Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་གཉིས་པ།


  collapse section
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
བཞི་པ། ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ།


 
previousབཞི་པ། ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ།no next

བཞི་པ། ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ།


DTG010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ལ། །བཏུད་ནས་ཨ་སོགས་ཀ་སོགས་རྣམས་ཀྱི། །དབུགས་ཀྱི་གྲངས་ནི་དགྲོལ་བར་བྱའོ། །ལྀ་སོགས་ཞེས་པ་ལ་སོགས་པ་ལ་འདིར་ལྀ་ཡིག་ལ་སོགས་པ་དབྱངས་བརྒྱད་པོ་གང་དག་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་རྣམས་ཡུལ་དང་ཡོན་ཏན་དུ་གྱུར་པ་སྟེ། ལྀ་ནི་དྲིའི་ཡོན་ཏན་དུ་གྱུར་པ་དང་ཨུ་ནི་གཟུགས་ཀྱི་ཡོན་ཏན་དུ་གྱུར་པ་དང་རྀ་ནི་རོའི་ཡོན་ཏན་དུ་གྱུར་པ་དང་ཨི་ནི་རེག་བྱའི་ཡོན་ཏན་དུ་གྱུར་པ་དང་


DTG012_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནི་སྒྲའི་ཡོན་ཏན་དུ་གྱུར་པ་དང་ཨཾ་ནི་སྙིང་སྟོབས་ཀྱི་ཡོན་ཏན་དུ་གྱུར་པ་དང་ཨཿ་ནི་རྡུལ་གྱི་ཡོན་ཏན་དུ་གྱུར་པ་དང་ཨཱཾ་ནི་མུན་པའི་ཡོན་ཏན་དུ་གྱུར་པ་སྟེ་ཤིན་ཏུ་རིང་པོའོ། །གཞོམ་དུ་མེད་པ་ཕྱེད་ཀྱི་དབྱངས་ནི་ཧ་ཞེས་པ་སྟེ་འདིས་དམན་པ་རྣམས་ནི་ཕྱེད་དང་བཅས་པ་བདུན་ནོ། །དེ་ལྟར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་དེ་རྣམས་ཕན་ཚུན་དབྱེ་བས་ཕྱེ་བ་ཞེས་པ་ནི་སོ་སོར་ཕྱེད་དང་བཅས་པ་བདུན་གྱི་དབྱེ་བས་ཕྱེ་བ་སྟེ་ཀུན་འབྱུང་གི་བདེན་པས་བསྒྱུར་པ་དེ་རྣམས་ཐམས་ཅད་རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་ཏུ་འགྱུར་ཏེ་རྐང་པ་དང་རོ་དང་མདའ་རྣམས་ཞེས་སོ། །ཐུང་དུ་དེ་རྣམས་ཀྱང་ལུག་ལ་སོགས་པའི་དུས་སྦྱོར་ལས་སྐྱེས་པའི་བྱིས་པའི་དབུ་མའི་དབུགས་འབབ་པ་རྣམས་སུ་འགྱུར་ཏེ་དེ་ནས་གཡོན་པའི་རྩའི་དཀྱིལ་འཁོར་ལ་ཡང་དག་པར་རྒྱུའོ། །རིང་པོ་རྣམས་ཀྱང་དེ་བཞིན་དུ་དུས་སྦྱོར་གཉིས་པ་གླང་ལ་སོགས་པ་མཉམ་པ་ལ་དང་པོ་སྐྱེས་པའི་དབུ་མའི་དབུགས་འབབ་པ་རྣམས་སོ། །འདིར་གལ་ཏེ་ལྀ་ལ་སོགས་པ་གསུངས་པ་དེ་ལྟ་ན་ཡང༌། སྣ་བུག་གཡོན་པར་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལ་སྲོག་གི་བགྲོད་པའོ། །འདིར་ཡང་ལྟེ་བ་ལ་སོགས་པ་ཡོན་ཏན་ལྔ་ལ་སོགས་པའི་ངེས་པས་སྲོག་ནི་ནམ་མཁའ་ལ་སོགས་པ་དང་ས་ལ་སོགས་པའི་ཆོས་མཐུན་པས་གཟུང་བར་བྱ་སྟེ་ཐུང་དུ་དང་རིང་པོའི་དབྱེ་བས་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་དག་ལའོ། །སླར་ཡང་ཐུན་མཚམས་གསུམ་པ་ལ་ནི་ཤིན་ཏུ་རིང་པོ་ཡུལ་དང་ཡོན་ཏན་དབུ་མའི་དབུགས་རྣམས་འབབ་ཅེས་པ་ནི། འདིར་གལ་ཏེ་འཕོ་བའི་དུས་སུ་བྱིས་པ་སྐྱེས་པར་གྱུར་ན་དེའི་ཚེ་དབུ་མ་ལ་སྲོག་ཤིན་ཏུ་རིང་པོར་གྱུར་ནས་གཡོན་དང་གཡས་ལ་ཡང་དག་པར་རྒྱུ་སྟེ་འདི་རྣམས་སྔར་བརྗོད་པའི་ཡི་གེ་ཐམས་ཅད་ཀྱི་ཡང་དག་པར་རྒྱུ་བར་རིག་པར་བྱའོ། །འདིར་ལྀ་ཡིག་གི་དབྱེ་བ་ནི་འདི་ལྟ་སྟེ། ལྀ་ལུ་ལྲྀ་ལི་ལ་ལཾ་ལཿ། ལཱཾ་ལྲ་ཞེས་པའོ། དེ་བཞིན་དུ་ཨུ་ལླྀ་ལླྲྀ་ཝི་ཝ་ཝཾ་ཝཿ། ཝྰཾ་ཝྲ་ཞེས་པ་དྣག་དེ་བཞིན་དུ་རྀ་རླྀ་རུ་རི་ར་རཾ་རཿ། རཱཾ་རྲ་ཞེས་པ་དང༌། དེ་བཞིན་དུ་ཨི་ཡླྀ་ཡུ་ཡྲྀ་ཡ་ཡཾ་ཡཿ། ཡཱཾ་ཡྲ་ཞེས་པ་དང༌། དེ་བཞིན་དུ་ཨ་ཨ་ལ་ཨོ་ཨ་ར་ཨེ་ཨ་ཨཾ་ཨཿ། ཨཱཾ་ཧ་ཞེས་པ་དང་དེ་བཞིན་དུ་ཨཾ་མླྀ་ལུ་མྲྀ་མི་མཾ་མཿ། མྰཾ་མྲ་ཞེས་པ་དང༌། དེ་བཞིན་


DTG012_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཨ་རླྀ་རུ་རྲྀ་ར་རི་ར་རཾ་རཿ། རཱཾ་རྭ་ཞེས་པ་དང་དེ་བཞིན་དུ་ཧ་ཧླྀ་ཧུ་ཧྲྀ་ཧི་ཧ་ཧཾ་ཧཿ། ཧཱཾ་ཧྲ་ཞེས་པ་སྟེ་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གོ །དེ་བཞིན་དུ་རིང་པོ་དང་ཤིན་ཏུ་རིང་པོ་རྣམས་ཀྱང་རིག་པར་བྱ་སྟེ་ཕན་ཚུན་དབྱེ་བ་རྣམས་ཀྱིས་སོ། །ད་ནི་ཉིན་མོ་དང་མཚན་མོའི་དབུགས་ཀྱི་དབྱངས་རྣམས་གསུངས་པ་ཀ་ལ་སོགས་པའི་ཡི་གེ་ཞེས་པ་སྟེ་ཀ་ཙ་ཊ་པ་ཏ་ས་དྲུག་པོ་རྣམས་ཀྱི་ཀ་ཡིག་ལ་སོགས་པའི་ཡི་གེ་སུམ་ཅུ་པོ་རྣམས་ནི་སུམ་ཅུའི་རབ་ཏུ་དབྱེ་བས་རབ་ཏུ་གསལ་བར་དགུ་བརྒྱ་ཉིད་དུ་འགྱུར་ཏེ་ཡི་གེ་རེ་རེ་ལ་ཡང་ཕན་ཚུན་ཡང་དག་པར་སྦྱར་བའི་དབྱེ་བས་སུམ་ཅུར་འགྱུར་རོ། །འདི་ལྟ་སྟེ། ཀྐ་ཀྑ་ཀྒ་ཀྒྷ་ཀྡ། ཀྩ་ཀྪ་ཀྫ་ཀྫྷ་ཀྙ། ཀྚ་ཀྛ་ཀྜ་ཀྜྷ་ཀྞ། ཀྤ་ཀྥ་ཀྦ་ཀྦྷ་ཀྨ། ཀྟ་ཀྠ་ཀྡ་ཀྡྷ་ཀྣ། ཀྶ་ཀྺ་ཀྵ་ཀྵ་ཀྠྐ། ཞེས་པའོ། །དེ་བཞིན་དུ་ཁ་ལ་སོགས་པ་རྣམས་རིག་པར་བྱ་སྟེ་རབ་ཏུ་གསལ་བར་དགུ་བརྒྱ་ཉིད་དུ་འགྱུར་རོ། །སླར་ཡང་དགུ་བརྒྱ་པོ་དེ་རྣམས་དབྱངས་དྲུག་གི་ནི་དབྱེ་བ་ཞེས་པ་ནི་ཨ་ཨི་རྀ་ཨུ་ལྀ་ཨཾ་ཞེས་པ་འདི་རྣམས་ཀྱིས་ཕྱེ་བ་མཁའ་མཁའ་དུས་དང་མདའ་རྣམས་ཞེས་པ་བརྒྱ་ཕྲག་ལྔ་བཅུ་རྩ་བཞིར་འགྱུར་ཏེ་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་མཚན་མོ་ཕྱེད་ནས་ཉི་མ་འཆར་བ་ཇི་སྲིད་པར་རོ། །དེ་ནས་དབྱངས་རིང་པོ་དྲུག་གིས་དབྱེ་བ་རྣམས་ནི་ཉི་མ་ཤར་བ་ནས་ཉི་མ་གུང་ཇི་སྲིད་པར་གཞན་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་དབུགས་ཀྱི་དབྱངས་སྔ་མའི་གྲངས་རྣམས་སུ་འགྱུར་རོ། །སླར་ཡང་ཐུང་དུའི་དབྱངས་དྲུག་དག་གིས་ཕྱེ་བ་རྣམས་ནི་ཉི་མ་གུང་ནས་མཚན་མོའི་དུས་ཏེ་དེ་ལ་ཉི་མ་ནུབ་པའི་མཐར་ཐུག་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་གྲངས་སྔར་བཞིན་ནོ། །དེ་བཞིན་དུ་མཚན་མོའི་ཕྱི་མའི་ཆ་ལ་མཚན་མོ་ཕྱེད་ཇི་སྲིད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་དབྱངས་དང་བཅས་པ་སྔ་མའི་གྲངས་རྣམས་སོ། །དེ་ལྟར་ཉིན་ཞག་སོ་སོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་མཁའ་མཁའ་དྲུག་དང་ཟླ་བ་མིག་རྣམས་འབབ་ཅེས་པ་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ །འདི་རྣམས་ཀྱི་དབུས་ནས་སྔ་མ་སྟོང་པ་རྣམས་བསྡུས་ནས་ནི་མཉམ་དང་མི་མཉམ་བགྲོད་པར་དབུ་མ་དག་ལ་སྦྱར་བར་བྱ་ཞེས་པ་ནི། འདིར་སྔར་བརྗོད་པའི་དཀྱིལ་འཁོར་སོ་སོ་ལ་རྐང་པ་དང་བཅས་པའི་བཅུ་གཅིག་སྟེ་དེ་རྣམས་ཀྱང་


DTG012_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་ལ་སོགས་པའི་དབྱེ་བས་དཀྱིལ་འཁོར་སོ་སོའི་མཐར་ད་ཡིག་ལ་སོགས་པའི་དབྱེ་བས་དབུ་མ་དག་ལ་སྦྱར་བར་བྱའོ་ཞེས་པའི་སྤྲོས་པ་ཆེན་པོ་འདི་ནི་མང་བ་ཉིད་ཀྱི་ཕྱིར་མ་བྲིས་ཏེ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱས་འགྲེལ་ཟླ་བ་བཟང་པོས་མཛད་པའི་སྟོང་ཕྲག་དྲུག་ཅུ་པ་ལས་ཤེས་པར་བྱའོ། །གང་གིས་རབ་ཏུ་འབད་པར་བྱ་བ་འདིས་འཇིག་རྟེན་ལས་འདས་པར་བྱེད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཨ་སོགས་ཀ་སོགས་འདི་ནི་བ་སྤུ་དང་སྐྲའི་གྲངས་ཇི་སྙེད་པར་འབྱུང་ངོ༌། །ད་ནི་ཕྱེད་དང་བཅས་པའི་བདུན་པོ་རྣམས་ཀྱི་ཕྱི་མ་བརྒྱད་པའི་ཕྱེད་གང་ཡིན་པ་དེ་གསུངས་པ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་དུ་ནི་ཞེས་པ་འཇིག་རྟེན་གྱི་ཁམས་སུ་གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་ཀྱི་དབྱངས་སུ་གྱུར་པ་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་གནས་ཞེས་པ་སྟེ། འདིར་སྒྲ་གཅན་གྱིས་ཟླ་བ་སོ་སོའི་དུས་ལ་ཡུལ་ལྔའི་མཚན་ཉིད་ཆུ་ཚོད་ལྔ་དང་དེ་བཞིན་དུ་སྙིང་སྟོབས་དང་རྡུལ་དང་མུན་པའི་མཚན་ཉིད་གསུམ་སྟེ་ཁྱིམ་གྱི་འཁོར་ལོའི་དབུས་ནས་དེ་རྣམས་ལོངས་སྤྱོད་ཅིང་དེ་རྣམས་ལས་ཕྱེད་དང་བཅས་པའི་བདུན་ནི་ལོངས་སྤྱོད་དོ། །ཆུ་ཚོད་ཕྱེད་ནི་ལོངས་སྤྱོད་པར་མི་ནུས་ཏེ། དེ་ནི་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་གནས་པའོ། །དེ་ནི་རང་གི་ལུས་ལ་དབུགས་ཕྱེད་དེ་མ་སྐྱེས་པའི་བྱིས་པའི་ལྟེ་བ་དང་དཔྲལ་བ་དག་གི་དབུས་སུ་དབྱུག་པའི་རྣམ་པའོ། །ཕྱི་རོལ་དུ་འབྱུང་བ་མིད་པའི་ཕྱིར་དབུགས་ཕྱེད་དུ་བརྗོད་དོ། །སྔགས་ཀྱི་དབྱེ་བས་ནི་དབྱངས་ཕྱེད་དོ། །དེ་ནི་ངེས་པར་མུན་པ་དང་བྲལ་འཇིག་རྟེན་ཐམས་ཅད་སྣང་བ་སྟེ་མངལ་ནི་ཟླ་བ་དྲུག་ལ་མངོན་པར་ཤེས་པ་ལྔའི་ཕྱིར་རོ། །སྔ་མ་ཕྱེད་ནི་མུན་པ་དང་བཅས་སྲིད་པ་གསུམ་པོ་མཐའ་དག་སྟོང་པ་གང་དུ་ཐིམ་པའོ། །ཤི་བའི་མཐར་བཞི་པ་བོར་ནས་ཤིན་ཏུ་གཉིད་ལོག་པ་ལ་ཟླ་བ་དྲུག་གི་བར་དུ་འཇུག་པར་བྱེད་དོ། །དེ་ནས་རྨི་ལམ་གྱི་གནས་སྐབས་ཐོབ་པའི་མངལ་ནི་ཕྱི་མའི་དབྱངས་ཕྱེད་ལ་འཇུག་གོ །དེའི་ཕྱིར་དེ་མུན་པའི་གནས་སྐབས་ཕྱེ་ནས་སྙིང་པོར་འཇུག་ལ། མུན་པ་བྲལ་བ་ལྟེ་བའི་འཁོར་ལོ་ལ་གནས་པ་ནི་དུས་ཀྱི་འཁོར་


DTG012_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རྣལ་འབྱོར་ལྡན་པ་གཅིག་པུ་སྟེ་སྲོག་གི་རླུང་བཀག་པའི་ཕྱིར་སྙིང་པོའི་གནས་སྐབས་སུ་སོང་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་རྫོགས་པའོ། །ད་ནི་སྐྱེས་པའི་བྱིས་པ་རྣམས་ཀྱི་ཆ་ཉམས་པ་ལ་སོགས་པ་གསུངས་པ་ཟླ་བ་དམན་ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་ལའོ། །ཉིན་ཞག་སོ་སོར་ཟླ་བའི་ཚེས་ནི་ཆུ་ཚོད་དྲུག་ཅུར་མི་འགྱུར་ཏེ། ཆུ་ཚོད་གཅིག་གིས་དམན་ཞིང་དེ་ཡང་ནང་དུ་ཁུ་བའིའོ། །ཉི་མར་ལྷག་གང་ཞེས་པ་ནི་ཉི་མའི་ལོངས་སྤྱོད་ལ་སྟེ་ནང་གི་ལེའུ་ལས་སྔར་བརྗོད་པའི་ཆུ་ཚོད་གཉིས་སོ། །ཁྱབ་བདག་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་མཆོག་གི་ཆ་ཡེ་ཤེས་ཀྱི་ཆོས་ཅན་མ་ནི་ཟླ་བའི་ཆ་ཉམས་པའོ། །རྣམ་པར་ཤེས་པའི་ཆོས་ཅན་མ་ནི་ཉི་མའི་ལོངས་སྤྱོད་ཉམས་པའོ། །དེ་འདིར་ནི་ཐུན་མཚམས་བཞི་ལ་སྟེ་ཐུན་དང་ཐུན་ལ་ཉིན་དང་མཚན་མོའི་དབང་གིས་བགྲོད་ཅིང་དུས་སྦྱོར་ཕྱེད་པའི་རབ་ཏུ་དབྱེ་བ་ཡིས། སུམ་ཅུ་རྩ་དྲུག་དུས་ཀྱི་ཕོ་ཉ་ཞེས་པ་ནི་འཁོར་ལོ་གསུམ་གྱི་སྡོམ་པའི་མཁའ་འགྲོ་མ་རྣམས་ཏེ་དེ་རྣམས་རིགས་ལྡན་མའི་སྦྱོར་བ་ལ་ཐུན་མཚམས་ཀྱི་དབྱེ་བ་དང༌། ཐུན་ཚོད་ཀྱི་དབྱེ་བ་དང་དུས་སྦྱོར་བྱེད་པའི་དབྱེ་བས་ཡང་དག་པར་རྒྱུའོ། །ཕྱི་རོལ་དུ་ལོངས་སྤྱོད་དང་ཐིམ་པ་དང་དབང་བྱེད་པ་དང་བདག་པོ་ཉིད་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྟེ་ཉི་མ་འཆར་བའི་དབྱེ་བ་དང་སྲོག་འབྱུང་བའི་དབྱེ་བས་སོ། །འདིར་ཕྱི་རོལ་དུ་གླིང་བཞི་རྣམས་ལས་གང་དུ་ཉི་མ་འཆར་བ་དེར་ལོངས་སྤྱོད་པ་དང་གང་དུ་མཚན་མོ་ཕྱེད་པ་དེར་ཐིམ་པ་དང་གང་དུ་ཉིན་མོ་ཕྱེད་པ་དེར་དབང་བྱེད་པ་དང་གང་དུ་ཉི་མ་ནུབ་པ་དེར་བདག་པོའོ། །རིགས་ལྡན་མ་མཚན་མོ་རབ་ཏུ་ཞུགས་པ་ནས་མཚན་ཕྱེད་ཀྱི་བར་ནི་རྣལ་འབྱོར་པའི་ལོངས་སྤྱོད་དོ། །ཉི་མ་ཤར་ནས་ཉི་མ་གུང་གི་བར་ནི་དགེ་སློང་རྣམས་ཀྱི་ལོངས་སྤྱོད་དེ་ཉིན་མོའི་དུས་སུའོ། །དེས་ན་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་ལོངས་སྤྱོད་སླད་ཅེས་པ་ངེས་པའོ། །དེས་ན་ཉི་མ་ཤར་ནས་ཉི་མ་གུང་གི་བར་དུ་དགེ་སློང་རྣམས་ཀྱི་ཤ་དང་བྲལ་བའི་ཟས་བཟའ་བར་བྱའོ། །ཉི་མ་ནུབ་ནས་ནམ་ཕྱེད་ཀྱི་བར་དུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་དམ་ཚིག་གི་མཆོད་སྟོན་བྱའོ། །དེ་ལས་འདས་ན་ཉན་ཐོས་དང་སྔགས་པའི་སྡོམ་པ་ཉམས་པ་སྟེ་དེ་ཉམས་པའི་ཕྱིར་རྫུ་འཕྲུལ་དང་དངོས་གྲུབ་ཉམས་


DTG012_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་ཐུན་མཚམས་ཀྱི་དབྱེ་བས་རྣལ་འབྱོར་མ་བཞི་པོ་རྣམས་ཀྱི་ལོངས་སྤྱོད་པ་དང་ཐིམ་པ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་ཐུན་ཚོད་ཀྱི་དབྱེ་བས་དུར་ཁྲོད་ཀྱི་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱི་སྟེ་མཚན་མོ་ཕྱེད་ནས་ཉི་མ་གུང་གི་བར་དུ་ལུགས་དང་མཐུན་པས་ཤར་དང་ལྷོ་དང་ནུབ་དང༌། བྱང་རྣམས་སུ་ཐུན་ཚོད་བཞིའི་དབྱེ་བ་རྣམས་ལ་ཡང་དག་པར་རྒྱུའོ། །ཉི་མ་གུང་ནས་མཚན་མོ་ཕྱེད་ཀྱི་མཐར་ཐུག་པར་ལུགས་དང་མི་མཐུན་པས་དབང་ལྡན་དང་རླུང་དང་བདེན་བྲལ་དང་མེའི་ཕྱོགས་རྣམས་སུའོ། །དེ་བཞིན་དུ་དུས་སྦྱོར་ཕྱེད་པའི་དབྱེ་བ་སྟེ་ཐུགས་ཀྱི་འཁོར་ལོ་ལ་སྡིག་པ་དང་གཞུའི་དུས་སྦྱོར་ཕྱེད་པའི་དབྱེ་བས་བཞི་པོ་རྣམས་གཡས་སྐོར་གྱིས་ཡང་དག་པར་རྒྱུ་ཞིང་ཆུ་སྲིན་དང་བུམ་པ་གཡོན་སྐོར་གྱིས་སོ། །དེ་བཞིན་དུ་གསུང་གི་འཁོར་ལོ་ལ་ཉ་དང་ལུག་དང་གླང་དང་འཁྲིག་པའི་ཕྱེད་ཀྱི་དབྱེ་བས་སོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ་ཀརྐཊ་དང་སེང་གེ་དང་བུ་མོ་དང་སྲང་གི་དབྱེ་བས་ཡང་དག་པར་རྒྱུའོ། །སྲོག་གི་དབྱེ་བས་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་ཡང་དག་པར་རྒྱུ་བ་སྟེ་དེ་རྣམས་ཀྱང་དུས་ཀྱི་ཕོ་ཉ་མོའོ། །དེ་བཞིན་དུ་འཁོར་ལོ་སྡོམ་པ་ལས་གསུངས་པ། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་ལྡན་པ་ཡིས། །རིགས་ལྡན་མ་ནི་རྟག་མཆོད་བྱ། །ཁྱད་པར་དུས་ལ་ཕོ་ཉ་མོ་ཞེས་པ་ལ་འདིར་བཤང་བ་དང་གཅི་བ་དང་ཟླ་བ་དང་ཉི་མའི་རྩ་འགོག་པ་དང་མཆོག་ཏུ་མི་འགྱུར་པའི་བདེ་བས་རིགས་ལྡན་མ་སྟེ་རྡོ་རྗེ་ཕག་མོ་མཆོད་པར་བྱ་ཞིང་བརྗོད་པའི་ཁྱད་པར་གྱི་དུས་ཀྱི་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་རྣམས་མཆོད་པར་བྱ་སྟེ་སྲོག་ཡང་དག་པར་རྒྱུ་བས་ཕྱི་རོལ་དང་ནང་དུའོ། །འདིར་ལྟེ་བའི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་འདབ་མ་བཞི་སྟེ་དེ་རྣམས་ལས་ཤར་གྱི་འདབ་མ་ནི་བདག་གི་གདན་དང་ལྷོ་ནི་གཞན་གྱི་གདན་དང༌། ནུབ་ནི་སྔགས་ཀྱི་གདན་དང་བྱང་ནི་དེ་ཁོ་ན་ཉིད་ཀྱི་གདན་ནོ། །དེ་བཞིན་དུ་ཁའི་སྒོ་ནི་རྩེ་མོས་འབིགས་པའི་དུར་ཁྲོད་དེ་ཤར་དུའོ། །སྣ་བུག་གཡས་པ་ནི་རོ་བསྲེག་པ་སྟེ་ལྷོར་རོ། །ཐུར་སེལ་གྱི་སྒོ་ནི་རྣག་གི་དྲི་སྟེ་ནུབ་ཏུའོ། །སྣ་བུག་གཡོན་པ་ནི་རུལ་པ་སྟེ་བྱང་དུའོ། །དེ་བཞིན་དུ་རྣ་བ་གཡོན་པ་ནི་བྱིས་པ་ཤི་བ་སྟེ་དབང་ལྡན་དུའོ། །རྣ་བ་གཡས་པ་ནི་དྲག་པོའི་གཡུལ་ཏེ་བདེན་བྲལ་དུའོ། །མིག་གཡས་པ་ནི་སྤྲུལ་གྱིས་ཟོས་པ་སྟེ་


DTG012_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དུའོ། །མིག་གཡོན་པ་ནི་ལྷག་མ་ཅན་ཏེ་མེར་རོ། །དེ་བཞིན་དུ་སྙིང་ཁའི་འཁོར་ལོར་རྩ་བརྒྱད་པོ་རྣམས་ཀྱི་མིང་སྟེ་ཤར་གྱི་རྩ་སྣང་མ་ནི་པཱུརྞྞ་གི་རི་དང༌། ལྷོའི་རྩ་དམར་སེར་ནི་ཛཱ་ལན་དྷ་ར་དང་ནུབ་ཀྱི་རྩ་རྒྱལ་བ་ནི་ཨོཊྚི་ཡ་ན་དང་བྱང་གི་རྩ་ཨི་ཌཱ་ནི་ཨར་བུ་ད་སྟེ་ཕྱོགས་རྣམས་སུའོ། །དེ་བཞིན་དུ་ཕྱོགས་བྲལ་རྣམས་སུ་སྟེ་དབང་ལྡན་དུ་ཀུ་ཧཱ་ནི་གོ་དྷཱ་ཝ་རི་དང་རླུང་དུ་ཨ་ལམ་བུཥཱ་ནི་རཱ་མེ་ཤྭ་རི་དང་བདེན་བྲལ་དུ་པཱུ་ཥཱ་ནི་དེ་ཝཱི་ཀོ་ཊ་དང་མེར་གླང་པོ་ཆེའི་ལྕེ་ནི་མཱ་ལ་ཝ་ཀའོ། །དེ་བཞིན་དུ་མགྲིན་པའི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་རྩ་བརྒྱད་པོ་རྣམས་ནི་ཞིང་དང་ཉེ་བའི་ཞིང་དང་ཚན་དོ་ཧ་དང༌། ཉེ་བའི་ཚན་དོ་ཧའི་མི་རྣམས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ་དཔྲལ་བའི་ཟླུམ་སྐོར་དང་པོ་ལ་ཡང་རྩ་བརྒྱད་པོ་རྣམས་ནི་འདུས་པ་དང་ཉེ་བའི་འདུས་པ་དང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་མིང་རྣམས་ཀྱིས་རིག་པར་བྱའོ་ཞེས་པ་ནི་འཁོར་ལོ་སྡོམ་པའི་ངེས་པའོ། །འདི་རྣམས་ཀྱི་ས་བོན་ནི་མཐར་གནས་ཡ་རལ་ཝ་རྣམས་སྐུའི་འཁོར་ལོའི་ཤང་ལ་སོགས་པའི་ཕྱོགས་རྣམས་སུའོ། །དེ་བཞིན་དུ་ཝཱ་ལཱ་རཱ་ཡཱ་ཞེས་པ་ནི་དབང་ལྡན་ལ་སོགས་པ་ཕྱོགས་བྲལ་རྣམས་སུའོ། །ཧ་ཧཱ་ཧཾ་ཧཿ་ནི་མེ་དང་རླུང་དང་དབང་ལྡན་དང་བདེན་བྲལ་གྱི་དུར་ཁྲོད་རྣམས་སུའོ། །དེ་བཞིན་དུ་ཨར་ཨ་ལ་ཨོ་ནི་གསུང་གི་འཁོར་ལོའི་ཕྱོགས་རྣམས་སུའོ། །ཨཽ་ཨཱ་ལ་ཨར་ཨཻ་ནི་ཕྱོགས་བྲལ་རྣམས་སུའོ། །ཨ་ཨཱ་ཨཾ་ཨཿ་ནི་ཤར་དང་ནུབ་དང་བྱང་དང་ལྷོའི་དུར་ཁྲོད་རྣམས་སུའོ། །ཨ་རྀ་ལྀ་ཨུ་ནི་ཐུགས་ཀྱི་འཁོར་ལོའི་ཕྱོགས་རྣམས་སུའོ། །ཨཱུ་ལཱྀ་རཱྀ་ཨཱི་ཞེས་པ་ནི་ཕྱོགས་བྲལ་རྣམས་སུའོ། །སྙིང་པོའི་པདྨའི་འདབ་མ་ལ་ཨ་ཨཱ་ནི་ཤར་དང་ནུབ་ཏུའོ། །ཨཾ་ཨཿ་ནི་བྱང་དང་ལྷོ་རུ་སྟེ་ཕྱག་བཅུ་གཉིས་པ་ལའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས། །ལྟེ་བའི་དབུས་ན་གནས་པའི་སེམས། །སྲོག་གི་ཡོན་ཏན་བརྒྱད་ཀྱིས་བཅིངས། །བདག་སྐྱེས་རྣམས་ཀྱིས་དར་སྲིན་བཞིན། །ས་དང་རྨི་ལམ་གཉིད་ལོག་སྐབས། །རྣམ་གསུམ་ཡེ་ཤེས་དབྱེ་བ་ལས། །སྲོག་ཆགས་རྣམས་ཀྱི་ཞལ་གསུམ་སེམས། །བཞི་པའི་དུས་ལས་ཞལ་བཞིའོ། །དེ་བཞིན་རྣམ་ཤེས་སྦྱོར་བ་ཡིས། །ལྔ་དྲུག་ཡུལ་གྱི་བདག་ཉིད་


DTG012_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སེམས་ནི་ཞལ་ལྔ་ཞལ་དྲུག་པ། །སེམས་མིན་སེམས་སུ་གཟུང་བྱ་སྟེ། །ལྟེ་བའི་དབུས་གནས་ཐིག་ལེ་དང༌། །ཚེག་དྲག་དེ་དག་ཁ་སྦྱོར་ལ། །ཡེ་ཤེས་རྣམ་ཤེས་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་རྣམ་པར་གནས། །སྲོག་རྒྱུའི་དབྱེ་བས་ཐུན་མཚམས་དང༌། །ཐུན་དང་དུས་སྦྱོར་ཕྱེད་རྣམས་ལ། །སུམ་ཅུ་རྩ་དྲུག་ཕོ་ཉ་མོ། །བྱིས་པ་རྣམས་ནི་གཞུག་ཕྱིར་གསུངས། །ཞེས་པ་སྟེ་རེ་ཞིག་རྩ་སུམ་ཅུ་རྩ་དྲུག་པོ་འདི་རྣམས་ལ་སྲོག་འབབ་པ་ལས་དུས་ཀྱི་ཕོ་ཉ་མོ་སྟེ་ལུས་ཟད་པར་བྱེད་པ་རྣམས་སོ། །དེའི་ཕྱིར་དེ་རྣམས་སུ་འགྲོ་བའི་སྲོག་དགག་པར་བྱའོ་ཞེས་པ་ནི་ངེས་པའི་དོན་ཏོ། །ད་ནི་གསང་བའི་རྩ་བྱང་ཆུབ་ཀྱི་སེམས་འབབ་པ་སུམ་ཅུ་རྩ་གཉིས་གསུངས་པ་ཉིས་འགྱུར་མི་བདག་ཅེས་པ་ལ་སོགས་པ་སྟེ་འདིར་ཉིས་འགྱུར་མི་བདག་ཅེས་པ་ནི་སུམ་ཅུ་རྩ་གཉིས་ཏེ་གསང་བའི་འཁོར་ལོ་ལ་ཡེ་ཤེས་ཀྱི་དབྱེ་བས་གནས་པ་རྣམས་སོ། །དེ་རྣམས་ལས་བཅུ་དྲུག་ནི་ཆགས་པའི་ཕྱོགས་དཀར་པོ་ལ་ཆའི་དབྱེ་བས་གནས་སོ། །བཅུ་དྲུག་ནི་ཆགས་བྲལ་གྱི་དབྱེ་བས་ནག་པོའི་ཕྱོགས་ལ་སྟེ་ཟླ་བའི་ཆ་ཉམས་པའི་དབྱེ་བས་སྔར་བརྗོད་དོ། །དེ་བཞིན་དུ་ཀྱེའི་རྡོ་རྗེ་ལས། མི་ཕྱེད་མ་དང་ཕྲ་གཟུགས་མ། །མཛེས་མ་གཡོན་པ་ཐུང་དུ་མ། །ཞེས་པ་ལ་སོགས་པ་རྩ་སུམ་ཅུ་རྩ་གཉིས་ནི་རྟེན་དུ་གྱུར་པའོ། །འདི་ཉིད་ཀྱི་མཁའ་འགྲོ་མ་རྣམས་རྟེན་པའི་ཆོས་ཅན་མ་སྟེ་ཐུར་སེལ་གྱི་རླུང་དང་ཡང་དག་པར་སྦྱོར་བ་ལས་སོ། །འདི་རྣམས་ཀྱི་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཧེ་རུ་ཀའམ་འདུས་པར་འགྱུར་ཏེ་གསང་བའི་རྒྱུད་ཀྱི་ཕྱིར་རོ། །དེའི་ཉིས་འགྱུར་ནི་སྤྲུལ་པའི་འཁོར་ལོ་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་ཀྱི་འཁོར་ལོ་སྟེ་དཀྱིལ་འཁོར་ལྔ་འབབ་པར་བྱེད་པའོ། །གཟའ་རྣམས་ཀྱི་ཡར་བརྒྱད་ཀྱི་དབྱེ་བ་ལ་སྟེ་སླར་ཡང་སྙིང་ཁའི་པདྨར་གཟའི་རྩ་གཽ་རཱི་ལ་སོགས་པ་བརྒྱད་དོ། །དཔྲལ་བར་བདག་མེད་མ་ལ་སོགས་པ་བཅུ་དྲུག་གོ །དེ་བཞིན་དུ་དུ་མའི་ཚིགས་ཀྱི་ཕྱོགས་ལ་ཞེས་པ་སུམ་བརྒྱ་དྲུག་ཅུའི་ཚིགས་ཀྱི་ཕྱོགས་ལ་ལོའི་ཉིན་ཞག་གི་གྲངས་ཀྱི་རྩ་རྣམས་ཏེ་དེ་རྣམས་ཀྱི་བརྟེན་པར་གྱུར་པའི་རྣལ་འབྱོར་མ་རྣམས་སོ། །དེ་ལྟར་རྣལ་འབྱོར་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་རྟེན་དང་བརྟེན་པའི་དབྱེ་


DTG012_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྩ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་མཁའ་འགྲོ་མ་རྣམས་ཏེ་སྲོག་དང་ཐུར་སེལ་རབ་ཏུ་རྒྱུ་བའི་ཕྱིར་རོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་གསུང་སྤྲོས་པ་མེད་པའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་གསུངས་པ་རིག་བྱེད་དུས་ཞེས་པ་ལ་སོགས་པ་སྟེ་འདིར་རིག་བྱེད་དུས་ཞེས་པ་ནི་དྲུག་ཅུ་རྩ་བཞིའོ། །དེའི་མཐར་འཁོར་བ་པ་རྣམས་ཀྱི་ཟླ་བའི་ཆ་ཉམས་པ་གང་ཡིན་པ་དེའི་ཆོས་མི་མཐུན་པས་ཟླ་བའི་ཆ་མ་ཉམས་པ་ནི་དབུགས་ཀྱི་ལྷག་མ་སྟེ་དབུགས་དྲུག་ཅུ་རྩ་བཞི་རྣམས་ཀྱི་མཐའ་མ་དབུགས་ཀྱི་ཆོས་ཅན་མ་སྲིད་གསུམ་སྐྱེད་པར་མཛད་མ་མཁའ་འགྲོ་མ་ནི་སྣ་ཚོགས་གཟུགས་སོ། །ཟླ་བའི་དབུས་སུ་དམན་པ་གང་དེ་མཆོག་གི་རྒྱལ་བའི་བདག་པོའི་ཞེས་པ་བྱང་ཆུབ་སེམས་ཀྱི་རང་གི་ཕྱག་རྒྱ་རྣམ་གཉིས་འགྱུར་ཏེ་གཅིག་ནི་ཀུན་རྫོབ་ཀྱི་ཆོས་ཅན་མ་སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུག་པར་བྱེད་པ་མོའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་ཤེས་རབ་ཆེན་མོ་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐྱེ་བ་དང་འཇིག་པ་དང་བྲལ་བསངས་རྒྱས་སྒྱུ་འཕྲུལ་ཞི་བ་ཆེན་མོ་སྤྲོ་བ་དང་སྡུད་པ་ཉམས་པར་བྱེད་པ་སྟེ་དེ་ནི་ཟག་པ་མེད་པའི་དབྱེ་བས་ཐུར་སེལ་ལ་གནས་པའོ། །གང་ཞིག་ཉི་མ་ལ་གནས་དེ་ནི་བརྒྱད་དབྱེ་ཞེས་པ་ནི་སྲོག་ལ་གནས་པ་རྡུལ་གྱི་ཆོས་ཅན་མའོ། །དེ་ནི་བརྒྱད་ཀྱི་དབྱེ་བས་ཏེ་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་ཡོན་ཏན་གསུམ་དང་ཡུལ་ལྔའི་དབྱེ་བས་ཡོན་ཏན་བརྒྱད་ཀྱི་བདག་ཉིད་ཅན་ནོ། །དེ་ཡང་དཀྱིལ་འཁོར་དུ་པདྨའི་འདབ་མ་བརྒྱད་པོ་རྣམས་ལ་གནས་སོ་ཞེས་པ་ནི་བརྟགས་པའོ། །ལྷག་མ་སྔར་བརྗོད་པའི་འཁོར་ལོའི་ལྷ་མོ་ཡོངས་སུ་བརྟགས་པ་མཆོག་ཏུ་འཇིག་སྤར་བྱེད་པ་གཞན་དེ་རྣམས་མཐའ་དག་ཕྱི་དང་ལུས་ལའོ་ཞེས་པ་ནི་རྩ་ལ་ཡང་དག་པར་རྒྱུ་བའི་ངེས་པའོ། །ད་ནི་གཟའ་རྒྱུ་བའི་ལོངས་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་གསུངས་པ་སྤེན་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་རོལ་དུ་ཉི་མའི་རབ་ཏུ་རྒྱུ་བས་ཟླ་བ་གཉིས་ཀྱིས་ཉི་མའི་དུས་སོ། །ནང་དུ་དུས་སྦྱོར་གཉིས་ཀྱིས་སྲོག་གི་དུས་སོ། །དེ་ཡང་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་འབབ་པས་འགྱུར་ཏེ་སྐྱེད་པ་དང་སྡུད་པའི་དབྱེ་བས་སོ། །དེས་ན་དུས་ལ་སྤེན་པར་ཞེས་པ་སྤེན་པའི་ལོངས་སྤྱོད་པ་བུག་པ་ཞེས་པ་ཆུ་ཚོད་དགུ་ཁྱིམ་གྱི་འཁོར་ལོ་


DTG012_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་དེ་དེ་རྣམས་ཀྱང་མཁའ་འགྲོ་མའོ། །དེ་བཞིན་དུ་སྒྲ་གཅན་གྱི་ལོངས་སྤྱོད་ལ་ཉིན་ཞག་ཅེས་བྱ་ཞེས་པ་བཅྭ་ལྔའོ། །ལྷ་ཡི་བླ་མའི་ཕྱེད་བཅས་མིག་དང་མིག་གི་གྲངས་ཞེས་པ་ཕྱེད་དང་བཅས་པའི་ཉི་ཤུ་རྩ་གཉིས་སོ། །གཅིག་ཏུ་གྱུར་པ་ནི་ཕྱེད་བཅས་དྲུག་དང་རིག་བྱེད་དུ་འགྱུར་ཞེས་པ་སྟེ་ཕྱེད་དང་བཅས་པའི་བཞི་བཅུ་རྩ་དྲུག་གོ །དེ་རྣམས་མཆོག་གི་རྒྱལ་བདག་ཐུགས་ཀྱི་རྡོ་རྗེ་ལས་ནི་སྐྱེས་ཞེས་པ་ནི་ཐུགས་ཀྱི་ཐིག་ལེ་ལས་སྐྱེས་པའོ། །ཞེས་པའི་དོན་ཏོ། །ས་སྐྱེས་སྟོང་པ་ཀླུ་ཟླ་ཞེས་པ་ནི་སྤྲོས་པ་སྟེ་དེའི་དཀྱིལ་འཁོར་གྱིས་ཐོབ་པ་གང་ཡིན་པ་དྲུག་ཅུའི་ཆ་ཡིས་དེ་སྙེད་ཀྱི་ཆུ་ཚོད་རྣམས་སོ་ཞེས་པ་ནི་ངེས་པའོ། །ཐུན་མོང་གི་བརྒྱ་བརྒྱད་ཅུའོ། །འདིར་གང་དུ་བཀྲ་ཤེས་ཀྱི་ལོངས་སྤྱོད་དམན་པ་དེར་ཉི་མའི་རྐང་པའི་ལོངས་སྤྱོད་ལ་ཟླ་བའི་ལོངས་སྤྱོད་ཟླ་བ་གཅིག་བསྣན་པས་དབྲོག་པར་མི་བྱའོ། །འདིར་ཟླ་བ་ཉི་ཤུ་རྩ་གསུམ་ནི་བཀྲ་ཤིས་ཀྱི་རང་གི་ཉིན་ཞག་གོ ། ཟླ་བ་བཅྭ་བརྒྱད་ནི་འཇིག་རྟེན་གྱི་གྲགས་པ་སྟེ་དེ་ནི་མི་འཐད་དོ། །དེས་ན་འདྲི་གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས་ཀྱིས་ཇི་ལྟར་གྱུར་པ་ལོ་བརྒྱར་འགྱུར་ཏེ་ཟླ་བ་བརྒྱད་དང་ཉིན་ཞག་ཉི་ཤུ་རྩ་གཅིག་ལྷག་པའོ་ཞེས་པ་ནི་ངེས་པའོ། །དེ་ལྟར་ས་སྐྱེས་སྟོང་པ་ཆུ་ཟླ་ཉི་མ་གཟའ་ལག་བསངས་མཇུག་རིངས་ལ་ཡང་སྟོང་པ་ཀླུ་མཁའ་གཅིག་ཅེས་པ་སྟོང་བརྒྱད་ཅུ་སྟེ་གཟའ་ལྔ་པོ་འདི་རྣམས་ཀྱི་ལོངས་སྤྱོད་གཅིག་ཏུ་གྱུར་པ་ལས་མཁའ་མིག་མིག་དང་གཅིག་ཏུ་གྱུར་པ་ཞེས་པ་ཉི་ཤུ་ལྷག་པའི་ཉིས་བརྒྱ་དང་སྟོང་ཕྲག་གཅིག་གོ །དེ་རྣམས་མཆོག་གི་ཁྱབ་བདག་གི་ནི་དག་བའི་གསུང་ལས་བྱུང་ཞེས་པ་གསུང་གི་ཐིག་ལེ་ལས་སྐྱས་པའོ་ཞེས་པའི་དོན་ཏོ། །གང་ཞིག་ཟླ་བའི་དུས་ཀྱི་ལོངས་སྤྱོད་མཁའ་མཁའ་རོ་མོ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་གིས་ཆུ་ཚོད་ཀྱི་ལོངས་སྤྱོད་དོ། །དེ་རྣམས་སྐུ་ཡི་རྡོ་རྗེ་དག་ལས་ཕྱུང་ཞེས་པ་ནི་སྐུའི་ཐིག་ལེ་ལས་བྱུང་ཞེས་པའོ། །དགུ་པོ་རྣམས་ཀྱི་མཐའ་དག་གཅིག་ཏུ་གྱུར་པ་རོ་དྲུག་ཀླུ་དང་དུས་རྣམས་དག་སྟེ་ཞེས་པ་བརྒྱད་དྲུག་ཅུ་རྩ་དྲུག་ལྷག་པའི་སྟོང་ཕྲག་བཞི་དང་ཕྱེད་ཀྱི་ཆུ་ཚོད་དེ་བཞིན་ཉིད་ཅེས་པ་ནི། དུས་གཅིག་ལ་མཁའ་འགྲོ་མ་རྣམས་ཀྱི་གྲངས་སོ། །དེ་རྣམས་ནི་མཁའ་འགྲོ་དུས་ཀྱི་


DTG012_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་མཐའ་དག་ལུས་ལ་གནས་ཤིང་ལྷ་ལ་སོགས་པ་སྲོག་ཆགས་རྣམས་ཀྱི་སྲོག་ནི་ཕྲོག་བྱེད་མ་སྟེ་དུས་གཅིག་ལའོ། །དུས་དྲུག་པོ་རྣམས་ལ་ནི་བརྒྱ་ཕྲག་གཅིག་དང་དགུ་བཅུ་རྩ་དྲུག་ལྷག་པའི་ཉི་ཁྲི་དགུ་སྟོང་ངོ་ཞེས་པ་མཁའ་འགྲོ་མའི་གྲངས་ཏེ་སེམས་ཅན་རྣམས་ཀྱི་གཟའ་རྒྱུ་བའི་ནང་དུ་འདུས་པའོ་ཞེས་པ་ངེས་པའོ། །དེ་ཕྱིར་ཉིན་ཞག་སོ་སོའི་དུས་སུ་རང་གི་ལམ་ནི་དགག་པ་བྱས་ནས་དེ་རྣམས་བསྒྲུབ་པར་བྱ་སྟེ། དེ་རྣམས་ཀྱི་སྲོག་དང་ཐུར་སེལ་འགགས་པས་ཐིག་ལེ་བཞི་འགག་གོ་ཞེས་པ་ནི་ངེས་པའོ། །ཇི་སྲིད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ་ནི་གོ་སླའོ། །ད་ནི་ཟླ་བའི་རྐང་པ་ལ་སྒྲ་གཅན་འཇུག་པ་གསུངས་པ་ཉི་མ་ཞེས་པ་ལ་སོགས་པ་སྟེ། འདིར་ཉི་མའི་རྐང་པ་ནི་རོ་དང་དུས་དང་རི་བོང་ཅན་ཞེས་པ་སྔར་བརྗོད་པ་བཅུ་གཅིག་པོ་རྣམས་སོ། །ཟླ་བའི་རྐང་པ་ནི་འབྱུང་དང་འབྱུང་བ་མངལ་ཞེས་པ་ལ་སོགས་པ་ཉི་ཤུ་རྩ་ལྔ་སྟེ་འདི་རྣམས་གཅིག་ཏུ་བསྡོམས་པ་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་རྣམས་ཡོན་ཏན་བརྒྱད་ཀྱིས་བསྒྱུར་པ་ནི་ཉིས་བརྒྱ་བརྒྱད་ཅུ་རྩ་བརྒྱད་དུ་འགྱུར་ཏེ། དེ་ལྟར་སྲེད་པས་བསྣུན་པ་རྣམས་ཞེས་པ་ནི་བརྒྱད་ཀྱིས་སོ། །ཡན་ལག་རྣམས་ཀྱིས་ཞེས་པ་དུས་སྦྱོར་བཅུ་གཉིས་ཀྱིས་བགོས་པས་ཐོབ་པ་ཉི་ཤུ་རྩ་བཞི་ནི་ཟླ་བའི་རྐང་པ་རྣམས་སུ་འགྱུར་རོ། །ལྷག་མའི་རྐང་པ་ཉི་ཤུ་རྩ་ལྔ་པ་ནི་སྒྲ་གཅན་འཇུག་པ་ལ་ཡང་མཇུག་རིངས་ཟ་ཞེས་པ་ནི་ནང་དུ་ཡིད་ཀྱི་དབང་པོ་དང་ཁུ་བའི་ཁམས་ཀྱི་རྐང་པ་སྟོང་པའི་ཡན་ལག་གང་ཡིན་པའོ། །ཐུན་མཚམས་བཞི་པོ་ཀུན་དང་ཐུན་བརྒྱད་པོ་རྣམས་དང་ཉིན་ཞག་སོ་སོའི་དུས་སུ་སྲོག་ཆགས་རྣམས་ཀྱི་ཡན་ལག་བཅུ་གཉིས་རྣམས་ཞེས་པ་ནི་དེ་རྣམས་དུས་སྦྱོར་བཅུ་གཉིས་སོ་ཞེས་པའི་དོན་ཏོ། །དུས་སྦྱོར་རེ་རེ་ལ་ནི་དབུགས་རྣམས་དག་ཀྱང་ཉིས་འགྱུར་དགུ་བརྒྱ་ཞེས་པ་བརྒྱ་ཕྲག་བཅྭ་བརྒྱད་ཀྱི་སྲོག་རྣམས་འབབ་པ་དེ་རྣམས་ཡན་ལག་གཅིག་ཏུ་གསུངས་སོ། །དེ་ལྟར་ཕྱི་རོལ་དུ་ཟླ་བ་གཅིག་དང་དབྱུག་གུ་བརྒྱ་ཕྲག་བཅྭ་བརྒྱད་ཀྱིས་ཡན་ལག་གཅིག་གོ །ཟླ་བ་གཉིས་དང་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་དུས་སོ། །དེ་ལྟར་ཡན་ལག་གཉིས་


DTG012_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་དུས་དྲུག་རྣམས་སོ། །དུས་གསུམ་གྱི་འཛིན་པ་སྟེ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་ལོངས་སྤྱོད་ཀྱི་དབང་གིས་སོ། །དེ་ལྟར་ཡན་ལག་གཉིས་གཉིས་རྣམས་ལ་ཉིན་ཞག་དང་པོ་ལ་མ་རེག་པ་དང་ཉིན་ཞག་གཉིས་པ་ལ་འདུ་བྱེད་སྟེ་དེ་བཞིན་དུ་རྒ་ཤིའི་བར་དུའོ། །སླར་ཡང་ཉིན་ཞག་བཅུ་གསུམ་པ་ལ་མ་རིག་པ་དང་བཅུ་བཞི་པ་ལ་འདུ་བྱེད་དེ་དེ་བཞིན་དུ་ནག་པོའི་དགུ་པ་ལ་རྒ་ཤིའོ། །སླར་ཡང་བཅུ་པ་ལ་མ་རིག་པ་དང་བཅུ་གཅིག་པ་ལ་འདུ་བྱེད་དེ། དེ་བཞིན་དུ་རིམ་པས་དཀར་པོའི་དྲུག་པ་ལ་རྒ་ཤིའོ། །སླར་ཡང་བདུན་པ་ལ་མ་རིག་པ་དང་བརྒྱད་པ་ལ་འདུ་བྱེད་དེ་ནག་པོའི་གསུམ་པ་ལ་རྒ་ཤིའོ། །སླར་ཡང་བཞི་པ་ལ་མ་རིག་པ་དང་ལྔ་པ་ལ་འདུ་བྱེད་དེ་དེ་བཞིན་དུ་རིམ་པས་གནམ་སྟོང་ལ་རྒ་ཤིའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་གྱིས་དུས་ལ་ཡོངས་སུ་བསྐོར་བ་ལྔར་འདོད་དོ། །དེ་ལྟར་ཕྱོགས་གཅིག་ནི་ཐུད་དུ་དང་ཟླ་བ་ནི་རིང་པོ་སྟེ་དུས་ནི་ཤིན་ཏུ་རིང་པོའོ། །ཕྱོགས་ནི་སྙིང་སྟོབས་ཀྱི་ཆོས་ཅན་དང་ཟླ་བ་ནི་རྡུལ་གྱི་ཆོས་ཅན་ཏེ་དུས་ནི་མུན་པའི་ཆོས་ཅན་ནོ། །དེ་ལྟར་རྣམ་པ་ལྔ་པོ་རྣམས་ཀྱི་དུས་སུ་ཡང་ནི་ཀུན་ནས་ཟླ་བ་གཉིས་གཉིས་དག་ལ་འགྱུར། ཟླ་བ་གང་དུ་ཟླ་བའི་ཆ་གཅིག་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཟླ་བ་གཉིས་པོ་དག་ལས་ཟླ་བ་གསུམ་པའི་དང་པོ་ཁོ་ན་ལའོ་ཞེས་པ་སྟེ། ཉིན་ཞག་དྲུག་ཅུ་རྩ་བཞི་རྣམས་ཀྱིས་ཆ་ཟད་པའི་ཕྱིར་རོ། །ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ། རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱིས་ཞེས་པ་ནི་འདིར་དང་པོའི་དུས་ནི་སྙིང་སྟོབས་ཀྱི་ཆོས་ཅན་དང་གཉིས་པ་ནི་རྡུལ་གྱི་ཆོས་ཅན་དང་གསུམ་པ་ནི་མུན་པའི་ཆོས་ཅན་ཏེ་དེས་ན་མུན་པ་འཇུག་གོ །དེ་བཞིན་དུ་ཟླ་བ་ལ་ཡང་ཁམས་དྲུག་གི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པར་ཟླ་བ་དྲུག་བའོ། །དེ་ལྟར་ཉི་མའི་དུས་ཀྱི་དབྱེ་བ་རྐང་པའི་བགྲོད་པའི་དབང་གིས་ཟླ་བའི་དབུས་སུ་རབ་ཏུ་ཞུགས་ཞེས་པ་གནམ་སྟོང་ལའོ། །རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཡིས་ཟླ་བ་ཉི་མ་དག་ནི་འཛིན་པར་འགྱུར། ཉིན་དང་མཚན་མོའི་དུས་སུ་ཞེས་པ་ཉི་མ་འཛིན་པ་ལས་ཉིན་མོའི་དུས་དང་ཟླ་བ་འཛིན་པ་ལ་མཚན་མོའི་


DTG012_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་སྟེ་འཆད་པར་འགྱུར་རོ། །སྒྲ་གཅན་དག་གིས་བལྟས་པའི་སྨན་རྣམས་གང་ཡིན་དེ་རྣམས་གྲུབ་པ་སྟེར་ཞེས་པ་འཛིན་པའི་དུས་སུ་ཤིང་ལ་སོགས་པ་མཚོན་གྱིས་བསྣུན་པ་རྣམས་འབྲས་བུ་སྨིན་པར་འགྱུར་རོ། །འདིར་མན་ངག་ནི་ཟླ་བ་སོ་སོར་ཉི་མའི་ལོངས་སྤྱོད་ལ་སྐར་མ་གཉིས་དང་ཆུ་ཚོད་བཅུ་གཅིག་བྱིན་པས་ཟླ་བ་དྲུག་ལ་སྐར་མ་བཅུ་གཉིས་དང་ཆུ་ཚོད་དྲུག་ཅུ་རྩ་དྲུག་ཏུ་འགྱུར་རོ། །ཟླ་བའི་ཆ་ཉིན་ཞག་གསུམ་གྱི་ཆུ་ཚོད་བཅུ་གསུམ་ཕྲི་བ་ཉིད་ཀྱིས་ལྷག་མ་ལྔ་བཅུ་རྩ་གསུམ་མོ། །འཛིན་པའི་གནམ་སྟོང་གི་ལོངས་སྤྱོད་ལ་ཉི་མའི་རྐང་པ་སྦྱིན་པའམ་དོར་བར་བྱའོ། །དེ་ནས་སྒྲ་གཅན་གྱི་ལོངས་སྤྱོད་ལ་ཆུ་ཚོད་བཞི་བཅུ་རྩ་ལྔ་དམན་པར་བྱས་ནས་ལྷག་མས་སྐར་མའི་ལོང་སྤྱོད་ལ་སྦྱང་བར་བྱའོ། །གང་གི་ཚེ་སྔ་མར་གདོང་གིས་ཉི་མ་བཟུང་བ་དེའི་ཚེ་ཕྱི་མར་མཇུག་མའི་ལོངས་སྤྱོད་ཀྱིས་འགྱུར་རོ། །དེ་བཞིན་དུ་ཟླ་བ་ཡང་ཉ་ལའོ་ཞེས་པ་འཛིན་པའི་མཚན་ཉིད་གྲུབ་པའོ། །ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་ཉིན་ཞག་སོ་སོར་དུས་སྦྱོར་དྲུག་པ་ལ་རིག་པར་བྱའོ་ཞེས་པ་རྣལ་འབྱོར་པ་རྣམས་ཀྱིས་སོ། །འདི་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་ཏེ་བསྟན་བཅོས་ཀྱི་སྒོ་ནས་ནི་བརྗོད་པར་མི་ནུས་སོ། །ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་ཞིང་རྣམས་གསུངས་པས་སྐྱེས་ཞེས་པ་ལ་སོགས་པའོ། །འདིར་ས་སྐྱེས་ལ་སོགས་པའི་གཟའ་རྣམས་ནི་ལུག་ལ་སོགས་པའི་ཁྱིམ་ལ་ཞིང་ཅན་ཏེ་ལུག་ལས་སྐྱེས་དང་གླང་ལ་པ་སངས་དང་འཁྲིག་པ་ལ་གཟའ་ལག་དང། ཀརྐ་ཊ་ལ་ཟླ་བ་དང་སེང་གེ་ལ་ཉི་མ་དང་བུ་མོ་ལ་སླར་ཡང་གཟའ་ལག་དང་སྲང་ལ་པ་སངས་དང་སྡིག་པ་ལས་སྐྱེས་དང་གཞུ་ལ་སྔགས་པ་ཞེས་པ་ཕུར་བུ་དང་ཆུ་སྲིན་ལ་ཉི་སྐྱེས་ཞེས་པ་སྤེན་པ་དང༌། བུམ་པ་ལ་ཡང་སྤེན་པ་ཞེས་པ་ཞེས་པ་སླར་ཡང་སྤེན་པ་དང་ཉལ་སྔགས་པ་སྟེ་ཉིན་ཞག་སོ་སོའི་དུས་སུ་དུས་སྦྱོར་བཅུ་གཉིས་འཆར་བ་ལ་ཞིང་ཅན་རྣམས་ནི་དུས་ཀུན་དུ་ལོངས་སྤྱོད་པར་བྱེད་པ་པོ་རྣམས་སོ་ཞེས་པའི་དོན་ཏོ། །འདིར་ཞི་བའི་ལས་ལ་ཟླ་ཉིའི་ཁྱིམ་སྟེ་ཞེས་པ་ཞི་བ་ལ་ཀརྐ་ཊ་དང་སེང་གེའི་ཁྱིམ་གཉིས་སོ། །རྒྱས་པ་ལ་གཟའ་ལག་གི་ཁྱིམ་


DTG012_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིག་པ་དང་བུ་མོ་གཉིས་སོ། །དབང་ལ་པ་སངས་ཀྱི་ཁྱིམ་གླང་དང་སྲད་གཉིས་སོ། །དགུག་པ་ལ་ས་སྐྱེས་ཀྱི་ཁྱིམ་ལུག་དང་སྡིག་པ་གཉིས་སོ། །བསྐྲད་པ་ལ་སྔགས་པའི་ཁྱིམ་གཞུ་དང་ཉ་གཉིས་སོ། བསད་པ་ལ་སྤེན་པའི་ཁྱིམ་ཆུ་སྲིན་དང་བུམ་པ་གཉིས་སོ། །གལ་ཏེ་རང་གི་ཞིང་འདིར་ནི་ཞིང་ཅན་དུ་སྐར་མའི་ལོངས་སྤྱོད་ཀྱི་དབང་གིས་གལ་ཏེ་གྱུར་ན་དེའི་ཚེའོ། །གཞན་གྱི་དུས་སུ་གཟའ་གཞན་གྱིས་བྱིན་གྱིས་བརླབས་པའི་ཁྱིམ་ནི་སྔར་བརྗོད་པའི་ལས་རྣམས་ལ་དེའི་འབྲས་བུ་སྟེར་བར་མི་འགྱུར་རོ་ཞེས་པ་ངེས་པའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བས་ཞི་བ་ལ་སོགས་པ་གསུངས་པ་ཞི་བ་ཞེས་པ་ལ་སོགས་པ་སྟེ་འདིར་ཞི་བ་ལ་བཅོམ་ལྡན་འདས་ཀྱི་ཞལ་དཀར་པོ་ཉི་མ་ཤར་བ་ནས་ཐུན་མཚམས་ཡང་དག་པར་རྒྱུ་བའི་དབང་གི་དང་པོར་ཞེས་པ་ཐུན་དང་པོ་ལ་སྔོན་དུ་གཙོ་བོར་འགྱུར་རོ། །དེས་ན་ཞི་བ་ལ་ཞེས་པ་ཞི་བའི་ཡུལ་ལ་སྔགས་དང་བསམ་གཏན་ལ་སོགས་པ་རྣམས་ཀྱིས་སྔར་བསྒྲུབས་པའི་འབྲས་བུ་ཐུན་ཚོད་གཅིག་གིས་བསྒྲུབ་པར་བྱའོ། །དཀར་དང་གསེར་མཚུངས་ཐུན་ཚོད་ལག་པ་ལ་ཞེས་པ་ནི་འཁོར་བའི་དབང་གིས་ཐུན་ཚོད་གཉིས་པ་ལ་ནུབ་དང་བྱང་གི་ཕྱེད་ཕྱེད་ནི་སྔོན་དུ་གཙོ་བོར་འགྱུར་ཏེ། བསྲེས་པ་དེས་རྒྱས་པ་བསྒྲུབ་པར་བྱའོ། །ནུབ་ཀྱི་ཞལ་སེར་པོ་ནི་ཉི་མ་གུང་ནས་ཐུན་ཚོད་གཅིག་ལ་གཙོ་བོ་སྟེ། དེས་མེ་ཡི་ཐུན་ལ་ཞེས་པ་ཐུན་ཚོད་གསུམ་པ་ལ་རེངས་པའི་ཡུལ་ལ་དངོས་གྲུབ་སྟེར་རོ། །ཐུན་ཚོད་བཞི་པ་ལ་གསེར་དང་ཉི་མཚུངས་ཞེས་པ་སེར་པོ་དང་དམར་པོ་བསྲེས་པ་གཙོ་བོ་སྟེ་དེས་རྨོངས་པར་བྱའོ། །དེ་བཞིན་དུ་ཐུན་ལྔ་པ་ལ་ཞལ་དམར་པོ་གཙོ་བོར་འགྱུར་ཏེ་དགུག་པ་ལའོ། །དྲུག་པ་ལ་དམར་པོ་དང་ནག་པོ་བསྲེས་པ་གཙོ་བོ་སྟེ་དེས་དབང་དུ་བྱ་བ་བསྒྲུབ་པར་བྱའོ། །དེ་བཞིན་དུ་བསད་པ་ལ་ནག་པོའི་ཞལ་ཏེ་རི་བོ་ལའོ་ཞེས་པ་མཚན་མོ་ཕྱེད་ནས་ཐུན་ཚོད་བདུན་པ་ལའོ། །བསྐྲད་ལ་ནག་དང་དཀར་འདིར་ཀླུ་ལ་ཞེས་པ་ཐུན་ཚོད་བརྒྱད་པ་ལ་མཚན་མོའི་མཐའ་ནས་ཉི་མ་འཆར་བའི་མཐར་ཐུག་པའོ། །དེ་ལྟར་གང་གི་ཚེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཐུན་ཚོད་འཁོར་བའི་དབྱེ་བས་ཞལ་བརྒྱད་པ་


DTG012_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེའི་ཚེ་ཐུན་མཚམས་བཞིའི་དབྱེ་བས་ཞབས་བཞི་དང་ཐུན་ཕྱེད་ཀྱི་དབྱེ་བས་ཕྱག་བཅུ་དྲུག་ཏུ་འགྱུར་རོ་ཞེས་གྲུབ་པོ། །དེ་ལྟར་ཕྱག་གི་དབྱེ་བས་ཉིན་མོ་ལ་ལས་བརྒྱད་པོ་རྣམས་དང་མཚན་མོ་ལ་ཡང་སྟེ་ཐུན་ཕྱེད་ཀྱི་དབྱེ་བས་སོ་ཞེས་པ་ནི་ངེས་པའོ། །ཐུན་མཚམས་བཞིའི་དབྱེ་བས་ལས་བཞི་སྟེ་སྔ་དྲོའི་ཐུན་མཚམས་ལ་ཞི་བའོ། །ཉི་མ་གུང་ལ་རེངས་པ་དང་ཉི་མ་ནུབ་པ་ལ་དགུག་པ་དང་མཚན་མོ་ཕྱེད་ལ་གསད་པའོ། །འདིར་ཡང་ཞལ་བརྒྱད་པའི་ཤེས་རབ་ནི་ཕྱག་གཉིས་མ་སྟེ་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ནི་ཞབས་གཉིས་སོ། །ཉི་མ་གུང་དང་མཚན་མོ་ཕྱེད་ནི་ཕྱག་གཉིས་སོ། །ཉིན་མཚན་མཐའ་དག་ནི་ཞལ་ལོ་ཞེས་པ་ལས་བསྒྲུབ་པ་ལ་སྒོམ་པའི་ངེས་པའོ། །ཚིགས་སུ་བཅད་པ་འདི་ནས་ཚིགས་སུ་བཅད་པ་གཉིས་པ་གང་ཡིན་པ་ནི་གོ་སླའོ། །ད་ནི་བྱིས་པ་སྐྱེས་པའི་དབུགས་ཀྱི་མཚན་ཉིད་གསུངས་པ་དང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པ་སྐྱེས་པའི་དང་པོའི་དབུགས་ཐོག་མ་གང་ཡིན་པ་དེ་ནི་ཡོན་ཏན་མེད་པའི་བདག་ཉིད་ཅེས་པ་སྙིང་སྟོབས་ལ་སོགས་པ་དང་དྲི་ལ་སོགས་པའི་ཡོན་ཏན་དང་བྲལ་བ་སྟེ་དེའི་ཆོས་ལ་མ་ཞུགས་པའི་ཕྱིར་རོ། །དེ་ནས་རྣམ་གསུམ་ཡོན་ཏན་དབང་གིས་ཞེས་པ་སྙིང་སྟོབས་ཀྱི་དབང་གིས་དབུགས་གཉིས་པ་འབྱུང་ངོ༌། །རྡུལ་གྱི་དབང་གིས་གསུམ་པ་སྟེ་མུན་པའི་དབང་གིས་བཞི་པའོ། །དེ་རྣམས་ལས་སྔ་མ་ཡོན་ཏན་མེད་པ་གཟུང་བར་མི་བྱའོ། །དེ་དང་ལྷན་ཅིག་གསུམ་གྱི་གྲངས་སུ་བགྲང་བར་བྱ་སྟེ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སླར་ཡང་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་དེ་རྣམས་སོ་སོར་ཡུལ་ལྔའི་ཡོན་ཏན་གྱི་དབྱེ་བས་རེ་རེ་ལ་རྣམ་པ་ལྔར་འགྱུར་ཏེ་དེས་ན་ཚེས་ཞེས་བྱ་བ་ཞེས་པ་བཅྭ་ལྔའོ། །དེ་རྣམས་སླར་ཡང་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་སུམ་འགྱུར་ནི་འབྱུང་བ་ཆུ་གཏེར་གྲངས་འགྱུར་ཞེས་པ་བཞི་བཅུ་རྩ་ལྔའོ། །སླར་ཡང་དེ་ནས་རྒྱུ་བའི་དབྱེ་བ་རྣམས་ཀྱིས་བསྣུན་པ་དེ་དག་རྣམས་ཞེས་པ་ནི་ཟླ་བ་དང་ཉི་མའི་རྒྱུ་བ་རྣམས་པ་བཞི་སྟེ་མྱུར་བ་དང་དལ་བ་དང་འཁྱོག་པོ་དང་འབྱུང་བའི་རྐང་པ་རྣམས་ཀྱི་ནོར་འཕེལ་བ་དང་འགྲིབ་པ་དང་བུ་ལོན་འཕེལ་བ་དང་འགྲིབ་པའི་དབྱེ་བས་སོ། །བཞི་པོ་རྣམས་ཀྱིས་


DTG012_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པ་རྣམས་ནི་ཆུ་ཚོད་ཕྱེད་ཀྱི་དབུགས་ཀྱི་གྲངས་ཞེས་པ་བརྒྱ་བརྒྱད་ཅུའི་གྲངས་སོ། །སླར་ཡང་ཉིས་འགྱུར་རྣམས་ནི་དབུགས་ཀྱི་གྲངས་ཏེ་ཆུ་ཚོད་ཀྱི་དབུགས་ཀྱི་གྲངས་སུམ་བརྒྱ་དྲུག་ཅུ་རྣམས་སུ་འགྱུར་ཏེ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ལས་སོ། །ཆུ་ཚོད་གཅིག་པོ་དེ་ནི་བྱིས་པའི་གཡོན་ནམ་གཡས་ནས་དཀྱིལ་འཁོར་གཅིག་འབབ་པར་བྱེད་པའོ། །དེ་ནས་གཉིས་པ་དང་གསུམ་པ་སྟེ་གཉིས་གསུམ་ཆུ་གཏེར་མདའ་ཞེས་པ་ལ་སོགས་པ་བཅུ་རྣམས་ཀྱིས་དུས་ཀྱི་རྩ་དབུ་མ་འཕེལ་བར་འགྱུར་ཏེ་དཀྱིལ་འཁོར་བཅུ་འབབ་པ་ནི་གཡོན་དང་གཡས་སུ་འཕེལ་བས་ཞག་གཅིག་ལ་དཀྱིལ་འཁོར་དྲུག་ཅུའི་བར་དུའོ། །མཚམས་དེ་ནས་སྡེ་ཡི་རབ་དབྱེ་རྣམས་ཀྱིས་ཞེས་པ་ཀ་ཡིག་ལ་སོགས་པའི་སྡེ་པ་རྣམས་དང་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་སྔར་བརྗོད་པ་རྣམས་ཀྱིས་རྣམ་གཉིས་ལམ་ལ་གནས་པ་དུས་ཀྱི་རྩ་ནི་འཇིག་རྟེན་གསུམ་ཞེས་པ་ལུས་ན་ཀུན་ནས་གང་བར་བྱེད་དེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་གང་བར་བྱེད་དོ། །བདེ་མཉམ་འབྲས་བུ་སྟེར་བ་གང་ཡིན་པ་དེ་ནི་ཟླ་བ་ཉི་མའི་རབ་ཏུ་རྒྱུ་བ་ལས་ཞེས་པ་ལ་ནཱ་དང་ར་ས་ནཱའི་རབ་ཏུ་རྒྱུ་བ་ལས་ཏེ་དཀྱིལ་འཁོར་ལྔ་འབབ་པ་ལས་སོ། །དབུགས་འབྱུང་བ་ལས་དུས་ཀྱི་རྩའི་དབྱེ་བའོ། །གཉིས་པའི་དབྱེ་བ་ནི་མངལ་བཟུང་བ་ནས་དུས་ཀྱི་རྩ་སྡེ་ཚན་གྱི་དབྱེ་བས་བསྐྱེད་པའི་ཆེད་དུ་འཕེལ་བའོ། །དེ་ལ་གཅིག་གི་སྡེ་ནི་གཅིག་སྟེ་འཁོར་ལོ་དྲུག་པོ་རྣམས་སུ་དབུ་མ་ཨ་བ་དྷཱུ་ཏཱིའོ། །གཉིས་ཀྱི་སྡེ་ནི་བཞི་སྟེ་གཙུག་ཏོར་གྱི་པདྨའི་རྩ་རྣམས་དང་ལྟེ་བར་ཟླུམ་སྐོར་དང་པོའོ། །གསུམ་གྱི་སྡེ་ནི་དགུའོ། །དེ་རྣམས་ནི་སྙིང་ཁའི་རྩ་བརྒྱད་དང་ལྟེ་བའི་ཟླུམ་སྐོར་གཉིས་པ་སྟེ་དགུ་པ་ནི་ཟླ་བའི་སྐྱེ་གནས་སོ། །བཞིའི་སྡེ་ནི་བཅུ་དྲུག་སྟེ་དེ་རྣམས་ནི་དཔྲལ་བ་དང་ལྟེ་བའི་འཁོར་ལོའི་ཁྱིམ་གྱི་ཟླུམ་སྐོར་གྱི་ཕྱི་རོལ་དུའོ། །ལྔའི་སྡེ་ནི་ཉི་ཤུ་རྩ་ལྔ་སྟེ་དེ་རྣམས་ནི་དཔྲལ་བར་ཟླ་བའི་རྐང་པ་རྣམས་སོ། །དྲུག་གི་སྡེ་ནི་སུམ་ཅུ་རྩ་དྲུག་སྟེ་དེ་རྣམས་ཀྱི་ནང་ནས་སུམ་ཅུ་རྩ་གཉིས་ནི་མགྲིན་པར་རོ། །བཞི་ནི་བཀྲ་ཤིས་དང་གཟའ་ལག་དང་ཕུར་བུ་དང་པ་སངས་རྣམས་ཀྱི་སྐྱེ་གནས་ཏེ་ལྟེ་བའི་ཟླུམ་སྐོར་གྱི་ཟླ་བའི་ཆའི་ཕྱི་རོལ་དུའོ། །བདུན་གྱི་སྡེ་ནི་བཞི་བཅུ་རྩ་དགུ་སྟེ། མགྲིན་པར་ཟླུམ་སྐོར་གཉིས་པ་ལ་ཁྱིམ་གྱི་རྐང་པ་བཞི་བཅུ་རྩ་


DTG012_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དོ། །གཅིག་ནི་ཉི་མའི་སྐྱེ་གནས་ཏེ་ལྟེ་བར་ཡང་ངོ༌། །བརྒྱད་ཀྱི་སྡེ་ནི་དྲུག་ཅུ་རྩ་བཞི་སྟེ་ལྟེ་བའི་འཁོར་ལོར་དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་དྲུག་ཅུ་དང་སྟོང་པའི་རྩ་བཞིའོ། །དགུའི་སྡེ་ནི་བརྒྱད་ཅུ་རྩ་གཅིག་དང་བཅུའི་སྡེ་ནི་བརྒྱ་སྟེ་འདི་རྣམས་ལས་གཅིག་ནི་དལ་བའི་སྐྱེ་གནས་སོ། །བརྒྱ་བརྒྱད་ཅུ་ནི་ཕྱི་རོལ་གྱི་དབྱེ་བས་རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉིས་འགྱུར་སུམ་བརྒྱ་དྲུག་ཅུ་སྟེ་ཚིགས་ཀྱི་ཕྱོགས་རྣམས་སུ་ཤེས་པར་བྱའོ། །དེ་བཞིན་དུ་མགྲིན་པར་ཇི་ལྟ་བ་དེ་བཞིན་དུ་གསང་བའི་འཁོར་ལོ་ལའོ། །དཔྲལ་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་ལའོ། །གཙུག་ཏོར་ལ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་ནོར་བུའི་རྩེ་མོ་ལ་བཞི་སྟེ་ལུས་ལ་ཁྱབ་པའོ། །ཇི་སྲིད་རིག་བྱེད་ཀླུ་དང་མེ་སྟེ་ཞེས་པ་ནི་ཕྱོགས་ཉི་ཤུ་རྩ་བཞི་དང་ཉིན་ཞག་གསུམ་བརྒྱ་དྲུག་ཅུའོ། །དེ་ལྟར་དུས་ཀྱི་འཁོར་ལོ་ལོ་དང་བགྲོད་པ་དང་དུས་དང་དུས་དང་དུས་དང་དུས་སྦྱོར་དང་ཕྱོགས་དང་ཉིན་ཞག་དག་གི་དབྱེ་བས་རྩའི་དབྱེ་བ་གྲུབ་སྟེ་གཉིས་པ་ནི་ཐུན་མཚམས་དང་ཐུན་ཚོད་དང་ཐུན་ཕྱེད་ཀྱི་དབྱེ་པས་སོ་ཞེས་པ་ངེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ནི་དེའི་སྦྱོར་བ་ལས་ངེས་པར་ཕྱག་ན་གྲི་གུག་ཐོད་པ་ཅན་དུ་རབ་ཏུ་འགྱུར་ཞེས་པ་འདིར་བཅོམ་ལྡན་འདས་ནི་ལོའི་དག་པས་སོ། །བཅོམ་ལྡན་འདས་མ་ནི་ཉིན་ཞག་སོ་སོའི་དག་པས་ཏེ་ཉིན་མོ་གྲི་གུག་དང་མཚན་མོ་ཐོད་པའོ་ཞེས་པའི་དོན་ཏོ། །ད་ནི་ཀ་སྡེའི་འཁོར་ལོ་རྣམས་གསུངས་པ་འཁོར་ལོ་ཞེས་པ་ལ་སོགས་པ་སྟེ་འདིར་ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྣམས་དང་ཡ་ཨ་ཡིག་ལ་སོགས་པ་དབྱངས་ལྔ་བཅུ་སྟེ་འདི་རྣམས་ནི་བཞི་བཅུ་རྩ་ལྔའོ། །ཡུལ་ལྔ་དང་ཡོན་ཏན་གསུམ་སྟེ་དེའི་དབང་གིས་ཞེས་པ་དབྱངས་ལྔ་ཐུང་དུ་དང་རིང་པོ་དང་ལྡན་པའི་ང་ལ་སོགས་པ་རྣམས་དང་བདག་ཉིད་དང་ཐིག་ལེ་དང་རྣམ་པར་བཅད་པ་དང་ལྡན་པ་བཅྭ་ལྔ་སྟེ་དེ་ལྟར་ས་ཡིག་གི་མཐར་ཐུག་པ་འཁོར་ལོ་རྩིབས་བཅུ་པ་སུམ་ཅུ་ཕན་ཚུན་རྗེས་སུ་འཇུག་པའོ། །ལ་ཡིག་ལ་སོགས་པ་ཨ་ཡིག་གི་མཐར་ཐུག་པ་རྩིབས་དྲུག་པ་རྣམས་སོ། །འཁོར་ལོ་མདའ་དང་ཆུ་གཏེར་གྲངས་ནི་ཡུལ་དང་ཡོན་ཏན་དབང་གིས་སྐུ་གསུང་ཐུགས་ཀྱི་རབ་ཏུ་དབྱེ་བ་ཡིས། །གཙོ་བོ་དུས་ཀྱི་འཁོར་ལོ་བདེ་བ་ཆེན་པོ་


DTG012_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བར་བྱེད་དེ་བདེ་མཉམ་འབྲས་བུ་སྟེར་བ་དུ་བ་ལ་སོགས་ལྷ་མོ་བརྒྱད་རྣམས་སོ། །འདི་རང་ཡིག་གི་འཁོར་ལོ་བརྗོད་པར་བྱ་སྟེ་འཁོར་ལོ་ཐམས་ཅད་ཀྱི་ཕྱི་རོལ་དང་ནང་དུ་བ་སྤུའི་རྩེ་མོ་ལའོ། །སྟེང་དུང་དང་ཤར་དུ་ཇི་དང་ལྷོར་དྲྀ་དང་བྱང་དུ་དུ་དང་ནུབ་ཀྱི་རྩིབས་ལ་དླྀ་དང་རླུང་དུ་དླཱྀ་དང་དབང་ལྡན་དུ་དཱུ་དང་བདེན་བྲལ་དུ་དྲཱྀ་དང་མེར་དཱི་དང་ས་འོག་ཏུ་དཱའོ། །དེ་བཞིན་དུ་གྷ་ག་ཁ་ཀ་སྟེ་བ་སྤུའི་ཁམས་ལའོ། །པགས་པ་དང་ཤ་ལ་ཙ་སྡེ་དང་ཁྲག་ལ་ཊ་སྡེ་དང་ཆུ་སེར་ལ་པ་སྡེ་དང་རུས་པ་ལ་ཏ་སྡེ་དང་རྐང་ལ་ས་སྡེ་སྟེ་ལུགས་ལས་བཟློག་པས་སོ། །དེ་ལྟར་རྐང་གི་མཐར་རྩིབས་བཅུ་བའི་འཁོར་ལོ་སུམ་ཅུ་རྣམས་སོ། །དེ་ནས་རྩིབས་དྲུག་པ་རྣམས་ཏེ་ཤར་གྱི་རྩིབས་ལ་ལ་དང་ལྷོར་ལཿ་དང་བྱང་དུ་ལཾ་དང་ནུབ་ཏུ་ལཱ་དང་འོག་ཏུ་ལཱཿ་དང་སྟེང་དུ་ལཱཾ་སྟེ་སྲོག་ལ་སོགས་པའི་རྩ་རྣམས་ལའོ། །དེ་བཞིན་དུ་ཝར་ཡ་ཧའོ། །དེ་བཞིན་དུ་རྡུལ་ལ་ཤར་དུ་ཨ་ལ་དང་ལྷོར་ཨ་ལཿ་དང་བྱང་དུ་ཨ་ལཾ་དང་ནུབ་ཏུ་ཨཱ་ལ་དང་འོག་ཏུ་ཨཱ་ལཿ་དང་སྟེང་དུ་ཨཱ་ལཾ་ངོ༌། །དེ་བཞིན་དུ་ཨོ་ཨར་ཨེ་ཨའོ། །ཁུ་བའི་ཁམས་ལ་བསྲུང་བ་ནི་ཤར་དུ་ལྀ་དང་ལྷོར་ལྀཿ་དང་བྱང་དུ་ལྀཾ་དང་ནུབ་ཏུ་ལྀ་དང་འོག་ཏུ་ལཱྀཿ་དང་སྟེང་དུ་ལཱྀཾ་སྟེ་དེ་བཞིན་དུ་ཨུ་རྀ་ཨི་ཨའོ། །བ་སྤུ་ལ་སོགས་པ་ཁུ་བའི་མཐར་ཐུག་པ་ཁམས་དགུ་རྣམས་སོ། །དེ་ནས་ཟླ་བའི་དབུས་སུ་རྣམ་པར་ཤེས་པའི་ཁམས་ཏེ་དུ་བ་ལ་སོགས་པ་སྟོང་པ་རྣམས་ཀྱིས་བསྐོར་བའོ་ཞེས་པའི་དོན་ཏོ། །དེ་ལ་ཡུལ་ལྔའི་སྟོང་པ་དང་ཡོན་ཏན་གསུམ་གྱི་སྟོང་བ་ནི་དུ་བ་ལ་སོགས་པ་སྟེ་དེ་ནས་ཆ་དང་ཐིག་ལེ་མཐོང་བ་དང་དེ་ནས་གཟུགས་མཐོང་བའོ་ཞེས་པའི་དོན་ཏོ། །དེ་ལྟར་ཉི་མ་ལ་གནས་གཙོ་བོ་མཆོག་གི་རི་བོང་ཅན་གྱི་ཆ་ནི་བཅུ་དྲུག་པ་སྟེ་དེ་ཡིས་འཁྱུད་པར་གྱུར་པ་དུས་ཐམས་ཅད་དུ་སྣ་ཚོགས་གཟུགས་ནི་རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་རོ། །ལྷ་མོ་ཞེས་པ་ནི་ཁམས་རྣམས་ཏེ་སངས་རྒྱས་ཞེས་པ་ནི་ཕུང་པོ་རྣམས་སོ། །དེ་རྣམས་ཅིས་ཁྱད་པར་དུ་འཕགས་ཞེ་ན་འཆི་མེད་རྣམས་ཏེ་སྐྱེ་བ་དང་རྒ་བ་དང་འཆི་བ་དང་བྲལ་བ་རྣམས་དང་ཡུལ་དང་ཡུལ་ཅན་རྣམས་དང་སྒྲ་གཅན་དང་ཟླ་བ་དང་ཉི་མ་རྣམས་ཀྱིས་ཕྱག་འོས་པ་སྟེ་མི་འགྱུར་པའི་བདེ་བ་ཆེན་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །


DTG012_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ལ་ཚོགས་སུ་བཅད་པ་བཞི་ནི་གོ་སླའོ། །ད་ནི་རྡོ་རྗེའི་དབུགས་ལ་གཟའི་རྒྱུ་བ་འཇུག་པ་གསུངས་པ་གཙོ་བོའི་ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་ལའོ་ཞེས་པའི་རིགས་པས་ཕྱི་རོལ་དུ་ནུས་པའི་དབུགས་ནི་ལོའི་ཆོས་སོ། །ལོ་དེ་རྣམས་ཀྱིས་གང་གི་ཚེ་དུས་ཀྱི་མཐར་གྱུར་པ་ནི་མཁའ་མཁའ་ནམ་མཁའ་མཁའ་མིག་མེ་དང་ཆུ་གཏེར་ཞེས་པ་ནུས་པའི་དབུགས་དང་ལེ་ཉི་ཁྲི་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་མོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིའོ། །དབུགས་རྣམས་ཀྱི་མཐར་དབུགས་གཅིག་ནི་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ལ་ལོ་དང་དབུ་མ་ལ་དབུགས་གཅིག་སྟེ་ལོ་དང་ལ་རྩོད་དུས་ལས་འབྱུང་ཞིང་རྫོགས་ལྡན་གྱི་དུས་ལ་འཇུག་པའོ། །དེ་ལྟར་དུས་བཞི་རྣམས་ཀྱིས་ནུས་པའི་དཀྱིལ་འཁོར་བཅུའི་རྩ་ར་རབ་ཏུ་འབབ་སྟེ་དཀྱིལ་འཁོར་རེ་རེ་ནི་ལོ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞིའོ། །དེ་ལྟར་རྫོགས་ལྡན་ལ་དཀྱིལ་འཁོར་བཞི་སྟེ་གཡོན་གྱི་རྩ་ལ་ནམ་མཁའ་དང་རླུང་དང་མེ་དང་ཆུའོ། །གསུམ་ལྡན་ལ་གཡོན་གྱི་རྩ་དེ་ཉིད་ལ་དཀྱིལ་འཁོར་གཅིག་སྟེ་སའི་མཚན་ཉིད་དོ། །དེ་ནས་དབུ་མ་ལ་འཇུག་སྟེ་དཀྱིལ་འཁོར་ལྔ་པོ་རྣམས་ལ་སྟོང་ཕྲག་སུམ་ཅུ་རྩ་ལྔ་ལྷག་པའི་འབུམ་ཕྲག་གཅིག་བཟུང་ནས་དབུ་མའི་དུས་སོ། །དེ་ནས་གཡས་ལ་ཡང་དག་པར་རྒྱུ་བ་སྟེ་སའི་དཀྱིལ་འཁོར་དང་ཆུའི་དཀྱིལ་འཁོར་ནི་གསུམ་ལྡན་ལའོ། །དེ་ནས་གཉིས་ལྡན་ལ་མེ་དང་རླུང་གི་དཀྱིལ་འཁོར་རོ། །རྩོད་ལྡན་ལ་ནམ་མཁའི་དཀྱིལ་འཁོར་ཏེ་དེ་ལ་དུས་རྫོགས་པར་འགྱུར་རོ། །དེ་ནས་དབུ་མའི་དབུགས་རྣམས་ཀྱི་མཐར་དབུགས་གཅིག་ལྷག་པས་ཐམས་ཅད་སྣང་བར་བྱེད་དོ། །གལ་ཏེ་དབུགས་ཀྱི་ཚད་དེས་སད་པའི་གནས་སྐབས་ལ་གནས་ན་དབུགས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་གཉིད་ཀྱི་གནས་སྐབས་སུ་འགྱུར་རོ། །དེ་ལྟར་དབུགས་ཉི་ཁྲི་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་གྱིས་ནང་དུ་གཟའ་རྣམས་ཀྱི་དུས་གཅིག་ཏུ་འགྱུར་རོ། །སྟོང་པའི་དཀྱིལ་འཁོར་གྱི་མཐར་དབུ་མར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་པར་འགྱུར་ཏེ་དེ་བས་ན་དེ་གཟུང་བར་བྱའོ། །


DTG012_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རང་རང་ཚད་ཀྱིས་རྒྱལ་བའི་བདག་པོའི་རྒྱུ་བ་དབུགས་ཀྱི་དབུས་སུ་འགྲོ་དང་གནས་པ་ཤེས་པར་བྱ་ཞེས་པ་ནི་ངེས་པའོ། །འདིའི་རྗེས་ལ་ཚིགས་སུ་བཅད་པ་བཅུ་བཞི་ནི་གོ་སླའོ། །ད་ནི་འཇིག་རྟེན་གྱི་ཁམས་ཉ་བར་སྡུས་པ་གསུང་པ་ལས་ཞེས་པ་ལ་སོགས་པའོ། །འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་དང་གཉིས་པ་ནི་དོན་དམ་པའོ། །དེ་ལ་འཇིག་རྟེན་ཀུན་རྫོབ་ཏུ་གསུངས་པ། དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར་ཞེས་པ་དང༌། དེ་བཞིན་དུ་མུ་སྟེགས་པ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་བསགས་པ་འཛིན་པ་སྟེ་དེས་ན་ཕྱི་རོལ་དུ་སངས་རྒྱས་ཀྱི་ཞིང་རྣམས་དང་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཡང་སྐྱེ་བ་དང་འཇིག་པ་རིག་པར་བྱའོ། །དེ་ཡང་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་འབྲས་བུ་ལོངས་སྤྱོད་པའི་རྒྱུ་ལས་འགྱུར་ཏེ་སེམས་ཅན་གྱི་ཕུང་པོ་ཇི་སྲིད་པ་དེ་སྲིད་དུའོ་ཞེས་པ་ནི་ངེས་པའོ། །དེས་ན་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་དུས་སུ་ལས་ཀྱི་རླུང་འདི་ནི་གང་གིས་སྔོན་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་བསྐྱེད་པའོ། །དེའི་རང་བཞིན་རྣམ་པ་གཉིས་ཏེ་གཅིག་ནི་ནམ་མཁའ་ལ་བརྟེན་པའི་སྐར་མ་བཞིན་དུ་གཡོ་བ་མེད་པ་སྟེ་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་གི་ཕྱོགས་གང་དུ་ཡང་འགྲོ་བར་མི་བྱེད་དོ། །གཉིས་པ་ནི་ནམ་མཁའ་ལ་ཁྱིམ་གྱི་འཁོར་ལོ་བཞིན་དུ་འཁོར་བའི་རང་བཞིན་ནོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་ནང་དུ་འདུས་པའི་བརྟན་པ་རྣམས་ནི་མི་གཡོ་བའི་རང་བཞིན་ནོ། །སྲོག་ཆགས་རྣམས་ནི་གཡོ་བའི་རང་བཞིན་ཏེ་ལས་ཀྱི་རླུང་ཞེས་པ་ནི་རྣམ་པར་ཤེས་པའི་ཆོས་ཉིད་དོ། །དེ་བཞིན་དུ་རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་རྣམས་ཉེ་བར་སྡུད་པའོ། །དེས་ན་འཆགས་པ་དང་འཇིག་པའི་མཚན་ཉིད་ཅན་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལས་སངས་རྒྱས་ཀྱི་ཞིང་ཉེ་བར་སྡུད་པ་དང་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་དུས་སུའོ། །འཇིག་རྟེན་གྱི་ཁམས་འཇིག་པའི་དུས་དེར་ས་ལས་ཞེས་པ་ནི་ས་ལས་ཆུ་ལ་


DTG012_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཁམས་ཀྱི་རྡུལ་ཕྲ་རབ་གང་དག་ཡང་དག་པར་སྦྱོར་བས་གནས་པ་དེ་རྣམས་སའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་ཕྱེ་སྟེ་སའི་རྡུལ་ཕྲ་རབ་རྣམས་ཐ་དད་དུ་བྱས་ནས་ཆུའི་ཁམས་ལ་སྟེ་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་འཇུག་པར་བྱེད་དོ། །དེ་བཞིན་དུ་ཆུའི་ཁམས་ལས་ཕྱེ་ནས་མེ་ལ་འཇུག་པར་བྱེད་ཅིང་མེ་ལས་ཕྱེ་ནས་རླུང་ལ་འཇུག་པར་བྱེད་དེ་རླུང་ལས་ཕྱེ་ནས་ནམ་མཁའ་ལ་སོ་སོ་སོ་སོར་ཀུན་དུ་སྤྱོད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པ་ཡིན་གྱི་ས་འོག་ན་དུས་ཀྱི་མེ་ཞེས་བྱ་བའི་ལྷ་འགའ་ཞིག་ཡོད་པ་དེས་འཇིག་རྟེན་གྱི་ཁམས་སྲེག་པར་བྱེད་པ་དང་ཐལ་བར་བྱེད་པ་ནི་མ་ཡིན་ནོ། །དུས་ཀྱི་མེ་རྡུལ་ཕྲ་རབ་བསགས་པ་གང་ཡིན་པ་དེ་ཉིད་ཀྱིས་ཆོས་གཞན་ཟ་བར་བྱེད་པའི་ཕྱིར་རྡུལ་ཕྲ་རབ་དང་བྲལ་བ་གང་ཡིན་པ་དེས་ནི་ཅུང་ཟད་ཀྱང་སྲེག་པར་མི་བྱེད་ཅིང་ཟ་བར་མི་བྱེད་དོ། །དེ་ལྟར་བརྟན་པ་རྣམས་ཞིག་པར་གྱུར་པའི་རྗེས་ལ་རྣམ་པར་ཤེས་པའི་ཆོས་ཅན་གྱི་སྲོག་གང་ཡིན་པ་དེ་རྣམས་གང་ཞིག་ལས་ཀྱི་རླུང་གིས་བསྐྱེད་པའི་ཞིང་གཞན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ་དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པའི་སླད་དུའོ། །དེ་ལྟར་ལས་ཀྱི་རླུང་མཐའ་ཡས་པ་རྣམས་འཇིག་རྟེན་གྱི་ཁམས་སྐྱེད་པར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་སྐྱེད་པར་བྱེད་པ་སྟེ་དཔེར་ན། སྲོག་ཆགས་རྣམས་ཀྱི་སྲོག་རྣམས་སོ་སོ་སོ་སོའི་ལུས་སྐྱེད་པར་བྱེད་པ་བཞིན་ནོ། །བརྟན་པ་རྣམས་ཀྱི་འཕེལ་བ་སྐྱེད་པར་བྱེད་པའོ་ཞེས་པ་ནི་ཀུན་རྫོབ་ཏུ་གྲུབ་པའི་མཐའོ། །ད་ནི་ལས་ཀྱི་རླུང་ལས་གྲོལ་བ་རྣམས་ཀྱི་བཞུགས་པ་གསུངས་པ་སངས་རྒྱས་ཞིང་ཞེས་པ་ལ་སོགས་པ་སྟེ་འདིར་བཟང་པོར་སྤྱོད་པ་བསྒྲགས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་བདག། ཅེས་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་སངས་རྒྱས་རྣམས་ཀྱི་བཞུགས་པ་གང་ཡིན་པ་དེ་ནི་རྟེན་སྤངས་པ་དང་རྟེན་མེད་པ་མ་ཡིན་ནོ། །སྒྲིབ་པ་མེད་པའི་ཆོས་ཀྱི་དོན་དམ་པར་ནི་བཞུགས་པ་མེད་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འཕགས་ཀྱི་ལེའུ་ལས་སངས་རྒྱས་རྣམས་ལ་


DTG012_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུའང་གཤེགས་པ་འམ་བྱོན་པ་མ་བྱུང་ངོ་འབྱུང་བར་མི་འགྱུར་རོ་མི་འབྱུང་ངོ་ཞེས་གསུངས་སོ། །དེས་ན་དག་པའི་རྡུལ་ཕྲ་རབ་གྲུབ་པའི་བཅུད་ཁམས་ཐམས་ཅད་འབིགས་པར་བྱེད་པ་རྡུལ་གཅིག་གི་རྩེ་མོའི་རྟེན་ལ་སངས་རྒྱས་ཐམས་ཅད་དེ་གང་དག་སྟོང་པའི་མཚན་ཉིད་སྒྲིབ་པ་མེད་པ་རྣམས་མཐའ་དག་གོ །དེ་ལྟར་སངས་རྒྱས་ཞིང་ནི་མ་ལུས་ལས་ཅན་མིན་པ་སྟེ་ལས་ཀྱི་རླུང་དང་བྲལ་བའོ། །སྲིད་གསུམ་སྐྱེད་པར་མཛད་པ་ཡེ་ཤེས་ཀྱི་སྐུས་རྣམ་པར་གཟིགས་ནས་ནི་དག་པའི་རྡུལ་ལ་སངས་རྒྱས་ཐམས་ཅད་དེ་དེ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །གཉི་ག་རོ་མཉམ་དག་པའི་རྡུལ་ལ་ཞེས་པ་ནི་ཕལ་པའི་བཅུད་གྲུབ་པའི་བཅུད་དུ་བྱས་པ་དང་འཁོར་བ་པའི་བྱང་ཆུབ་ཀྱི་སེམས་མི་འགྱུར་པར་བྱས་པ་ལའོ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ་ཞེས་པ་ནི་སྨོན་པའི་སེམས་ཀྱིས་སྒྲིབ་པའི་ཆ་ཤས་ཅུང་ཟད་ཙམ་དང་ལྡན་པའོ། །རྡོ་རྗེའི་སྲས་པོ་རྣམས་ཞེས་པ་ནི་སོ་སོར་རེ་རེའི་རོའི་རྡུལ་ལ་ཞེས་པ་ཤེས་རབ་དང་ཐབས་གཉི་གའི་ཆོས་ལ་གནས་པ་རྣམས་ཏེ་མི་གཡོ་བ་ལ་སོགས་པ་ལ་གནས་པ་རྣམས་སོ་ཞེས་པའི་དོན་ཏོ། །དེ་བཞིན་དུས་ལ་སོགས་པའི་རྡུལ་ལ་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཟད་པར་མངོན་སུམ་དུ་བྱས་པ་མཐའ་ཡས་པ་རྣམས་ཏེ་མི་གཡོ་བ་ལ་སོགས་པ་ལ་རབ་ཏུ་ཞུགས་པ་རྣམས་སོ་ཞེས་པའི་དོན་ཏོ། །འདིར་རྡུལ་གྱི་སྒྲས་མི་གཡོ་བ་ལ་སོགས་པའི་ས་རྣམས་གསུངས་ཀྱི་རྡུལ་ཕྲ་རབ་རྣམས་ནི་མ་ཡིན་ནོ། །དག་པའི་རྡུལ་གྱི་སྒྲས་རྟེན་དུ་གྱུར་པའི་ས་བཅུ་གཉིས་པོ་རྣམས་ཏེ་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེ་དག་རྣམས་དང་ཐབས་ཅིག་རྡོ་རྗེ་སེམས་དཔའ་འཆགས་པའི་དུས་ཀྱི་བར་དུ་མཁའ་ལ་རྣམ་པར་བཞུགས་ཞེས་པ་ནི་འདིར་ཇི་སྲིད་སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཚོགས་པར་མ་གྱུར་པ་དེ་སྲིད་དུ་དེ་རྣམས་ཀྱིས་སངས་རྒྱས་འབྱུང་བ་མཐོང་བར་མི་འགྱུར་རོ། །དེས་ན་ནམ་མཁའ་ལ་རྣམ་པར་བཞུགས་ཏེ་ཆོས་ཀྱི་སྐུ་ལ་གནས་སོ་ཞེས་པའི་དོན་ཏོ། །ད་ནི་འཇིག་རྟེན་གྱི་ཁམས་འབྱུང་


DTG012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུངས་ཏེ་སཾ་བརྟའི་དུས་ཞེས་པ་ལ་སཾ་བརྟ་ནི་འཇིག་པར་བཤད་ཅེས་གྲག་གོ །འདིར་ཚིག་འདི་ནི་མ་ཡིན་ཏེ་ཡང་དག་པའི་རྣམ་པས་ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པའི་ཕྱིར་འཆགས་པའོ། །དེའི་རྒྱུ་ལས་ལས་ཀྱི་རླུང་རྣམ་པ་གསུམ་དུ་འགྱུར་ཏེ་ཡང་དག་པར་འཛིན་པར་བྱེད་པ་དང་སྲུབ་པར་བྱེད་པ་དང་དབྱིབས་བྱེད་པའོ། །དེ་རྣམས་ལ་ཡང་དག་པར་འཛིན་པར་བྱེད་པས་ས་ལ་སོགས་པའི་རྡུལ་ཕྲན་གྱི་ཚོགས་འཛིན་ཏེ་དཔེར་ན་སྤྲིན་གྱི་རླུང་གིས་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་འཛིན་པ་བཞིན་ནོ། །དེ་ནས་སྲུབ་པར་བྱེད་པས་ས་ལ་སོགས་པ་རོའི་མཐར་ཐུག་པའི་རྡུལ་ཕྲན་གྱི་ཚོགས་སྲུབ་པར་བྱེད་དེ་ལན་ཚྭ་བཞིན་དུ་ཁམས་རྣམས་སྲ་བ་ཉིད་དུ་གྱུར་གྱི་བར་དུའོ། །དེ་བཞིན་དུ་དེ་དག་རྣམས་ཕན་ཚུན་སྦྱོར་བར་འགྱུར་ཏེ་གཙོ་བོའི་དངོས་ལ་ཕལ་བའི་དངོས་པོའོ། །དེས་ན་སྲ་བའི་ཆོས་ལ་སའི་རྡུལ་ཕྲ་རབ་གཙོ་བོ་སྟེ་ལྷག་མ་རྣམས་ནི་ཕལ་པའོ། །དེ་བཞིན་དུ་ཆུ་ལ་ཆུ་དང་མེ་ལ་མེ་དང་གཡོ་བ་ཉིད་ལ་རླུང་དང་རོལ་ཐམས་ཅད་མཉམ་པ་སྟེ་རང་རང་གི་ཡོན་ཏན་དང་བྲལ་བའོ། །དེ་ནས་དབྱིབས་ཀྱི་རླུང་ནི་ཆེན་པོ་ཐམས་ཅད་དག་གིས་སངས་རྒྱས་ཞིང་རྣམས་མཐའ་དག་རྣམ་པར་འགོད་པར་བྱེད་ཅེས་པ་ནི་སྲོག་དང་ཐུར་སེལ་ལ་སོགས་པ་བཅུ་ཡིས་སོ་ཞེས་པའི་དོན་ཏེ། ཕྱི་རོལ་ལ་རྟེན་པ་རྣམས་ཀྱི་འཇིག་པ་དང་འཕེལ་བའི་རྒྱུ་རྣམས་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཡང་སྲོག་ལ་སོགས་པ་རྣམས་སོ། །འཇིག་རྟེན་ཁམས་ནི་སོ་སོ་དག་ལ་སླར་ཡང་འཁོར་ཡུག་རི་བོ་ཆེན་པོ་དག་ནི་ཀུན་ནས་སོ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་ལུས་སོ་སོ་དག་ལ་བ་སྤུ་དང་པགས་པ་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་ཀྱི་ཞིང་དེ་ཡི་དབུས་སུ་ལས་ཀྱི་རང་བཞིན་འཇིག་རྟེན་གྱི་ཁམས་གཅིག་ཏུ་འགྱུར་ཏེ་རྩ་ཐམས་ཅད་ཀྱི་ཨ་བ་དྷཱུ་ཏཱི་གཅིག་ཇི་ལྟ་བ་བཞིན་ནོ། །འཇིག་རྟེན་གྱི་ཁམས་ལྷག་མ་ལོངས་སྤྱོད་རང་བཞིན་རྣམས་ནི་རྩ་གཞན་རྣམས་བཞིན་ནོ། །འཇིག་རྟེན་གྱི་ཁམས་དེ་རྣམས་ཡུལ་གྱི་བདེ་བ་བྱེད་པ་སྟེ་ལུས་ཀྱི་རྩ་རྣམས་བཞིན་ནོ། །རིན་ཆེན་ཀུན་གྱིས་རབ་ཏུ་གང་བ་རྣམས་ཞེས་པ་ནི་ཁྲག་གིས་གང་བའི་རྩ་རྣམས་ཇི་ལྟ་བ་བཞིན་ནོ། །འཇིག་རྟེན་གྱི་ཁམས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་འབྱུང་སྟེ་རྩ་སྟོང་ཕྲག་བདུན་ཅུ་རྩ་


DTG012_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་བཅས་པའི་ལུས་སྐྱེ་བ་ཇི་ལྟ་བ་དེ་བཞིན་ནོ། །ད་ནི་འཇིག་རྟེན་གྱི་ཁམས་ལ་ལྷུན་པོ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གསུངས་པ་མཐའ་དག་ཅེས་པ་ལ་སོགས་པ་སྟེ་རི་མཐའ་དག་གི་བདག་པོའོ་ཞེས་པའི་དོན་ཏོ། །འདིར་ཤར་ནི་ཞེས་པ་ཤར་ལུས་འཕགས་པོ་ལ་མངོན་པར་ཕྱོགས་ནི་དག་པའི་ཨིནྡྲ་ནཱི་ལ་སྟེ་རླུང་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །མཐར་གནས་ནི་ཡ་ར་ལ་ཝ་རྣམས་ཏེ་ཤར་དུ་ཡའོ། །ལྷོར་ནི་པདྨ་རཱ་ག་སྟེ་ར་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ནུབ་ནི་ཀ་ར་ཀེ་ཏ་ན་སེར་བོ་སྟེ་ལ་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །བྱང་ནི་རི་བོར་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ཏེ་ཝ་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཡ་ར་ལ་ཝ་ཞེས་པ་ནི་གླིང་བཞི་པོ་རྣམས་ལ་ཤེས་པར་བྱའོ། །དབུས་ནི་ལྗང་ཁུ་སྟེ་སྟོང་པ་ཧ་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཡི་ནང་དུ་ཆུད་པ་འདིར་ནི་དཀྱིལ་འཁོར་ཆེན་པོ་དེ་ཡི་སྙིང་པོ་སྟེ། ཞེས་པ་ནི་སྔར་བརྗོད་ཟིན་ཏོ། །དང་པོར་ཞེས་པ་དབུས་སུ་ཐུགས་ཀྱི་དཀྱིལ་འཁོར་ཏེ་ཐུགས་ཀྱི་རང་བཞིན་ནོ། །དེ་ཡི་ཉིས་འགྱུར་ནི་གསུང་དང་སྐུའི་དཀྱིལ་འཁོར་རོ། །ལྷུན་པོའི་ལྟེ་བའི་གནས་སུ་ཡེ་ཤེས་ཀྱི་འཁོར་ལོ་དང་སྙིང་ཁའི་གནས་སུ་ཐུགས་ཀྱི་དཀྱིལ་འཁོར་དང་མགྲིན་པའི་གནས་སུ་གསུང་གི་དཀྱིལ་འཁོར་དང་དཔྲལ་བར་སྐུའི་དཀྱིལ་འཁོར་རོ། །དེའི་ཕྱི་རོལ་དུ་དཀྱིལ་འཁོར་ཐམས་ཅད་འཇིག་རྟེན་ཁམས་ཀྱི་རང་བཞིན་གྱིས་གནས་པའོ། །མདའ་ལ་བཅུ་ཡིས་བསྒྱུར་པར་གྱུར་པའི་དཔག་ཚད་སྟོང་ཕྲག་གོ་ཞེས་པ་ལྷུན་པོའི་སྟེང་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རོ། །སྙིང་པོར་དུས་ཀྱི་འཁོར་ལོ་དང་ཕྱག་རྒྱའི་མཚན་ཉིད་དོ། །དེ་ཡི་ཕྱི་རོལ་དུ་སྟོང་ཕྲག་ལྔ་བཅུ་ནས་འཁོར་ལོ་དྲུག་གི་སྡོམ་པ་སྟེ་དུས་རྣམས་དག་གིས་ཞེས་པ་དུས་དྲུག་པོ་རྣམས་ཀྱི་རྣམ་པར་དག་པས་འཇིག་རྟེན་ཁམས་ཀྱི་རང་བཞིན་དང་དུས་དྲུག་གི་རང་བཞིན་ནོ། །འཁོར་ལོ་དྲུག་དང་རིགས་དྲུག་གིས་ཞེས་པ་ནི་སྔར་བརྗོད་ཟིན་ཏོ། །དཔག་ཚད་རིག་བྱེད་འབུམ་གྱིས་རླུང་གི་དཀྱིལ་འཁོར་ལ་གནས་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་དཀྱིལ་འཁོར་རོ། །སྙིང་པོར་བརྒྱད་གཉིས་ཀ་པ་རྣམས་ཀྱིས་ཁང་བ་བརྩེགས་པ་ཆ་བཅུ་དྲུག་གིས་དག་པ་སྟེ་ཀ་བ་དེ་


DTG012_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སྙིང་པོ་ལ་ཡོངས་སུ་བསྐོར་བ་ནི་ཡེ་ཤེས་ཀྱི་འཁོར་ལོའོ། །སྐྱེ་གནས་ཀྱི་རང་བཞིན་ནི་དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པའོ་ཞེས་པ་སྟེ་ལྷུན་པོ་རྫོགས་པའོ། །ད་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཚད་ཀྱིས་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚན་ཉིད་གསུངས་པ་རྒྱལ་བའི་ཞེས་པ་ལ་སོགས་པ་སྟེ་འདིར་རྒྱལ་བའི་བདག་པོ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་སྟེང་ནས་མཛོད་སྤུའི་དབུས་ཞེས་པ་སྨིན་མའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །སྙིང་ཁ་ཡང་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ་ཞེས་པ་ནི་ལྟེ་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་བཞིན་དུ་གསང་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ལྟར་གཙུག་ཏོར་ནས་གསང་བའི་པདྨའི་མཐར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱི་ཚད་ནི་སྐུའི་ཚད་དོ། །ཞབས་ཀྱི་མཐིལ་ནི་མ་ནུ་ཞེས་པ་སོར་བཅུ་བཞི་རྣམས་ཀྱིས་འགྱུར་རོ། །རྗེ་ངར་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔ་སྟེ་བརླ་ཡང་དེ་བཞིན་ནོ། །ཞབས་ཀྱི་དཔངས་ནི་རིག་བྱེད་ཅེས་པ་སྟེ་ཕྱེད་དང་བཅས་པའི་སོར་བཞིས་སོ། །དེ་བཞིན་དུ་པུས་མོའི་ཚིགས་དང་དཔྱི་ཡང་སོར་བཞིས་སོ། །དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱིས་དཔྱི་ནས་ཞབས་ཀྱི་མཐིལ་གྱི་མཐར་རོ། །དེ་ལྟར་སོར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ནི་སངས་རྒྱས་ཀྱི་སྐུའོ། །བྲང་ཕྱེད་ཕྱེད་བཅས་ཉི་མས་ཞེས་པ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་ཀྱིས་སོ། །རང་དཔུང་དབུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ་ཞེས་པ་ནི་ཉི་ཤུས་དཔུང་པ་དང་བཅུ་དྲུག་གིས་ཉེ་བའི་དཔུང་པ་དང་བཅུ་གཉིས་ཀྱིས་ལག་པ་གུང་མོའི་སོར་མོའི་མཐར་ཐུག་པའོ། །གཅིག་གིས་ལག་པ་དང་ཉེ་བའི་དཔུང་པའི་མཚམས་དང་དཔུད་པ་དང་ཉེ་བའི་དཔུང་པའི་མཚམས་སོ། །དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཏེ་གཡོན་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་པ་ལ་ཡང་ངོ༌། །ཐམས་ཅད་དུ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་ནི་སྐུའི་ཚད་དེ་གྲུ་བཞིའོ། །དེ་ཉིད་སེམས་ཅན་རྣམས་ཀྱི་ནི་ཁྲུ་བཞི་སྟེ་མི་རྣམས་ཀྱི་སོར་དགུ་


DTG012_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་དྲུག་གོ །སྟེང་དང་འོག་ཏུ་ནི་བརྒྱད་ཅུ་རྩ་བཞི་སྟེ་དེ་ལྟར་མི་རྣམས་ནི་མཚན་ཉིད་དང་མི་ལྡན་པའོ་ཞེས་གྲུབ་བོ། །རིག་བྱེད་ཅེས་པ་བཞིས་གཙུག་ཏོར་གྱི་ཚད་དོ། །ཕྱེད་དང་བཅས་པའི་བཞིས་མགོ་བོའི་དཔངས་དང་བཞིས་དཔྲལ་བ་དང༌། དང་ཡིག་ལས་བཞིས་ཤངས་དང་ཕྱེད་དང་བཅས་པའི་བཞིས་ཤངས་ཀྱི་འོག་ཀོ་སྐོའི་མཐར་ཏེ་བཞིས་མགྲིན་པའོ། །དེ་ནས་སྙིང་ཁ་ལྟེ་བ་གསང་བར་མི་ཡི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱིས་རིམ་པར་འགྱུར། །གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་ཐུབ་པ་ཡི་ནི་སྟེང་གི་གཙུག་ཏོར་ཉིད། །མཛོད་སྤུ་གསང་པའི་ཆུ་སྐྱེས་དབུས་སུ་ཁུ་བའི་ཐིག་ལེ་མི་འགྱུར་བདེ་བསྐྱེད་བྱེད་གནས་པ་གང༌། །དཔལ་ལྡན་རྡོ་རྗེའི་ས་འདི་གཉི་གའི་རིགས་ཀྱི་དབང་གིས་སྐུའི་འཁོར་ལོ་དཔྲལ་བ་དང་ལྟེ་བ་དང་གསུང་གི་འཁོར་ལོ་མགྲིན་པ་དང་སྙིང་ཁ་དང་ཐུགས་ཀྱི་འཁོར་ལོ་གསང་བ་དང་གཙུག་ཏོར་དག་པའོ། །ད་ནི་སྐུ་ལ་དཀྱིལ་འཁོར་དག་པ་གསུངས་པ་ཕྱེད་བཅས་ཉི་མ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་གསང་བ་དང་མཛོད་སྤུའི་དབུས་སུ་ཐུགས་ཀའོ། །དེ་ཉིད་ནི་ཐུགས་ཀྱི་འཁོར་ལོ་སྟེ་ལྟེ་བ་དང་མགྲིན་པའི་དབུས་ནས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །ལྟེ་བ་དང་མགྲིན་པའི་མཚམས་སུ་སོར་ཉི་ཤུ་རྩ་ལྔ་ནི་གསུང་གི་འཁོར་ལོའོ། །གསང་བའི་པདྨ་དང་མཛོད་སྤུའི་མཐར་སོར་ལྔ་བཅུ་ནི་སྐུའི་འཁོར་ལོ་སྟེ་རྡོ་རྗེའི་ས་གཞི་ལའོ། །ཐུགས་ཀྱི་ཕྱེད་ཅེས་པ་ནི་ཐུགས་ཀྱི་འཁོར་ལོའི་ནང་དུ་གནས་པ་སྟེ་རྐང་བ་དང་བཅས་པའི་སོར་དྲུག་གི་ཡེ་ཤེས་ཀྱི་འཁོར་ལོ་སྦྱང་བར་བྱའོ། །གསུམ་པོ་དག་ལས་ཞེས་པ་ནི་བདུན་པའི་དོན་ལ་ལྔ་པའོ། །དཀྱིལ་འཁོར་གསུམ་པོ་དག་ལ་སྒོ་རྣམས་བྱ་ཞེས་པ་ལ་ཐུགས་ཀྱི་སྒོ་རྣམས་ནི་སད་པ་ལ་སོགས་པའི་གནས་སྐབས་བཞི་དང་གསུང་གི་སྒོ་རྣམས་ནི་ཁ་དང་བཤད་ལམ་དང་སྣའི་བུ་ག་རྣམས་དང་སྐུའི་སྒོ་རྣམས་ནི་མིག་དང་རྣ་བའི་བུ་ག་རྣམས་ཏེ་དེ་ལྟར་སྒོ་བཅུ་གཉིས་སོ། །ལྷག་མ་ནི་སྔར་བརྗོད་ཟིན་ཏོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་འགྲོ་བ་དང་འོང་བའི་དབྱེ་བས་སྟེང་དང་འོག་ཏུ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་ཉིས་འགྱུར་དག་ཏུ་འགྱུར་ཏེ་སོར་བརྒྱའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལྷུན་པོར་གནས་པ་ལ་ཡང་སྟེ་དཀྱིལ་འཁོར་ལ་རྒྱལ་བའི་བདག་པོའི་སོར་མོ་ཕྱེད་གང་ཡིན་པ་དེ་ནི་མི་ཡུལ་དུ་དཔག་ཚད་སྟོང་ཕྲག་དག་ཏུ་འགྱུར་ཏེ་དེ་ལྟར་ན་ཁྲུ་བཞི་པོ་


DTG012_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རླུང་གི་ཁོར་ཡུག་གི་མཐར་ཐུག་པ་དཔག་ཚད་འབུམ་ཕྲག་བཞིར་འགྱུར་རོ། །དེ་བཞིན་ལྷ་ཡི་རི་བོ་དག་ནི་ལུས་ཀྱི་ཚད་དུ་འགྱུར་ཏེ་རྒྱུར་ནི་ཕྱེད་ཀྱི་ཚད་ཡིན་ནོ་ཞེས་པ་ནི་སྔར་བརྗོད་ཟིན་ཏོ། །དེ་ཡི་སྟེང་དུ་རྡོ་རྗེའི་རྣམ་པ་བརྩེགས་པ་ཆ་གསུམ་པ་སྟེ་དེ་ཡི་ཡང་ནི་ཕྱེད་དུ་འགྱུར་ཞིང་ལྷུན་པོའི་ཕྱི་རོལ་དུ་འོག་གི་ཆར་འཛིན་མའི་ཁོར་ཡུག་དང་ཆུའི་ཁོར་ཡུག་དང་མེའི་ཁོར་ཡུག་དང་རླུང་གི་ཁོར་ཡུག་གོ །དེའི་ཕྱི་རོལ་གྱི་ཆ་ལ་འབར་བ་དང་བཅས་པའི་རྡོ་རྗེའི་ཕྲེང་བ་ནི་རྡོ་རྗེའི་ཁོར་ཡུག་གོ །ཕྱེད་བཅས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་ནི་གོ་སླའོ། །སྟེང་དང་འོག་ཏུ་སངས་རྒྱས་སྐུ་ནི་མཉམ་པ་གྲུ་བཞི་པར་འགྱུར་ཏེ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་གྲུ་བཞི་པའོ། །ཀུན་ནས་རླུང་གི་བགྲོད་པའི་དབང་གིས་ཐད་ཀའི་ཚད་ཀྱིས་ཞེས་པ་ནི་ཕྱི་རོལ་དུ་རླུང་གི་དཀྱིལ་འཁོར་གྱི་བགྲོད་པའི་དབང་གིས་ནང་དུ་ལག་པ་གཡོན་གྱི་སེན་མོ་ནས་ལག་པ་གཡས་ཀྱི་སེན་མོའི་མཐར་མཉམ་གནས་ལ་སོགས་པའི་རླུང་བགྲོད་པའོ། །དེས་ན་ལུས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་སྟེ་གྲུ་བཞིའོ་ཞེས་པ་ངེས་པའོ། །འཁོར་ལོ་གསུམ་རྣམས་ཀྱིས་སྔོམ་པའམ་ཡང་ན་འཁོར་ལོ་དྲུག་རྣམས་ཀྱིས་སྔོམ་པའི་དཀྱིལ་འཁོར་ཟླུམ་པོ་སྒོ་བརྒྱད་པ་སྟེ་འཁོར་ལོ་སོ་སོའི་ཆད་རྒྱལ་བའི་བདག་པོའི་རྐང་པ་དང་བཅས་པའི་སོར་དྲུག་རྣམས་ཀྱིས་འགྱུར་རོ། །སྒོ་བརྒྱད་རྣམས་ཀྱིས་བསྐོར་བ་ནི་སྔར་བརྗོད་ཟིན་ཏོ། །རང་གི་ལག་མཐིལ་སེན་མོ་རྣམས་ཀྱིས་དཔལ་ལྡན་དུར་ཁྲོད་བརྟག་པར་བྱ་སྟེ་དེ་ལ་དཀྱིལ་འཁོར་གྱི་ཐད་ཀ་དང་འོག་དང་སྟེང་དུ་ཡང་ཁ་ལ་སོགས་པ་སྒོ་བརྒྱད་པོ་རྣམས་དང་དུར་ཁྲོད་རྣམས་སོ་ཞེས་པ་ངེས་པའོ། །ད་ནི་བཅོམ་ལྡན་འདས་མའི་སྐུའི་དག་པས་དཀྱིལ་འཁོར་གསུངས་ཏེ་སྟེང་འོག་ཞལ་དང་གསང་བར་གཉིས་དང་ཆུ་གཏེར་ཚད་ཀྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དག་ཏུ་འགྱུར་ཞེས་པ་ནི་སོར་བཞི་བཅུ་རྩ་གཉིས་ཀྱིས་འགྱུར་ཏེ་མཛོད་སྤུ་དང་གསང་བའི་པདྨ་དག་ལས་སོར་བརྒྱད་དོར་ནས་སོར་བཞི་བཅུ་རྩ་གཉིས་ཀྱིས་རྡུལ་གྱི་ཁམས་སོ། །དེས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དུ་འགྱུར་ཏེ་པདྨའི་ཕྱེད་དང་འཁོར་ལོ་དྲུག་ནི་མཚུངས་པའི་ཆ་རྣམས་ཀྱིས་སོ། །འདིར་སྒོ་ནི་མི་མཚུངས་ཏེ་འཁོར་ལོ་ལས་ལྔ་ཆའོ། །འཁོར་ལོ་ལས་ལྔ་ཆ་གང་ཡིན་པ་དེ་ནི་གདན་བཞི་ལ་སོགས་པར་


DTG012_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ཅིའི་ཕྱིར་ཞེ་ན་འདིར་སྐྱེ་བའི་དུས་སུ་མའི་སྐྱེ་གནས་སོར་བཅུ་གཉིས་སུ་འགྱུར་ཏེ་ཆ་དགུ་བཅུ་རྩ་དྲུག་ལས་བརྒྱད་ཆའོ། །དེས་ན་གླིང་བཞི་རྣམས་སུ་བུད་མེད་རྣམས་ཀྱི་སྐྱེ་གནས་ནི་སྒོ་བཞི་རྣམས་ཏེ་མངལ་གྱི་གནས་ནི་དཀྱིལ་འཁོར་གྱི་ཁང་བ་དང་བྱིས་པའི་ལུས་ནི་ལྷའི་ཚོགས་སོ་ཞེས་བྱིས་པ་རྣམས་ཀྱི་སྐྱེ་བ་ལྷའི་རྣམ་པར་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་སྤྲོས་པས་སོ། །འོན་ཀྱང་གསང་བ་ནས་གཙུག་ཏོར་གྱི་ཆ་ལས་སྒོ་ནི་ལྔ་ཆའོ་ཞེས་པས་ཏེ་རིགས་པ་ལས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ལུས་ནི་དཀྱིལ་འཁོར་གྱི་མཚན་ཉིད་ཀྱི་རང་བཞིན་ནོ། །མཆོད་རྟེན་ནི་ཤེས་རབ་མ་ཡིན་ཞིང་ཐབས་ཀྱང་མ་ཡིན་ཏེ་མ་ནིང་ངོ་ཞེས་པ་ནི་ངེས་པའོ། །ལྷུན་པོའི་ཕྱི་རོལ་དུ་ནི་འོག་གིས་གཞིའི་གནས་ལ་གྲུབ་པ་བརྒྱད་པོ་ཡང་དག་གནས་པ་སྟེ་ཤར་དུ་རལ་གྲི་དང་དྲག་པོའི་ཟུར་དུ་རོ་ཡི་དབང་པོ་དང་བྱང་དུ་བདུད་རྩིའི་འབྲས་བུ་དང་རླུང་དུ་རིལ་བུ་དང་ནུབ་ཏུ་མིག་སྨན་དང་བདེན་བྲལ་དུ་རོ་ཙ་ན་དང་ལྷོ་རུ་རྐང་མགྱོགས་དང་མེ་ཡི་ཟུར་དུ་མི་ཟད་པའི་གཏེར་དང་དཀྱིལ་འཁོར་གྱི་དབུས་སུ་མཆོད་ཕྱིར་ཐོགས་པའོ། །ལྷ་དང་མི་ཡི་བླ་མ་དུས་ཀྱི་འཁོར་ལོའི་ཚངས་པའི་དབྱངས་ནི་དེ་ཉིད་དོ་ཞེས་པ་ནི་གཞོམ་དུ་མེད་པའི་སྒྲ་སྟེ་ལྷ་ལ་སོགས་པ་རྣམས་རབ་ཏུ་སད་པར་བྱེད་པའོ་ཞེས་པ་ངེས་པའོ། །ད་ནི་རྡོ་རྗེ་རྣམ་པར་དག་པའི་མཚན་ཉིད་གསུངས་པ་ནོར་བུ་ཞེས་པ་ལ་སོགས་པ་སྟེ་འདིར་རྡོ་རྗེ་ནོར་བུ་རྣམ་པར་དག་པས་རྡོ་རྗེ་སོར་གཅིག་པར་འགྱུར་རོ་གཙུག་ཏོར་གྱི་འཁོར་ལོ་རྣམ་པར་དག་པས་སོར་གཉིས་པ་དང་དཔྲལ་པ་རྣམ་པར་དག་པས་སོར་བཞི་པ་དང་མགྲིན་པ་རྣམ་པར་དག་པས་སོར་ལྔ་པ་དང་སྙིང་ཁ་རྣམ་པར་དག་པས་སོར་བརྒྱད་པ་དང་ལྟེ་བ་རྣམ་པར་དག་པས་སོར་དགུ་པ་དང་གསང་པ་རྣམ་པར་དག་པས་སོར་བཅུ་གཉིས་པ་སྟེ་ཟད་པར་རླུང་དང་མེ་དང་ཆུ་དང་ས་དང་འདོད་པ་ན་སྤྱོད་པའི་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་ནོ། །དེས་ན་རྣ་བའི་ཕྱག་རྒྱ་རྣམས་སོར་གཅིག་པ་དང་མཐེ་བོའི་རྡོ་རྗེ་ནི་སོར་གཉིས་པ་དང་དཔྲལ་པར་རྡོ་རྗེ་ཕྲེང་བའི་དོན་དུ་སོར་བཞི་པ་དང་མགྲིན་པར་ཡང་སོར་ལྔ་པ་དང་ཕྲག་པར་རྡོ་རྗེ་ཕྲེང་པའི་དོན་དུ་སོར་བརྒྱད་པ་དང་སྙིང་ཁར་འདོགས་པའི་རྡོ་རྗེ་ནི་སོ་རང་གུ་པ་སྟེ་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེའི་རྒྱན་གྱི་ཆེད་དུ་བྱའོ། །གསོར་བའི་རྡོ་རྗེ་ནི་སོར་བཅུ་གཉིས་པའོ། །དེ་རྣམས་ཀྱི་མཚན་ཉིད་ནི་སྟེང་དང་དབུས་དང་འོག་


DTG012_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསུམ་གྱི་ཆ་སྟེ་མཉམ་པའི་ཆའོ། །གསོར་བའི་རྡོ་རྗེ་དེ་ཉིད་ཟླུམ་པ་ནི་ཞི་བ་སྟེ་ཞི་བའི་ལས་ལའོ། །རྣམ་པར་རྒྱས་པ་སྟེ་རྩེ་མོ་རྣམ་པར་བྱེ་བ་ནི་དྲག་པོ་ལ་ཞེས་པ་དྲག་པོའི་ལས་ལའོ། །དྲིལ་བུ་དག་ཀྱང་དེ་བཞིན་ཆ་གསུམ་སྟེ་དབུས་དང་སྟེང་དུ་རྡོ་རྗེ་དང་ཞལ་ཡང་མཚུངས་པའོ། །བ་ལང་གི་གདོང་ནི་ཞི་བ་ལའོ། །པདྨ་རྣམ་པར་རྒྱས་པའི་ཁ་ནི་དྲག་པོ་ལ་སྟེ་གྱིས་པའི་རྡོ་རྗེ་དང་བཅས་པའོ། །འདིར་རྡོ་རྗེའི་རྭ་རྣམས་ཀྱི་ཁྱོན་ནི་རྡོ་རྗེའི་ཚད་ལས་སུམ་ཆའོ། །རྡོ་རྗེའི་དབུས་སུ་ལྟེ་བ་ཞལ་བཞི་པ་སྟེ་སུམ་ཆ་དེ་ཡི་སུམ་ཆའོ། །དེ་བཞིན་དུ་ལྟེ་བའི་འོག་དང་སྟེང་དུ་ལྟེ་བའི་ཚད་ཀྱིས་འདབ་མ་བརྒྱད་རྣམས་སོ། །རྭ་ནི་རྡོ་རྗེའི་ཁྱོན་དང་མཚུངས་པ་ཞེས་པ་ཕྱོགས་སམ་ཕྱོགས་བྲལ་གྱི་དབུས་སུ་སུམ་ཆ་སྟེ་ཕྱོགས་བཞི་པོ་རྣམས་སམ་ཕྱོགས་བྲལ་རྣམས་སུའོ། །རྭ་ཡི་ཟླུམ་པོ་ནི་རྡོ་རྗེའི་སུམ་ཆའི་བཞི་ཆའོ། །ཕྱི་རོལ་གྱི་རྭ་རྣམས་ཀྱི་སུམ་ཆ་ནི་འོག་གོ །སྟེང་དུ་ཆ་གཉིས་པ་ནི་རྒྱ་ཤུག་གི་ཚེར་མ་ལྟ་བུ་སྟེ་སྟེང་དབུས་ལ་བསྲེས་པས་སྦྱོར་བའོ་ཞེས་པ་ནི་ཟུམ་པའོ། །རྣམ་པར་གྱེས་པ་ལ་རྩེ་མོ་རྣམ་པར་བྱེ་བ་བྱའོ། །དྲིལ་བུའི་ཞལ་རྣམས་དེ་བཞིན་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་དག་པ་བྱམས་པ་ལ་སོགས་པའི་གནས་ཀྱིས་རྡོ་རྗེ་ལ་ཞལ་བཞི་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་རྡུལ་གྱི་ཐིག་ལེའི་ཆོས་དང་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པས་ཞལ་བཞི་བྱའོ་ཞེས་པ་ནི་རིགས་པ་སྟེ་གཅིག་གོ །གཉིས་པ་ནི་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་པ་ཀཱ་ལི་གསལ་བྱེད་ཀྱི་ཆོས་བརྗོད་དུ་མེད་པ་སྟེ་དབྱངས་མེད་པའི་ཕྱིར་རོ། །དེས་ན་རྡོ་རྗེའི་ལྟེ་བ་ལ་ཞལ་མེད་དོ། །མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པ་ནི་ཨཱ་ལི་དབྱངས་ཀྱི་ཆོས་ཏེ་དེས་ན་བརྗོད་པའི་རང་བཞིན་གྱི་ཕྱིར་བཅོམ་ལྡན་འདས་མའི་ཞལ་གཅིག་གོ་ཞེས་པ་ནི་རྡོ་རྗེ་དྲིལ་བུ་ལ་གྲུབ་པའོ། །ད་ནི་མཆོད་རྟེན་གྱི་མཚན་ཉིད་གསུངས་པ་གསུང་བའི་ཞེས་པ་ལ་སོགས་པ་སྟེ་གསང་བའི་ཆུ་སྐྱེས་མཛོད་སྤུའི་མཐའ་ཡི་ཆ་ཡིས་ཞེས་པ་སོར་ལྔ་བཅུ་རྣམས་ཀྱིས་མཆོག་གི་རྒྱལ་བའི་བདག་པོའི་མཆོད་རྟེན་དཔངས་ཀྱི་ཚད་དོ། །དེ་ཡི་ཕྱེད་ཀྱིས་ཞེས་པ་ཉི་ཤུ་རྩ་ལྔས་གདན་གྱི་རྒྱ་སྟེ་ས་བཞིན་དུ་གྲུ་བཞི་པ་ཤིན་ཏུ་མཉམ་པ་སྟེ་ཐད་ཀའི་ཆས་སོ། །དེ་ཡི་སུམ་ཆས་ཕྱོགས་ཆ་རྣམས་ཞེས་པ་ནི་སོར་སུམ་


DTG012_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་དང་བཅས་པའི་སོར་བརྒྱད་རྣམས་ཏེ་སོར་བྱེད་དང་གཉིས་ཕྱིར་འབུར་བའོ། །གདན་དེའི་སྟེང་གི་པདྨའི་ཕྱིར་འབུར་བ་དང་ཐུགས་ཁར་གནས་པའི་ཁོར་ཡུག་གི་ཕྱིར་འབུར་བ་ཡང་ཚད་དེ་ཉིད་ཀྱིས་སོ། །ཐུགས་ཁར་གནས་པའི་ཁོར་ཡུག་ཏུ་གྱུར་པ་དེ་བཞིན་དུ་ཟླུམ་པོའི་པདྨ་ཡང་སྟེ་གདན་གྱི་ཚད་ཀྱིས་སོ། །གཞི་དང་མཉམ་པའི་པདྨའི་མཐའ་ཡི་ཆས་དམན་པ་སྟེ་སོར་ཕྱེད་དང་གཉིས་བཅུམ་པའི་ཁོག་པ་ཟླུམ་པོའོ། །དེ་ཡི་ཕྱོགས་ཆ་ཡིས་ཀྱང་མགྲིན་པའོ་ཞེས་པ་ནི་ཐད་དཀའི་ཚད་ཀྱིས་སོར་བརྒྱད་དང་སུམ་ཆའོ། །དཔངས་ཀྱི་ཚད་ནི་སོར་བཞིའོ། །གདན་གྱི་ཕྱེད་ཀྱི་ཆ་ཡིས་གདོང་སྟེ་ཞེས་པ་ནི་ཐད་ཀའི་ཆར་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱིས་སོ། །དེ་ཉིད་ནི་གྲུ་བཞིའོ། །དེ་བཞིན་དུ་མགྲིན་པ་སྟེ་ས་བཞིན་ཤིན་ཏུ་མཉམ་པ་ཞེས་པའོ། །གདོང་དང་མགྲིན་པ་དེ་ཡི་སུམ་ཆ་ནི་ཕྱོགས་བཞིའི་ཆའོ། །མགྲིན་པའི་ཕྱོགས་ཀྱི་ཆ་རྣམས་ནི་སོར་ཕྱེད་ཕྱིར་འབུར་བ་སྟེ་གདོང་གི་ནི་རྐང་པས་དམན་པའི་སོར་གཅིག་ཕྱིར་འབུར་པའོ། །དེ་ལྟར་གསང་བའི་པདྨ་དག་ལས་ཕྱེད་བཅས་ཉི་མས་ཞེས་པ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱིས་དཔངས་ཀྱི་ཚད་དེ་ཤིན་ཏུ་མཉམ་པར་ཡང་ནི་འགྱུར་ཞེས་པ་གྲུ་བཞི་པའོ། །གདན་གྱི་པདྨའི་སྔོན་མཚམས་ཞེས་པ་གདན་གྱི་མཐིལ་ནས་ལྟེ་བའི་པདྨའི་མཐར་ཐུག་པ་སྟེ་ཨ་བ་དྷཱུ་ཏཱིའི་གནས་ཇི་སྲིད་པར་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་དོ། །དེ་ནས་ཐུགས་ཀར་གནས་པའི་ཁོར་ཡུག་གི་མཐར་ཡང་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་དོ། །དེ་ནས་མགྲིན་པའི་རྩ་བ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་དོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོའི་གནས་དེ་ནས་གདོང་གི་མཐར་ནི་དེ་བཞིན་ཞེས་པ་གདུགས་ཀྱི་ཕྲེང་བའི་གནས་ཀྱི་མཐར་ཐུག་པ་དེ་བཞིན་ཏེ་མགྲིན་པ་སོར་བཞི་དང་ཀོ་སྐོ་ནས་ཞལ་གྱི་གནས་ཀྱི་མཐར་ཐུག་པ་ཕྱེད་དང་བཅས་པའི་སོར་བཞི་དང་དེ་བཞིན་དུ་སྣ་བཟང་པོའི་གནས་ལ་སོར་བཞིའོ། །དེ་བཞིན་དུ་སྤྱི་བོའི་གནས་སུ་གདུགས་ཀྱི་ཕྲེང་བའོ། །དེ་ལྟར་ན་ཆུ་གཏེར་ཕྱེད་བཅས་དུས་དང་རིག་བྱེད་རྣམས་ཀྱིས་དུམ་བུ་གསུམ་ཞེས་པ་མགྲིན་པའི་དང་པོ་ནས་གདོང་ངོ༌། །གདན་ལས་ཞེས་པ་གདན་གྱི་སྟེང་དུ་པདྨའི་གདན་གྱི་དཔངས་ནི་རིག་བྱེད་དག་གིས་ཞེས་པ་སོར་བཞིས་པདྨའོ། །དེ་བཞིན་དུ་ཐུགས་ཁར་གནས་པའི་ཁོར་ཡུག་སོར་བཞིའོ། །མགྲིན་པའི་ཚད་ཀྱང་དེ་བཞིན་ཏེ་སོར་བཞི་


DTG012_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སོ། །ཕྱེད་བཅས་བརྒྱད་ཀྱིས་གདོང་པའི་ཚད་ཅེས་པ་ནི་ཕྱེད་དང་བཅས་པ་བཞིས་ཀོ་སྒོ་ནས་ཞལ་གྱི་མཐའ་དང་བཞི་བཤལ་གྱི་མཐར་ཏེ་དེ་ནས་མཛོད་སྤུའི་གནས་སྨིན་མའི་དབུས་སུའོ། །དེའི་སྟེང་དུ་དཔྲལ་བ་ནས་བརྩམས་ནས་དེ་ཡི་སྟེང་དུ་གདུགས་ཀྱི་ཕྲེང་བར་འགྱུར་རོ་མི་ཡི་དབང་མཛོད་སྤུའི་མཚམས་ནས་གདུགས་ཀྱི་ཕྲེང་བ་དང་དཔྲལ་བ་དག་དང་སྤྱི་བོ་ལ་སྟེ་དེ་ནས་འདིར་ནི་གཙུག་ཏོར་དག་གི་མཐར་ཐུག་འདི་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ་ཞེས་པ་ངེས་པའོ། །དེ་ལྟར་ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་དངོས་པོ་ནི་ལྷུན་པོའོ། །གཟུགས་ཀྱི་རང་བཞིན་ནི་སངས་རྒྱས་ཀྱི་སྐུ་གཟུགས་སྤྲུལ་པའི་སྐུ་སྟེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །འདིར་སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་འདི་ལྟ་སྟེ་དེ་བཞིན་གཤེགས་པའི་སྐུའི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་སྟེ་འཁོར་ལོ་རྩིབས་སྟོང་ཡོངས་སུ་རྫོགས་པ་ལྟེ་བ་དང་བཅས་པ་དང། ཞབས་མཐིལ་ཤིན་ཏུ་གནས་པ་ནི་ཞབས་ཀྱི་མཐིལ་ཐམས་ཅད་ཀྱིས་ས་ལ་རེག་པ་སྟེ་དེ་ཡང་ཞབས་ཀྱི་མཐིལ་བཏེག་ན་འཕར་བར་བྱེད་ཅིང་མནན་ན་ནེམ་པར་བྱེད་པ་དང༌། ཕྱག་དང་ཞབས་དྲ་བས་འབྲེལ་པ་སྟེ་དང་པའི་རྒྱལ་པོ་ལྟར་དྲ་བ་དང་ལྡན་པ་དང༌། ཕྱག་དང་ཞབས་དག་བྱིས་པ་སྐྱེས་མ་ཐག་གི་བཞིན་དུ་ཤིན་ཏུ་འཇམ་པ་དང༌། བདུན་མཐོ་བཞེས་པ་ཞབས་དང༌། ཕྲག་པ་གཉིས་པོ་དག་དང་ལྷག་པ་ཡང་མཐོ་བ་དང༌། ཕྱག་དང་ཞབས་ཀྱི་སོར་མོ་རིང་བ་སྟེ་མཐེ་བོ་ལ་སོགས་པ་རྣམས་ཟླུམ་ཞིང་ཡངས་ལ་བྱིན་གྱིས་ཕྲ་བ་དང༌། ཞབས་ཀྱི་ཏིང་པ་ཡངས་པ་དང༌། སྐུ་ཚེ་ཞིང་དྲང་བ་དང༌། ཞབས་ཀྱི་ལོང་བུ་མི་མངོན་པ་དང༌། བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཤིང་གཡས་སུ་འཁྱིལ་བ་དང༌། བྱིན་པ་རི་དགས་ཨེ་ནེ་ཡའི་ལྟ་བུ་དང༌། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ་གླང་པོ་ཆེའི་བཞིན་དུ་མདོམས་ཀྱི་སྦ་བ་སྦུབས་སུ་རབ་ཏུ་ནུབ་པ་དང༌། གསེར་ལ་སོགས་པ་ལྟར་སྣུམ་པའི་མདོག་དང༌། གསེར་གྱི་པགས་པ་དྲི་མ་དང་རྡུལ་གྱིས་མ་གོས་པ་དང། བ་སྤུའི་བུག་ནས་སྤུ་རེ་རེ་སྐྱེས་པ་དང༌། སྨིན་མའི་དབུས་སུ་མཛོད་སྤུ་ཡོངས་སུ་ཟླུམ་པོ་སྟེ་རས་བལ་གྱི་སྐུད་པ་ལྟར་དཀར་ཞིང་ཤིན་ཏུ་ཕྲ་བ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་གཡས་སུ་འཁྱིལ་པས་བསྐོར་བ་དང༌། རོ་སྟོད་སེང་གེའི་ལྟ་བུ་སྟེ་རོ་སྟོད་ཡངས་པ་དང༌། ཕྲག་པ་ཤིན་ཏུ་ཆེ་བ་དང༌། མགྲིན་པ་ཡོངས་སུ་


DTG012_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པ་དང༌། ཡན་ལག་དང་ཉིད་ལག་རྣམས་ལ་རོ་བྲོ་བའི་མཆོག་རྣམས་ཀྱིས་རོ་བྲོ་བར་བྱེད་པ་སྟེ་རོ་བྲོ་བའི་མཆོག་དེ་རྣམས་ཀྱང་ཁ་ཟས་དང་ལྡན་པའི་རྩའི་མཆོག་རྣམས་ལས་ཏེ་རླུང་དང་མཁྲིས་པ་དང་བད་ཀན་གྱིས་མ་ཉམས་པའི་ཕྱིར་རོ་ཞེས་པ་དང༌། ཉ་གྲོ་དྷ་ལྟར་ཆུ་ཞིང་གབ་པའི་སྐྱེས་བུ་ཆེན་པོ་སྟེ་ཆུ་དང་ཞིང་ཀུན་ནས་མཉམ་པ་དང༌། དབུ་གཙུག་གཏོར་དང་ལྡན་པ་སྟེ་གཙུག་གཏོར་གདུགས་ལྟར་ཡོངས་སུ་གྱུར་ཅིང་མཐོ་བ་དང༌། དབུ་སྐྲ་དང་སྙན་ངག་གི་བར་དུ་ལྗགས་ཀྱི་རྩེ་མོས་རེག་པ་སྟེ་དབུ་སྐྲའི་མཐར་ཐུག་པ་དཔྲལ་བ་ཡང་ལྗགས་ཀྱིས་ཁེབས་པ་དང༌། ཚངས་པའི་དབྱངས་འཁོར་མཐའ་ཡས་པ་ལ་ནང་དུ་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་ཏུ་ཡང་སེམས་ཅན་ཐམས་ཅད་ཀྱིས་ཐོས་པ་དང༌། འགྲམ་པ་སེང་གེའི་ལྟར་ཆེ་བ་དང༌། ཚེམས་མཉམ་པ་དང༌། བཞི་བཅུ་ཚང་བ་དང༌། དཀར་བ་དང༌། སྐྱོན་ཐམས་ཅད་དང་བྲལ་བ་དང༌། སྤྱན་ཤིན་ཏུ་སྔོ་བ་ལ་སོགས་པ་སྟེ་སྤྱན་དག་གི་སྔོན་པོ་གང་ཡིན་པ་དེ་ནི་ཤིན་ཏུ་སྔོན་པོ་དང་དམར་པོ་གང་ཡིན་པ་དེ་ནི་ཤིན་ཏུ་དམར་པོ་དང་དཀར་པོ་གང་ཡིན་པ་དེ་ནི་ཤིན་ཏུ་དཀར་པོ་དང༌། བ་གླང་གི་རྫི་མ་སྟེ་ཁྱུ་མཆོག་གི་ལྟར་སྤྱན་གྱི་རྫི་མ་རྣམས་སྟེང་དང་འོག་ནས་བྱུང་བ་དང༌། སེམས་ཅན་རྣམས་ཀྱི་རིགས་སྣ་ཚོགས་ལ་གཟིགས་པའི་ཕྱིར་སྐུའི་ཁ་དོག་སྣ་ཚོགས་སོ། །དེ་ལྟར་ཞབས་ཀྱི་མཐིལ་ནས་བརྩམས་ནས་གཙུག་ཏོར་གྱི་མཐར་ཐུག་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ་ངེས་ན་ཚིགས་སུ་བཅད་པ་རྣམས་ཀྱིས་མ་བརྗོད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་འབྱུང་བ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དང་མཚུངས་སོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་བསོད་ནམས་ཐོབ་པའི་སླད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །ཉི་མ་ལ་སོགས་པ་རྣམས་གཡས་སྐོར་དུ་འཁོར་བ་དང་མཆོད་རྟེན་ལ་ཕྱག་འཚལ་བའི་སླད་དུ་ལྷུན་པོ་ཇི་ལྟ་བ་དེ་བཞིན་དུ་མཆོད་རྟེན་མི་ཡི་ཡུལ་དུ་བསྟན་ཏོ། །མཆོད་པ་ལ་སོགས་པ་བྱ་བའི་སླད་དུ་སངས་རྒྱས་ཇི་ལྟ་བདེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྐུའོ། །དེ་ལྟར་བསོད་ནམས་ཐོབ་པའི་སླད་དུ་ཀུན་རྫོབ་ཀྱི་བདེན་པ་བསྟན་ཏོ། །འདིར་དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་གཞུང་མངས་པས་འཇིགས་པའི་ཕྱིར་མ་བརྗོད་དེ་གང་གིས་ན་ཐམས་ཅད་ལས་གསུངས་པས་སོ། །ད་ནི་འཇིག་རྟེན་གྱི་ཁམས་སུ་ཁམས་སྣ་ཚོགས་ཀྱི་རང་


DTG012_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གསུངས་པ་གསེར་ཞེས་པ་ལ་སོགས་པ་སྟེ་འདིར་གསེར་ནི་ས་ཡི་ཁམས་སུ་འགྱུར་ཞེས་པ་གསེར་ནི་སའི་རང་བཞིན་སེར་པོ་དང་དངུལ་ནི་ཆུའི་རང་བཞིན་དཀར་པོ་དང་ཟངས་ནི་མེའི་རང་བཞིན་དམར་པོ་དང་ལྕགས་ནི་རླུང་གི་རང་བཞིན་ནག་པོ་དང་ཞ་ཉེ་དཀར་ནག་འདྲེས་པ་ཞེས་པ་ནི་རོ་དང་ལྕགས་ནམ་མཁའི་མཚན་ཉིད་དང་ཡེ་ཤེས་ཀྱི་ཁམས་ཀྱི་མཚན་ཉིད་དེ་དེ་ལྟར་གསེར་ལ་སོགས་པའི་ལྕགས་དྲུག་གོ །དེ་བཞིན་དུ་ནོར་བུ་རིན་ཆེན་རྣམས་ཏེ་རིན་ཆེན་སེར་པོ་ནི་སའི་རང་བཞིན་ནོ། །དཀར་པོ་ནི་ཆུའི་རང་བཞིན་དང་དམར་པོ་ནི་མེའི་རང་བཞིན་དང་ནག་པོ་ནི་རླུང་གི་རང་བཞིན་དང་ལྗང་ཁུ་ནི་ནམ་མཁའི་རང་བཞིན་དང་སྔོན་པོ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ་ཁམས་དེ་རྣམས་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ་རོ་དྲུག་པོ་རྣམས་ཏེ་ལན་ཚྭའི་རོ་ནི་སའི་རང་བཞིན་དང་མངར་བ་ནི་ཆུའི་རང་བཞིན་དང་ཚ་བ་ནི་མེའི་རང་བཞིན་དང་ཁ་བ་ནི་རླུང་གི་རང་བཞིན་དང་བསྐ་བ་ནི་ནམ་མཁའི་རང་བཞིན་དང་སྐྱུར་བ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། དེ་བཞིན་དུ་ཞིང་གི་རྡོ་རྣམས་དག་གི་སྐྱེ་གནས་ནི་ས་ལ་སོགས་པའོ། །དེ་བཞིན་དུ་སྨན་རྣམས་རྣམ་པ་དྲུག་གི་རོ་རྣམས་དང་མཆོག་གི་རོ་ཞེས་པ་གྲུབ་པའི་རོ་རྣམས་དང་ཁམས་རྣམས་གཞན་པ་ནོར་བུའི་དབང་པོ་རྣམས་ཞེས་པ་དྲུག་གོ །དེ་བཞིན་དུ་ས་ལ་སྣ་ཚོགས་རེག་པ་རྣམས་དང་མཐའ་དག་ནད་ནི་འཕྲོག་པ་ཉིད་ཀྱི་ཆུ་རྣམས་ཞེས་པ་རྡོ་ཚུལ་སོགས་པ་རྣམས་ནི་རྣམ་པ་དྲུག་གོ་ཞེས་ཡང་དག་པར་རོ། །ད་ནི་ནོར་བུ་དང་རིན་པོ་ཆེའི་ཡོན་ཏན་གསུངས་པས་ཞེས་པ་ལ་སོགས་པ་སྟེ་འདིར་ས་ཡི་རིགས་ཀྱི་ནོར་བུའམ་རིན་པོ་ཆེས་ཟུག་གཟེར་འཕྲོག་པར་བྱེད་པར་འགྱུར་རོ། །ཆུ་ཡི་རིགས་ནི་དྲུག་འཕྲོག་པར་བྱེད་པ་དང་མེ་ཡི་རིགས་ནི་འབྱུང་པོ་ཞུགས་པ་འཕྲོག་པར་བྱེད་པ་དང་རླུང་གི་རིགས་ནི་རེངས་པ་འཕྲོག་པར་བྱེད་པ་དང་སྟོང་པའི་རིགས་ནི་གདུག་པའི་ལྟ་བ་ལྷུང་བ་རབ་ཏུ་འཕྲོག་པར་བྱེད་པ་དང་ཡེ་ཤེས་ཀྱི་རིགས་ནི་སྐྱོན་ཐམས་ཅད་འཕྲོག་པར་བྱེད་པའོ། །རིན་པོ་ཆེ་དང་ནོར་བུ་ཇི་ལྟ་བ་དེ་བཞིན་དུ་ཐུན་མོང་པ་སྦལ་བ་ལ་སོགས་པ་རྣམས་ཀྱི་མགོ་ལ་སྐྱེས་པ་དང་མི་བདག་རྣམས་ཀྱི་ལུས་ལ་གནས་པའི་ནོར་བུ་ཡང་སྐྱོན་འཕྲོག་པར་བྱེད་པའོ། །དེ་ལྟར་ས་ལ་སོགས་པའི་ཆོས་ཅན་གང་དག་བརྗོད་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་རྫོགས་པའོ། །འདི་ནས་ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། །ད་ནི་ཆུ་སྲིན་ལ་སོགས་པའི་ཁྱིམ་


DTG012_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྣག་བཞིན་གསུངས་པ་འདིར་ནི་ཞེས་པ་ལ་སོགས་པ་སྟེ་འདིར་ཆུ་སྲིན་ནི་རྣམ་པར་ཤེས་པ་དང་སྟོང་པའི་ཁམས་ཀྱི་རང་བཞིན་དང་བུམ་པ་ནི་འདུ་བྱེད་དང་རླུང་གི་ཁམས་ཀྱི་རང་བཞིན་དང་ཉ་ནི་ཚོར་བ་དང་མེའི་ཁམས་ཀྱི་རང་བཞིན་དང་ལུག་ནི་འདུ་ཤེས་དང་ཆུའི་ཁམས་ཀྱི་རང་བཞིན་དང་གླང་ནི་གཟུགས་དང་སའི་ཁམས་ཀྱི་རང་བཞིན་ཏེ་འཁྲིག་པ་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཀརྐ་ཊ་ལ་སོགས་པའི་ཁྱིམ་རྣམས་ནི་མཐའི་ལྷན་ཅིག་སྐྱེས་པ་ལ་སོགས་པའི་རང་བཞིན་རྣམས་ཏེ་ལུགས་ལས་བཟློག་པས་སོ། །ཆུ་སྲིན་ལ་སོགས་པ་འདི་རྣམས་ཀྱི་མཚན་མ་ནི་རྡོ་རྗེ་ལ་སོགས་པ་སྟེ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་དང་འཁོར་ལོ་དང་གྲི་གུག་གོ །ཀརྐ་ཊ་ལ་སོགས་པ་རྣམས་ཀྱི་སྐྱེད་པའི་རིམ་པས་ལུགས་ལས་བཟློག་པ་རྣམས་སོ། །ཀའི་སྡེ་པ་ལ་སོགས་པ་རྣམས་ནི་ཆུ་སྲིན་ལ་སོགས་པ་རྣམས་ཀྱི་ཀ་ཙ་ཊ་པ་ཏ་ས་རྣམས་དང་ཀརྐ་ཊ་ལ་སོགས་པ་རྣམས་ཀྱི་ཐཀྣ་མཎ་ཉང་ལ་སོགས་པ་འཇིག་རྟེན་ཁམས་ཀྱི་ལེའུ་ལས་གསུངས་པ་རྣམས་སོ། །རིང་པོ་ཐུང་དུ་ལྷག་པའི་ལྷ་ཞེས་པ་ནེ་དབྱངས་རིང་པོས་ཕྱེ་བ་ཀ་ཡིག་ལ་སོགས་པའི་གསལ་བྱེད་བརྒྱ་བརྒྱད་ཅུ་སྟེ་དེ་བཞིན་དུ་དབྱངས་ཐུང་དུས་ཕྱེ་བ་རྣམས་སོ། །ད་ནི་གཟའ་རྣམས་ཀྱི་སྐྱེ་བའི་ཁྱིམ་གསུངས་པ་ལུག་ཅེས་པ་ལ་སོགས་པ་སྟེ་འདིར་གྲངས་བཞིན་དུ་ལུག་དང་འཁྲིག་པ་དང་ཀརྐ་ཊ་ར་ནི་རི་བོང་ཅན་དང་པ་སངས་དང་ཉི་མ་བྱུང་བར་གྱུར་ཏོ། །སེང་གེར་ས་སྐྱེས་དང་བུ་མོར་ཕུར་བུ་དང་སྲང་དུ་སྐྲག་ཅན་དང་སྡིག་པར་གཟའ་ལག་དང་གཞུའི་ཐོག་མར་སྤེན་པ་དང་དེའི་མཐའ་མར་མཇུག་རིངས་སོ། །དེ་བཞིན་དུ་བུམ་པར་རི་བྱི་སྟེ་གླང་དུ་བརྟན་པའོ། །དེ་ལྟར་སྔར་བརྗོད་པའི་རིམ་པས་ས་ལ་སོགས་པའི་ཁམས་ཞེས་པ་རྡུལ་ཕྲ་རབ་ཀྱི་ཚོགས་ཀྱི་གཙོ་བོའི་དངོས་པོ་ལ་ཕལ་པའི་དངོས་པོ་ཀུན་ནས་ཕན་ཚུན་སྦྱོར་བ་སྟེ་ཀུན་འབྱུང་གི་ཆོས་ཀྱི་ཕྱིར་རོ། །འགྲོ་བ་འདི་ནི་སེམས་རྣམས་ཀྱི་ལས་ཀྱི་རང་བཞིན་དུ་འགྱུར་ཏེ་གང་ཞིག་རིན་ཆེན་ཀུན་གྱིས་རབ་ཏུ་གང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ད་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་གསུངས་པ་འདི་ལྟ་སྟེ། གང་དག་ས་ལ་དཔག་བསམ་ཤིང་དང་རོ་དང་མཆོག་གི་རོ་དང་སྨན་དང་ལྷ་ཡི་རོ་ཡི་དབང་པོ་གཞན། མཐའ་དག་ནད་འཕྲོག་རྡུལ་ཕྲན་རྣམས་ཀྱིས་རབ་ཏུ་སྐྱེད་པ་དེ་རྣམས་སེམས་ཅན་རྣམས་ཀྱིས་བསོད་ནམས་


DTG012_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་དབང་གིས་མི་མཐོང་སྟེ་གང་ཞིག་ཕལ་པའི་རྩྭ་དང་ཤིང་དང་ཆུ་དང་རྡུལ་དང་རྡོ་བ་དང་ནི་ལྕགས་རྣམས་མཐོང་བར་འགྱུར་རོ། །ཡི་དགས་རྣམས་ཀྱིས་ཆུ་བོ་ལ་སོགས་པ་རྣམས་སུ་ཆུ་ནི་མེ་འབར་བའི་རང་བཞིན་དུ་མཐོང་ངོ༌། །དམྱལ་བར་སོང་བའི་མི་རྣམས་ཀྱི་སྡིག་པའི་དབང་གིས་གཅོད་པ་དང་འབིགས་པའི་མདུང་ལ་སོགས་པར་མཐོང་ངོ༌། །ད་ནི་སངས་རྒྱས་ཀྱི་སྤྲུལ་པ་གསུངས་པ་འདི་རྣམས་ཞེས་པ་ལ་སོགས་པ་སྟེ་སེམས་ཅན་འདི་རྣམས་དགྲོལ་པའི་སླད་དུ་བསོད་ནམས་འབྱུང་བའི་དུས་སུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པའི་སངས་རྒྱས་བཅོམ་ལྡན་འདས་ལས་ཀྱི་སར་ནི་རབ་ཞུགས་ཏེ། སེམས་ཅན་གདུལ་བའི་སླད་དུ་མངལ་ནི་རབ་ཏུ་གཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ན་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་སྤྲུལ་པ་སྒྱུ་མ་དང་མྱ་ངན་ལས་འདས་པའི་རང་བཞིན་ནི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་དང་བསོད་ནམས་མ་ཡིན་པའི་དབང་གིས་རབ་ཏུ་སྣང་བར་འགྱུར་རོ་ཞེས་པ་ངེས་པའོ། །ཚིགས་སུ་བཅད་པ་འདི་ནས་གཞན་ཚིགས་སུ་བཅད་པ་བདུན་ནི་གོ་སླའོ། །ད་ནི་རོ་ཆེན་པོ་ལ་སོགས་པའི་མཚན་ཉིད་གསུངས་པ་བསྲེག་བྱ་ཞེས་པ་ལ་སོགས་པའོ། །འདིར་མཱ་ཀྵི་ཀ་ནི་རོ་ཆེན་པོ་དང་སའི་རང་བཞིན་ཏེ། དང་ཡིག་གིས་རོ་ཆེན་པོའོ། །དྲི་མ་མེད་པ་ནི་ཆུའི་རང་བཞིན་དང་ཏུད་ཐ་ཀ་ནི་མེའི་རང་བཞིན་དང་གཡོ་བ་ནི་རླུང་གི་རང་བཞིན་དང་རས་ཀ་ནི་སྟོང་པའི་རང་བཞིན་དང་རི་བོང་ཅན་དང་མཚལ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ་རོ་ཆེན་པོ་བདུན་ནོ། །དེ་ནས་ཉེ་བའི་རོ་རྣམས་ཏེ་ཀཱ་ཀྵི་ནི་མཉམ་པ་ཞེས་པ་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་དང་ཀཱ་ཤིས་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་དང་མུ་ཟི་ནི་ལུང་གི་ཁམས་ཀྱི་རང་བཞིན་དང་ལྡོང་རོས་ནི་མེའི་རང་བཞིན་དང་བ་བླ་ནི་ཆུའི་རང་བཞིན་དང་བཙག་ནི་སའི་རང་བཞིན་ཏེ་ཉེ་བའི་རོ་དྲུག་གོ །དེ་ནས་ལན་ཚྭ་ལྔ་སྟེ་ཟེ་ཚེ་དང་རྒྱ་མཚོ་ལས་བྱུང་བ་


DTG012_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱམ་ཚ་དང་ཁ་རུ་ཚ་དང་ཐབ་ཚ་རྣམས་རིམ་པ་བཞིན་དུ་ས་ལ་སོགས་པའི་རང་བཞིན་ནོ། །དེ་ནས་འགྱུར་བྱེད་ལྔ་སྟེ། ན་བ་སཱ་ར་དང་ཡ་བཀྵཱ་ར་དང་ས་ད་ཛི་ཀ་ཀྵཱ་ར་དང་ཚལ་དང་ཀཱ་ཙའི་ལན་ཚྭའི་འགྱུར་བྱེད་རྣམས་གྲང་བཞིན་དུ་ནམ་མཁའ་ལ་སོགས་པའི་རང་བཞིན་ནོ། །དེ་ནས་ཆུ་ལྔ་སྟེ་རྡོའི་ཆུ་ནི་སའི་རང་བཞིན་དང་ཟླ་བའི་ཆུ་ནི་ཆུའི་རང་བཞིན་དང་ཚ་བའི་ཆུ་ནི་མེའི་རང་བཞིན་དང་དུག་གི་ཆུ་ནི་རླུང་གི་རང་བཞིན་དང་གྲི་གུག་གི་ཆུ་ནི་ནམ་མཁའི་རང་བཞིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། །རེག་པའི་གྲི་གུག་དང་གྲིབ་མའི་གྲི་གུག་དང་སྒྲའི་གྲི་གུག་སྟེ་སྒྲུབ་པ་པོ་གཅོད་པར་བྱེད་པའི་ཕྱིར་རོ། །དེ་ནས་དུག་ལྔ་སྟེ་གླ་སྒང་སེར་པོ་ནི་སའི་ཁམས་ཀྱི་རང་བཞིན་དང་ཤ་ག་ཏུ་ཀ་ནི་ཆུའི་རང་བཞིན་དང་རྭ་ཅན་ནི་མེའི་རང་བཞིན་དང་དུག་ནག་པོ་ནི་རླུང་གི་རང་བཞིན་དང་ནག་པོ་བརྩེགས་པ་ནི་སྟོང་པའི་རང་བཞིན་ནོ། །གཞན་པ་ཉེ་བའི་དུག་ནི་རྣམ་པ་ལྔ་པོ་རིག་པར་བྱ་ཞེས་པ་ལ་རྡོ་རྗེ་ཅན་ནི་སའི་རང་བཞིན་དང་ཨར་ཀ་ནི་ཆུའི་རང་བཞིན་དང་དྷ་དུ་ར་ནི་མེའི་རང་བཞིན་དང་ལང་ག་ལཱི་ནི་རླུང་གི་རང་བཞིན་ཏེ་ཀ་ར་བཱི་ར་ནི་སྟོང་པའི་རང་བཞིན་ནོ། །འདིར་ས་ལ་ཞིང་གི་རྡོ་བ་དང་སྲོག་གི་ངོ་བོ་སྣ་ཚོགས་པ་དང་འབྲས་བུའི་དབྱིབས་སྣ་ཚོགས་པ་དང་དུང་ལ་སོགས་པའི་གཟུགས་སྣ་ཚོགས་དེ་རྣམས་ཀྱང་རྣམ་པ་དྲུག་སྟེ་གང་གིས་ན་ཁམས་དེ་རྣམས་ལས་ལྕགས་རྣམ་པ་དྲུག་ཏུ་འགྱུར་པའོ། །འགའ་ཞིག་ལས་གསེར་དུ་འགྱུར་ཞིང་དེ་བཞིན་དུ་གཞན་རྣམས་ལས་དངུལ་ལ་སོགས་པར་འགྱུར་རོ། །ལྷང་ཚེར་སྐྱེས་ནི་རྣམ་པ་བཞི་ཞེས་པ་སྟེ་ལྷང་ཚེར་སེར་པོའི་ལྕགས་ནི་སའི་རང་བཞིན་དང་དཀར་བོའི་ནི་ཆུའི་རང་བཞིན་དང་དམར་པོའི་ནི་མེའི་རང་བཞིན་དང་ནག་པོའི་ནི་རླུང་གི་རང་བཞིན་ཏེ་དེ་བཞིན་དུ་ལྷའི་ལྕགས་ཀྱང་ངོ༌། །དེ་བཞིན་དུ་རྡོ་ཁབ་ལེན་གྱི་ལྕགས་ཏེ་འཁོར་བྱེད་ཀྱི་ནི་རླུང་གི་རང་བཞིན་དང་སྦྱོར་བྱེད་ཀྱི་ནི་སའི་རང་བཞིན་དང་འདྲེན་བྱེད་ཀྱི་ནི་མེའི་རང་བཞིན་དང་འཇུ་བྱེད་ཀྱི་ནི་ཆུའི་རང་བཞིན་ནོ། །འཇུ་བྱེད་དེ་རྣམས་ཀྱི་རང་བཞིན་སྣ་ཚོགས་པ་སྟེ་འགའ་ཞིག་ནི་རྡོ་རྗེ་རྣམ་པར་གནོན་པ་ཞེས་པ་རྡོ་རྗེ་འཇུ་བར་བྱེད་པ་དང་ལྷང་ཚེར་འཇུ་བར་བྱེད་པའོ། །དེ་བཞིན་དུ་འགའ་ཞིག་ནི་གསེར་འཇུ་བར་བྱེད་པ་དང་དེ་བཞིན་དུ་དངུལ་དང་ཟངས་དང་ལྕགས་རྣམས་འཇུ་བར་བྱེད་པའོ། །


DTG012_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱིས་ཉེ་བར་སྦྱར་བར་བྱ་སྟེ་དེ་རྣམས་ལས་ལྕགས་བླང་བར་མི་བྱའོ། །དེ་ལ་རོ་རྣམ་པ་གཉིས་ཏེ་གྲུབ་པ་དང་གྲུབ་པ་མ་ཡིན་པར་འགྱུར་རོ། །ལྕགས་ལ་སོགས་པ་རྣམས་འབུགས་པ་ནི་གྲུབ་པ་སྟེ་ས་འོག་ལ་སོགས་པའི་ཁུང་བུ་རྣམས་ན་གནས་པའོ། །གང་ཞིག་འབུགས་བྱེད་མིན་པའི་པཱ་ར་དང་དངུལ་ཆུའི་རོ་དེ་ནི་ལྕགས་ལ་སོགས་པ་རྣམས་བསྐོལ་བ་དང་ས་བོན་གྱི་བསྒྱུར་པར་གྱུར་པ་ཞེས་པ་ཞེས་པ་སོ་སོར་བསྒྱུར་པ་ནི་ལྕགས་ལ་འབུགས་ཤིང་རྗེས་སུ་འབུགས་པར་འགྱུར་ཞིང་ཟོས་པས་མཐའ་དག་ནད་འཕྲོག་པར་འགྱུར་ཏེ། རུལ་པའི་ལྕགས་ནི་རྣམ་པར་སྤངས་ནས་སོ་ཞེས་པ་ནི་ཞ་ཉེ་དང་གཤའ་ཚེ་མ་གཏོགས་པར་གསེར་ལ་སོགས་པ་ཞུ་བར་གྱུར་པའོ་ཞེས་པ་སྟེ་དེ་ལྟར་རོ་དང་ཉེ་བའི་རོ་ལ་སོགས་པའི་ངེས་པའོ། །མཱ་ཀྵི་ཀ་ལ་སོགས་པ་འདི་རྣམས་ཐམས་ཅད་རོ་བརྗོད་པའི་གཞུང་ལ་སོགས་པའི་ཆོ་གས་སྦྱང་བར་བྱ་སྟེ་དེ་ནས་གསུངས་པའི་ལས་ལ་སྦྱིན་པར་བྱའོ། །གཞན་དུ་ནམ་དག་པའི་རོ་དང་ཉེ་བའི་རོ་རྣམས་ཀྱིས་ནི་རྫས་ཉམས་པར་བྱེད་དོ། །དེ་བཞིན་དུ་གསེར་དང་དངུལ་གྱི་ནང་དུ་གསེར་དང་དངུལ་གྱི་དགྲ་རྣམས་ཀྱང་སྦྱིན་པར་མི་བྱ་སྟེ་གསེར་དང་དངུལ་གྱི་བྱ་བ་ལ་གྲོགས་པོ་སྦྱིན་པར་བྱའོ། །ལྕགས་བསད་པ་ལ་ནི་བསྟན་བཅོས་ནས་གསུངས་པའི་རྣམ་པས་དགྲ་བོ་རྣམས་སྦྱིན་པར་བྱའོ། །དེ་བཞིན་དུ་ཟངས་དང་རྣོན་པོ་མ་དག་པ་ཡང་གསེར་དང་དངུལ་ལ་སྦྱིན་པར་མི་བྱའོ། །ཞ་ཉེ་དང་གཤའ་ཚེ་མ་བསད་པ་ནི་གང་དུ་ཡང་སྦྱིན་པར་མི་བྱའོ། །གསད་པའི་ལྕགས་གདུལ་བ་ལ་ནི་མ་ལངས་པའི་ལྕགས་གསད་པར་བྱའོ། །ཟངས་ལ་སོགས་པ་སྲོག་དང་བཅས་པ་གདུལ་བ་ལ་ནི་དགྲ་བོ་རོ་ཆེན་པོ་དང་ཉེ་བའི་རོ་བྱིན་ནས་གདུལ་བར་བྱའོ། །དངུལ་དང་གསེར་ལ་གྲོགས་པོའི་ཞེས་པ་ནི་ས་བོན་གྱི་བྱ་བ་ལའོ། །ད་ནི་རོའི་རང་བཞིན་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་དུ་བའི་རང་བཞིན་དག་གིས་འགྲོ་སྟེ་མེ་ལ་གནས་ཤིང་བསྐོལ་བ་གང་ཡིན་པ་དེ་ནི་རིམ་པ་ཡིས་སྒྲ་བྱས་ནས་འགྲོ་བ་


DTG012_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱིས་པ་དང་འཕར་བས་འགྲོ་བ་ནི་གཞོན་ནུ་དང་རབ་ཏུ་འདར་བས་འགྲོ་བ་ནི་དར་ལ་བབ་པ་དང་འདར་བ་མེད་པ་ནི་རྒན་པོ་སྟེ་གང་གི་ཚེ་འབུགས་པ་དང་རྗེས་སུ་འབུགས་པར་འགྱུར་པའོ། །འདིར་སྒྲ་ལྡན་བྱིས་པ་ནི་ལྕགས་འབུགས་པར་བྱེད་པ་མ་ཡིན་ཏེ། འཕར་ལྡན་ཡང་མ་ཡིན་ནོ། །འོན་ཀྱང་གཞོན་ནུ་ནི་འདབ་མ་ལ་བྱུགས་པ་དང་མེ་འཇམ་པོས་ཅུང་ཟད་འཇུག་པར་བྱེད་དོ། །དེ་ལྟར་བྱིས་པ་ནི་འདབ་མ་ལ་བྱུགས་པས་སོ། །གཞོན་ནུ་ཡང་ཀོང་བུ་ཁ་བཅད་ཀྱིས་སོ། །ལང་ཚོ་ནི་མདུང་གིས་འབུགས་པས་སོ། །རྒན་པོ་ནི་ཇི་ལྟར་འདོད་པས་འབུགས་པས་སོ། །དེ་ལྟར་སྒྲ་ལྡན་འཕར་ལྡན་ཡང་འབུགས་པར་བྱེད་པ་ཡིན་ཏེ་དེ་ཡང་དང་པོ་གང་ཞིག་དུ་བའི་འགྲོ་བ་ཅན་ནི་འདབ་མ་འབུགས་པར་བྱེད་པའོ། །འདར་བ་དང་བཅས་པ་ནི་མདུང་གིས་འབུགས་པར་བྱེད་པའོ། །དེ་ཡང་རྣམ་གསུམ་འཆད་པར་འགྱུར་པའི་སྒྱུར་བྱེད་རྣམས་ཀྱིས་བསྒྱུར་པར་གྱུར་པ་ནི་རྒན་པོར་འགྱུར་ཏེ་དེ་ནི་ཇི་ལྟར་འདོད་པར་ལྕགས་འབུགས་པར་འགྱུར་རོ་ཞེས་པ་རོའི་ཡོན་ཏན་གྱི་ངེས་པའོ། །ད་ནི་སྨན་གྱི་ཡོན་ཏན་གསུངས་པ་མཆོག་གིས་ཞེས་པ་ལ་སོགས་པ་སྟེ་འདིར་རོའི་བསྟན་བཅོས་ཐམ་ཅད་ལས་རྡོ་རྗེ་རྣམ་པར་གནོད་པ་རེག་པ་དང་མཆོག་གི་སྨན་གྱི་སྦྱོར་བ་ལས་རོ་དང་ལྷང་ཚོར་ཁ་མེད་པར་རྒྱུའི་ཞེས་པའོ། །དེས་ན་རྡོ་རྗེ་དང་ལྷང་ཚེར་འཇུ་བར་བྱེད་པའི་རྡོ་རྣམས་ཏེ་དེ་རྣམས་ཀྱི་རིག་པ་དང་བི་ཌ་ཡིས་སོ། །མཆོག་གི་སྨན་ནི་རོའི་སྨན་འཆད་པར་འགྱུར་པ་རྣམས་སོ། །དེ་རྣམས་ཀྱི་སྟོབས་དང་ལྡན་པར་རབ་ཏུ་འགྱུར་ཏེ་ལྷང་ཚེ་ལ་སོགས་པའི་ལྕགས་རྣམས་ཐམས་ཅད་བཞུ་བའོ། །སུ་ཞིག་ཅེས་པ་སྟེ་མཆོག་གི་སྨན་དེ་རྣམས་མེད་ནས་ཡི་སྟེང་གི་གནས་སུ་དངུལ་ཆུའི་ད་ཡི་བཅིང་བ་དབུལ་བ་དང་ནང་འཕྲོག་པར་བྱེད་པ་དག་ནི་གང་ཞིག་བྱེད། བཅིངས་ན་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ཞིང་དེ་བཞིན་ཟོས་ན་མི་རྣམས་ཀྱི་འཆི་བ་དག་ཀྱང་ཉམས་པར་འགྱུར་ཏེ་གང་གི་མཐུ་ལས་སོ། །དེ་ཕྱིར་ཡེ་ཤེས་མེད་ན་ནད་འཕྲོག་པར་བྱེད་པའི་དོན་དུ་ས་བདག་རྣམས་ཀྱིས་རོ་ཡི་དབང་པོ་འདི་ནི་བསྒྲུབ་པར་བྱའོ་ཞེས་པ་


DTG012_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་དབང་པོའི་ངེས་པ་སྟེ། །གོ་སླ་པའི་ཚིགས་སུ་བཅད་པ་གཞན་གྱིས་ཀྱང་ངོ༌། །ད་ནི་མཆོག་གི་སྨན་གྱི་མཚན་ཉིད་གསུངས་པ་གང་ཞིག་བྱུགས་པས་ཞེས་པ་ལ་སོགས་པ་སྟེ་འདིར་གང་ཞིག་བྱུགས་པ་ཙམ་གྱིས་འཕྲལ་ལ་ཟངས་ཀྱི་འདབ་མ་མེར་བཅུག་པའི་དྲི་མ་འཕྲོག་པར་བྱེད་པ་སྟེ་མཆོག་གི་སྨན་རོ་ཆེན་པོ་དང་མཚུངས་པ་ཟོས་པས་མཐའ་དག་ནད་འཕྲོག་ཅིང་རོ་བཅིང་བའི་སླད་དུ་ལྕགས་ཀྱི་རིགས་འཇུ་བར་བྱེད་པ་དེ་ནི་ས་ལ་སྐལ་ལྡན་རྣམས་ཀྱིས་མཐོང་བར་འགྱུར་རོ། །སྨན་གཞན་དག་རྣམས་ཀྱིས་དངུལ་ཆུ་འདི་ཡི་བཅིང་བར་རབ་ཏུ་འགྱུར་པ་གང་ཡིན་པ་ནི་ངེས་པར་ལོ་དུས་པར་ཞེས་པ་ལོ་བཅུ་གཉིས་འདུག་པ་དང་བཅས་པ་དང་དགང་བ་དང་བཅས་པའི་སྦྱོར་བ་རྣམས་ཀྱིས་སོ། །དེ་ནི་བཅིངས་པ་ལྷག་པར་མི་འགྱུར་ཏེ་སྟོང་ཕག་གཅིག་འབུགས་པ་ལས་ལྷག་པ་འབུགས་པར་མི་འགྱུར་རོ་ཞེས་པ་ངེས་པའོ། །ཚིགས་སུ་བཅད་པ་འདི་ལས་གཞན་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། །ད་ནི་རོ་བསྲུང་བའི་དོན་དུ་ཛམ་བྷ་ལའི་མཆོད་པ་གསུངས་པ་ཁྲུ་ཕྱེད་ཅེས་པ་ལ་སོགས་པ་སྟེ་འདིར་ཁྲུ་ཕྱེད་ཅེས་པ་མཐོ་གང་ཙམ་གྱི་གསེར་གྱི་པདྨ་འདབ་བརྒྱད་པ་ལ་ལྟེ་བར་སྙིང་པོའི་དབུས་སུ་རྡོ་རྗེ་དག་པ་གསེར་གྱི་བཅིང་པར་བྱའོ། །ཤར་གྱི་འདབ་མ་ལ་ཨིནྡྲ་རཱི་ལ་དང་ལྷོའི་འདབ་མ་ལ་པདྨ་རཱ་ག་དང་ནུབ་ཏུ་རིན་ཆེན་ཀར་ཀེ་ཏ་སེར་པོ་སྟེ་བྱང་དུ་རིན་ཆེན་ཟླ་བ་ཆུ་ཤེལ་ལོ། །དེ་བཞིན་དུ་མེར་རོན་པོ་བཅིང་བར་བྱ་སྟེ་བདེན་བྲལ་དུ་ཟངས་དང་རླུང་དུ་གསེར་དང་དབང་ལྡན་དུ་དངུལ་དང་ལྟེ་བར་རྡོ་རྗེའི་སྟེང་དུ་གསེར་གྱི་ལྷང་ཚེར་གྱི་གདན་གཞག་པར་བྱའོ། །གང་ནི་དེའི་སྟེང་དུ་གསེར་ལས་བྱས་པའི་ཛམ་བྷ་ལ་ཕྱག་གཉིས་པ་གཡོན་པ་ན་ནེའུ་ལེ་དང་གཡས་པ་མཆོག་སྦྱིན་པ་སྟེ་གཙུག་ཏོར་གྱི་ཚད་ཀྱིས་སོར་བཞི་པའོ། །དེ་བཞིན་དུ་འདབ་མ་རྣམས་ལ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་གནོད་སྦྱིན་མོ་བརྒྱད་རྣམས་ཏེ་པདྨ་དང་མཆོག་སྦྱིན་གྱི་ཕྱག་གོ །འདིར་གལ་ཏེ་ཛམ་བྷ་ལ་དངུལ་ལས་སྐྱེས་པ་ཡིན་ན་དེའི་ཚེ་གནོད་སྦྱིན་མོ་རྣམས་གསེར་


DTG012_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའོ། །གང་གི་ཚེ་ཛམ་བྷ་ལ་གསེར་ལས་སྐྱེས་པ་ཡིན་ན་དེའི་ཚེ་གནོད་སྦྱིན་མོ་རྣམས་དངུལ་ལས་སྐྱེས་པའོ། །དེ་བཞིན་དུ་གང་གི་ཚེ་གསེར་གྱི་པདྨ་ཡིན་པ་དེའི་ཚེ་དངུལ་གྱི་སྣོད་དོ། །གང་གི་ཚེ་སྙིང་པོར་དངུལ་གྱི་པདྨ་ཡིན་པ་དེའི་ཚེ་ཆུ་སྦྱིན་པའི་སླད་དུ་གསེར་གྱི་སྣོད་དུ་འགྱུར་རོ། །ཅོད་པན་སངས་རྒྱས་རིན་ཆེན་དབང་པོ་ནོར་བུ་མཆོག་སྦྱིན་ཕྱག་སྟེ་གནོད་སྦྱིན་མོ་རྣམས་དེ་བཞིན་ཉིད་དོ། །དེ་བཞིན་དུ་ཤེས་རབ་དང་བཅས་པ་སྟེ་ཛམ་བྷ་ལ་ནོར་རྒྱུན་མ་དང་བཅས་པ་ཧ་ལཱ་ཧ་ལ་ལྟ་བུའོ། །ལྟེ་བ་ལ་ཛམ་བྷ་ལ་དང་ནོར་རྒྱུན་མ་དག་གི་ས་བོན་ཧཾ་ཧཱཿའོ། །དེ་བཞིན་དུ་ཤར་གྱི་ལྷ་མོའི་ཧཱིཿདང་མེར་ཧཱིཿདག་ལྷོར་དྲཾ་དང་བདེན་བྲལ་དུ་ཧྲཱྀཿདང་བྱང་དུ་ཧུ་དང་དབང་ལྡན་དུ་ཧཱུཿདང་ནུབ་ཏུ་ཧླྀཾ་དང་རླུང་དུ་ཧླཱྀཨཱོ། །སྒྲོལ་མ་དང་རེག་བྱ་རྡོ་རྗེ་མ་དང་གོས་དཀར་མོ་དང་རོ་རྡོ་རྗེ་མ་དང་མཱ་མ་ཀཱི་དང་གཟུགས་རྡོ་རྗེ་མ་དང་སྤྱན་མ་དང་དྲི་རྡོ་རྗེ་མ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་ནོར་རྒྱུན་མའོ། །རྫས་ཀྱི་དོན་དུ་ཁམས་ཐམས་ཅད་རིན་པོ་ཆེ་ཆེན་པོས་རྒྱས་བཏབ་པ་གཙོ་བོ་དང་བཅས་པ་བྱའོ་ཞེས་པ་ནི་ངེས་པའོ། །དེ་ནས་དྲི་དང་སྤོས་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཉིན་ཞག་སོ་སོར་ཐུན་མཚམས་གསུམ་ལ་དངུལ་གྱི་སྣོད་དུ་མཆོད་པར་བྱའོ། །དེ་ནས་ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡེ་སྭཱ་ཧཱ་ཞེས་པའི་སྔགས་འདིས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པར་བྱའོ། །རབ་དགའི་ཡིད་ཀྱིས་གསེར་འགྱུར་མཁན་རྣམས་དག་གི་རོ་ནི་བསྲུང་བའི་དོན་དུ་ཆུ་སྦྱིན་པར་བྱ་སྟེ་བསྲུང་བའི་ཆོ་ག་འདི་ཡིས་འབྱུང་པོའི་མགོན་པོ་དང་ཀླུ་ཡི་མགོན་པོ་སྟེ་ཀླུའི་རྒྱལ་པོས་རོ་ནི་འཕྲོག་པར་མི་འགྱུར་རོ། །དེ་བཞིན་དུ་གང་དག་རོ་འཕྲོག་པར་བྱེད་པའི་ལྷ་མིན་གཞན་རྣམས་ཀྱིས་ཀྱང་རོ་འཕྲོག་པར་མི་འགྱུར་ཏེ་རྡོ་རྗེ་འཛིན་པའི་བཀས་ཛམ་བྷ་ལའི་སྲུང་བས་སོ། །ད་ནི་རོ་བཞི་པ་བསྲུངས་པ་ཕ་གཅེས་པ་ལ་སོགས་པ་སྟེ་འདིར་དང་པོར་སོ་ཕག་གི་ཕྱེ་མ་དང་ལན་ཚྭ་བྱིན་ནས་བཱི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོས་ཉི་མ་བཅུའི་བར་དུ་རོ་མཉེ་བར་བྱ་ཞིང་བདུག་པར་བྱའོ། །དེ་བཀྲུས་ཤིང་རོ་བཟུང་ནས་ལྷག་མ་བསྐམས་ཏེ་


DTG012_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་དག་ལ་གནས་པའི་རོ་ནི་ཕྱི་ནས་སླར་ཡང་རོ་དེ་ཉིད་ལ་བསྲེ་བར་བྱའོ། །ཐམས་ཅད་དུས་སུའོ་ཞེས་པ་ནི་དངུལ་ཆུ་མཉེས་པའི་སྙིགས་མར་གྱུར་པ་གང་ཡིན་པ་དེ་མཐའ་དག་དངུལ་ཆུ་གཟུང་བའི་སླད་དུ་དབྱེ་བར་བྱའོ། །སླར་ཡང་ཞེས་པ་རོ་ཕྱེ་བར་གྱུར་པ་ལ་གལ་ཏེ་རོ་མ་ཕྱེད་ན་དེའི་ཚེ་སྙིགས་མ་དེ་ཉིད་ལས་རོ་ཤི་བ་ཡང་དག་པར་བསྲེགས་ནས་གཟུང་བར་བྱ་སྟེ་ལྕགས་གཞན་དང་ལྷན་ཅིག་དེ་ཡང་བཞུ་བར་བྱའོ། །དེ་ལ་སྦྱངས་པའི་དངུལ་ཆུ་རང་གི་སྐྱེ་གནས་ཟ་བར་གྱུར་ན་དེ་ནི་སླར་ཡང་གཞན་ལྕགས་ཐམས་ཅད་ཀྱི་སྐྱེ་གནས་ཟའོ། །ད་ནི་ལྕགས་ཐམས་ཅད་བསྲེས་པའི་བཞུ་བ་གསུངས་པ་ཞ་ཉེ་ཞེས་པ་ལ་སོགས་པ་སྟེ་འདིར་ལྕགས་རྣམས་ཉིད་ཀྱིས་ཕན་ཚུན་འཇུ་བར་བྱེད་དོ། །དེས་ན་བསྲེས་པ་བྱའོ། །ཞ་ཉེ་རྣོན་པོ་དང་ར་གན་དང་ཟངས་དང་ལྷང་ཚེར་སྐྱེས་ཞེས་པ་ལྷང་ཚེར་གྱི་ལྕགས་སམ་ཞིང་ལས་སྐྱེས་པ་རྡོ་སྣ་ཚོགས་ཀྱི་ལྕགས་ཏེ་རྣོན་པོ་ལ་སོགས་པའི་གནས་སུ་རྣམ་པར་དག་པའོ། །ལྕགས་ལྔ་པོ་འདི་རྣམས་ཆ་མཉམ་པ་གཅིག་ཏུ་བསྲེགས་པ་ནི་བསྲེས་པའི་ལྕགས་སུ་འགྱུར་ཏེ་གསེར་གྱི་བྱ་བ་ལའོ། །བཅུད་ལེན་གྱི་བྱ་བ་ལ་ནི་ཞ་ཉེ་སྦྱིན་པར་མི་བྱ་སྟེ་ལྕགས་བཞི་བསྲེས་པ་བྱའོ། །དངུལ་གྱི་བྱ་བ་ལ་ལྷང་ཚེར་དཀར་པོའི་ལྕགས་དང་གཤའ་ཚེ་སྟེ་དངུལ་གྱི་བྱ་བ་ལ་གཉིས་པོ་དག་དང་ལྷན་ཅིག་དངུལ་བཞུ་བར་བྱའོ། །དེ་ལྟར་བསྲེས་པ་བྱས་ཤིང་དངུལ་ཆུ་ཡང་དག་པར་སྦྱང་བ་བྱས་ནས་སྣ་ཚོགས་འཇུ་བར་བྱེད་པའི་འཁྲུལ་འཁོར་རྣམས་ལ་གྲུའི་འཁྲུལ་འཁོར་མཆོག་སྟེ་དེས་ན་གྲུའི་འཁྲུལ་འཁོར་དུ་རོ་བླུག་པར་བྱའོ། །དེ་ནས་དངུལ་ཆུ་ལས་སུམ་ཅུའི་ཆ་ཤས་བཟུང་ནས་རྡོ་སྐྱོང་དུ་བསྲེས་པ་བཏག་པར་བྱ་སྟེ་རྩ་བའི་དངུལ་ཆུའི་དྲུག་ཅུའི་ཆའི་ལྕགས་ཀྱིས་སོ། །དེ་ལྟར་ས་ལས་བྱས་པའི་གྲུའི་འཁྲུལ་འཁོར་དུ་དང་པོར་དྲུག་ཅུའི་ཆ་ཤས་ཀྱི་ཟས་བྱིན་ཏེ། དེ་ནས་རོའི་སྟེང་དུ་རས་སྲབ་མོ་བྱིན་ནས་སྟེང་དུ་སྔར་བརྗོད་པའི་བསླང་བའི་རྩ་བ་མོ་བྱིན་ཏེ་གྲུ་ནི་པུ་བ་མ་དང་བ་ལང་གི་ལྕི་བའི་ཕྱེ་མའི་མེ་ལ་གཞག་པར་བྱའོ། །རྩབ་


DTG012_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྐམ་པ་ན་བར་ཆད་མེད་པར་སླར་རྩབ་མོ་སྦྱིན་པར་བྱའོ། །དེ་ལྟར་ཉི་མ་གཅིག་གམ་གཉིས་ཀྱིས་ཟས་འཇུ་བར་འགྱུར་ཏེ་དེ་ནས་ཞུ་བའི་རྗེས་ལ་གཞན་ཉིས་འགྱུར་ནི་རིམ་པ་དེ་ཉིད་ཀྱིས་སྦྱིན་པར་བྱའོ། །སླར་ཡང་ཞུ་བར་ཤེས་ནས་ཏེ་རས་ལ་བླུགས་པའི་བཏགས་པ་གལ་ཏེ་རས་ལ་མི་སྣང་ན་དེའི་ཚེ་ཞུ་བར་བརྗོད་དོ། །དེ་ལྟར་ཟས་འཕེལ་བར་བྱ་སྟེ་ཇི་སྲིད་རྐང་པའི་ཆ་ཤས་ཟས་ཟ་བར་འགྱུར་གྱི་བར་དུའོ། །དེའི་སྟེང་དུ་འཕེལ་བར་མི་བྱ་སྟེ་ལྷག་པར་རབ་ཏུ་སྦྱིན་མི་བྱ་ཞེས་པ་དགག་པའོ། །དེའི་སྟེང་དུ་རྣམ་པ་འདིས་སྔར་གསུངས་པའི་ས་བོན་ནོ། །ཕྱོགས་གཅིག་གིས་ནི་ཉིས་འགྱུར་འཇུ་བར་འགྱུར་ཏེ་སླར་ཡང་དངུལ་ཆུ་འདི་ནི་དེ་བཞིན་ས་བོན་རྣམ་པར་དག་དེ་ལྟར་ས་བོན་གཉིས་སམ་བརྒྱད་འགྱུར་འཇུ་བར་འགྱུར་ཏེ་སླར་ཡང་ཞུ་བ་འདི་ནི་སྔར་བརྗོད་པའི་བི་ཌ་མཆོག་རྣམས་ཀྱིས་སོ། །ཅི་སྟེ་མ་ཞུ་བར་གྱུར་ན་དེའི་ཚེ་མ་ཞུ་བ་ལ་འཁོར་ལོའི་དུགས་བྱ་སྟེ་བ་ལང་གི་ནུ་མའི་རྣམ་པའི་ཀོང་བུར་དངུལ་ཆུ་བླུགས་ནས་སོར་མོ་གསུམ་གྱི་བར་དུ་མི་སྣང་བར་ས་ལ་གཞུག་པར་བྱའོ། །དེ་ནས་ཕྱི་རོལ་དུ་འཁོར་ལོའི་རྣམ་པའི་འོབས་བྱས་ནས་ཕུབ་མ་དང་བ་ལང་གི་ལྕི་བའི་ཕྱེ་མ་རྣམས་ཀྱིས་བཀང་སྟེ་མེ་སྦྱིན་པར་བྱའོ། །འཁོར་ལོའི་དུགས་དེ་ཡིས་ཉིན་ཞག་བརྒྱད་ཀྱིས་བི་ཌ་དང་བཅས་པའི་རོའི་ཀོང་བུར་མ་ཞུ་བའི་སྐྱོན་འདོར་བར་འགྱུར་རོ། །དེ་ནས་སླར་ཡང་གྲུའི་འཁྲུལ་འཁོར་དུ་བླུག་པར་བྱ་སྟ་དེ་ལྟར་འབུགས་པ་དང་རྗེས་སུ་འབུགས་པར་བྱ་བའི་སླད་དུ་ལོ་གཅིག་དང་པོར་བྱས་ནས་ལོ་བཅུ་གཉིས་ཀྱི་མཐར་ཐུག་པར་ལྕགས་ཐམས་ཅད་བཞུ་བར་བྱའོ། །ཅེ་སྟེ་བསོད་ནམས་ཀྱི་དབང་གིས་རེག་རྡོ་དང་མཆོག་གི་སྨན་འཇུ་བར་བྱེད་པ་སྟེ། །ཞུ་བར་བྱེད་པ་དག་རྙེད་ན་དེའི་ཚེ་རེག་རྡོ་དང་འཇུ་བྱེད་ཀྱི་ཕྱེ་མའི་བི་ཌ་དང་མཆོག་གི་སྨན་སྔར་བརྗོད་པ་རྣམས་ཀྱིས་མེ་ལ་གནས་ཀྱང་ལྷང་ཚེར་གྱི་ལྕགས་རྣམས་ཁ་མེད་པར་འཇུ་བར་འགྱུར་ཏེ་དེའི་སྟོབས་ལྷག་པའི་རོར་འགྱུར་རོ། །ལྷང་ཚེར་ལས་ལྷང་ཚེར་གྱི་ལྕགས་ཞུ་ན་སྟོབས་བརྒྱད་འགྱུར་དུ་འགྱུར་རོ། །དེ་ནི་ཞུ་བ་སྟེ་ཟོས་པར་གྱུར་


DTG012_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་དེ་ཡི་ཡང་བརྒྱད་འགྱུར་གྱི་སྟོབས་སོ། །ས་བོན་ཞུ་བ་ལ་ཡང་དེའི་བརྒྱད་འགྱུར་གྱི་སྟོབས་སུ་འགྱུར་རོ། །སླར་ཡང་རྡོ་རྗེ་རིན་ཆེན་དང་ཨིནྡྲ་ནཱི་ལ་ལ་སོགས་པ་ཞུ་བར་གྱུར་ན་དེའི་ཡང་བརྒྱད་འགྱུར་རོ་ཞེས་པ་ངེས་པའོ། །དེ་ལྟར་ལྕགས་ལ་སོགས་རྣམས་ཇི་སྲིད་ཁོལ་བར་གྱུར་གྱི་བར་དུ་མེ་ཡི་ནང་དུ་བསྐོལ་བར་བྱ་སྟེ་དེ་ནས་དེ་ནི་འབུམ་ཕྲག་དུ་མ་འབུགས་པར་རབ་ཏུ་འགྱུར་རོ། །དེ་ལ་སྒྱུར་པར་བྱེད་པ་ལ་སོགས་པ་ནི་མི་བྱའོ། །རེག་རྡོ་སྨན་དག་མེད་ན་སྔར་བརྗོད་པའི་མཆོག་གི་བི་ཌ་མཉེ་བ་དག་དང་དུགས་རྣམས་ཀྱིས་ཀྱང་འཇུ་བར་འགྱུར། །འདར་བ་མེད་པ་ཇི་སྲིད་ཉིད་དེ་དེ་ནས་སྒྱུར་བྱེད་གསེར་ནི་མཉམ་པ་དག་ཏུ་རབ་ཏུ་འགྱུར་ཞེས་པ་ནི་འདིར་ཞུ་བར་གྱུར་པའི་རོ་འབར་བའི་སོལ་བ་ལ་བྱིན་པ་ན་གལ་ཏེ་འདར་བ་བྱས་ནས་མི་འགྲོ་ན་དེའི་ཚེ་འདར་བ་མེད་པ་གང་ཡིན་པ་དེ་བ་ལང་གི་ནུ་མའི་རྣམ་པའི་ཀོང་བུར་བླུགས་ནས་ཇི་སྲིད་རོ་ནུབ་པར་གྱུར་གྱི་བར་དུ་ཨེ་རཎྜའི་འབྲུ་མར་སྟེང་དུ་སྦྱིན་པར་བྱའོ། །དེ་ནས་གསེར་རོ་དང་མཉམ་པ་བཞུ་ནས་རྫས་ཀྱི་དོན་དུ་ཞ་ཉེ་བརྒྱད་མ་བྱིན་ཏེ་རོའི་སྟེང་དུ་བླུག་པར་བྱའོ། །དེས་བསྒྱུར་པར་འགྱུར་ཞིང་སླར་ཡང་རིམ་པ་དེ་ཉིད་ཀྱིས་ཉིས་འགྱུར་གྱི་གསེར་གྱིས་རབ་ཏུ་བསྒྱུར་པར་འགྱུར་ཏེ་སུམ་འགྱུར་གྱིས་རྗེས་སུ་བསྒྱུར་པར་འགྱུར་རོ། །དེ་ལྟར་བསྒྱུར་པ་རྣམ་པ་གསུམ་ནི་འབུགས་པར་འགྱུར་ཏེ་ལྕགས་ཀྱི་སྟོབས་ཀྱི་རྗེས་སུ་མཐུན་པས་སྟོང་གི་མཐར་ཐུག་པར་འགྱུར་རོ། །དེ་ནས་ཟངས་བཞུ་སྟེ་རོ་ཕྱེ་མར་བྱས་ཤིང་སྤྲ་ཚིལ་གྱིས་ཡང་དག་པར་དཀྲིས་ནས་བསད་པའི་ཞ་ཉི་དང་གཤའ་ཆེ་དག་དང་ལྷན་ཅིག་དེ་ལ་བླུག་པར་བྱའོ། །དེས་དངུལ་ལམ་གསེར་ལ་འཇུག་པ་དང་འབུགས་པར་འགྱུར་རོ་ཞེས་པ་བཞུ་བའི་ངེས་པའོ། །ད་ནི་དགོད་པ་དང་བཅས་པའི་བཅིང་བ་གསུངས་པ་གསེར་ཞེས་པ་ལ་སོགས་པ་སྟེ་འདིར་གསེར་གྱི་བྱ་བ་ལ་གསེར་གྱི་ཞ་ཉེ་རབ་ཏུ་བཏབ་པས་གསད་པར་བྱའོ། །རྣོན་པོ་མཚལ་གྱིས་ཏེ་ཁ་སྦྱོར་གྱི་སྦྱོར་བས་སོ། །སྤྲུལ་ཞེས་པ་ཞ་ཉེ་ནི་ལྡོང་རོས་ཀྱིས་གསད་པར་བྱའོ། །ཟངས་ནི་མུ་ཟིས་གསད་པར་བྱའོ། །དངུལ་གྱི་བྱ་བ་ལ་གཤའ་ཚེ་ནི་བ་བླས་གསད་པར་བྱའོ། །


DTG012_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་ནི་མཱཀྵི་ཀ་དཀར་པོས་གསད་པར་བྱའོ། །ལྷང་ཚེར་སྐྱེས་ཞེས་པ་ལྷང་ཚེར་དཀར་པོའི་ལྕགས་ནི་མཱཀྵི་ཀས་གསད་པར་བྱའོ། །དེ་ནས་ཤི་བའི་ལྕགས་མཉམ་པའི་འགྱུར་བྱེད་བཞི་པོ་རྣམས་ཏེ་དེ་རྣམས་ཚོགས་པ་མེད་ན་གསུམ་མམ་གཉིས་སོ། །མཉམ་པའི་བི་ཌ་དང་མཉམ་པའི་ལན་ཚྭ་རྣམས་དང་ཉེ་བའི་རོ་དགྲའི་ཆོས་ཅན་རྣམས་དང་ལྕགས་དང་མཉམ་པའི་དངུལ་ཆུ་སྟེ་ཐམས་ཅད་གཅིག་ཏུ་བྱས་ནས་ཉ་ལ་སོགས་པ་རྣམས་ཀྱི་མཁྲིས་པ་དང་བཱི་ཛ་པཱུ་ར་ལ་སོགས་པ་རྣམས་ཀྱི་སྐྱུར་པོ་དག་གིས་ཉིན་ཞག་བཅུ་རུ་མཉེས། ནས་དེ་ཐམས་ཅད་ནི་རྡོ་སྐྱོང་ཁ་སྦྱར་དུ་རབ་ཏུ་བླུགས་ཏེ་དེ་ནས་ས་ལ་བཅུག་ནས་ཟླ་བ་དྲུག་གི་བར་ཇི་སྲིད་པར་དུས་ཐམས་ཅད་དུ་སྟེང་དུ་མེས་བདུགས་པར་གྱུར་ན་དེས་བཅིངས་པར་འགྱུར་རོ། །དེ་ནས་བཅུ་དྲུག་གི་ཆ་ཡིས་གྷེ་ཥས་དྲངས་པ་སྟེ་ཟངས་འབུགས་པར་བྱེད་པར་འགྱུར་རོ། །སླར་ཡང་ཕུག་པའི་ཟངས་དེ་ཉིད་དངུལ་དང་གསེར་དང་ཆ་མཉམ་པར་བྱས་ནས་ཁ་སྦྱོར་གྱིས་བསྒྲུབ་པར་བྱའོ། །དགེ་པའི་གསེར་འདི་ནི་གསེར་འགྱུར་མཁན་རྣམ་དག་གི་སྡུག་བསྔལ་འཇོམས་པར་འགྱུར་རོ། །ཅི་སྟེ་དངུལ་ལ་སོགས་པ་དགོད་པ་དང་བཅས་པས་འཆིང་ན་དེའི་ཚེ་དངུལ་བརྒྱད་ཀྱི་ཆ་ཤས་བྱིན་པར་གྱུར་པ་ན་དག་པའི་ཟངས་ཕུག་པ་དངུལ་ཆུ་འགྱུར་ཏེ་དགོང་པ་དང་བཅས་པའི་བཅིང་བའི་ངེས་པའོ། །དེ་ནས་དང་པོའི་སངས་རྒྱས་ལས་གསུངས་པའི་གོང་བུའི་བཅིང་བ་བརྗོད་པར་བྱ་སྟེ་འདིར་གསེར་གྱི་བྱ་བ་ལ་ལྷང་ཚེར་སེར་པོ་ལ་སོགས་པའི་ལྷང་ཚེར་ཅུང་ཟད་བཞུ་བར་བྱ་སྟེ་མཉམ་པའམ་ཕྱེད་དོ། །དངུལ་གྱི་བྱ་བ་ལ་ལྷང་ཚེར་དཀར་པོ་སྟེ་དེ་ནས་གསེར་གྱི་བྱ་བ་ལ་ཞ་ཉེས་བཏག་པར་བྱའོ། །དངུལ་ལ་གཤའ་ཚེས་སོ། །དེ་ནས་དེ་ལ་གསེར་གྱི་འདབ་མས་དཀྲི་བར་བྱ་སྟེ་དངུལ་གྱི་བྱ་བ་ལ་དངུལ་གྱི་འདབ་མས་སོ། །དེ་ནས་བ་ལང་གི་གཅིན་གྱིས་ལྡོང་རོས་བཏགས་ནས་དེས་གསེར་གྱི་འདབ་མའི་སྟེང་དུ་བྱུག་པ་སྦྱིན་པར་བྱའོ། །དེ་ནས་ཕྱི་རོལ་དུ་མཚལ་གྱིས་སོ། །དེ་ནས་རྫ་མཁན་གྱི་འཇིམ་


DTG012_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཀྲི་བར་བྱའོ། །དེ་ནས་བསྐམས་པ་ན་སླར་ཡང་བ་ལང་གི་ལྕི་བས་དཀྲི་བར་བྱའོ། །སླར་ཡང་ཉི་མའི་འོད་དྲག་པོས་སྐམ་པོར་བྱས་ནས་བ་ལང་གི་ལྕི་བའི་མེ་འཇམ་པོ་ཁ་སྦྱོར་ལ་སྦྱིན་པར་བྱའོ། །དེ་ནས་ཐལ་བ་རྣམས་བསལ་ཏེ་སའི་གོང་བུ་ནི་ཇི་སྲིད་རོ་ཆེན་པོ་དང་ཉེ་བའི་རེ་དང་གསེར་དང་ཞ་ཉེ་བཏགས་པ་རོ་མཉམ་པར་གྱུར་གྱི་བར་དུ་བཞུས་ཐབ་ཏུ་སོལ་བ་དྲག་པོ་རྣམས་ཀྱིས་བསྲེག་པར་བྱའོ། །དེ་ནས་གྲང་མོར་གྱུར་པ་ན་གོང་དུ་བཅག་ནས་དབུས་སུ་གང་ཞིག་གསེར་དང་ལྷན་ཅིག་བཏགས་པའི་ཚོགས་ནི་གང་གི་སྦྱོར་བས་གོང་བུའི་བཅིང་བ་སྟེ་དེ་ཉིད་ཟངས་ལ་དྲུག་ཅུ་རྩ་བཞིའི་ཆ་ཤས་བླུགས་པ་ནི་སྔ་མ་བཞིན་དུ་གསེར་རམ་དངུལ་དུ་འགྱུར་རོ་ཞེས་པ་རྩ་བའི་རྒྱུད་ལས་གོང་བུའི་བཅིང་བའོ། །ད་ནི་ཞིང་གི་ལྕགས་རྣམས་ཀྱི་བཅིང་བ་གསུངས་པ་འཛིན་མ་ཞེས་པ་ལ་སོགས་པ་སྟེ་འདིར་ས་ལ་རྡོ་བ་གང་དག་འཚོ་བའི་རྣམ་པ་སྣ་ཚོགས་པ་དང་འབྲས་བུ་ལ་སོགས་པའི་རྣམ་པ་སྣ་ཚོགས་པ་སྟེ་དེ་ཉིད་ཀྱི་སྐྱེ་གནས་དེ་རྣམས་ལ་བྱིན་ནས་ཞེས་པ་འཚོ་བ་རྣམས་ལ་འཚོ་བའི་ཤ་དང་འབྲས་བུ་རྣམས་ལ་འབྲས་བུའི་ཕྱེ་མ་དང་དུང་ལ་སོགས་པ་རྣམས་ལ་དུང་ལ་སོགས་པའི་ཕྱེ་མ་བྱིན་ནས་ཕྱེ་མ་དེ་དང་དེ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་མར་དང་སྦྲང་རྩི་དང་ཚལ་དང་བཅས་པ་གོང་བུ་བྱ་སྟེ་ཇི་སྲིད་ལྕགས་ཕྱེད་པར་གྱུར་གྱི་བར་དུ་ལྕགས་འབྱེད་པའི་འཁྲུལ་འཁོར་གྱིས་དྲག་པོར་བཞུ་བར་བྱའོ། །སླར་ཡང་བཏག་པ་ནི་མར་ལ་སྟེ་སླར་ཡང་ཚལ་བྱིན་ནས་ཇི་སྲིད་རྣམ་པར་དག་པར་གྱུར་གྱི་བར་དུ་སྦྱང་བར་བྱའོ། །དེ་ལྟར་དག་པར་བྱས་ཏེ་སྐྱེ་གནས་དེ་ནི་ཤེས་ནས་རྣོན་པོ་འམ་ཟངས་གསེར་དང་ལྷན་ཅིག་གཉིས་སྦྱར་བ་བྱས་ནས་དེ་ཉིད་ནི་གསེར་འགྱུར་མཁན་གྱིས་ཉིས་འགྱུར་དུ་བཞུ་བར་བྱའོ། །དང་པོ་ལྷང་ཚེར་མངོན་དུ་ཕྱོགས་པའམ་ཕྱིར་ཕྱོགས་པར་བཞུ་སྟེ་དེ་ནས་ལྕགས་ལ་སོགས་པ་གཞན་རྣམས་བཞུ་བར་བྱའོ། །དེ་བཞིན་དུ་མཱ་ཀྵི་ཀ་དང་ཟངས་དང་གསེར་རམ་ཏུད་ཐ་ཀ་དང་ཟངས་དང་གསེར་རམ་མུ་མེན་དང་ཟངས་དང་གསེར་རམ་རི་བོང་ཅན་དང་ཟངས་དང་གསེར་བཞུ་བར་བྱའོ། །འདིར་ཞིང་གི་རྡོ་བ་རྣམས་ཀྱིས་ལྕགས་འབྱེད་པར་བྱེད་པ་ཇི་ལྟ་བ་དེ་


DTG012_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མཱཀྵི་ཀ་ལ་སོགས་པ་དང་དྲི་མ་མེད་པ་ལ་སོགས་རྣམས་སྦྱང་བར་བྱ་སྟེ་དེ་ནས་སྔ་མའི་ལས་བྱེད་པར་འགྱུར་རོ། །གཞན་དུ་ན་རྫས་རྣམ་པར་ཉམས་པར་འགྱུར་རོ། །དེ་ནས་གང་གིས་ཟན་ཙམ་ཉོན་མོངས་པ་མེད་པར་འགྱུར་པ་དང་པོར་གསེར་འགྱུར་མཁན་རྣམས་ཀྱི་འཚོ་བའི་ཐབས་བརྗོད་པར་བྱ་སྟེ་འདིར་ཞུ་བའི་རོ་མ་བསྒྱུར་པ་གཞོན་ནུའམ་བྱིས་པས་འདབ་མ་ལ་བྱུགས་པས་གསེར་ཕྱེད་ཅན་དུ་འགྱུར་རོ། །འདི་ལ་ཡང་འདབ་མ་གཅིག་དང་གསེར་གཉིས་ཀྱིས་སུམ་ཆ་ཅན་དུ་བརྗོད་དོ། །འདིར་དང་པོར་ཟངས་ལ་འདབ་མ་བྱས་ནས་ལན་ཚྭ་དང་རྩ་བ་མོ་དག་གིས་ཇི་སྲིད་ཕྱེ་མར་གྱུར་གྱི་བར་དུ་བཏག་པར་བྱའོ། །དེ་ནས་ཆུ་བྱིན་ནས་ལན་ཚྭའི་སྐྱོན་བསལ་ཏེ་དེ་ནས་བསྐམ་པར་བྱའོ། །དེ་ནས་རྒྱམ་ཚ་བཅུ་དྲུག་གི་ཆ་ཤས་བྱིན་ཏེ་བཱི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོས་མཉེས་ནས་ཁ་སྦྱོར་དུ་བཙོ་བར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་རྒྱམ་ཚ་བྱིན་ནས་ལན་བདུན་བརྒྱད་ཀྱི་བར་དུ་ཁ་སྦྱོར་དུ་བཙོ་བར་བྱ་སྟེ་སོ་ཕག་གི་རྡུལ་དང་མཚུངས་བ་ཅུང་ཟད་ལྗང་བར་འགྱུར་རོ། །དེ་ནས་སྦྲང་རྩི་དང་མར་དང་ཚ་ལས་གོང་བུ་བྱས་ནས་སྔ་མ་བཞིན་དུ་ལྕགས་དབྱེ་བར་བྱའོ། །དེ་ནས་དྲི་མ་དང་བྲལ་བ་ཕྱེད་ཙམ་ཐོབ་པར་འགྱུར་རོ། །སླར་ཡང་དེ་ཉིད་འདབ་མར་བྱ་སྟེ་མཚལ་རྐང་བའི་ཆ་ཤས་བྱིན་ནས་མུ་ཟིས་ཁ་སྦྱོར་དག་གིས་གསད་པར་བྱའོ། །དེ་ཉིད་ལ་སླར་ཡང་དངུལ་ཆུ་བརྒྱད་ཆ་དང་ལྷན་ཅིག་དངུལ་ཆུའི་ཉིས་འགྱུར་གྱི་མུ་ཟི་དང་དངུལ་ཆུའི་ཕྱེད་ཀྱི་མཚལ་བྱིན་ནས་གྱོ་མོར་སྐྱུར་པོས་མཉེ་བར་བྱ་སྟེ་སླར་ཡང་བདུག་པར་བྱའོ། །སླར་ཡང་མཉེ་བར་བྱ་སྟེ་ཉི་མ་བདུན་དུའོ། །དེ་ཉིད་རྫ་མཁན་གྱིས་བསྲེགས་པའི་སྣོད་དོག་མོར་བླུག་པར་བྱའོ། །དེ་ནས་སྣོད་ཀྱི་ཁ་ལ་རྫ་མཁན་གྱི་འཇིམ་པས་རྒྱས་གདབ་པར་བྱའོ། །སྣོད་ཀྱི་ཕྱི་རོལ་དུ་ཡང་བྱུག་པ་སྦྱིན་པར་བྱ་སྟེ་སོར་གཅིག་གི་དཔངས་ནཱ་རི་ཀེ་ལའི་ཚད་དོ། །ཆེ་བ་ལ་ལྷག་པ་སྦྱིན་པར་མི་བྱའོ། །དེ་ནས་ཉི་མ་ལ་བསྐམ་པར་བྱའོ། །སླར་ཡང་སྟེང་དུ་བ་ལང་གི་ལྕི་བས་བྱུག་པར་བྱ་སྟེ་


DTG012_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ཇི་སྲིད་པ་ལང་གི་ལྕི་བ་སྐམས་པར་གྱུར་གྱི་བར་དུ་བསྐམ་པར་བྱའོ། །དེ་ནས་ཁ་སྦྱོར་གྱིས་བཙོ་བར་བྱའོ། །དེ་ལྟར་ཟངས་ཀྱི་ཕྱེ་མ་ལ་འཁྱུད་ནས་དངུལ་ཆུ་འཆི་བར་འགྱུར་ཞིང་ཟངས་ཀྱང་སྐྱོན་མེད་པར་འགྱུར་ཏེ་ཕན་ཚུན་ཡང་དག་པར་སྦྱོར་བ་ལས་སོ། །དེ་ནས་དངུལ་གྱི་རྐང་པའི་ཆ་ཤས་ཀྱི་གསེར་བྱིན་ཞིང་གསེར་གྱི་ཉིས་འགྱུར་གྱི་ཟངས་བྱིན་ནས་ཇི་སྲིད་ཐམས་ཅད་རོ་མཉམ་པར་གྱུར་གྱི་བར་དུ་ཀོང་བུ་ཁ་བསྡམས་སུ་བསྲེག་པར་བྱའོ། །དེ་ནས་གྲང་བར་གྱུར་པ་དང་སྣོད་བསལ་ཏེ་སླར་ཡང་རྐང་པའི་ཆ་ཤས་ཀྱི་གསེར་དང༌། གསེར་གྱི་ཉིས་འགྱུར་གྱི་ཟངས་བྱིན་ནས་སྔ་མ་བཞིན་དུ་བསྲེག་པར་བྱའོ། །དེ་ནས་གྲང་བར་གྱུར་པ་དང་སྣོད་བསལ་ནས་གསེར་ཕྱེད་ཀྱི་གསེར་དུ་གྱུར་ཏེ་ཁ་སྦྱོར་གཉིས་ཀྱིས་རྣམ་པར་དག་པའོ། །དེ་ནས་སྦྱོར་བ་གཞན་བརྗོད་པར་བྱ་སྟེ་ཕྱེ་མ་འདི་གསེར་ལ་ཉིས་འགྱུར་རམ་སུམ་འགྱུར་བཞུ་བར་བྱའོ། །དེ་རྐང་པའི་ཆ་ཤས་ཀྱི་དངུལ་ཆུ་ལ་སྦྱར་བ་བྱས་ནས་སོ་ཕག་གི་ཁུང་བུར་བླུགས་ཏེ་སྟེང་དུ་མུ་ཟིའི་ཕྱེ་མ་བྱིན་ཞིང་དེའི་སྟེང་དུ་ཁ་ཆོད་བྱས་ནས་དེའི་སྟེང་དུ་སོལ་བས་སྐད་ཅིག་ཙམ་བསྲེག་པར་བྱའོ། །དེ་ནས་གྲང་བར་གྱུར་པ་དང་ཡང་དང་ཡང་དུ་སྦྱར་བ་དང་མཉམ་པའི་མུ་ཟི་བྱིན་ནས་ལན་བརྒྱད་དུ་བསྲེག་པར་བྱའོ། །དེ་ནས་དངུལ་ཆུས་གསེར་ལ་འཁྱུད་དེ་མི་གཏོང་ངོ༌། །དེ་ནས་དངུལ་གྱི་རྐང་པའི་ཆ་ཤས་ཀྱི་ས་བོན་བྱིན་ཞིང་དེ་ཉིད་ལ་དངུལ་དང་མཉམ་པའི་ཟངས་བྱིན་ནས་ཀོང་བུ་ཁ་བསྡམས་སུ་བསྲེག་པར་བྱའོ། །དེ་ནས་གྲང་བར་གྱུར་པ་དང་སྣོད་བསལ་ནས་འདབ་མ་དེ་འདབ་མར་བྱས་ཏེ་སྦྱར་བ་དེས་འདབ་མ་ལ་བྱུག་པར་བྱའོ། །འཇུ་བར་བྱེད་པའི་དོན་དུ་ཏཱཾ་བཱུ་ལའི་འདབ་མའི་ཁུ་བས་སྟེང་དུ་བྱུག་པར་བྱའོ། །དེ་ནས་ཐབ་ཀྱི་འོག་ཏུ་གཞུག་པར་བྱ་སྟེ་སྟེང་དུ་སོ་སོར་གཅིག་བྱིན་ནས་སྟེང་དུ་མེས་ཁྱིམ་གྱི་གཡོས་ལ་སོགས་པ་ཉི་མ་གསུམ་གྱི་བར་དུ་བྱའོ། །དེ་ནས་ཕྱུང་སྟེ་སླར་ཡང་རྐང་པའི་ཆ་ཤས་ཀྱི་ས་བོན་བྱིན་ནས་དབྱུང་བར་བྱའོ། །འདབ་མ་དེ་ནི་དེའི་ཚེ་འདབ་མར་འགྱུར་ཏེ་ཕྱེད་དང་བཅས་པས་ཁྱད་པར་དུ་འཕགས་པའི་གསེར་དུ་འགྱུར་རོ་


DTG012_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ་གཞན་རྒྱ་ཆེན་པོ་ནི་མ་བྲིས་སོ། །ད་ནི་ལུས་དོན་དུ་གཉེར་བ་རྣམས་ལ་བཅུད་ལེན་གསུངས་པ་ཉིན་ཞག་བདུན་ཞེས་པ་ལ་སོགས་པ་སྟེ་འདིར་གང་ལ་ལ་ཞག་བཅིངས་པའི་བཅུད་ཟ་བར་བྱེད་ན་དེའི་ཚེ་དེའི་དང་པོར་སྣོད་དག་པར་བྱས་ཏེ་དེ་ཡང་འབྲས་བུ་གསུམ་བོ་ཆ་མཉམ་པ་བསྐོལ་བའི་ཆུས་བཤལ་བར་བྱའོ། །ལན་ཚྭ་དང་སྐྱུར་བ་དང་བྲལ་བ་སཱ་ལིའི་ཟན་དང་འོ་མས་ཁ་ཟས་བྱའོ། །དེ་ནས་སྨན་གྱིས་བསད་པའི་ལྕགས་ཀྱི་ཕྱེ་མ་ཞེས་པ་ནི་གུ་ཎ་ཌིས་བསད་པའི་རྣོན་པའི་ཕྱེ་མ་མར་དང་སྤྲང་རྩི་དག་དང་བཅས་པ་དངུལ་ཆུ་དང་བཅས་ཞེས་པ་ལེགས་པར་ཤི་བའི་དངུལ་ཆུ་དང་མཉམ་པ་སྟེ་དེ་ཉིད་ཅུང་ཟད་རེ་ཉིན་ཞག་སོ་སོར་བཟའ་བར་བྱའོ། །ཁ་ཟས་ནི་སར་པ་དང་རྙིངས་པ་ཞེས་པ་དང་བོ་བེའུ་བཙས་པའི་བའི་འོ་མ་དང་རྙིད་པ་ཞེས་པ་འབྲས་རྙིང་པའི་ཟན་ནོ། །དེ་ལྟར་སཱ་ལི་ལ་སོགས་པ་ལོ་མ་སྐྱུར་པོས་དམན་ཞིང་ལན་ཚྭ་དང་རྣམ་པར་བྲལ་བ་ཉ་དང་འབྲུ་མར་ལ་སོགས་པ་ལས་གྲོལ་བ་ཟོས་པ་དག་གིས་ཕྱོགས་ཀྱི་ནང་དུ་སྣོད་དག་པར་འགྱུར་རོ། །དེ་ནས་བཅུད་བཟའ་བར་བྱ་སྟེ་སྟོད་ཕྲག་འབུགས་པ་དང་བརྒྱ་ཡིས་བསྒྱུར་པའི་བརྒྱ་ཞེས་པ་འབུམ་ཕྲག་འབུགས་པ་དང་བྱེ་བ་འབུགས་པ་ཇི་སྲིད་པར་ཡང་ཤེས་ནས་བཟའ་བར་བྱའོ། །སྟོང་ཕྲག་འབུགས་པ་ནི་ཉིན་ཞག་སོ་སོར་ནས་ཙམ་བཟའ་བར་བྱའོ། །འབུམ་ཕྲག་འབུགས་པ་ནི་ཡུངས་ཀར་ཙམ་དང་བྱེ་བ་འབུགས་པ་ནི་སྐྱེ་ཚེ་ཙམ་སྟེ་དེ་ལྟར་མཐའ་མ་སྐྱེ་ཚེའི་ཆ་ཤས་སོ། །འདིར་བཅུད་བཟའ་བའི་སླད་དུ་ཁང་བཟངས་སམ་ས་ཡི་ཁང་པ་གྲང་བ་དང་རླུང་དང་ཚད་པ་དང་བྲལ་བ་ཤེས་སོ། །དེ་ལྟར་བཅུད་འབྲིང་པོ་སྟོང་ཕྲག་འབུགས་པ་ནི་ཟླ་བ་དྲུག་གིས་ལྷ་ཡི་ལུས་པོ་སྐྲ་དཀར་གཉེར་མ་དག་དང་བྲལ་བར་བྱེད་དེ་གྲུབ་པའི་བཅུད་གཞན་ནི་འཆད་པར་འགྱུར་པའི་ཉིན་ཞག་གཅིག་གིས་བྱེད་དོ། །ད་ནི་བཅུད་མ་ཞུ་བའི་སྨན་གསུངས་པ་ཀར་ཀོ་ཊཱི་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་བཅུད་མ་ཞུ་བར་གྱུར་


DTG012_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན་དེའི་ཚེ་བ་ན་དྷ་ཀར་ཀོ་ཊཱི་དང་དེ་བ་དཱ་ལི་དང་ཚ་བ་གསུམ་དང་བྲི་ཧ་ཏཱི་དང་ནིམ་པའི་འདབ་མ་དང་ཀེ་རཱ་ཏ་ཏིག་ཏ་སྟེ་འདི་རྣམས་ཆུ་བརྒྱད་ཆའི་ལྷག་མར་བསྐོལ་བ་ནི་བསྐོལ་ཞེས་བརྗོད་དོ། །དེ་ཉིད་བཏུང་སྟེ་མ་ཞུ་བ་ལ་ཉིན་ཞག་གསུམ་དུ་སྨྱུང་བར་གནས་པ་ནི་ཇི་སྲིད་ཤིན་ཏུ་བཀྲེས་པར་གྱུར་གྱི་བར་དུའོ། །དེ་ནས་ཁ་ཟས་བྱའོ། །དེ་བཞིན་དུ་ཟླ་བའི་ཆུ་འཐུངས་ཏེ་ཉིན་ཞག་གསུམ་སྨྱུང་བར་གནས་པ་དང་དེ་ནས་ཁ་ཟས་སོ། །མེའི་ཆུ་ལ་དེ་ཉིད་ཀྱིས་ཁྲུས་དང་དེ་ཉིད་ཀྱིས་ཟན་བཙོ་བ་དང་དེ་ཉིད་བཏུང་བ་སྟེ་ཟླ་བ་དྲུག་དང་ལོ་གཅིག་གི་བར་དུ་འོ་མ་དང་ཟན་བཟའ་བར་བྱའོ། །དུག་གི་ཆུ་དང་རྡོའི་ཆུ་དང་བྷལླཱ་ཏ་ཡི་ཆུ་ལ་དེ་བཞིན་ཏེ་འདི་རྣམས་ནི་ཅུང་ཟད་བཏུང་བར་བྱའོ། །ལྷག་པ་ནི་མ་ཡིན་ཏེ་འཆི་བར་བྱེད་དོ། །དེ་བཞིན་དུ་ངན་པའི་དྲི་བཟའ་བ་དང་ས་དང་རྡོ་བ་བཟའ་བ་དང་དུག་གིས་བྱུགས་པའི་ཤ་དང་གཞན་ཚ་ལའི་ཡལ་འདབ་ལ་སོགས་པའི་བརྟག་པ་ལ་ཟས་ལ་སོགས་པ་ཆོ་ག་འདིའོ། །ད་ནི་བཅུད་ལེན་གྱི་སྨན་རྣམས་ཀྱི་མཚན་ཉིད་གསུངས་པ་གང་ཞིག་ཟོས་ན་ཞེས་པ་ལ་སོགས་པ་སྟེ་འདིར་ཚ་ལའི་ཡལ་འདབ་ལ་སོགས་པ་དང་འཁྲི་ཤིང་ལ་སོགས་པ་རྣམས་ལས་གང་ཞིག་ཟོས་ན་ཤིན་ཏུ་དྲག་པོ་རང་རྒྱལ་བ་སྟེར་བྱེད་དུག་དང་མཚུངས་པ་སྟེ་སྨན་དེའི་ཡན་ལག་ལྔ་བཟུང་ནས་ཕྱེ་མ་ཞིབ་མོར་བྱའོ། །ཕྱེ་མ་དེ་ཉིད་ཅུང་ཟད་རེ་མར་དང་སྦྲང་རྩི་དང་བཅས་པ་ཉིན་ཞག་སོ་སོར་བཟའ་བར་བྱ་སྟེ་དེ་བཞིན་ཉིད་ཅེས་པ་ལྷག་མ་ནི་ཆོ་ག་སྔ་མའོ། །འདིར་སེམས་ཅན་རྣམས་ཀྱིས་གང་ཞིག་ཟ་བར་བྱེད་ཅིང་བརྒྱལ་བ་མི་སྟེར་བ་དེ་ནི་གྲུབ་པ་སྟེར་བའི་སྨན་མ་ཡིན་ནོ། །སེམས་ཅན་དེ་དག་རྣམས་ལ་འཆི་སྟེར་མཆོག་ཏུ་འཇིགས་བྱེད་གང་ཡིན་པ་དེ་ནི་རྣལ་འབྱོར་པ་རྣམས་ལ་གྲུབ་པ་སྟེར་བ་སྟེ་སྔགས་དང་བསམ་གཏན་གྱི་སྟོབས་ཀྱིས་སོ། །ད་ནི་བཅུད་ལེན་གཞན་གསུངས་པ་ར་ཎ་ཌོད་པ་ལ་ཞེས་པ་ལ་སོགས་པ་སྟེ་འདིར་ད་ཎ་ཌོད་པ་ལའི་ཁུ་བ་དང་སཱ་ལི་པར་ཎིའི་ཁུ་བ་དང་ཨུཏྤལ་སཱ་རཱིའི་ཁུ་བ་ཡིས་རོ་དང་མུ་ཟི་མཉམ་པ་རྡོ་ཁབ་ལེན་གྱི་ལྕགས་ཀྱི་སྣོད་དུ་ལྕགས་ཀྱི་གཏུན་བུས་ཉིན་ཞག་གསུམ་མཉེ་བར་བྱ་སྟེ་དེ་ལྟར་མཉེས་ནས་བཟའ་བར་བྱའོ། །གང་ཞིག་ཊཱཾ་ཀའི་


DTG012_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པའི་ཚད་ཅེས་པ་མཱ་ཤ་ཀ་རེ་ཟ་བར་བྱེད་པ་དེ་ནི་མཛེ་ལ་སོགས་པའི་ནད་ལས་གྲོལ་ཞིང་རྒས་པ་སྐྲ་དཀར་ལ་སོགས་པ་དང་བྲལ་བ་ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །ད་ནི་རོ་བསད་པ་ལ་གྲུབ་པའི་སྨན་རྣམས་གསུངས་པ་བོཀྐཱ་ཎ་ཞེས་པ་ལ་སོགས་པ་སྟེ་འདིར་གང་ཞིག་དངུལ་ཆུ་བསྡུ་བ་དང་གསད་པར་འདོད་པ་དེས་སྨན་འདི་རྣམས་བཙལ་བར་བྱའོ། །བོཀྐཱ་ཎ་ཞེས་པ་ནི་ཤིང་ཀུན་ཏེ་གང་གིས་སྲད་བུ་སྔོན་པོ་ལ་བྱུགས་ན་དཀར་པོར་འགྱུར་པའོ། །དེས་ཀོང་བུ་ལ་བྱུགས་པས་དངུལ་ཆུ་འཆི་བར་འགྱུར་རོ། །བར་སྣང་ཞེས་པ་ནི་ནམ་མཁའ་སྟེ་བེ་རུཎྜའི་བཤད་པའོ། །དེ་ཡང་རྣམ་པ་གཉིས་ཏེ་གདུགས་ཀྱི་ནམ་མཁའ་དང་གཙུག་ཕུད་ཀྱི་ནམ་མཁའོ། །མེའི་ནང་དུ་བཅུག་པའི་སྟེང་དུ་གོས་བཀབ་པ་ན་གལ་ཏེ་གཙུག་ཕུད་ཀྱི་རྣམ་པས་གོས་ཕུག་ནས་དུབ་འབྱུང་བ་དེ་ནི་མཆོག་གོ །མ་ཡིན་པར་གདུགས་ཀྱི་རྣམ་བས་དུ་བ་གནས་ན་དེ་ནི་འབྲིང་པོ་སྟེ་དེས་ཀྱང་བསྡུས་ཏེ་བཅིང་བའོ། །དེ་བཞིན་དུ་ཤག་ཏུ་ཀའི་དུག་གོ །དེ་བཞིན་དུ་ཀཱི་རའི་མཆུ་ཞེས་པ་ནི་ནེ་ཙོའི་མཆུ་ཁྲག་ཟག་པ་ཅན་ཏེ་འཇིག་རྟེན་དུ་ཁྲག་སྐྲོད་པར་གྲགས་པའོ། །དེ་བཞིན་དུ་ཀཾ་གི་པདྨ་ཅན་ནི་གང་གི་སྟེང་དུ་རྐང་པ་བཞག་པར་གྱུར་པ་ན་ཉིན་མོ་ནམ་མཁའ་ལ་སྐར་མ་རྣམས་མཐོང་བར་འགྱུར་ཏེ་འདི་རྣམས་མེད་ན་སྨན་གཞན་རྣམས་ཀྱིས་ཟོལ་གྱིས་བསད་པའི་དངུལ་ཆུ་ལ་དམར་རེང་སྟེ་ཟངས་དང་ལྷང་ཚེར་གྱིས་ཞེས་པ་ལྷང་ཚེར་གྱི་ལྕགས་དང་གསེར་དང་ཁབ་ལེན་གྱི་ལྕགས་མཉམ་པར་བྱས་ནས་བསྲེག་པར་བྱའོ། །དངུལ་ཆུ་སྲང་བཞི་ལ་དེ་ཕྱེད་ཀྱིས་ཏེ་སྲང་གཉིས་ཀྱིས་སྦྱར་བ་སྲང་དྲུག་ཏུ་བྱའོ། །ལྷག་མ་ནི་ནང་གི་ལེའུ་ལས་བརྗོད་པའི་ཆོ་གའོ། །ད་ནི་སྟོད་ཕྲག་འབུགས་པ་ལ་སོགས་པའི་བཅུད་རྣམས་ཀྱི་རང་བཞིན་གསུངས་པ་ཟླ་བ་དྲུག་ཅེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་ཆོ་གས་ཟོས་ན་སྟོང་ཕྲག་འབུགས་བ་ནི་ཟླ་བ་དྲུག་གིས་ལུས་མཆོག་ཏུ་བྱེད་དོ། །དེས་ན་ཟླ་བ་དྲུག་གིས་འདི་ཡི་མཐུ་ལས་ལུས་ལ་དངོས་གྲུབ་ཏུ་འགྱུར་རོ། །ཟླ་བ་གཉིས་ཀྱིས་སྟོང་ཕྲག་བཅུ་འབུགས་པའི་མཐུ་ལས་སོ། །ཟླ་བ་


DTG012_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་འབུམ་ཕྲག་འབུགས་པའི་མཐུ་ལས་སོ། །ཉིན་ཞག་བཅུ་དྲུག་གིས་འབུམ་ཕྲག་ཉི་ཤུ་འབུགས་པའི་མཐུ་ལས་སོ། །ཉིན་ཞག་བཅུས་འབུམ་ཕྲག་སུམ་ཅུ་རྩ་བཞི་འབུགས་པའི་མཐུ་ལས་སོ། །ཞག་བདུན་གྱིས་འབུམ་ཕྲག་དྲུག་ཅུ་འབུགས་པའི་མཐུ་ལས་སོ། །ཞག་གསུམ་གྱིས་འབུམ་ཕྲག་བརྒྱད་ཅུ་འབུགས་པའི་མཐུ་ལས་སོ། །ཞག་གཅིག་གིས་བྱེ་བ་འབུགས་པའི་མཐུ་ལས་སོ། །སྐད་ཅིག་གཅིག་གིས་ཞེས་པ་ནི་ཡུད་ཙམ་གཅིག་གིས་གྲུབ་པའོ། །བཅུད་ལ་སོགས་པའི་དངོས་གྲུབ་འདི་ནི་ཐུན་མོང་པ་སྟེ་རལ་གྲི་ལ་སོགས་པའི་དངོས་གྲུབ་དང་རིག་པ་འཛིན་པའི་དངོས་གྲུབ་ཀྱང་ངོ༌། །ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི་འབྲིང་པོའོ། །འདི་དག་ལས་མཆོག་ནི་རང་དང་གཞན་ལ་ཕན་པའི་མཆོག་ཡེ་ཤེས་ཀྱི་དངོས་གྲུབ་སྟེ་ཤེས་རབ་ཀྱི་གཟུགས་བསྒོམས་པས་སོ། །དེ་ཡང་གང་གིས་གང་ཞིག་སྒྲུབ་པར་འགྱུར་པ་སྐྱེས་བུ་རྣམས་ཀྱི་སྔ་མའི་ལེགས་བྱས་ཀྱི་དབང་གིས་ངེ་ལ་བག་ཆགས་སུ་འགྱུར་ཏེ་སྐྱེ་བ་སྔ་མའི་རྗེས་སུ་འབུགས་པ་ལས་སོ། །ད་ནི་རྫས་དོན་དུ་གཉེར་བ་རྣམས་ལ་གཏེར་བརྟག་པ་གསུངས་པ་གང་ན་ཞེས་པ་ལ་སོགས་པ་སྟེ་འདིར་ས་གཞི་ལ་གང་ན་འཁྲི་ཤིང་རྣམས་དང་ལྗོན་ཤིང་རྣམས་མི་འདྲ་བའི་རང་བཞིན་དུ་སྣང་བ་དེ་ན་རྫས་ཡོད་པར་འགྱུར་རོ། །གཞན་ཡང་གང་ན་རྟག་ཏུ་དུད་འགྲོ་རྣམ་པར་རྩོད་པར་སྣང་བ་སྟེ་རང་གི་གནས་ཀྱི་དོན་དུ་འཐབ་པ་དེ་ན་རྫས་ཡོད་དོ། །དེར་ལྕགས་བཟང་པོའི་རལ་གྲིའི་སྟེང་ངམ་ཆུ་གྲིའི་སྟེང་དུ་པདྨ་དམར་པོའི་སྐུད་པ་ལ་སྡོང་བུ་བྱས་ནས་མི་ཡི་སྣུམ་གྱིས་སྦར་ཏེ་འབྱུང་པོའི་བདག་པོའི་སྔགས་སྒྲུབ་ཐབས་ཀྱི་ལེའུ་ལས་བརྗོད་པས་མངོན་པར་བསྔགས་ནས་ས་ལ་བལྟ་བར་བྱའོ། །གལ་ཏེ་མེ་ལྕེ་ཁ་ཐུར་དུ་བལྟས་པར་གྱུར་ན་དེའི་ཚེ་རྫས་ཡོད་དོ། །གལ་ཏེ་མ་ལྷུང་ན་དེའི་ཚེ་མེད་དོ། །དེ་ལྟར་གལ་ཏེ་ལྷུང་ན་དེའི་ཚེ་གནས་དེར་ཐུན་གསུམ་དུ་འབྱུང་པོའི་བདག་པོའི་སྔགས་བཟླས་པར་བྱ་སྟེ་ཇི་སྲིད་སྣང་བར་གྱུར་གྱི་བར་དུའོ། །དེ་ནས་སྔགས་པ་རྣམས་ལ་བརྐོ་བར་བྱ་བའི་དངོས་གྲུབ་བོ། །གཞན་དུ་ན་ཉོན་མོངས་པར་འགྱུར་ཏེ་ལྷ་


DTG012_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མིན་རྣམས་ཀྱིས་བསྲུངས་པའི་རྫས་ནི་སུས་ཀྱང་གདོན་པར་ནུས་པ་མ་ཡིན་ནོ། །ཚིགས་སུ་བཅད་པ་འདིའི་རྗེས་ལ་ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། །ད་ནི་རིགས་ཀྱི་ལུང་ལས་བརྗོད་པའི་རིགས་ཀྱི་དབྱེ་བ་གསུངས་པ། སྒྲ་གཅན་ཞེས་པ་ལ་སོགས་པ་སྟེ་འདིར་རིགས་ཀྱི་ལུང་ནུབ་ཀྱི་ཁང་པ་ལས་བཞི་པོ་དང་ལྔ་པོ་དང་དྲུག་པོ་དང་བཞི་པོ་དང་ལྔ་པོ་དང་གསུམ་པོ་ཞེས་པ་ནི་ཕྱི་རོལ་དང་ལུས་ལ་རྣམ་པར་སྦྱང་བར་བྱ་སྟེ་དེ་ནས་ལྷ་རྣམས་ཀྱི་མཆོད་པའོ་ཞེས་སོ། །དེས་ན་ཕྱི་རོལ་དུ་སྒྲ་གཅན་དང་དུས་ཀྱི་མེ་དང་ཟླ་བ་དང་ཉི་མའོ། །འདི་རྣམས་ཀྱི་སྦྱོར་བ་ནི་བཞི་པོ་སྟེ་གདན་བཞི་པོའོ་ཞེས་པའི་དོན་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་རྫོགས་པའི་དོན་དུ་ལྔ་པོ་སྟེ་ས་ལ་སོགས་པ་རོའི་མཐར་ཐུག་པའོ། །དེ་ནས་གཟའ་ཡི་ཚོགས་པ་ཅིག་ཤོས་དག་ཅེས་པ་ནི་བཞི་པོ་སྤངས་པ་བཀྲ་ཤིས་དང་གཟའ་ལ་ག་དང་ཕུར་བུ་དང་པ་སངས་དང་སྤེན་པ་དང་མཇུག་རིངས་ཏེ་འདི་རྣམས་ཀྱི་ཚོགས་པ་ནི་དྲུག་པོའོ། །དེ་ནས་ལྷུན་པོའི་ཕྱོགས་བཞི་རྣམས་སུ་གླིང་བཞི་རྣམས་ནི་བཞི་པོའོ། །དྲི་ལ་སོགས་པ་རྣམས་ཀྱི་ཡུལ་ལྔ་རྣམས་ནི་ལྔ་པོའོ། །སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་ནི་གསུམ་བོའོ། །དེ་ལྟར་ཕྱི་རོལ་དུ་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ནི་གསུམ་པོ་དང་གདན་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་དབུས་སུ་ཡང་ཤེས་པར་བྱ་སྟེ་འདིར་ལུས་བསྐྱེད་པའི་དོན་དུ་མའི་པདྨར་ཀུན་གཞིའི་རྣམ་པར་ཤེས་པ་ནི་སྒྲ་གཅན་དང་དགའ་བ་ནི་དུས་ཀྱི་མེ་དང་ཁྲག་ཅེས་པ་མེའི་རྡུལ་ནི་ཉི་མ་དང་བདུད་རྩི་ཞེས་པ་ཁུ་བ་ནི་ཟླ་བ་སྟེ་འདི་རྣམས་ནི་དང་པོར་ལུས་ཀྱི་རིགས་སྐྱེད་པའི་རྒྱུ་བཞིའོ། །བཞི་པོ་དེ་ལས་རུས་པ་ལ་སོགས་པ་ནི་ལྔ་པོ་སྟེ་རུས་པ་ནི་ས་དང་ཆུ་སེར་ནི་ཆུ་དང་ཁྲག་ནི་མེ་དང་ཤ་དང་པགས་པ་ནི་རླུང་དང་རྐང་ནི་ནམ་མཁའ་སྟེ་མཐའ་དག་རྣམས་ཀྱང་ལྔ་པོའོ། །དེ་ནས་མིག་ལ་སོགས་པ་དྲུག་པོ་སྟེ་ཞེས་པ་ནི་བཀྲ་ཤིས་དང་རྣ་བ་ནི་གཟའ་ལག་དང་ལྕེ་ནི་ཕུར་བུ་དང་སྣ་ནི་པ་བ་སངས་དང་ལུས་ཀྱི་དབང་པོ་ནི་སྦེན་པ་དང་ཡིད་ཀྱི་དབང་པོ་ནི་མཇུག་རིངས་སོ་ཞེས་པ་དྲུག་པོའོ། །དེ་


DTG012_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ལག་པ་རྐང་པ་དག་ནི་བཞི་པོ་ཞེས་པ་ལ་ལག་པ་གཡོན་པ་ནི་ཤར་གྱི་གླིང་དང་ལག་པ་གཡས་པ་ནི་ལྷོའི་གླིང་དང་རྐང་པ་གཡས་པ་ནི་ནུབ་ཀྱི་གླིང་དང་རྐང་པ་གཡོན་པ་ནི་བྱང་གི་གླིང་ངོ་ཞེས་པ་བཞི་པོའོ། །ལག་པ་རྐང་པ་ལ་གནས་སོར་མོ་རྣམས་ནི་ལྔ་པོའོ་ཞེས་པ་ལ་འདིར་མཐེ་བོ་ནི་དྲི་དང་མཛུབ་མོ་ནི་རོ་དང་གུང་མོ་ནི་གཟུགས་དང་མིང་མེད་ནི་རེག་བྱ་དང་མཐེ་ཆུང་ནི་སྒྲ་སྟེ་ས་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་སོ། །སོར་མོ་ལྔ་པོ་དེ་རྣམས་ཀྱི་ཚིགས་གསུམ་པ་ནི་གསུམ་པོར་བརྗོད་དེ་དང་པོའི་ཚིགས་ནི་སྙིང་སྟོབས་ཀྱི་ཡོན་ཏན་དང་དབུས་མའི་ཚིགས་ནི་རྡུལ་གྱི་ཡོན་ཏན་དང་མཐའི་ཚིགས་ནི་མུན་པའི་ཡོན་ཏན་ནོ། །མུན་པའི་མཐར་སེན་མོའི་ཚིགས་ནི་གཙོ་བོ་སྟེ་འདིར་ནི་རིམ་པ་མཐའ་དག་རིགས་འདི་ལ་ནི་རིག་པར་བྱ་ཞེས་པ་རིགས་པའོ། །ད་ནི་གདན་ལ་སོགས་པ་རྣམས་ཀྱི་དབྱེ་བ་གསུངས་པ་ས་འཛིན་ཞེས་པ་ལ་སོགས་པ་སྟེ་འདིར་རྐང་པ་བཞིའི་དབང་གིས་དབྱེ་བ་བཞིའོ། །དེ་ལྟར་གདན་གྱི་དབྱེ་བས་འཛིན་ཞེས་པ་བཅུ་དྲུག་གོ །དེ་ཉིད་རབ་དབྱེ་རྣམས་ནི་ཉི་ཤུ་རྩ་ལྔ་སྟེ་ཀུན་འབྱུང་གི་ཕྱིར་གད་ན་གཅིག་ཡོད་པ་དེ་ན་ལྔ་གའོ། །རོ་ཡིས་བསྒྱུར་པའི་རོ་ཞེས་པ་དྲུག་གིས་བསྒྱུར་པའི་དྲུག་ནི་སུམ་ཅུ་རྩ་དྲུག་འགྱུར་ཏེ་རྐང་པ་དྲུག་གི་དབང་གིས་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་དབྱེ་བའོ། །བཞི་པོ་ལ་ཉི་མ་ཞེས་པ་དབྱེ་བ་བཅུ་གཉིས་ཏེ་ལག་པ་དང་རྐང་པའི་ཚིགས་ཀྱི་དབྱེ་བ་བཅུ་གཉིས་དང་ཕྱི་རོལ་དུ་ཟླ་བ་དང་ཁྱིམ་བཅུ་གཉིས་ཀྱི་དབྱེ་བ་ལས་སོ། །ལྔ་པོ་ལ་ཉི་ཤུ་སྟེ་སོར་མོའི་གྲངས་སོ། །དེ་བཞིན་དུ་སོར་མོའི་ཚིགས་རྣམས་ལ་དབྱེ་བ་དྲུག་ཅུ་སྟེ་དབྱེ་བ་འདི་རྣམས་མི་རྣམས་དང་ལྷ་རྣམས་དག་གི་མཐའ་དག་ལུས་ལ་གནས་པ་སྟེ་དྲི་མ་མེད་པའི་ལུས་ལ་གནས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཐམས་ཅད་བསྡུས་པ་ནི་བུག་པ་དྲུག་དང་ཟླ་བའི་གྲངས་ཞེས་པ་བརྒྱ་དྲུག་ཅུ་རྩ་དགུར་འགྱུར་རོ། །དེ་དག་ཐམས་ཅད་བསྡུས་པ་ཞེས་པ་དེ་རྣམས་བསྡུས་པ་ལས་སུམ་འགྱུར་དགུ་རུ་འགྱུར་ཏེ་ཞེས་པ་ཉི་ཤུ་རྩ་བདུན་ནོ། །སླར་ཡང་ཞི་བ་དང་ནུས་མའི་དབྱེ་བ་རྟེན་དང་བརྟེན་པའི་ཆོས་ཀྱིས་ལྔ་བཅུ་རྩ་བཞིའོ་ཞེས་པར་


DTG012_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ། །རིགས་འདི་ལ་གང་ཞིག་སྲོག་གི་རྩ་ལ་ཡང་དག་པར་རྒྱུ་བ་དང་གཟའ་རྣམས་ཀྱི་རྒྱུ་སྐར་ལ་ཡང་དག་པར་རྒྱུ་བ་སྟེ་འདི་རྣམས་ཀྱི་ཡང་དག་པར་རྒྱུ་བ་གང་ཡིན་པ་དེ་ནི་ཅིག་ཤོས་ཕྱི་རོལ་གྱི་བཀའ་ལ་དགའ་བ་རྣམས་ཀྱིས་རྣལ་འབྱོར་མའི་ཡང་དག་པར་རྒྱུ་བར་བརྗོད་དོ། །དེ་སྐད་དུ་རྩ་བའི་མདོ་ལས་བཤད་པ། གང་ཞིག་ནུས་མ་བྷ་ག་ཞེས་བྱ་དེ་ནི་རྣམ་གསུམ་བགྲོད་ལྡན་ཡི་གེ་གསུམ་དང་རང་བཞིན་གསུམ། །དེ་ལ་དཔལ་ལྡན་ཨོ་ཌི་ཡཱ་ཎ་མཆོག་གི་ཆ་དང་བཅས་པ་དབུས་སུ་གནས་ཤིང་ཤིན་ཏུ་འབར། །དེ་ཡི་གཡས་ཟུར་ཉིད་དུ་རབ་ཏུ་གསལ་བྱས་གནས་ལ་དཔལ་ལྡན་ཛཱ་ལཱི་དྷ་ར་ཞེས་བྱ་སྟེ། གཡོན་དུ་དཔལ་ལྡན་གང་བའི་གནས་ཏེ་ཕྱུགས་ཀྱི་སྐྱེ་བོ་འཇིགས་བྱེད་ཀཱ་མ་རཱུ་བ་ད་ཡི་རྩེར། །དེ་ལྟར་ཀུན་ནས་ཁྱབ་བྱེད་གནས་དང་འཇིགས་དང་སྐྱེད་མ་ཁྱབ་བྱེད་མ་ནི་དྲག་པོའི་ནུས་མ་སྟེ། དེ་ཡི་དབུས་ན་རྟགས་ནི་མཆོག་གི་བདེ་བྱེད་ཐིག་ལེ་ནཱ་ད་ཁོར་ན་གནས་ཤིང་རྟག་ཏུ་དགའ། །ཤིན་ཏུ་ཞི་བ་ཡོད་དེ་དེ་ཡི་སྟེང་ན་སྲུབ་པ་རྣམ་པ་དྲུག་གིས་རྣམ་པར་ཕྱེ་པའོ། །འདོད་པ་གསུམ་པོ་འདི་ནམས་བྱེད་ཅིང་མཆོག་གི་ལུས་བསྐྱོད་ཀུ་པ་ཛི་ཀ་ཞེས་བྱ་བ་ལ་ཕྱག་འཚལ་ཞེས་པ་རིགས་པ་སྟེ། སེམས་ཅན་ཐམས་ཅད་ལ་ལྷན་ཅིག་སྐྱེས་པ་འབེབས་པར་བྱེད་མ་བྷ་ག་ཞེས་བྱའོ། །ཞེས་པ་རང་བཞིན་ནོ། །དེ་ནས་རིགས་ཀྱི་མདོ་ལུས་རྫོགས་པའི་རྒྱུ་ནི་འདི་ལྟ་སྟེ། ཀཱ་མ་རཱུ་པར་ཀཱུ་ཡིག་བུ་ལི་ལ་གནས་པུ་ལི་ཀ་རྣམས་ཛཱ་ལའི་གནས་སུ་མེ་ལྕེ་ཉིད། དཔལ་ལྡན་དབུས་ཀྱི་གནས་སུ་ཨོཎྜཱ་རྣམ་པ་གསུམ་གྱི་ལམ་བགྲོད་ལྷ་ཡི་རྭ་ཅོ་ཊ་ཡིག་རྣམས། །དེ་ཡི་གྲུབ་པ་རྣམས་ཀྱང་ལྔ་སྟེ་ཌ་ར་ལ་ཀ་དང་བཅས་དེ་རྣམས་ལྷ་མོ་བཞི་དང་ལྔ། །དེ་ཕྱིར་ནུས་མ་གསུམ་མམ་རིགས་ཀྱི་ལྗོན་ཤིང་སྐྱེད་མ་སྒུར་འཁྱོག་མ་ཞེས་བྱ་བ་ལ་ཕྱག་འཚལ་ཞེས་པ་སྟེ། དེ་ལྟར་མཆོག་ཏུ་གསད་པ་ནི་ལྷ་མིན་དང༌། བདུད་ཀྱི་རིས་ཀྱི་བཟའ་བར་བྱ་བའི་རིགས་ལས་བྱུང་བ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་རིགས་ཀྱི་མདོའི་ངེས་


DTG012_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ད་ནི་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྡུད་པ་གསུངས་པ་ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། འདིར་དུས་ཀྱི་འཁོར་ལོ་ལ་རྣལ་འབྱོར་པས་ཆོས་ཡང་དག་པར་སྡུད་པ་ཤེས་ནས་དེ་ནས་རྒྱུད་བསྟན་པར་བྱའོ། །གཞན་དུ་ན་ཆོས་ཡང་དག་པར་སྡུད་པ་མེད་ན་ལམ་ངན་པ་སྟོན་པར་འགྱུར་རོ། །དེས་ན་ཆོས་ཡང་དག་པར་སྡུད་པ་བྲི་བར་བྱ་སྟེ། འདིར་ཡེ་ཤེས་ནམ་མཁའ་གཉིས་ཞེས་པ་ཡེ་ཤེས་ནི་འཛིན་པར་བྱེད་པའི་སེམས་དང༌། གཟུང་བར་བྱ་བ་སྟོང་པའི་གཟུགས་སོ། །གཉིས་པོ་ནི་ཤེས་རབ་དང་ཐབས་ཏེ། བྷ་ག་དང་རྟགས་ཡང་དག་པར་སྦྱོར་བ་ནི་མ་ཡིན་ནོ། །འདིས་སེམས་ཅན་གྱི་དོན་བྱས་པས་ཐེག་པ་གསུམ་སྟོན་པ་པོར་འགྱུར་ཞིང༌། ཆོས་ཡང་དག་པར་རིག་པ་པོར་འགྱུར་རོ། །འདིར་ཐེག་པ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ། འདིས་འགྲོ་བའི་ཕྱིར་ཐེག་པའོ། །དཀོན་མཆོག་གསུམ་ནི་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་སྟེ་སྟོན་པ་པོ་དང༌། །བསྟན་པ་དང་ཞུ་བ་པོའོ། །དེ་བཞིན་དུ་རྩ་བ་གསུམ་ནི་འདི་ལྟ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བསམ་པ་རྣམ་པར་དག་པ་དང༌། བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ཡོངས་སུ་སྤངས་པའོ། །དེ་བཞིན་དུ་སངས་རྒྱས་ལ་སྐྱབས་པ་དང༌། ཆོས་ལ་སྐྱབས་པ་དང༌། །དགེ་འདུན་ལ་སྐྱབས་པ་སྟེ་དེ་ལྟར་སྐྱབས་སུ་འགྲོ་བ་གསུམ་མོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བཞི་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་ལོ། །བདུད་བཞི་ནི་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང་ལྷའི་བུའོ། །འདི་རྣམས་རྣམ་པར་ཉམས་པར་བྱེད་པ་སངས་རྒྱས་རྣམས་ཀྱི་ཚངས་པའི་གནས་བཞི་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སོ། །དེ་བཞིན་དུ་རྣམ་པར་ཐར་པ་བཞི་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌།


DTG012_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང་དཔྱོད་པའོ། །སེམས་ཅན་རྣམས་ཀྱི་ཟག་པ་བཞི་ནི་འདི་ལྟ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། ལྟ་བའི་ཟག་པའོ། །སངས་རྒྱས་རྣམས་ཀྱི་མི་འཇིགས་པ་བཞི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཁྱེན་པ་ལ་མི་འཇིགས་པ་དང༌། ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་དང༌། སྒྲིབ་པ་མེད་པའི་ལམ་དུ་འཇུག་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པའི་ཡེ་ཤེས་ལ་གནས་པ་ལ་མི་འཇིགས་པའོ། །བདེན་པ་བཞི་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང༌། ལམ་གྱི་བདན་པ་དང༌། འགོག་པའི་བདེན་པའོ། །རྟོན་པ་བཞི་ནི་འདི་ལྟ་སྟེ། དོན་ལ་རྟོན་པར་བྱའི་ཚིག་ལ་རྟོན་པར་མི་བྱ་བ་དང༌། ཡེ་ཤེས་ལ་རྟོན་པར་བྱའི་རྣམ་ཤེས་ལ་རྟོན་པར་མི་བྱ་བ་དང༌། ངེས་པའི་དོན་ལ་རྟོན་པར་བྱའི་དྲང་བའི་དོན་ལ་རྟོན་པར་མི་བྱ་བ་དང༌། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་མི་བྱ་བའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང་དོན་མཐུན་པའོ། །འདིར་ནི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་པ་སྟེ། དེའི་དོན་སྤྱོད་པ་དང་དོན་མཐུན་པའོ། །ཆོས་སྦྱིན་པ་ནི་སྦྱིན་པའི་མཆོག་སྟེ། ཆོས་ཀྱི་སྦྱིན་པ་བཞི་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་པ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་པའོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པ་དང༌། སྡིག་པ་སྐྱེས་པ་རྣམས་ཀྱི་གཉེན་པོ་དགེ་བའི་རྩ་བ་སྐྱེད་པ་དང༌། དགེ་


DTG012_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་སྐྱེས་པ་རྣམས་ཡང་དག་པར་སྐྱེད་པ་དང༌། དགེ་བའི་རྩ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བའོ། །བཞི་པོ་འདི་དག་ནི་རྣམ་པ་བཞི་སྟེ། རྒྱལ་བ་མཆོག་གི་རྡོ་རྗེ་རྣམས་ཀྱིས་ཞེས་པ་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་རྣམ་པར་དག་པ་དང༌། སྤྲུལ་པ་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། ངོ་བོ་ཉིད་ཀྱི་སྐུ་རྣམ་པར་དག་བ་བསྒོམ་པར་བྱ་བ་སྟེ། འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་ལྷའི་རྣམ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ནི་ལྷའི་མིག་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ནམ་མཁའི་རྫུ་འཕྲུལ་ལོ། །སྟོབས་ལྔ་ནི་དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཏེ་དེ་བཞིན་དུ་དབང་པོ་ལྔའོ། །སེམས་ཅན་རྣམས་ཀྱི་ལྟ་བ་ལྔ་ནི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །སངས་རྒྱས་རྣམས་ཀྱི་སྤྱན་ལྔ་ནི་ཤའི་སྤྱན་དང༌། ལྷའི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་ནོ། །སངས་རྒྱས་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །འཇིག་རྟེན་པ་ཡི་ནི་གཟུགས་ལ་སོགས་པ་རྣམས་སོ། །ཁམས་རྣམས་ནི་ས་ལ་སོགས་པ་རྣམས་དང༌། དབང་པོ་རྣམས་ནི་མིག་ལ་སོགས་པ་རྣམས་དང༌། ཡུལ་རྣམས་ནི་དྲི་ལ་སོགས་པ་རྣམས་དང༌། ལས་ཀྱི་དབང་པོ་རྣམས་ནི་བཤང་ལམ་ལ་སོགས་པ་རྣམས་དང༌། ལས་ཀྱི་དབང་པོའི་བྱ་བ་རྣམས་ནི་རྗོད་པ་ལ་སོགས་པ་རྣམས་སོ། །དེ་ལྟར་ལྔ་སྟེ་ཆོས་ཀྱི་ཁམས་


DTG012_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཐམས་ཅད་དྲུག་གོ །རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །མཆོད་པ་རྣམ་པ་བདུན་ནི་ཕྱག་འཚལ་བ་དང༌། མཆོད་པ་དང་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བའོ། །ལམ་ཡན་ལག་བརྒྱང་བ་ནི་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནོ། །བསམ་གཏན་གྱི་རྣམ་པར་ཐར་པ་བརྒྱད་ནི་གཟུགས་སྟོང་པར་ལྟ་བ་དང༌། ནང་གི་གཟུགས་དང་ཕྱིའི་གཟུགས་སྟོང་པར་ལྟ་བ་སྟེ། སྟོང་པ་ཞེས་པ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སོ། །སྡུག་པ་དང༌། མི་སྡུག་པར་ལྟ་བས་བྱས་པ་སྟོང་པར་ལྟ་བ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་སྟེ། རྣམ་པ་ཐམས་ཅད་པའི་གཟུགས་ལའོ། །ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པར་ལྟ་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པར་ལྟ་བ་དང༌། འདུ་ཤེས་དང་ཚོར་བ་འགོག་


DTG012_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པར་ལྟ་བ་སྟེ། སྟོང་པ་ཉིད་སྒོམ་པ་ལའོ། །གཟུགས་ཅན་བརྒྱད་ནི་འབྱུང་བ་ཆེན་པོ་བཞི་དང༌། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱའོ། །ཡང་དག་པར་བསྡུ་བ་མཛད་པ་རྣམས་ཀྱི་གསུང་རབ་ཡན་ལག་དགུ་ནི་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་རྨད་དུ་བྱུང་བ་སྟེ་ཆོས་ཡང་དག་པར་བསྡུ་པའི་སླད་དུའོ། །ཕ་རོལ་དུ་ཕྱིན་པ་བཅུ་ལ་སོགས་པ་བཅུ་པོ་རྣམས་ནི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་གྲུབ་པ་ལས་བརྗོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་རྣམས་ཀྱང་བརྗོད་ཟིན་ཏོ། །འདིར་དགེ་སློང་རྣམས་ཀྱི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་བསོད་སྙོམས་པ་དང༌། ཆོས་གོས་གསུམ་པ་དང༌། ཟས་ཕྱིས་མི་ལེན་པ་དང༌། ཅོག་པུ་བ་དང༌། གཞི་ཇི་བཞིན་པ་དང༌། གདན་གཅིག་པ་དང༌། བླ་གབ་མེད་པ་དང༌། ཤིང་དྲུད་པ་དང༌། དགོན་པ་པ་དང༌། དུར་ཁྲོད་པ་དང༌། ཕྱག་དར་ཁྲོད་པ་དང༌། ཕྱིད་པ་པའོ། །དེ་ལྟར་དང་པོར་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ཤེས་ནས། དེ་ནས་རང་གི་ལུས་ལ་ཁྱབ་བདག་མཆོག་གི་གོ་འཕང་མ་ནིང་ནི་སྔགས་པས་བསྒོམ་པར་བྱེ་སྟ་སློབ་དཔོན་དང་བཅས་པ་ཡིས་སོ་ཞེས་པའི་དོན་ཏོ། །འདིའི་རྗེས་ལ་རྩིས་ཀྱི་གྲངས་གཅིག་ལ་སོགས་པ་ལ་ཟླ་བ་ལ་སོགས་པའི་མིང་རབ་ཏུ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། །ད་ནི་རྒྱུད་ཀྱི་ཡོན་ཏན་གསུངས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ་རྣལ་འབྱོར་མ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་མཆོག་ཏུ་མི་འགྱུར་པའི་བདེ་བ་ནི་རྡོ་རྗེ་ཅན་ཤཱཀྱ་ཐུབ་པས་སྤས་པ་སྟེ། རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་བསམ་དུ་མེད་པའི་ཐུགས་རྡོ་རྗེའོ། །དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་


DTG012_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ་རྡོ་རྗེ་ཅན་དེས་སོ། །དེ་ཅིའི་ཕྱིར་ཞེ་ན་འཕགས་པའི་ཡུལ་དུ་སངས་རྒྱས་པ་རྣམས་ཀྱི་མཁས་པའི་མངོན་པའི་ང་རྒྱལ་གྱི་ཕྱིར་ཏེ། གང་གིས་སངས་རྒྱས་པའི་མཁས་པ་རྣམས་བླ་མའི་སྲི་ཞུ་བྱས་པ་མེད་པར་གླེགས་བམ་མཐོང་ནས། བདག་ཅག་རྣམས་ཀྱིས་རྡོ་རྗེའི་ཚིག་ཤེས་སོ་ཞེས་བརྗོད་པར་འགྱུར་པའི་ང་རྒྱལ་དེས་དམྱལ་བར་འགྲོ་སྟེ། དབང་ཡང་དག་པར་སྦྱིན་པ་མེད་པའི་ཕྱིར་རོ། །དེ་བས་ན་སྦས་སོ། །དེས་ན་དང་པོའི་སངས་རྒྱས་སུ་ནི་ཤཾ་བྷ་ལའི་ཡུལ་དུ་སྐྱེས་པ་ང་རྒྱལ་མེད་པའི་སེམས་དང་ལྡན་པའི་སྲོག་ཆགས་རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་དུ་གསུངས་སོ། །དེའི་ཕྱིར་མཐའ་དག་མ་ཚང་བ་མེད་པ་རྒྱུད་ཀྱི་རྒྱལ་པོ་ནི་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་གྱི་རྒྱུད་བྱ་བའི་རྒྱུད་དང༌། འཇིག་རྟེན་ལས་འདས་པ་རྣལ་འབྱོར་གྱི་རྒྱུད་དེ། དེ་དག་ལས་འདས་པ་ནི་འཇིག་རྟེན་ལས་འདས་པའོ། །དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་ཏེ། མཆོག་གི་རྒྱལ་པའི་བདག་པོ་ཡེ་ཤེས་ཀྱི་སྐུ་ལྷན་ཅིག་སྐྱེས་པའི་མངོན་པར་བརྗོད་པའི་རྗོད་བྱེད་དོ། །ད་ནི་བཅོམ་ལྡན་འདས་ཀྱི་རྣམ་པ་ལྔའི་བསྟོད་པ་གསུངས་པ་གང་ལ་ཞེས་པ་ལ་སོགས་པ་སྟེ། འདིར་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་རྡོ་རྗེའོ། །དེའི་སྟོང་པ་དང་པོ་ནི་རྣམ་པར་ཤེས་པ་འགགས་པ་སྟེ་གང་ལ་ཐོག་མཐའ་དབུས་མེད་ཅེས་པ་ལ་སོགས་པ་ནས་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་མཐར་ཐུག་པ་རྣམ་པར་ཤེས་པའི་ཆོས་ཉིད་འདས། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ཞེས་པ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་དེའི་རིགས་ལས་བྱུང་བ་ནམ་མཁའ་ལ་སོགས་པའི་ཁམས་དང༌། དབང་པོ་ལ་སོགས་པ་རྣམས་ལས་ཀྱང་འདས་པ་ཉིད་དོ། །དེ་ནས་སྟོང་པ་གཉིས་པ་ནི་འདུ་བྱེད་འགག་པ་སྟེ། དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་


DTG012_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལ་སོགས་པ་ནས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་པའི་མཐར་ཐུག་པ་གོ་སླའོ། །དེ་བཞིན་དུ་འདུ་བྱེད་གཞན་དེ་རྣམས་ཞེས་གསུངས་པའི་ཕྱིར་རླུང་གི་ཁམས་དང༌། དབང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་སྟོང་པ་གཉིས་པས་རིག་པར་བྱའོ། །དེ་ནས་སྟོང་པ་གསུམ་པ་ནི་ཚོར་བ་འགགས་པ་སྟེ། སྤྲོ་བྱེད་ཅེས་པ་ལ་སོགས་ནས་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་མཐར་ཐུག་པ་སྟེ། ཚེར་བ་གཞན་དེ་ནི་ཞེས་གསུངས་པའི་ཕྱིར་མེའི་ཁམས་དང༌། དབང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ནི་སྟོང་པ་གསུམ་པའོ། །དེ་ནས་སྟོང་པ་བཞི་པ་ནི་འདུ་ཤེས་འགགས་པ་སྟེ། དཀར་པོ་ཞེས་པ་ལ་སོགས་པ་ནས་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ་ཞེས་པའི་མཐར་ཐུག་པ་སྟེ། འདུ་ཤེས་གཞན་དེ་ནི་ཞེས་གསུངས་པའི་ཕྱིར་ཆུའི་ཁམས་དང༌། དབང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ནི་སྟོང་པ་བཞི་པའོ། །དེ་ནས་སྟོང་པ་ལྔ་པ་ནི་གཟུགས་འགགས་པ་སྟེ། སེམས་ཙམ་ཞེས་པ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ་ཞེས་པའི་མཐར་ཐུག་པ་སྟེ། གཟུགས་གཞན་དེ་ནི་ཞེས་གསུངས་པའི་ཕྱིར་དེའི་རིགས་ཅན་སའི་ཁམས་དང༌། དབང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ངོ༌། །འདིའི་རྒྱས་པ་ནི་དང་པོ་འཇིག་རྟེན་ཁམས་ཀྱི་ལེའུ་ལས་བརྗོད་ཟིན་ཏེ་དེས་ན་འདིར་མ་བཀྲོལ་ལོ། །འདི་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔའོ། །དེ་ནས་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་པ་ནི། འདིའི་རྟེན་དུ་གྱུར་པའི་ཆོས་འབྱུང་སངས་རྒྱས་ཀྱི་གཟུགས་ཀྱི་མཚན་ཉིད་ཁམས་གསུམ་དང༌། དུས་གསུམ་པོ་ཐམས་ཅད་དུ་འཇིག་པའོ། །འདིའི་འགོག་པའི་ཕུང་པོ་ལ་སོགས་པ་དྲུག་དང་ཁམས་སུམ་ཅུ་རྩ་དྲུག་དང་འགྱུར་པའི་ཡེ་ཤེས་སུམ་ཅུ་རྩ་བདུན་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་ནི་ཆོས་ཀྱི་སྐུ་ཆོས་འབྱུང་དུ་བརྗོད་ཅིང་རྡོ་རྗེ་བཞི་ནི་འགྱུར་མེད་ལྔ་སྟེ་འདི་དག་གི་སྤྲུལ་པ་ནི་སྤྲུལ་པའི་སྐུ་རྫུ་


DTG012_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྣ་ཚོགས་སྟོན་པར་བྱེད་པའོ། །ཆོས་སྟོན་པ་བོའི་སྒྲ་ནི་ལོངས་སྤྱོད་རྫོགས་པའོ། །དེའི་ཕྱིར་གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ་ཞེས་པ་ལ་སོགས་པས་དབུ་མ་བའི་གྲུབ་པའི་མཐའོ། །གང་ཞིག་ཀུན་གྱི་རྟེན་གཅིག་ཅེས་པ་ལ་ཀུན་ནི་མི་འགྱུར་པའི་བདེ་བ་ཆེན་པོའོ། །དེའི་རྟེན་གཅིག་ནི་ནམ་མཁའི་མཚན་ཉིད་དོ། །བྷ་ག་བཟང་མོ་ཞེས་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་དོ། །མཆོག་གི་བྷ་ག་ནི་ཁམས་གསུམ་གྱི་མཆོག་གོ །རྒྱུ་ངེས་ན་ཁྱོད་ལ་འདུད་དེ་ད་སྤྱི་བོ་ཡིས་སོ། །ཁྱོད་ལ་ཞེས་པ་ནི་ཁྱོད་ལ་འཇམ་དཔལ་གྱིས་སོ། །འདུད་ཅེས་པ་ནི་ཕྱག་འཚལ་བར་གྱུར་ཅིག་པའོ། །ད་ནི་དུས་ཀྱི་འཁོར་ལོའི་སྟོན་པ་དང་ཡོན་ཏན་ལ་སོགས་པ་ནི་གང་ཞིག་ཅེས་པ་ལ་སོགས་པ་སྟེ་གོ་སླའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོད་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ། །ཡེ་ཤེས་ཀྱི་ལེའུའི་རྒྱས་འགྲེལ་རྫོགས་སོ།། །།རྫོགས་པའི་སངས་རྒྱས་ཀྱིས་ནི་ལུང་བསྟན་དཔལ་ལྡན་རིགས་ལྡན་རྒྱལ་པོ་འཇམ་པའི་རྡོ་རྗེ་གང་གིས་ནི། །མཆོག་གི་ཐུགས་རྗེས་རབ་མཆོག་ཐུབ་པའི་ཚོགས་ནི་སངས་རྒྱས་ལམ་ལ་བཀོད་ཅིང་ཤེས་རབ་དབང་བསྐུར་བ། །བྱིན་ནས་དང་པོའི་སངས་རྒྱས་ལས་ཕྱུང་རྒྱུད་ནི་མདའ་ཡི་ལེའུ་དུས་ཀྱི་འཁོར་ལོ་འདི་བསྟན་ཏེ། །འདིར་ནི་དཔལ་ལྡན་ཀ་ལཱ་བ་རུ་མི་ཡི་བདག་པོ་གྲགས་པའི་སྲས་པོ་པདྨ་དཀར་པོ་བདག །རྫོགས་པའི་སངས་རྒྱས་ཀྱིས་ནི་ལུང་བསྟན་རབ་ཏུ་དགའ་བའི་ཡིད་ཅན་དཔལ་ལྡན་གྲགས་པས་བསྐུལ་བ་ཡིས། །དཔལ་ལྡན་རྩ་བའི་རྒྱུད་གསལ་རྒྱུད་ཀྱི་རྒྱལ་པོ་ལ་ནི་རྡོ་རྗེའི་ཚིག་རྣམས་ཚོལ་བར་བྱེད་པ་ཡི། །རྒྱས་འགྲེལ་བྱས་ནས་ཕྱིན་པ་ལས་ནི་བསོད་ནམས་ཡང་ཤིང་ཤིན་ཏུ་དཀར་བ་གང་ཞིག་ཐོབ་གྱུར་པ། །དེ་ཡིས་འཇིག་རྟེན་མཐའ་དག་རྡོ་རྗེ་ཅན་གྱི་ལམ་ཐོབ་སངས་རྒྱས་རབ་ཏུ་ཐོབ་པར་ཤོག །བསྡུས་པའི་རྒྱུད་ཀྱི་རྒྱལ་


DTG012_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་སོ་མ་ནཱ་ཐ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང༌། དཔོན་ཆེན་ཤཱཀྱ་བཟང་པོའི་གསུང་བཞིན་དུ་མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང༌། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆལ་དཔྱད་ཅིང་ལེགས་པར་བསྐུལ་ཏེ་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །གང་གི་ཐུགས་དགོངས་རྣམ་པར་དག་པ་ཡིས། །འདི་ལ་བསྐུལ་ཞིང་མཐུན་རྐྱེན་སྒྲུབས་པ་དང༌། །བདག་གིས་འབད་ལས་བསོད་ནམས་གད་ཐོབ་དེས། །ཀུན་གྱིས་འདི་རྟོགས་སངས་རྒྱས་སར་གནས་ཤོག །སླར་ཡང་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དང༌། དཔལ་ལྡན་དུས་ཀྱི་འཁོར་ལོ་པ་ཆེན་པོ་དྷ་རྨ་ཀཱི་རྟི་ཤྲཱི་བྷ་དྲ་ས། འདིའི་དོན་རྣམས་ལེགས་པར་དགོངས་ཤིང་བཀའ་ཡིས་བསྐུལ་ནས་དེ་དག་གི་གསུང་བཞིན་དུ། །པཎྜི་ཏ་ཆེན་པོ་སྠི་ར་མ་ཏིའི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་རིག་པ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་གྲོས་རྒྱལ་མཚན་དང༌། བློ་གྲོས་དཔལ་བཟང་པོས། རྒྱུད་དང་འགྲེལ་པའི་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དེ་ལྟར་གསུང་རབ་རྒྱ་མཚོའི་ངེས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དང་འགྱུར་མེད་མཆོག་གི་བདེ་ཆེན་དུ། །ལེགས་སྟོན་དུས་ཀྱི་འཁོར་ལོར་འབད་པའི་དགེ་བ་གད་ངེས་འགྲོ་བ་ཀུན། །གཞུང་འདི་རྟོགས་ཤིང་ལམ་དེར་ཞུགས་ནས་འབྲས་བུ་དེ་ཉིད་མྱུར་ཐོབ་ཤོག།། །།


previousབཞི་པ། ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ།no next