་དུ་རང་གི་མཚན་མ་སོང་བ་དེའི་གནས་སུ་རྡོ་རྗེའི་མཚན་མ་འགྲོ་བ་དེ་ལྟར་འདུས་པའི་ངེས་པ་སྟེ་འདུས་པ་ལ་སངས་རྒྱས་གང་དབུས་སུ་བཞུགས་པ་དེའི་གནས་སུ་མི་བསྐྱོད་པ་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ་མཚན་མ་ལ་ཡང་ངེས་པའོ། །དེ་བཞིན་དུ་ཞལ་ལྔ་པ་དང་ཞལ་དྲུག་པ་དག་ལ་ཞལ་བཅུ་གཉིས་པ་སྟེ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཁམས་རྣམས་ཞལ་ལྔ་པ་དང་ཞལ་དྲུག་པ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་དག་ལའོ། །སླར་ཡང་དེ་དག་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱིས་འདུས་པ་ནི་ཞལ་ཉི་ཤུ་རྩ་གཉིས་པའོ་ཞེས་པ་ངེས་པའོ། །ད་ནི་དུས་ཀྱི་དབྱེ་བས་ཞལ་ལ་སོགས་པའི་དག་པ་གསུངས་པ་ཐུན་མཚམས་ཞེས་པ་སྟེ་འདིར། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པའི་ངེས་པ་ལས་ནམ་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་ལ་ཐུན་མཚམས་དབྱེ་བས་ཐུན་ཚོད་ཀྱི་དབྱེ་བས་ཕྱག་བརྒྱད་པའོ། །དེ་བཞིན་དུ་ཉི་མ་ཕྱེད་ནས་ནམ་ཕྱེད་ཀྱི་བར་ལ་ཤེས་རབ་ཀྱང་ཞལ་བཞི་ཕྱག་བརྒྱད་མའོ། །མཉམ་པ་འཁྲུད་པ་ནི་ཉིན་མོ་དང་མཚན་མོ་དག་གི་གུང་གི་ཆ་ཤས་ལའོ། །མི་མཉམ་པ་ནི་སྔ་དྲོའི་ཐུན་མཚམས་དང་ཕྱི་དེའི་ཐུན་མཚམས་དག་ལའོ། །དེ་ལ་ཉིན་མོ་དང་མཚམས་མོ་དག་དམན་པ་དང་ལྷག་པའི་དབང་གིས་འགའ་ཞིག་ཏུ་ནི་ཉིན་མོ་འཕེལ་བ་ལས་བཅོམ་ལྡན་འདས་ཞལ་ལྔ་ཕྱག་བཅུ་པ་དང་བཅོམ་ལྡན་འདས་མ་ཞལ་གསུམ་ཕྱག་དྲུག་མའོ། །མཚན་མོ་འཕེལ་བ་ལས་བཅོམ་ལྡན་འདས་མ་ཞལ་ལྔ་དང་བཅོམ་ལྡན་འདས་ཞལ་གསུམ་པའོ་ཞེས་པ་ལ་སོགས་པ་གྲུབ་བོ་ཞེས་པ་ནི་དུས་ཀྱི་འཁོར་ལོའི་རྣམ་པར་དག་པ་གཅིག་གོ །དེ་བཞིན་དུ་གཉིས་པ་གསུངས་པ་རྣམས་པ་གསུམ་ཞེས་པ་ལ་སོགས་པ་སྟེ་འདིར་


DTG012_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་ལ་སོགས་པ་ཁྱིམ་བཅུ་གཉིས་པོ་དེ་རྣམས་ཀྱི་ནད་ནས་ཆུ་སྲིན་དང་བུམ་པ་དང་ཉའི་ཁྱིམ་རྣམས་ནི་ཐུགས་རྡོ་རྗེའི་ཞལ་རྣམས་ཏེ་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བས་ནག་པོ་དང་དམར་པོ་དང་དཀར་པོ་སྟེ་དུས་སྦྱོར་དབྱེ་བས་ཁ་དོག་གསུམ་ཞེས་སོ། །དེ་བཞིན་དུ་ལུག་དང་གླང་དང་འཁྲིག་པ་རྣམས་ནི་གསུང་རྡོ་རྗེའི་ཞལ་རྣམས་ཏེ་རྡུལ་དང་སྙིང་སྟོབས་དང་མུན་པའི་དབྱེ་བས་དམར་པོ་དང་དཀར་པོ་དང་ནག་པོའི་ཁ་དོག་རྣམས་སོ། །ཀརྐ་ཊ་དང་སེང་གེ་དང་བུ་མོ་རྣམས་ནི་སྐུ་རྡོ་རྗེའི་ཞལ་ཏེ་སྙིང་སྟོབས་དང་མུན་པ་དང་རྡུལ་གྱི་དབྱེ་བས་དཀར་པོ་དང་ནག་པོ་དང་དམར་པོ་རྣམས་སོ། །སྲད་དང་སྡིག་པ་དང་གཞུའི་དུས་སྦྱོར་རྣམས་ནི་ཡེ་ཤེས་རྡོ་རྗེའི་ཞལ་ཏེ་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བས་སེར་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་རྣམས་སོ། །དུས་སྦྱོར་ཕྱེད་ཀྱིས་ཕྱག་གི་དབྱེ་བར་འགྱུར་ཏེ་དྲུག་པོ་རྣམས་ཀྱི་གཉིས་གཉིས་ལ་རྩ་བའི་ཞལ་ལ་སོགས་པས་གྲངས་བཞིན་དུ་གཡོན་དང་གཡས་པ་དག་ལ་ཁ་དོག་གསུམ་མོ། །དེ་ལྟར་ཞལ་བཅུ་གཉིས་དང་ཕྱག་ཉི་ཤུ་རྩ་བཞི་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གཅིག་གོ །འདིར་སྔར་གསུངས་པའི་ལྷ་ཞལ་གཅིག་པ་དང་ཞལ་བཞི་པ་ལ་སོགས་པ་རྣམས་ཀྱི་མི་མཉམ་པ་དང་མཉམ་པ་འཁྱུད་པ་གང་ཡིན་པ་དེ་ནི་ཐུན་མཚམས་ཆ་ཤས་སྔ་ཕྱི་ལ་སྟེ་སྔ་དྲོའི་ཐུན་མཚམས་དང་ཕྱི་དྲོའི་ཐུན་མཚམས་ལ་འདུས་པའོ། །ཞལ་གསུམ་ཕྱག་དྲུག་པ་རྣམས་ཀྱི་ཕན་ཚུན་འཁྱུད་པ་གང་ཡིན་པ་དེ་ནི་གུང་གི་ཆ་ཤས་ལ་སྟེ་ཉི་མ་གུང་གི་ཐུན་མཚམས་དང་མཚན་མོ་ཕྱེད་ཀྱི་ཐུན་མཚམས་ལའོ། །དེ་ལྟར་ལུས་དང་སེམས་ལ་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པ་སྟེ་ལུས་དང་བསམ་པའི་དབྱེ་བ་ལས་ཞེས་པའོ། །དེ་བཞིན་དུ་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ནི་རྣལ་འབྱོར་མའི་རྒྱུད་ཀྱི་འཁྱུད་པ་སྟེ་ཞལ་གཅིག་དང་ཞལ་བཞི་པ་དག་གམ་ཞལ་གཅིག་པ་ལ་སོགས་པ་དང་ཞལ་བརྒྱད་པ་ལ་སོགས་པ་དག་གི་མི་མཉམ་པ་དང་མཉམ་པ་སྙོམས་པར་ཞུགས་པ་ལས་སོ། །རྣལ་འབྱོར་གྱི་རྒྱུད་ལ་ཞལ་དང་ཕྱག་མཉམ་པ་དག་གིས་འཁྱུད་པ་ནི་ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལའོ་ཞེས་པ་དུས་ཀྱི་ཁྱད་པར་གྱིས་ངེས་པའོ། །དེ་སྐད་དུ་བཟང་


DTG012_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ་ཞེས་པ་མཚན་ཡང་དག་པར་བརྗོད་པ་ལས་ཏེ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་བྱ་བའི་རྒྱུད་རྣམས་གསུངས་པ་ཤེས་རབ་ཅེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་མའི་རྒྱུད་ལ་ཤེས་རབ་སྦྱོར་བ་དང་རྣལ་འབྱོར་གྱི་རྒྱུད་ལ་སྙོམས་པར་ཞུགས་པ་སྟེ་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ཀྱི་སྦྱོར་བ་དང་ཉི་མ་གུང་ནས་མཚན་དྲོའི་ཐུན་མཚམས་ཀྱི་སྦྱོར་བ་དང་ཉི་མ་གུང་ནས་མཚན་གཉིས་ལ་གྲུབ་པོ། །རྒོད་པ་ལ་སོགས་རྣམས་ནི་ཐུན་གྱི་མངོན་མཚམས་ལའོ་ཞེས་པ་ནི་འདིར་ཐུན་དང་པོའི་མངོན་མཚམས་ལ་རྒོད་པའི་རྒྱུད་དང་ཐུན་གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དང་ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དང་ཐུན་བདུན་པའི་མངོན་མཚམས་ལ་ལག་པ་འཛིན་པའི་རྒྱུད་དེ་དེ་ལྟར་རྒྱུད་རྣམ་པ་བཞིའོ། །དེ་ཅིའི་ཕྱིར་ཞེ་ན་འདིར་རླུང་གི་ཟད་པར་རྣམས་ནི་ཤེས་རབ་ལ་རྒོད་པ་ཙམ་གྱིས་འཛག་པའི་བདེ་བར་འགྱུར་རོ། །མེའི་ཟད་པ་རྣམས་ནི་བལྟས་པས་བདེ་བར་འགྱུར་རོ། །ཆུའི་ཟད་པར་རྣམས་ནི་ནུ་མ་ལ་རེག་པས་བདེ་བར་འགྱུར་རོ། །སའི་ཟད་པར་རྣམས་ནི་ལག་པ་འཛིན་པས་བདེ་བར་འགྱུར་རོ་དེ་ལྟར་འོག་མིན་ལ་སོགས་པ་ནས་ཚངས་རིས་ཀྱི་མཐར་ཐུག་པ་གཟུགས་ན་སྤྱོད་པ་བཅུ་དྲུག་སྟེ་འདི་རྣམས་ཀྱི་རྒྱས་པ་ནི་འཆད་པར་འགྱུར་པ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ། །འདོད་པ་ན་སྤྱོད་པ་རྣམས་ཀྱི་སྙོམས་པར་ཞུགས་པ་ནི་གཉིས་གཉིས་སྦྱོར་བའོ་ཞེས་པ་གྲུབ་པའི་མཐའོ། །ཐམས་ཅད་དུ་གཟུགས་མེད་པ་ལ་ནི་འདོད་ཆགས་དང་བྲལ་བ་རྣམས་གནས་སོ། །ད་ནི་ལུས་ལ་བསམ་པ་རབ་ཏུ་འཇུག་པ་གསུངས་པ་ཤེས་རག་ཅེས་པ་ལ་སོགས་པ་སྟེ་འདིར་ཤེས་རབ་ཀྱི་ཡན་ལག་དམར་པོ་མེའི་ཁམས་དང་སེར་པོ་སའི་ཁམས་ལ་ངེས་པར་དུས་ཀྱི་འཁོར་ལོའི་བསམ་པ་རབ་ཏུ་འཇུག་གོ །ཤེས་རབ་དང་ཐབས་ཀྱི་གཟུང་བར་བྱ་བ་སྟེ་གང་གི་ཕྱིར་སྙོམས་པར་ཞུགས་པ་ལ་ཤེས་རབ་གང་ཡིན་པ་དེ་ནི་ཐབས་ཀྱི་བསམ་པ་འཛིན་པ་མོ་དང་ཐབས་གང་ཡིན་པ་དེ་ཡང་ཤེས་རབ་ཀྱི་བསམ་པ་འཛིན་པ་པོ་སྟེ་བསམ་པ་འཛིན་པ་དེས་ན་བདེ་བ་སྐྱེའོ། །དེས་ན་དུས་ཀྱི་འཁོར་


DTG012_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ཆུའི་ཁམས་དཀར་པོ་ནི་དམར་པོའི་ཡན་ལག་མེའི་ཡན་ལག་ལ་རབ་ཏུ་འཇུག་ཅིང་རོ་མཉམ་པར་འགྱུར་ཏེ་དེ་བཞིན་དུ་རླུང་ནག་པོ་ནི་སེར་པོའི་ཡན་ལག་ས་ལ་རོ་མཉམ་པར་འགྱུར་རོ། །དེ་ལྟར་ན་ལྷོ་དང་ནུབ་ཏུ་ལྷ་རྣམས་ཀྱིའོ། །དེ་བཞིན་དུ་རྡོ་རྗེ་ཅན་དང་ལྷ་རྣམས་ཀྱི་གཡོན་གྱི་ཡན་ལག་སྟེ་ཆུའི་ཁམས་དཀར་པོའི་ཡན་ལག་ལ་ཤེས་རབ་བསམ་པ་ཞེས་པ་དམར་པོའི་བསམ་པ་རབ་ཏུ་འཇུག་གོ །མདུན་དུ་ཁ་དོག་ནག་པོ་རླུང་གི་ཁམས་ལ་སེར་པོ་སའི་བསམ་པ་འཇུག་གོ །དེ་བཞིན་དུ་སྟེང་དང་འོག་ཏུ་ལྗང་ཁུ་དང་སྔོན་པོ་དག་ཕན་ཚུན་དུ་ཡང་དག་པར་སྦྱོར་བའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡང་མཆོག་གི་ལུས་ལ་ཤེས་རབ་བསམ་པས་ཕྱེ་བ་གཡོན་དང་མདུན་ནི་ཞི་བར་འགྱུར་རོ། །དྲག་པོ་གཡས་དང་རྒྱབ་ཀྱི་ཡན་ལག་མཆོག་གི་རྒྱལ་བའི་བདག་པོའི་བསམ་པས་ཕྱེ་བ་དེ་བཞིན་ཉིད་ཅེས་པ་སྟེ་སྟེང་ཞི་བ་དང་འོག་དྲག་པོར་གྲུབ་བོ། །དེ་ལྟར་ཤེས་རབ་ཀྱིས་ཕྱེ་རྒྱལ་བ་དག་གི་རབ་མཆོག་ཚོགས་ཀྱི་རིགས་ཏེ་ཁུ་བའི་ཁམས་ལས་བྱུང་བ་ལུས་ཀྱི་དབྱེ་བ་ཆུ་དང་རླུང་དང་ནམ་མཁའི་མཚན་ཉིད་གང་ཡིན་པ་དེ་ཉིད་བས་པའི་དབྱེ་བས་རྡུལ་གྱི་ཁམས་རྣམས་ཀྱིས་ཕྱེ་བ་ས་དང་མེ་དང་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་བའི་ཕྱིར་རབ་མཆོག་ཚོགས་ཀྱི་རིགས་ནི་གཉིས་ཀྱི་རང་བཞིན་ཞེས་པ་བྱང་དང༌། ལྷོར་ལྷའི་ཚོགས་དམར་པོ་དང་དཀར་པོར་འགྱུར་ཞིང་ཤར་དང་ནུབ་ཏུ་སེར་པོ་དང་ནག་པོར་འགྱུར་ལ་སྟེང་དང་འོག་ཏུ་སྔོན་པོ་དང་ལྗང་ཁུར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ནི་ཚོགས་ཀྱི་རིགས་གཙོ་བོའི་བསམ་པས་ཕྱེ་བས་ངེས་པར་ཕྱོགས་བྲལ་དུ་ཡང་གཉིས་ཀྱི་རང་བཞིན་ཉིད་དུ་འགྱུར་ཏེ་བདེན་བྲལ་དང་དབང་ལྡན་དུ་དཀར་པོ་དང་དམར་པོར་འགྱུར་རོ། །རླུང་དང་མེ་དང་སེར་པོར་འགྱུར་རོ། །གཉིས་ཀྱི་རང་བཞིན་ཞེས་པ་ངེས་པའོ། །དེ་ལྟར་ཐབས་ཀྱི་ཚོགས་ནི་ཕྱོགས་སུ་གནས་པ་སྟེ་རྣལ་འབྱོར་མའི་ཚོགས་ཞེས་པ་ཤེས་རབ་ཀྱི་ཚོགས་སྤྱན་མ་ལ་སོགས་པ་དང་སྒྲོལ་མ་ལ་སོགས་པ་ནི་ཕྱོགས་བྲལ་དུ་གནས་པའོ། །དེ་ལྟར་གཡས་དང་གཡས་མིན་ཉི་མ་རི་བོང་ཅན་གྱི་སྐུ་དག་ཟུང་སྟེ་ཤར་དང་ནུབ་ཉིད་ཀྱང༌། །ནག་པོ་སེར་པོ་


DTG012_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྟེ་སྔོན་པོ་ལྗང་ཁུ་དག་ཀྱང་དེ་བཞིན་མཁའ་དང་ས་འོག་ཡང་དག་གནས་པ་ལྷའི་ཚོགས་ཞེས་པ་ངེས་པའོ། །གཞན་གྱི་རིགས་ལས་འཁྱུད་པ་དེའི་ཕྱིར་ཐབས་དཀར་པོ་རྣམས་ཀྱི་ཤེས་རབ་དམར་མོ་རྣམས་སུ་འགྱུར་རོ། །ཐབས་དམར་པོ་རྣམས་ཀྱི་ཤེས་རབ་རི་བོང་འཛིན་པ་ལྟར་དཀར་མོ་རྣམས་དང་དེ་བཞིན་ཉིད་དུ་ཐབས་སེར་པོ་རྣམས་ཀྱི་ཤེས་རབ་ཁ་དོག་ནག་མོ་རྣམས་དང་ཐབས་དཀར་མིན་ཞེས་པ་ནག་པོའི་རིགས་རྣམས་ཀྱི་ཤེས་རབ་མཆོག་གི་གསེར་དང་མཚུངས་པ་སེར་མོ་རྣམས་དང་སྔོན་པོ་རྣམས་ཀྱི་ཤེས་རབ་ཁ་དོག་སྣ་ཚོགས་ཞེས་པ་ལྡན་ཁུ་རྣམས་སོ། །སླར་ཡང་ཐབས་ལྗང་ཁུ་རྣམས་ཀྱི་ཤེས་རབ་སྔོན་མོ་རྣམས་སོ། །དེ་བཞིན་གསུངས་ཞེས་པ་ནི་རིག་པ་སྟེ་གཞན་གྱི་རིགས་ལ་འཁྱུད་པ་ལས་བྱ་བ་འགྲུབ་པར་འགྱུར་རོ། །རང་གི་རིགས་ལ་འཁྱུད་པས་ནི་བྱ་བ་གྲུབ་པ་མེད་དེ་རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །བྷ་གའི་སེམས་ཀྱིས་བྷ་གའི་རིགས་ཀྱི་ཁམས་ཅན་རྣམས་ཀྱི་བདེ་བ་སྐྱེ་བ་དང་དེ་བཞིན་དུ་རྟགས་ཀྱི་སེམས་ཀྱིས་སྐྱེས་པའི་རྟགས་ཀྱི་རིགས་ཅན་རྣམས་ཀྱི་བདེ་བ་སྐྱེ་བ་ནི་མེད་དོ། །དེའི་ཕྱིར་དུས་ཀྱི་འཁོར་ལོ་ལ་རང་འོད་ཀྱི་ཤེས་རབ་རྣམས་སུ་མི་འགྱུར་ཏེ་རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །ཅི་སྟེ་མེ་ལོང་གི་གཟུགས་བརྙན་གྱི་ཆོས་ཀྱིས་སེམས་ཀྱིས་སེམས་ཀྱི་དངོས་པོ་འཛིན་པར་བྱེད་དོ་ཞེ་ན། དེ་ཉིད་རྣམ་པར་དཔྱད་པར་བྱ་སྟེ་འདིར་མེ་ལོང་ལ་སྐྱེས་བུའི་གཟུགས་བརྙན་ནི་ནུ་མ་དང་སྐྲ་དང་ལྡན་པ་དང་མཚུངས་པ་མ་ཡིན་ཞིང་བུད་མེད་ཀྱི་གཟུགས་ཀྱང་ནུ་མ་དང་སྐྱེ་གནས་དང་བྲལ་བ་མ་ཡིན་ཏེ་དེས་ན་རེ་ཞིག་པ་འོད་ནི་མེད་དོ། །དེ་བཞིན་དུ་འགལ་བ་གཞན་ཡང་འདིར་གཟུགས་ཀྱི་གཡོན་པའི་ལག་པ་རྣམས་ན་མཚན་མ་གང་ཡོད་པ་དེ་དག་ནི་མེ་ལོང་གི་གཟུགས་བརྙན་གྱི་ལག་པ་གཡས་པ་རྣམས་ན་གནས་པའོ། །དེ་བཞིན་དུ་གཡོན་གྱི་གདོང་གང་ཡིན་པ་དེ་ནི་གཡས་ཀྱི་སྟེ་དེའི་ཁ་དོག་ཉིད་ཀྱང་རང་འོད་ཟེར་མི་འགྱུར་རོ། །དེས་ན་གཞན་ཡི་རིགས་ལ་འཁྱུད་པས་དཀྱིལ་འཁོར་གྱི་སྒོམ་པ་སྟེ་དུས་ཀྱི་འཁོར་ལོའི་རིགས་པ་ལས་སོ། །རྒྱུད་གཞན་དང་གཞན་ལས་ནི། དངོས་པོ་གང་དང་གང་གི་ནི། །མི་རྣམས་ཡིད་ལ་ཡང་དག་སྦྱོར། །དེས་དེའི་


DTG012_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱིས་ནོར་བུ་བཞིན། །དེས་ན་འཁྲགས་འཁྲུགས་བྱེད་པ་ཡི། །ཚིག་ནི་རྣམ་པར་དཔྱད་མི་བཟོད་ཅེས་སོ། །དོན་དམ་པར་ནི་སྟོང་པ་ཉིད་ཀྱི་གཟུགས་སྒོམ་པ་ལ་གཟུགས་དང་སྐུའི་རྟོག་པ་མེད་དེ་དེས་ན་རང་འོད་དང་རང་འོད་མ་ཡིན་པ་ཞེས་པ་མེད་དོ། །རྣམ་པ་ཐམས་ཅད་པ་དང་ཁ་དོག་ཐམས་ཅད་པའི་ཕྱིར་ཤེས་པ་དང་ཤེས་བྱ་རྡུལ་ཕྲ་རབ་ཀྱི་རྫས་དང་རྣམ་པར་རྟོག་པ་དང་བྲལ་བ་དག་ལ་རང་བཞིན་མེད་དོ། །དེའི་ཕྱིར་རང་བཞིན་མེད་པའི་སྲིད་པ་སྒོམ་པ་ནི་བུམ་པ་དང་སྣམ་བུ་དང་ཤིང་རྟ་དང་དཔུང་ལ་སོགས་པ་རྣམས་ཀྱི་བྱ་བ་ཉི་ཚེ་པ་མ་ཡིན་པ་འཇིག་རྟེན་པའི་ཐ་སྙད་མཐའ་དག་དང་བྲལ་བའོ་ཞེས་པ་དབུ་མ་པ་ཡི་གྲུབ་པའི་མཐའ་སྟེ་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་སྐབས་སུ་རིགས་པ་ལས་སོ། །འདིར་ཚིགས་སུ་བཅད་པ་བཞི་བཅུ་རྩ་བརྒྱད་པ་ནས་བརྩམས་ཏེ་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གསུམ་པའི་བར་ཚིགས་སུ་བཅད་པ་བཅུ་དྲུག་ནི་གོ་སླའོ། །ད་ནི་ལུས་ལ་རྣམ་པ་བཅུའི་དག་པ་གསུངས་པ་སྤུ་ཞེས་པ་ལ་སོགས་པ་སྟེ་འདིར་བ་སྤུ་དང་སྐྲ་ནི་ནམ་མཁའི་ཁམས་དང་པགས་པ་དང་ཤ་ནི་རླུང་གི་ཁམས་དང་ཁྲག་རྣམ་པ་གཉིས་ནི་མེའི་ཁམས་དང་རྡུལ་དང་གཅི་བ་ནི་ཆུའི་ཁམས་དང་རུས་པ་དང་རྐང་ནི་སའི་ཁམས་དང་རྩ་དང་སྲོག་ལ་སོགས་པ་ནི་ཡེ་ཤེས་ཀྱི་ཁམས་སོ། །སྒྲ་གཅན་གྱི་མཇུག་མ་ནི་ཡེ་ཤེས་རྡོ་རྗེ་དང་ཉི་མ་ནི་གསུང་རྡོ་རྗེ་དང་ཟླ་བ་ནི་སྐུ་རྡོ་རྗེ་སྟེ་བཞི་པོ་འདི་རྣམས་ཀྱི་དབུས་སུ་ཀུན་ནས་སྲོག་རྒྱུད་པའོ། །ཟླ་བའི་དབུས་སུ་སྟེ་ཁུ་བའི་དབུས་སུ་དྲི་མེད་ནོར་བུ་བཞིན་དུ་ཞེས་པ་ཉེ་བར་གཞག་པ་དང་འབྲེལ་པའི་ཤེལ་བཞིན་དུ་དངོས་པོ་ཀུན་གྱིས་འཁྱུད་པའི་རྣམ་པར་ཤེས་པ་སྟེ་དེ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གཉིས་སུ་མེད་པ་ཉིད་སྐྱུ་མ་ལྟ་བུ་སྟོང་པ་ཉིད་ཀྱི་གཟུགས་ཙམ་འགྱུར་པ་མེད་པའི་བདེ་བ་མཆོག་གི་བདུད་རྩིའི་གོ་འཕང་ཁྱབ་བྱེད་གཞོམ་དུ་མེད་པའོ་ཞེས་པ་ངེས་པ་སྟེ་ལུས་ལ་རྣམ་པ་བཅུ་དག་པའོ། །ད་ནི་ས་བཅུ་རྣམས་ཀྱིས་ཁམས་དེ་རྣམས་དག་པ་གསུངས་པ་སྤུ་ལ་སོགས་པ་ཞེས་པ་སྟེ་འདིར་བ་སྤུ་དང་སྐྲ་ནི་རབ་ཏུ་དགའ་བའོ། །པགས་པ་དང་ཤ་ནི་དྲི་མ་མེད་པ་དང་ཁྲག་རྣམ་


DTG012_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ནི་འོད་བྱེད་པ་དང་རོ་དང་ཆུ་ནི་འོད་འཕྲོ་བ་དང་རུས་པ་དང་རྐང་ནི་སྤྱད་དཀའ་བ་དང་རྩ་བ་དང་སྲོག་ནི་མངོན་དུ་གྱུར་པ་དང་དུས་ཀྱི་མེ་དང་ཆགས་པའི་ཁམས་ནི་རིང་དུ་སོང་བ་དང་སྒྲ་གཅན་ནི་མི་གཡོ་བ་དང་ཉི་མ་ནི་ལེགས་པའི་བློ་གྲོས་དང་ཟླ་བ་ནི་ཆོས་ཀྱི་སྤྲིན་ཏེ་ཆགས་པ་དང་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་ཆོས་ཀྱིས་ཀུན་རྫོབ་ལ་འཇུག་པའོ། །དེ་ལྟར་སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་པ་དེ་རྣམས་ཀྱི་སྒྲིབ་པ་མེད་པ་ལས་ས་བཅུ་པོ་དེ་རྣམས་སོ། །གང་ཞིག་ས་བཅུར་གསུངས་པ་དེ་རྣམས་ཀྱང་སྡེ་པ་དྲུག་དང་ལ་སོགས་གཞན་དབྱངས་དང་ལྡན་པ་རྣམས་སུ་གསུངས་སོ། །དེ་ལ་ཀའི་སྡེ་པ་ནི་རབ་ཏུ་དགའ་པ་སྟེ་དེ་བཞིན་དུ་གྲངས་ཇི་ལྟ་བར་ཙ་ཊ་པ་ཏ་ས་ཞེས་པ་དེ་པ་དྲུག་པོ་རྣམས་དང༌། ལ་ཝ་ར་ཡ་ཧ་ཨལ་ཨོ་ཡར་ཨེ་ཨ། ལྀ་ཨུ་རྀ་ཨི་ཨ། ཧཿ་ཨཾ་ཞེས་པའོ། །དེ་བཞིན་དུ་ལུགས་ལས་བཟློག་པས་ཀྱང་རིང་པོ་ལ་སོགས་པའི་སྡེ་པ་རྣམས་ཤེས་རབ་ཀྱིས་རྣམས་སོ། །འདི་དག་དུས་ཀུན་རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་བུ་སྟེར། །དེ་ཕྱིར་བླ་མའི་ཞབས་ལ་གནས་པ་ཞེས་པ་ཨ་བ་དྷཱུ་ཏཱིའི་ཞབས་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བཙལ་བར་བྱ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་པ་མིན་ཏེ་འདིར་ལུས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་སངས་རྒྱས་ཉིད་སྟེར་བར་བྱེད་པ་དང་ཐར་པ་སྟེར་པའོ། །ཚིགས་སུ་བཅད་པ་དྲུག་ཅུ་རྩ་ལྔ་པ་འདི་ནས་བདུན་ཅུ་རྩ་བཞི་པའི་མཐར་ཐུག་པ་གཞན་ཚིགས་སུ་བཅད་པ་དགུ་ནི་གོ་སླའོ། །ད་ནི་སྟོང་པ་ཉིད་ཀྱི་གཟུགས་མཐོང་བའི་རྗེས་ལ་སྲོག་འགོག་པས་རྣལ་འབྱོར་པ་རྣམས་ཀྱི་སྐད་ཅིག་ཐོབ་པ་གསུངས་པ་རླུང་ཞེས་པ་ལ་སོགས་པ་སྟེ་སྔར་གཟུགས་མཐོང་བའི་རྗེས་ལ་སྲོག་རྩོལ་གྱིས་རླུང་བཅུ་པོ་རྣམས་ཕྲད་པར་འགྱུར་རོ། །སྲོག་དང་ཐུར་སེལ་ལ་སོགས་པ་བཅུ་པོ་ཡང་དག་པར་ཕྲད་པ་དེ་རྣམས་ཀྱིས་ལྟེ་བའི་ལྟེ་བ་ལ་གཏུམ་མོ་གློག་གི་མེའོ། །དེ་ཡི་རྩེ་མོ་ནི་འོད་ཟེར་ཡིན་ཞིང་རྩེ་མོ་དེས་སྤྱི་བོ་སྟེ་དཔྲལ་བར་ཟླ་བ་ཞུ་བར་བྱེད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་སོ། །


DTG012_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་ཐིག་ལེ་གང་གང་དཔྲལ་བ་འདི་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་ལ་སོན་པ་ནི་སྲོག་རྩོལ་གྱི་སྟོབས་ཀྱིས་འགོག་པར་འགྱུར་ཏེ། གསང་བར་སྐུའི་ཐིག་ལེ་འགོག་ཅིང་དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་ལ་འགོག་གོ །ཐིག་ལེ་འདི་ལས་གཡོ་བའི་ཁུ་བ་གང་ཞེས་པ་ནི་འདིར་གསང་བ་ལ་གནས་པ་སྐུའི་ཐིག་ལེ་བསྐ་བའི་རང་བཞིན་ལས་གཞན་སླ་བའི་ཁུ་བ་གང་ཡིན་པ་དེ་ནི་གཡོ་བའི་ཁུ་བར་གསུངས་ཤིང་དེ་ནི་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་སྟེ་རྟགས་ཀྱི་སྒོ་ལ་ཡང་དག་པར་འགོག་པའོ། །གཡོ་བ་དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པའི་རྒྱུས་བདེ་བ་སྟེར་ནའོ། །དེའི་ཚེ་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་མ་ཡིན་ཏེ་ཤེས་རབ་ཡེ་ཤེས་སོ་ཞེས་གྲུབ་བོ། །མི་འཕོ་བའི་རྒྱུ་དེའི་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་གང་ཡིན་པ་འདིར་ནི་ཆོས་ཀྱི་དབྱིངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་སྟེར་བར་བྱེད་དོ། །དེས་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་མཆོག་ཏུ་མི་འགྱུར་པའོ། །ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་བདེ་བ་འཛག་པ་དང་གཡོ་བའི་ཐབས་ཏེ་བྱིས་པ་དང་ལང་ཚོའོ། །ཇི་ལྟར་དངུལ་ཆུ་བྱིས་པ་དང་ལང་ཚོ་དང་རྒན་པོ་དང་བཅིངས་པ་དེ་བཞིན་དུ་ཁུ་བ་ཡང་བྱིས་པ་དང་ལང་ཚོ་དང་རྒན་པོ་དང་འགོག་པ་སྟེ་སྒྲིབ་པ་ཐམས་ཅད་ཟད་པ་ལས་སོ། །སྒྲིབ་པ་ནི་དྲི་མའོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་གང་གི་ཚེ་དཔྲལ་བར་སྟེང་དུ་འགྲོ་བ་དེའི་ཚེ་སེམས་དེ་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པར་འགྱུར་རོ། །རོ་ཡི་འགྲོ་བ་རྣམས་ལ་གནས་པ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དྲུག་པོ་རྣམས་ལ་གནས་པའོ། །སྲོག་རྣམས་ཐམས་ཅད་བཀུག་ཅིང་ཞེས་པ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོའོ། །དེ་ལྟར་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས་རྫུ་འཕྲུལ་དང་ཀུན་མཁྱེན་གྱི་ས་བཅུ་གཉིས་འཆང་བར་འགྱུར་པ་རྣམས་དང་སྲིད་གསུམ་བླ་མ་ཉིད་ཅེས་པ་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ལ་སོགས་པའི་འཕྱོགས་པ་ནི་རྣལ་འབྱོར་པ་ནི་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ཚེ་


DTG012_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་རབ་ཏུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་ན་དེའི་ཚེ་དེ་ཡི་འཛིན་པ་སྟེ་བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པས་སོ་ཞེས་པ་ངེས་པའོ། །ད་ནི་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་པ་སྐྱེ་བ་གསུངས་པ་གང་ཞིག་ཡོན་ཏན་མེད་ཅེས་པ་ལ་སོགས་པ་སྟེ་འདིར་གཞོན་ནུ་མ་གང་ཡིག་ཡོན་ཏན་མེད་པ་ན་མི་འཛག་པའི་ཕྱིར་ཆོས་ཀྱི་ཁམས་ཀྱི་ཡོན་ཏན་དང་བྲལ་བའོ། །དེ་ནི་དངོས་པོ་ཆུང་བ་ལུས་ཀྱི་ཁམས་མ་རྫོགས་ཤིང་སོ་མ་བརྗེས་པ་སྟེ་ལོ་བརྒྱད་ཀྱི་བར་དུ་གཅིག་གོ །དེ་ནས་གཉིས་པ་ནི་སོ་བརྗེས་ནས་ལོ་བཅུའི་བར་རོ། །དེ་ལྟར་སྐུའི་ཕྱག་རྒྱ་ནི་སྐྱེ་གནས་མ་ཉམས་པའོ། །དེའི་མཚམས་ནས་ལོ་བཅུ་གཅིག་ནས་བརྩམས་ནས་ལོ་བཅྭ་ལྔའི་བར་དུ་གཅིག་སྟེ་ཆགས་པ་རྗེས་ཆགས་སོ། །ཡོན་ཏན་གཏེར་གཞན་ནི་ལོ་ལྔའི་བར་དུ་སྟེ་གསུང་གི་ཕྱག་རྒྱ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟར་ལོ་བརྒྱད་དང་ལོ་གཉིས་དང་དེ་བཞིན་དུ་ལོ་ལྔ་དང་ལྔའོ། །དེ་ནས་ལོ་ཉི་ཤུའི་རྗེས་ལ་གཞན་པ་མཁའ་དུས་ཞེས་པ་ལོ་བཞི་བཅུ་ནི་དེ་བཞིན་དུ་ཐུགས་ཀྱི་ཕྱག་རྒྱ་གཅིག་སྟེ་ནག་པོའི་དངོས་པོ་ལ་རྗེས་སུ་ཆགས་པའོ། །དེ་ལྟར་ལོ་དྲུག་ཅུ་མའི་བུད་མེད་དོ། །སླར་ཡང་གཞན་མ་སྟོང་པ་རིག་བྱེད་ཅེས་པ་ལོ་བཞི་བཅུའི་བར་དུ་དཀར་པོའི་དངོས་པོ་ལ་རྗེས་སུ་ཆགས་པ་སྟེ་རྒན་མོ་རྒས་པ་སྐྲ་དཀར་དང་ལྡན་པ་ལོ་བརྒྱའི་མཐར་ཐུག་པའོ། །དེ་ལྟར་ཐུགས་ཀྱི་ཕྱག་རྒྱ་ཡང་རྣམ་པ་གཉིས་སོ། །གསུམ་པོ་འདི་རྣམས་ཀྱི་ནང་ནས་སྐུའི་ཕྱག་རྒྱ་ནི་ཤིན་ཏུ་བུ་མོའོ། །ཐུགས་ཀྱི་ཕྱག་རྒྱ་ནི་ཤིན་ཏུ་ལང་ཚོ་དང་རྒན་མོ་སྟེ་གསུམ་པོ་འདི་རྣམས་སྤངས་ནས་ལོ་བཅུ་གཅིག་མ་མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་རྣམས་ནི་རྒྱལ་པོའི་བླ་མའམ་རྒྱལ་པོ་དབང་བསྐུར་བའམ་དབང་ཕྱུག་དབང་བསྐུར་བ་གཞན་རྣམས་ཀྱིས་བསྲུངས་བར་བྱའོ། །རིན་ཆེན་དབང་པོ་མི་འབྱུང་བར་དུ་སྟེ་མི་འབྱུང་ཞེས་པ་རྡུལ་མི་འབྱུང་གི་བར་དུ་བསྲུང་བར་བྱའོ། །རིན་ཆེན་དབང་པོ་རབ་ཏུ་འབྱུང་བའི་དུས་སུ་མཐའ་དག་ཡོན་ཏན་གཏེར་གྱི་དཀྱིལ་འཁོར་དུས་ཀྱི་འཁོར་ལོ་བཞེངས་ནས་དང་པོར་ལེགས་པར་བསླབ་པར་བྱས་ཤིང་དེར་དེ་ལ་དབང་བསྐུར་


DTG012_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་བྱིན་བརླབས་སྔས་རྣམས་ཀྱིས་ཞེས་པ་རྡོ་རྗེ་དྲུག་པོ་རྣམས་དང་འཇམ་དཔལ་གྱི་ཏིང་ངེ་འཛིན་གྱིས་ཤེས་རབ་ཀྱིས་ཤེས་རབ་དེ་ཡང་རྫོགས་པར་བྱས་ཏེ་གཡས་ཀྱི་རྩ་ལ་རབ་ཏུ་འབབ་པའི་དུས་སུ་དེའི་གསང་བའི་པདྨར་བདེ་མཉམ་བྱང་ཆུབ་ཀྱི་སེམས་སྔགས་དང་བཅས་པ་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་སྔགས་དང་བཅས་པ་སྤྲོ་བར་བྱའོ། །དེ་ནས་གསང་བ་དེ་ལ་ཡན་ལག་དྲུག་གིས་བསྲུང་བ་རབ་ཏུ་བྱ་སྟེ་དེ་ནས་རང་གི་རྡོ་རྗེ་ནོར་བུ་ལ་གནས་བྱང་ཆུབ་སེམས་ནི་མྱང་བར་བྱའོ། །དེ་ནས་རྣལ་འབྱོར་པས་དེ་ལ་ཡང་སྦྱིན་ནོ། །དེའི་པདྨའི་ཕྱིར་རོལ་གྱི་གང་ཡིན་པ་དེ་ནི་མིང་མེད་དང་མཐེ་བོ་དག་གིས་བླངས་ནས་མྱང་བར་བྱ་སྟེ་ཐམས་ཅད་བསྲུང་བའི་དོན་དུའོ། །ཆོ་ག་འདིས་མངལ་བཟུང་བ་དེ་ལ་གང་ཞིག་བུ་རུ་གྱུར་པ་དེ་ནི་འཇམ་དཔལ་ཉིད་དོ། །ཤེས་རབ་ལྷག་པ་ལས་ཞེས་པ་ནི་རྡུལ་ལྷག་པ་ལས་གལ་ཏེ་བུ་མོར་གྱུར་ན་དེའི་ཚེ་སྣ་ཚོགས་ཡུམ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེས་ན་ངེས་པར་སངས་རྒྱས་ཡུམ་དུ་འགྱུར་ཞེས་པ་སྟེ་འཇམ་དཔལ་དང་སྣ་ཚོགས་ཡུམ་གྱིས་བྱིན་གྱིས་བརླབས་པའི་ཆོ་གའོ། །དེ་ནས་གཞན་མ་མེ་ཏོག་གསུམ་གྱིས་ཞེས་པ་ནི་འདིར་གལ་ཏེ་རྡུལ་དང་པོ་ལ་མངལ་མ་སྐྱེས་ན་དེའི་ཚེ་ཡང་དང་ཡང་དུ་རྡུལ་མཐོང་བ་སོ་སོ་ལ་དཀྱིལ་འཁོར་བཞེངས་ནས་ཏིང་ངེ་འཛིན་གཞན་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ། །དེ་ལྟར་གཉིས་པ་ལ་པདྨ་དཀར་འཛིན་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པར་འགྱུར་རོ། །གསུམ་པ་ལ་ཛ་མྦྷ་ལའི་སྤྲུལ་པ་དང་བཞི་པ་ལ་ཕྱག་ན་རྡོ་རྗེ་སྟེ་བུའི་ཡུལ་ལའོ། །བུ་མོའི་ཡུལ་ལ་གོས་དཀར་མོ་དང་ནོར་རྒྱུན་མ་དང་སྒྲ་རྡོ་རྗེ་མས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་མེ་ཏོག་བརྒྱད་ཀྱིས་གཞན་ཕྱོགས་དང་ཕྱོགས་བྲལ་དུ་གནས་རྫུ་འཕྲུལ་ཆེ་ལྡན་ཁྲོ་བོའི་རྒྱལ་པོ་རྣམས་ཞེས་པ་ནི་འདིར་སྔར་ཛམྦྷ་ལས་བྱིན་གྱིས་བརླབས་པ་ལས་གཙུག་ཏོར་གྱི་ཏིང་ངེ་འཛིན་གྱིས་གཙུག་ཏོར་རམ་ཤིན་ཏུ་སྔོན་མོས་བྱིན་གྱིས་བརླབས་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་གནས་སུ་གནོད་མཛེས་རྒྱལ་པོ་འམ་དྲག་སྤྱན་མར་འགྱུར་རོ། །དེ་ནས་རྡུལ་ལྔ་པ་ལ་བགེགས་མཐར་བྱེད་དང་བརྩོན་འགྲུས་མཐའ་ཡས་མའོ། །དྲུག་པ་ལ་ཤེས་རབ་མཐར་བྱེད་དང་རྨུགས་བྱེད་མའོ། །བདུན་པ་ལ་པདྨ་མཐར་བྱེད་དང་ང་རྒྱལ་མའོ། །བརྒྱད་པ་ལ་གཤིན་རྗེ་མཐར་ཕྱེད་དང་རེངས་བྱེད་


DTG012_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །དེ་ནས་དགུ་པ་ལ་སྟོབས་པོ་ཆེ་དང་འོད་ཟེར་སྤྱན་མའོ། །བཅུ་པ་ལ་མི་གཡོ་བ་དང་ཙུན་དཱའོ། །བཅུ་གཅིག་པ་ལ་འདོད་པ་དང་ཁྲོ་གཉེར་ཅན་ནོ། །བཅུ་གཉིས་པ་ལ་དབྱུག་པ་སྔོན་པོ་དང་རྡོ་རྗེ་ལྕགས་སྒྲོག་མའོ་ཞེས་པ་སྟེ་ཕྱོགས་བྲལ་རྣམས་སུའོ། །དེ་ལྟར་ཁྲོ་བོའི་ཏིང་ངེ་འཛིན་གྱིས་མངལ་ནི་ཁྲོ་བོས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ཟླ་མཚན་བཅུ་གསུམ་པ་ནི་སླར་ཡང་དང་པོ་སྟེ་མ་རིག་པ་ལ་སོགས་པའི་ཡན་ལག་ཇི་ལྟ་བ་བཞིན་ནོ། །དེས་ན་ཟླ་བ་དེ་ལ་རྡུལ་གང་རབ་ཏུ་བྱུང་བའི་རྡུལ་དེ་ནི་སླར་ཡང་འཇམ་དབྱངས་རབ་ཏུ་སྐྱེད་པ་སྟེ། དེ་བཞིན་དུ་དེའི་རྗེས་ལ་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་དམིགས་པ་བྱས་ནས་བྱང་ཆུབ་ཀྱི་སེམས་རྣམ་པར་སྤྲོ་བར་བྱ་སྟེ་མངལ་ནི་དེས་བྱིན་གྱིས་བརླབས་པར་འགྱུར་རོ། །ཡུམ་གྱི་ལོ་ཉི་ཤུ་དག་གི་བར་དུ་སོ་སོའི་རྡུལ་ལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་གཅིག་གམ་གཉིས་ལ་སོགས་པར་འགྱུར་པ་ནི་སྙིང་སྟོབས་ཆེན་པོ་ཅན་དུ་འགྱུར་རོ། །ཡུམ་གྱི་ལོ་བཞི་བཅུའི་བར་དུ་ཅུང་ཟད་སྙིང་སྟོབས་ཆ་ཤད་སྨན་པར་འགྱུར་རོ། །སླར་ཡང་ལོ་ནི་ཤུའི་བར་དུ་དེ་བས་ཡང་ནི་སྙིང་སྟོབས་ཆུང་ཞིང་བརྩོན་འགྲུས་ཆུང་བའོ། །དེ་ལྟར་ཡུམ་གྱི་ལོ་བརྒྱད་ཅུ་སྟེ་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་མངལ་བྱིན་གྱིས་བརླབ་པའོ། །དེ་ནས་སྐྱེ་གནས་ལ་ནི་རྡུལ་མེད་ཅིང་མངལ་གྱི་ཡུལ་ནི་རབ་བཅོམ་སྟེ། དེ་ཉམས་པ་ལས་ཤེས་རབ་ལ་དབང་བསྐུར་མ་ཡིན་ནོ། །ཐབས་ལ་ཡང་ས་བོན་མེད་ན་སྟེ། ས་བོན་ཞེས་པ་ནི་གང་རབ་ཏུ་སྐྱེ་བའོ། །འོན་ཀྱང་ས་བོན་ཉམས་པའི་རྒན་པོ་ལ་ནི། ཤེས་རབ་དབང་བསྐུར་རྒྱལ་བའི་བདག་པོའི་གསུང་གི་སྦྱིན་པར་བྱ་སྟེ། དགེ་སློང་ལ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་ཤེས་རབ་ལ་ཡང་དགེ་སློང་མ་ལ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ལོ་ཉི་ཤུ་མ་རྣམས་དབང་གི་དོན་དང༌། བྱིན་གྱིས་བརླབ་པའི་དོན་དུ་བཟང་ངོ༌། །ལོ་ཉི་ཤུ་རྣམས་ཀྱིས་སའི་ཁམས་དང༌། དེ་བཞིན་ཉིད་དུ་ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའི་ཡོན་ཏན་རྣམས་ལོ་བརྒྱའི་བར་དུ་སྟེ། རྒྱལ་བའི་ཡན་ལག་དོན་དུ་བརྩལ་བར་བྱའོ། །བྱང་ཆུབ་སེམས་ཀྱི་བསྙེན་པ་འདི་ནི་སེམས་ཅན་དོན་གྱི་བྱེད་པ་མོ་སྟེ་འབྲས་བུ་མང་པོར་འགྱུར་ཞེས་པ་


DTG012_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སྐྱེད་པའི་ཕྱིར་རོ། །ད་ནི་བདུད་རྩི་བཏུང་བ་གསུངས་པ་གང་ཞིག་ཁྲག་ནི་ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་དུ་དྲང་བའི་དོན་གྱིས་གང་ཞིག་ཁྲག་འཐུང་བར་བྱེད་པ་ནི་ཤ་སྦྲང་ངོ༌། །ངེས་པའི་དོན་གྱིས་ནི་གང་ཞིག་ཨ་བ་དྷཱུ་ཏཱིར་འཕོ་བའི་དུས་སུ་རྡུལ་གྱི་ཁམས་འཐུང་བ་རབ་མཆོག་ལྷ་མི་རྣམས་ཀྱི་ཤ་སྦྲང་དེ་ནི་བདུད་རྩི་གཅིག་པུ་སྟེ་ཨ་བ་དྷཱུ་ཏཱིར་འགོག་པའོ་ཞེས་པའི་དོན་ཏོ། །ཕྱི་རོལ་དུ་སྐྱུགས་པ་ཟ་བ་གང་ཡིན་པ་དེ་ནི་ངེས་པའི་དོན་གྱིས་བྱང་ཆུབ་ཀྱི་སེམས་གསང་བ་ལ་སོགས་པའི་ཁ་ནས་རྡོ་རྗེ་ནོར་བུར་སོང་བ་ནི་སྐྱུགས་པ་ཡིན་གྱི་ཤེས་རབ་ཀྱི་ནང་དུ་རབ་ཏུ་ཞུགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འཕོ་བ་མེད་པའི་བཤང་བ་དང་གཅི་བ་དང་ཁྲག་དང་ཤ་ནི་མཆོག་ཏུ་རོ་མཉམ་སྟེ་མི་ཟག་པའོ། །སྐྱུགས་པ་ནང་དུ་རབ་ཏུ་ཞུགས་པ་ཞེས་པ་འགགས་པ་སྟེ་སྒྲིབ་པ་མེད་པར་འགྱུར་བའོ། །འདི་དག་རྣམས་ནི་ཡེ་ཤེས་བདུད་རྩིར་འགྱུར་ཞིང་འཕོ་བ་མེད་པའི་བདུད་རྩི་ལྔ་ནི་སྲིད་པ་གསུམ་གྱི་བླ་མ་ཡིས་ཀྱང་རྒྱུད་རྣམས་ཀུན་དུ་བསྟན་ཏེ་ཕྱི་རོལ་གྱི་བཤང་པ་ལ་སོགས་པ་དངོས་གྲུབ་ཀྱི་སླད་དུ་བསྟན་པ་ནི་མ་ཡིན་ནོ་ཞེས་པ་བདུད་རྩིའི་ངེས་པའོ། །ད་ནི་ཕྱི་རོལ་དུ་དམ་ཚིག་བསྲུང་བ་དང་བཟའ་བ་གསུངས་པ་ཤེས་རབ་ཅེས་པ་ལ་སོགས་པ་སྟེ་འདིར་སྙོམས་པར་ཞུགས་པ་ལ་སྒོམ་པར་བྱེད་པའི་རྣལ་འབྱོར་པའི་བྱང་ཆུབ་ཀྱི་སེམས་མ་བསྡམས་པ་གལ་ཏེ་ཤེས་རབ་ཀྱི་ཆོས་འབྱུང་དུ་ལྷུང་ན་དེའི་ཚེ་ཤེས་རབ་ཆོས་འབྱུང་ལ་ནི་གང་ཞིག་ལྟུང་བའི་བདེ་བ་དག་ཀྱང་རབ་ཏུ་འབད་པས་བསྲུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱིས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ཡིས་གང་སུ་ཞིག་བྱུང་བ་དེ་ནི་རྒྱལ་བའི་རིགས་ལ་བྱང་ཆུབ་སེམས་དཔའ་ཉིད་དེ། གང་གི་ཕྱིར་བདེ་བར་གཤེགས་པའི་རིགས་རབ་ཏུ་འཕེལ་བར་བྱེད་པ་དེའི་ཕྱིར་བདེ་བར་གཤེགས་པ་པ་མཉམ་པར་མ་བཞག་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་བསྲུང་བ་དང་བྲལ་བ་དེ་ནི་ཉིན་ཞག་སོ་སོའི་དུས་སུ་བདུད་ཀྱི་ཕོ་ཉ་དང་སྲིན་པོ་ཁུ་བ་འཕྲོག་པར་བྱེད་པ་རྣམས་དང་མི་རྣམས་ཀྱིས་ཀྱང་རྣལ་འབྱོར་པའི་ཆ་བྱད་ཀྱིས་ཟ་རུ་འཇུག་པར་བྱེད་ཅིང་ཤེས་རབ་མེ་ཏོག་དང་ལྡན་ཟོས་པ་ཞི་བ་བདེ་བའི་འབྲས་བུ་སྟེར་བར་སྟོན་


DTG012_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག་པར་བྱེད་དེ་བྱིས་པའི་སྐྱེ་བོ་གཞན་རྣམས་དམྱལ་བར་གཏང་བའི་སླད་དུའོ། །དེའི་ཕྱིར་སངས་རྒྱས་པའི་སྔགས་པས་རྡོ་རྗེ་འཁུམས་པར་མ་གྱུར་གྱི་བར་དུ་ཆུ་སྐྱེས་ལས་ནི་དབྱུང་བར་མི་བྱའོ། །གང་ཚེ་འདོད་པ་གྲུབ་པ་དེའི་ཚེ་ན་འདི་ནི་སངས་རྒྱས་བྱིན་གྱིས་བརླབས་པར་རབ་ཏུ་འགྱུར་ལ་རྡོ་རྗེའི་ལམ་ནས་ཐབས་ཀྱི་སྙིང་ཁར་གཞུག་པར་བྱ་ཞིང་པདྨའི་ལམ་ནས་ཤེས་རབ་ཀྱི་སྙིང་ཁར་གཞུག་པར་བྱ་སྟེ་རང་རང་རྡོ་རྗེའི་སྙིང་ཁར་ལྷ་ཡི་འཁོར་ལོ་རབ་ཏུ་བཅུག་པ་འདི་ཡི་འོད་ཟེར་རྣམས་ཀྱིས་གཉི་གའི་ལུས་ནི་གང་བར་བྱས་ནས་འཁོར་ལོའི་རྣམ་པར་བྱེད་དོ། །གལ་ཏེ་འདི་ནི་གྲུབ་ཕར་མ་གྱུར་ན་དེའི་ཚེ་རྡོ་རྗེ་ནོར་བུ་ལ་ནི་ཡང་དག་གནས་པའི་བྱང་ཆུབ་ཀྱི་སེམས་མིང་མེད་དང་མཐེ་བོ་དག་གིས་བླངས་ནས་བཟའ་བར་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་པདྨའི་ཕྱི་རོལ་དུ་འོངས་པ་དེ་ཉིད་ཀྱང་གཉིས་པོ་དག་གིས་བཟའ་བར་བྱའོ། །ཤེས་རབ་ཀྱི་ནི་ཆོས་འབྱུང་ན་གནས་པ་ལ་མཐའ་དག་རྒྱལ་བའི་རིགས་ནི་བསྲུང་བའི་དོན་དུ་དགོད་པར་བྱ་སྟེ་དཔྲལ་བ་ལ་སོགས་པ་རྣམས་སུ་རྡོ་རྗེ་དྲུག་པོ་རྣམས་དང་སྙིང་ཁ་ལ་སོགས་པ་རྣམས་སུ་ཡན་ལག་དྲུག་གོ །ཤེས་རབ་ལྡན་པ་ལའོ་ཞེས་པ་ནི་རྡུལ་དང་ལྡན་པ་ལའོ། །དེ་ནས་བྱང་ཆུབ་ཀྱི་སེམས་གཅིག་པུ་བསྲུངས་པ་ལ་བསོད་ནམས་ཆེན་པོར་འགྱུར་ཏེ་སླར་ཡང་གསུང་ནི་རབ་ཏུ་གསུངས་པ་བྱང་ཆུབ་ཀྱི་སེམས་འདི་ནི་སངས་རྒྱས་ཀྱི་སྐུའོ། །བདུད་ཀྱི་རིགས་གང་སུ་ཞིག་འདི་ནི་ཉམས་ལ་མངོན་པར་དགའ་བྱེད་གཡོན་ཅན་དེ་ནི་རྡོ་རྗེ་ཅན་ཏེ་ཧེ་རུ་ཀས་གསོད་པར་བྱེད་དོ། །བྱང་ཆུབ་སེམས་ཀྱི་དམ་ཚིག་བསྲུང་བ་དང་བཟའ་བའི་ངེས་པའོ། །འདིར་སྔགས་ཀྱི་ཚུལ་ལས་སྲིད་པ་གསུམ་གྱི་བདག་པོས་དྲག་པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་ཏུ་གསུངས་པ་གང༌། དེ་རྣམས་ཐམས་ཅད་བདུད་ཀྱི་ཕྱོགས་ཉམས་འཇིགས་པ་སྐྱེད་བྱེད་སྲོག་ཆགས་རྣམས་ལ་ནམ་ཡང་མ་ཡིན་ནོ། །འདིར་བདུད་རྣམས་ནི་གང་ཞིག་དྲན་པ་རྣམས་དང་བྱེད་པོ་གཡུལ་གྱི་ཡུལ་ལ་དགའ་ཞིང་གསོད་བྱེད་གཞན་ཡང་མུ་སྟེགས་པ་དེ་རྣམས་ལ་ནི་མཆོག་གི་རྒྱལ་སྲས་རྣམས་ཀྱིས་སྲོག་ཆགས་བསྲུང་བའི་དོན་དུ་དེ་རྣམས་སྦྱར་བར་བྱ།


DTG012_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་ཕྱོགས་ཞེས་པ་ནི་རིག་བྱེད་ཀྱི་ཆོས་ལ་སོགས་པ་སྟེ་ཆོས་དེ་ཆོས་ཉམས་པ་དང་འཇིགས་པའི་སླད་དུ་ཡིན་གྱི་དེ་རྣམས་ཀྱི་སྲོག་གཞོམ་པའི་སླད་དུ་ནི་མ་ཡིན་ནོ། །འདིར་རྣལ་འབྱོར་མའི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་རྣམས་ལ་ཕྱུགས་ཀྱི་སྐྱེ་བོ་སྟེ་མི་ཤེས་པ་རྣམས་བསད་པའི་དོན་དུ་མཁས་པ་སྟེ་སངས་རྒྱས་པ་རྣམས་ཀྱིས་གསོལ་བ་གདབ་པར་མི་བྱའོ། །གང་ལས་ཅིའི་ཕྱིར་ཞེ་ན་སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་སྲིད་པ་གསུམ་གྱི་བླ་མས་དེ་རྣམས་འཇིག་རྟེན་ཁམས་སུ་སྤྲོས་པ་སྟེ་དེའི་ཕྱིར་མཆོག་གི་སྙིང་རྗེ་དང་ལྡན་པ་དེ་རྣམས་ནི་འཇིག་རྟེན་རྣམས་སྲུང་བར་བྱེད་ཅིང་འཇིག་རྟེན་སླུ་བར་བྱེད་པའི་སྒྲུབ་པ་པོ་ལ་སྡང་བར་བྱེད་དོ། །ཅི་སྟེ་བསད་པ་ལ་སོགས་པའི་ལས་བྱས་པར་གྱུར་པ་ན་བསྒྲུབ་བྱ་དག་ནི་ལས་ཀྱི་མཐུ་ཡིས་ཤི་བར་གྱུར་ན་དེའི་ཚེ་འདི་ནི་སྒྲུབ་པ་པོ་ཡི་བདུད་ཡིན་ཏེ་བདག་གིས་བསད་དོ་ཞེས་པའི་ང་རྒྱལ་ལས་དམན་པའི་ལས་ཀྱིས་སྒྲུབ་པ་པོ་དམྱལ་བར་འགྲོའོ། །ང་རྒྱལ་མེད་ཅིང་ང་ཡིར་འཛིན་པ་མེད་པ་ནི་དམན་པའི་ལས་མི་བྱེད་དེ་བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་ལྟའོ། །འདིར་འཁོར་བ་པའི་སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དབང་གིས་ཕྲན་ཚོགས་རིག་པ་ལ་རྗེས་ཆགས་རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གི་ནི་བདག་གི་དབང་དུ་བྱེད་པའོ་ཞེས་པའི་བསམ་པ་བརྐམ་ཆགས་སེམས་ཀྱིས་སྦྱིན་དང་ཡེ་ཤེས་རྣམ་པར་སྤངས་ནས་ཤི་བར་གྱུར་པ་དམྱལ་བར་རབ་ཏུ་འཇུག །ཕྱིས་ནི་སྟེ་ཤི་བར་གྱུར་པའི་རྗེས་ལ་རྫས་གཞན་གྱི་དབང་དང་རང་གི་ཆུང་མ་གཞན་གྱི་དབང་དུ་འགྱུར་ཏེ་ཀྱེ་མ་འཁོར་བ་པ་རྣམས་ཀྱི་གཞན་ལ་ཆགས་པ་ནི་ངན་པའི་ཆོས་ལ་རབ་ཏུ་འཇུག་གོ་ཞེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་ཡེ་ཤེས་ཀྱི་ལེའུ་ལས་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། །།


previousདང་པོ། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ།next