Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག།  དུས་ཞབས་པས་མཛད།
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག། དུས་ཞབས་པས་མཛད།next

དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག།
དུས་ཞབས་པས་མཛད།


DTG014_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲ་མཎྜལ་བྷི་དྷིཿ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གི་གསུང་གི་འོད་ཟེར་གྱིས། །སྙིང་གའི་པདྨ་ཁ་འབྱེད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །དཀྱིལ་འཁོར་ཆོ་ག་དབྱེ་བར་བྱ། །ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱིས། །སྔོན་དུ་བསྙེན་པ་བྱས་ནས་སུ། །སྡོམ་ནི། དཀྱིལ་འཁོར་ཡང་ནི་རྣམ་པ་གཉིས། །ལྷག་གནས་དང་ནི་མཆོད་པའོ། །ལྷག་གནས་ལ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་ནོ། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་པོ། །སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་ལག་ལ་སོགས་ཐུན་མོང་ངོ༌། །དང་པོར་སློབ་དཔོན་བརྟག་པ་ནི། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེའི་ཐེག་པ་དང་པོར་ཞོན། །དེ་ཉིད་ཁྱབ་ཅན་ཆགས་པ་མེད། །དྲི་མ་དང་ནི་རྣམ་པར་བྲལ། །བཟོད་དང་ཚུལ་ཁྲིམས་དོན་འཇུག་པ། །སློབ་མ་རྣམས་ལ་བདེ་སྟེར་ཞིང༌། །དམྱལ་བ་ཡི་ནི་འཇིགས་སེལ་བ། །དེ་ཁོ་ན་ཡི་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེ་དབྱུག །དེ་ཡང་ས་ཡི་སྟེང་དུ་ནི། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །ཁྲོ་དང་ང་རྒྱལ་དང་ལྡན་ཞིང༌། །དམ་ཚིག་དང་ནི་རྣམ་བྲལ་བ། །རྫས་ལ་བརྐམ་ཞིང་མ་ཐོས་པ། །སློབ་མ་རྣམས་ནི་བསླུ་དོན་དུ། །


DTG014_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་བདེ་བའི་གོ་འཕང་དུ། །སེམས་ནི་ཉམས་དང་དབང་མ་བསྐུར། །ལོངས་སྤྱོད་ཆགས་ཤིང་མྱོས་པ་དང༌། །ཞེར་འདེབས་པ་ཡི་ཚིག་སྨྲ་ཞིང༌། །རང་དབང་དོན་དུ་འདོད་སྤྱོད་པ། །སློབ་མ་རྫོགས་བྱང་ཆུབ་དོན་དུ། །དམྱལ་བ་ལྟ་བུར་རྟོགས་པ་ཡིས། །དེ་ནི་སྤང་བར་བྱ་བ་ཡིན། །ཟབ་ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མ་མཉེས་པ་ལ་དགའ་ཞིང༌། །གཏོང་བའི་སེམས་དང་ཡོན་ཏན་ཆེ། །ཐར་པ་འདོད་ཅིང་རྒྱུད་ལ་དད། །སེམས་ནི་གཡོ་བ་མེད་པ་དང༌། །དེ་ཉིད་རྙེད་པ་དང་གསང་ཞིང༌། །གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །ཤིན་ཏུ་མཁས་པའི་བླ་མ་ཡིས། །སློབ་མ་དེ་ནི་གཟུང་བར་བྱ། །དེ་ནས་གསོལ་བ་གདབ་པ་ནི། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་དུས་ཀྱི་འཁོར་ལོ་བརྗོད། །དེ་ནས་ས་བསླང་བརྟག་པ་དང༌། །སྦྱང་དང་གཟུང་དང་སྤེལ་བ་དང༌། །དཔྱིད་འབྲིང་དཀར་ཚེས་ཉམ་ཐར་ཐུག། གཞན་ལ་ཕན་པའི་བླ་མ་ཡིས། །ས་བརྟག་ལ་སོགས་རིམ་པར་བྱ། །ནགས་སམ་གྲོང་རྡལ་ཁང་སྟོང་སོགས། །བྱང་དང་དབང་ལྡན་ཕྱོགས་སུ་ནི། །དཀར་པོ་ཞི་བ་རྒྱས་པ་དང༌། །ས་ལ་དྲི་ཞིམ་དང་ལྡན་པ། །ས་དང་ཆུ་ནི་བརྟགས་ནས་ནི། །བསླང་བ་གནང་དང་མི་གནང་དང༌། །སྦྱང་བ་པུས་མོ་ལྟེ་བ་དང༌། །རྐེད་པ་འཕང་དུ་བརྐོ་བར་བྱ། །ཡང་ན་རྔོའམ་ཆུར་ཐུག་པར། །ཟུག་རྡུ་སོལ་བ་བཅས་པར་རོ། །ས་ཡི་ཁོང་ན་ཡོད་པ་ནི། །འཆི་བ་ཡི་ནི་འཇིགས་པ་བྱེད། །གནས་དེ་རུ་ནི་སྦྱང་བ་ནི། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །དེ་ཡི་ཕྱིར་ན་སྦྱང་བར་བྱ། །ནོར་བུ་མཆིང་བུ་དུང་ཡོད་ན། རྣམ་པར་རྒྱལ་ཞིང་བདེ་བ་བྱེད། །དཀྱིལ་འཁོར་ས་གཞིའི་དོན་དང་ནི། །ཁང་བཟངས་དོན་དང་ཁྱིམ་དོན་དུ། །ངེས་པ་ཁོ་ནར་གསལ་བ་རུ། །མཆོད་སྦྱིན་ལ་སོགས་རྒྱུན་སྦྱང་བྱ། །རྫོགས་པ་ལ་ནི་སྦྱང་བྱ་ཞིང༌། །དེ་བཞིན་ས་ནི་གཟུང་བར་བྱ། །བུ་རྣམས་གཟུང་བ་ལ་ཡང་ངོ༌། །དེ་ཡང་ཤར་དང་བྱང་དུ་གཞོལ། །དབུས་ནི་མེ་ལོང་བཞིན་དུ་མཐོ། །བརྡུང་ཞིང་ལེགས་པར་བརྡུངས་ནས་སུ། །མཉམ་ཞིང་ཟུག་རྡུ་མེད་པར་བྱ། །དེར་ནི་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ལེགས་པར་བྱུག །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས། །གཟུང་ཞིང་བླ་རེ་ལ་སོགས་བྲི། །སྤོས་ཆུས་


DTG014_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བརླན་པའི་ལག་པ་ཡིས། །ཉེ་སྙིད་བཟླས་པས་ས་ལ་རེག །རྡོ་རྗེ་ཡི་ནི་རང་བཞིན་བསམ། །ལྷག་གནས་ཡན་ལག་ཆོ་གའོ། །དེ་ནས་དགོངས་ཀའི་དུས་སུ་ནི། །ཆུ་དང་མཆོད་ཡོན་དྲི་ཆབ་སྤོས། །མེ་ཏོག་དང་ནི་འབྲས་བུ་དང༌། །བསང་གཏོར་དང་ནི་མར་མ་དང༌། །ལྷ་བཤོས་གོས་དང་བཅུར་འགྱུར་ཏེ། །དུར་ཁྲོད་བརྒྱད་དང་བཅས་པ་ཡི། །འཇིག་རྟེན་པ་ལ་གཏོར་མ་དང༌། །ས་ཡི་ལྷ་མོའི་མཆོད་གཏོར་དང༌། །ཚོགས་འཁོར་ཇི་ལྟར་འབྱོར་བ་དང༌། །ན་བཟའ་ཉི་ཤུ་རྩ་ལྔ་དང༌། །བླ་རེ་བ་དན་མཎྜལ་དང༌། །སློབ་དཔོན་རྫས་བརྒྱད་ལྡན་པ་ཡིས། །ཡན་ལག་བཞི་པའི་སྒྲུབ་ཐབས་བཞིན། །རིམ་པ་བཞིན་དུ་བསྒོམས་ནས་ནི། །མཎྜལ་སྟེང་གི་དྲི་ཐིག་ལེ། །མེ་ཏོག་བཀྲམ་ལ་ཁྲོ་བོ་ནི། །འདོད་པའི་རྒྱལ་པོ་ས་ལྷ་མོ། །སེར་མོ་ཕྱག་གཉིས་བུམ་པ་ཐོགས། །རོ་སྟོད་ས་ནས་འཐོན་པ་ནི། །བཀུག་ནས་མཆོད་ཡོན་ཞབས་བསིལ་དབུལ། །དམ་ཚིག་ཕྱག་རྒྱ་བརྟན་ནས་སུ། །བསྟོད་དང་གསོལ་བ་གདབ་པར་བྱ། །ལྷ་ཡི་དབང་པོ་ལྷན་ཅིག་པའི། །བདུད་སྡེ་རྒྱལ་བས་བཅོམ་པ་ཡི། །དཔང་པོར་ལྷ་མོ་ཁྱོད་ནི་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ། །ལྷ་ཡི་མཆོག་གིས་ཕྱག་བྱས་པ། །བདག་གི་མཆོད་པ་འདི་བཞེས་ཤིག །ཇི་ལྟར་རྒྱལ་བས་བྱང་ཆུབ་ཕྱིར། །བདུད་ཀྱི་སྡེ་ནི་མི་བཟད་པ། །སྟོབས་དང་ལྡན་པས་བཅོམ་པ་ལྟར། །སློབ་མ་རྣམས་ནི་དབང་བསྐུར་ཕྱིར། །དེ་བཞིན་དུ་ནི་བདག་གིས་ཀྱང༌། །བདུད་ཀྱི་སྡེ་ནི་གཞོམ་པར་བགྱི། །གང་ཡང་ཕྱོགས་བཅུའི་སངས་རྒྱས་དང༌། །དྲི་མདག་དང་བྲལ་བ་ཡི། །བྱང་ཆུབ་སེམས་དཔའ་མ་ལུས་པ། །དེ་རྣམས་ཉིད་ཀྱིས་བསྐྱང་བར་མཛོད། །དཀྱིལ་འཁོར་དབང་བསྐུར་བ་ཡི་ཕྱིར། །མཆོག་གི་སྙིང་རྗེས་བསྐྱང་བར་མཛོད། །དེ་རྣམས་ཀུན་ལ་གསོལ་བཏབ་ནས། །དེ་ནས་རྣམ་བཅུའི་མཆོད་པ་དང༌། །གཏོང་མ་ཕུལ་ལ་གཤེགས་སུ་གསོལ། །དེ་ནས་སྒྲུབ་པའི་གྲོགས་ཀྱིས་སུ། །རིགས་དྲུག་གི་ནི་བསྟོད་པས་བསྟོད། །སེང་ལྡེང་མཁྲང་བའི་རང་བཞིན་གྱི། །ཕུར་བུ་བདུད་རྩི་འཁྱིལ་པར་བསྐྱེད། །སྐུད་གདགས་ཕུར་པའི་གསང་སྔགས་བཟླས། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་སྙིང་གར་བསྡུ་བར་བྱ། །རྐང་གཉིས་ཧཱུཾ་ལས་རྡོ་རྗེ་དང༌། །


DTG014_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཏུ་ཉི་མ་ཟླ་བ་བསམ། །ལངས་ནས་དཀྱིལ་འཁོར་དབུས་འདུག་སྟེ། །ཁྲོ་བོའི་དབྱངས་ཀྱིས་བསྟོད་པ་བྱ། །དེ་ནས་བགེགས་ལ་བཀའ་བསྒོ་བྱ། །གསང་བའི་རྒྱུད་ལས་འབྱུང་བ་ཡི། །སྟང་སྟབས་ཇི་ཙམ་ནུས་པ་བྱ། །དེ་ནས་བསྲུང་བའི་འཁོར་ལོ་ནི། །དཔལ་ཀྱེ་རྡོ་རྗེ་ཕྱོགས་ཀུན་ནས། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པ་ནི་ངེས་པར་བསྲེག །རྡོ་རྗེ་གསུམ་གྱི་ར་བ་གསུམ། །ས་ཡིས་འཁོར་བར་སོང་བ་ཡི། །ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པ་བརྩེགས་མ་ཡིན། །དབུས་སུ་འདམ་སྐྱེས་ཉི་མའི་ཁྲུ། །ལྟེ་བ་དང་ལྡན་གདན་ལ་ནི། །དུས་དང་ལག་པའི་ཁྲུ་རུ་འགྱུར། །དེ་ཡི་སྟེང་དུ་བདག་ཉིད་ནི། །དྲེ་མ་དང་ནི་བྲལ་བ་ཉིད། །འཁོར་ལོའི་དབུས་སུ་ཁྲོ་དབང་པོ། །ཕྱག་ནི་རྒྱལ་བ་གཉིས་ལྷག་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེའི་ཤུགས། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱི་ནས་འཁོར་ལོ་རྩིབས་བཅུ་པ། །ཕྱོགས་དང་མཚམས་སུ་སོང་བ་ཡི། །ཁྲོ་མོའི་ཚོགས་ནི་བསྒོམ་པར་བྱ། །དེ་ནས་སྔར་གྱི་ཕུར་བུ་ནི། །སྔགས་ཀྱིས་ཕྱོགས་མཚམས་སྟེང་འོག་གདབ། །དེ་ལ་དྲི་དང་བདུག་པ་བྱ། །ལྷག་གནས་སྔོན་དུ་འགྲོ་བའོ། །དེ་ནས་དྲི་ཡི་ཆུ་དང་ནི། །བ་ཡི་རྣམ་ལྔའི་སྐྱང་ནུལ་བྱ། །ཐིག་ལེ་ཉི་ཤུ་རྩ་ལྔ་དང༌། །མེ་ཏོག་ཚོམ་ཡང་དེ་མཉམ་བྱ། །དེ་ནས་རང་གནས་ལྷ་གནས་པའི། །རྣལ་འབྱོར་པས་ནི་སྙིང་ག་ནས། །དཀྱིལ་འཁོར་ལ་ནི་སྤྲུལ་པར་བྱ། །དེ་ནས་དེ་ལ་ཆོ་ག་དང༌། །ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ། །དབང་བསྐུར་ནས་དེ་དགུག་གཞུག་བྱ། །དེ་ནས་ཆང་དང་བདུད་རྩི་དང༌། །མཆོད་པ་རྣམ་པ་བཅུ་པོ་དང༌། །བསྟོད་པ་རྣམ་པ་དུ་མ་དང། །ན་བཟའ་ཅི་འབྱོར་དབུལ་བར་བྱ། །གོ་ཆའི་སྔགས་ཀྱིས་བསྲུངས་ནས་ནི། །གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་བརྟན་གཡོའི་བདག་པོ་ནི། །བཅོམ་ལྡན་དུས་ཀྱི་འཁོར་ལོ་གཙོ། །སྣ་ཚོགས་ཡུམ་གྱིས་མགུལ་ནས་འཁྱུད། །ཉི་ཤུ་རྩ་ལྔ་པ་ཡི་འཁོར། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པའི། །ནང་པར་དཀྱིལ་འཁོར་བྲི་བར་བགྱི། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ལྷ་ནི་ལྷག་བྱས་ནས། །བུམ་པ་ལྷག་པར་གནས་


DTG014_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་ཡང་རྣམ་རྒྱལ་བུམ་པ་ནི། །རྒྱ་རུ་བརྒྱད་གཉིས་སོ་སོར་གསུམ་པ། །དཔངས་སུ་སོར་ཚད་བཅུ་ཕྲག་གཉིས། །མཆུ་ནི་སོར་གཉིས་སྐེ་སོར་དྲུག །ཤེལ་ལམ་དངུལ་གྱི་བུམ་པ་ནི། །རི་བོང་འཛིན་པ་ལྟར་དཀར་བ། །ཡང་ན་ཐ་མལ་བུམ་པ་ནི། །འབྲས་ལ་སོགས་པས་ཁ་དོག་བསྒྱུར། །བུམ་པ་རྣམ་པ་བཅུ་ལ་ནི། །རིགས་ཀྱི་མཚན་མ་རྣམས་བཀོད་ལ། །སྨན་དང་འབྲུ་རྣམས་གཞུག་པ་ནི། །དྲི་ཡི་སྨན་གྱི་རེ་མིག་ཏུ། །རིམ་པ་བཞིན་དུ་སྨན་གྱི་གྲངས། །མིག་དང་ཟླ་བ་ལ་སོགས་ཆས། །ཚངས་མ་ལ་སོགས་ལྔ་ལྔ་ལ། །ཚངས་མ་ཁྱབ་འཇུག་མ་དྲག་མོ། །དབང་ཕྱུག་མ་དང་དབང་ཆེན་མོ། །དཔང་མོ་དཔལ་མོ་ཕག་མོ་དང༌། །གཞོན་ནུ་མ་དང་རྒན་བྱད་མ། །ས་མོ་ཆུ་མོ་མེ་མོ་དང༌། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང༌། །ཚ་མོ་རང་རྨོངས་མ་དེ་བཞིན། །བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེའུ་རིགས་མོ་དང་དམངས་རིགས་མོ། །གཡུང་མོ་དེ་བཞིན་ཤེས་བར་བྱ། །སྨན་འདི་ཡིས་ནི་དངོས་གྲུབ་ཆེ། །སྤྱོད་དང་གྲོལ་བ་རབ་ཏུ་སྟེར། །འབྲས་དང་མོན་སྲན་གྲེའུ་དང༌། །མོན་སྲན་དཀར་དང་ཙནད་ན་དཀར། །ཏིལ་ནག་ལྔ་པ་དང་པོ་ཡིན། །ཀྲོ་ཏྲ་འབྲས་སྔོན་སྲན་མ་དང༌། །ཏིལ་དཀར་གྲོ་ནི་གཉིས་པ་ཡིན། །མུ་ཏྲ་ཡུ་ཏྲི་པུ་ཡུངས་སྨུག །ནས་སྲན་མ་ཤ་གསུམ་པ་ཡིན། །སྲན་ཆུང་ཡུངས་ཀར་དཀར་པོ་དང༌། །ཀ་ཀུན་ཏྲི་བི་ཀ་ར་དང༌། བ་ར་ཙི་ཀ་བཞི་པ་ཡིན། །ཨ་ཏ་ཤི་དང་པར་ཏི། །བ་ལ་རྒྱ་སྲན་ཙནྡན་ནག །དེ་ནི་ལྔ་པར་བཀོད་པ་ཡིན། །དེ་ནས་རིན་པོ་ཆེ་ཡི་རིགས། །བྲམ་ཟེ་རྒྱལ་དང་རྗེ་དམངས་དང༌། །མཐར་སྐྱེས་རིགས་ཀྱི་རྡོ་རྗེའོ། །དེ་ནས་ཨིནྡྲ་བར་ཀ །ཆུ་ཤེལ་ཀེ་ཀེ་རུ་མ་རྒད། །དང་པོའི་ལྔ་ཚན་བསྟན་བ་ཡིན། །ལྕགས་དང་གསེར་དངུལ་ཟངས་ཁྲོ་ཆུ། །ཁབ་ལེན་ལྔ་ཚན་གཉིས་པ་ཡིན། །མུ་ཏིག་བྱུ་རུ་མཐིང་ཤིང་དང༌། །ཀ་ཤ་མ་ནི་ཤད་ཨ་རུ། །ལྔ་ཚན་གསུམ་པར་བཀོད་པ་ཡིན། །ཡུ་ཛ་ཛ་པ་ཛཱ་ཏི་དང༌། །དོ་བ་རི་ག་འབའ་ཧ་རི་ཏ། །ལྔ་ཚན་བཞི་པར་བཀོད་པ་ཡིན། །ལྔ་པ་འཁོར་ལོས་སྒྱུར་བ་ཡིན། །ལྷ་ཀླུའི་ནོར་བུ་ཁ་དོག་ལྔའོ། །འབྱོར་བ་མེད་ན་ཁ་དོག་ལྔ། །མེ་ཏོག་ལྔ་ནི་གཞུག་པར་བྱ། །ལྗང་གུ་རྣམ་རྒྱལ་བུམ་པར་གཞུག །སྔོན་པོ་


DTG014_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་རྣམ་རྒྱལ་ལ། །ནག་པོ་ཤར་མེའི་བུམ་པར་རོ། །དམར་པོ་ལྷོ་དང་བདེན་བྲལ་ལོ། །དཀར་པོ་བྱང་དང་དབང་ལྡན་དུའོ། །སེར་པོ་ནུབ་དང་རླུང་དུའོ། །ཐམས་ཅད་ཆ་དབྱེས་བཅུག་ནས་ནི། །རིགས་མཐུན་གོས་ཀྱིས་མགྲིན་པ་བཅིང༌། །གཡས་སུ་པདྨའི་སྟེང་བཞག་ནས། ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསམ། །དེ་ནས་ཧཾ་ལས་གཞལ་ཡས་ཁང༌། །བཾ་ལས་འོ་མའི་རྒྱ་མཚོ་བསྐྱེད། །ཧྲཱིཿ་ལས་པདྨ་འདབ་བརྒྱད་ལ། །ཧཱུཾ་ལས་ལྷ་རྣམས་བསྐྱེད་པར་བྱ། །ཆོ་ག་གོང་མ་འདྲ་བ་ལས། །ནག་པོར་ཤར་གྱི་ལྷ་ཚོགས་བསྐྱེད། །གཞན་ཡང་དེ་བཞིན་ཤེས་པར་བྱ། །དེ་ནས་བགེགས་བསྐྲད་ཡེ་ཤེས་དགུག །དབང་བསྐུར་ཡིག་གསུམ་བྱིན་བརླབས་ལ། །མཆོད་བསྟོད་གོང་མ་བཞིན་དུ་བྱ། །ཚོན་སྐུད་བུམ་པའི་སྟེང་བཞག་ནས། །ཐུན་གཅིག་པར་དུ་བཟླས་པར་བྱ། །དེ་ནས་བུམ་པ་བསྡུས་ནས་སུ། །གོས་ཀྱིས་བཀབ་ནས་ཞལ་བཞིས་བསྲུང༌། །དེ་ལྟར་བུམ་པ་ལྷག་གནས་ནས། །སྦྱིན་སྲེག་ལྷག་པར་གནས་པར་བྱ། །གྲོང་ཁྱེར་གྱི་ནི་དབུས་ཉིད་དང༌། །བྱང་དང་དབང་ལྡན་མཚམས་སུའོ། །ཐག་ཁུང་ཁྲུ་གང་ཟླུམ་པོ་ལ། །ཟབས་སུ་ཁྲུ་ཕྱེད་བརྐོ་བར་བྱ། །མཆུ་ནི་ཐབ་ཁུང་བཅུ་གཉིས་ཆ། །དེ་ཡི་ཉིས་འགྱུར་ཁ་ཁྱེར་རོ། །ཁ་ཁྱེར་དཔངས་ལ་མཆུ་ཡི་ཕྱེད། །ནང་དུ་པདྨ་འདབ་མ་བརྒྱད། །ཚོན་རྩི་དཀར་པོས་བྲི་བར་བྱ། །ཕྱི་རོལ་པདྨའི་འདབ་མ་ལ། །ཀུ་ཤ་ཡིས་ནི་དགྲམ་པར་བྱ། །དེ་ཡི་མཐའ་ཡི་ནུབ་ཏུ་ནི། །ངེས་པ་ཁོ་ནར་བྱ་བ་ནི། །རབ་གསུམ་ལ་སྒོ་གཅིག་པ། །སློབ་དཔོན་གྱི་ནི་བདག་ཉིད་ནི། །མཉམ་པ་ཁོ་ནར་བྱ་བ་ཡིན། །སྔར་གསུངས་མཆོད་པ་བཅུ་པ་ནི། །རིམ་པ་བཞིན་དུ་བཤམ་པར་བྱ། །ནྱ་གྲོ་དྷ་དང་འོ་མ་ཅན། །བསྲེག་པའི་ཤིང་ནི་མདའ་ཡི་བརྒྱ། །ཏིལ་དང་ཡུངས་ཀར་ལ་སོགས་དང༌། །དཱུར་བའོ་མ་ལ་སོགས་དང༌། །ནས་གྲོ་མ་ཤ་ཞུ་བའི་རྫས། །བིལ་བ་ཏ་རྐ་ཛཱ་ཏི་དང༌། །འབྲས་བུ་ཨུ་དུ་མྺཱ་རའི་ཤིང༌། །ནགས་ཀྱི་ལྕུག་མ་ལ་སོགས་དང༌། །ཤེལ་ཕྲེང་གསེར་དང་གོས་དང་ནི། །ཤ་ལྔ་བདུད་རྩི་ལྔ་དང་ཆང༌། །ཚོགས་ཀྱི་འཁོར་ལོའི་རྫས་རྣམས་བསགས། །དེ་ནས་དེ་རྗེས་ཉིད་ལ་ནི། །དག་པ་རྣམ་གསུམ་བྱ་བ་ནས། །ཡན་ལག་བཞི་པ་གཞུང་བཞིན་བསྒོམ། །སྙིང་གར་སྔགས་རྣམས་ཀུན་བཀོད་ནས། །


DTG014_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་མེས་ནི་སྡིག་པ་སྦྱང༌། །རང་ཉིད་དཀྱིལ་འཁོར་བར་སྣང་དུ། །བཞག་ནས་ཁམས་གསུམ་སྟོང་པར་བསམ། །བེ་རམ་ལ་སོགས་རི་རབ་ལ། །ཐུག་པ་རིམ་པ་བཞིན་དུ་བསྐྱེད། །དེ་དབུས་བྷཱུཾ་ལས་མེ་ཐབ་ཀྱི། །འཁོར་ལོ་རིམ་པ་བཞིན་བསམས་ནས། །དེ་དབུས་རེ་ལས་མེ་དཀྱིལ་འཁོར། །གྲུ་གསུམ་པ་ནི་བསམ་པར་བྱ། །དེ་དབུས་བཾ་ལས་ཆུ་དཀྱིལ་འཁོར། །ཟླུམ་པོ་དབུས་སུ་མེ་དཀྱིལ་འཁོར། །དབུས་སུ་རང་གི་མཚན་མ་བསམ། །ཟུར་གསུམ་ལ་ནི་ཡིག་གསུམ་བསམ། །ལོགས་སུ་ཧི་ཡི་ཡི་གེ་བསམ། །དེ་རྣམས་གྱུར་ལས་མེ་ལྷ་ནི། །ཞལ་གཅིག་ཕྱག་གཉིས་མདོག་དཀར་བ། །གཡོན་པ་ཐབ་ཁུང་པདྨའོ། །གཡས་ན་བགྲང་ཕྲེང་དབྱུག་པའོ། །བཟང་པོ་སེར་སྐྱ་རལ་བ་ཅན། །སྤྱན་ནི་སེར་སྐྱ་ན་བཟར་བཅས། །ཟླ་བའི་སྟེང་དུ་བསྒོམ་པར་བྱ། །དེ་ལྟར་དམ་ཚིག་བསྐྱེད་ནས་ནི། །ཁྲོ་བོ་ལྷ་མོས་བསྲུང་ནས་ནི། །དྲི་ཡི་ཆུས་ཀྱང་བསང་བར་བྱ། །དེ་རྗེས་མེ་ལྷ་སྤྱན་དྲངས་ཏེ། །མེ་ལྷ་སྤྱན་དྲང་ཕྱག་རྒྱ་དང༌། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཤི་ཏེ་ཛ་མ་ནུ་རྀ་ཥི་ཧི་ཏྭ་ཨུཏྟ་མ་ཧཱ་རསྨི་ཧི་ཏོ་བྷ་བེ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། །ཆུ་དང་བཅས་པའི་མེ་ཏོག་གི །མཆོད་ཡོན་ཉིད་ནི་མེ་ལྷ་ལ། །དེ་ཡི་སྦྱོར་དང་ལྡན་པས་སྦྱིན། །བསྟོད་པ་ཡང་ནི་བྱས་ནས་སུ། །ཛཿ་དང་ལྕགས་ཀྱུའི་ཕྱག་རྒྱས་དྲངས། །ཧཱུཾ་དང་རྡོ་རྗེ་ཡིས་ནི་གཞུག །བཾ་དང་ཞགས་པའི་ཕྱག་རྒྱས་བཅིང༌། །ཧོཿ་དང་དྲིལ་བུས་དགྱེས་པར་བྱ། །དེ་ནས་བུམ་པས་དབང་བསྐུར་ལ། །སྣང་བ་མཐའ་ཡས་དབུ་ལ་བསམ། །དེ་ནས་མཆོད་ཡོན་དབུལ་བ་ནི། །ཨོཾ་པྲ་བ་ར་སཏྐཱ་ར་མ་ཧཱ་ར་སྨི་པྲཏཱི་ཙྪ་སྭཱ་ཧཱ། ཨརྩ་མ་ན་པ་ཏཱིཙྪ་སྭཱ་ཧཱ། བཛྲ་དྷཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་བུཥྤ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་དཱི་པ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་ནཻ་བི་དྱེ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་ལཱ་སྱ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་ཧཱ་སྱ་པྲ་ཏཱི་ཙྪ་སྭཱཧཱ། །བཛྲ་བཱ་ད་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་གཱི་ཏཱི་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་ཀཱ་མེ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་ཡང་གསུང་པ། མེ་ནི་རྣམ་པ་གསུམ་ཡིན་ཏེ། །ཀུན་བསྲེག་ཁྱིམ་བདག་ཡོན་གྱི་མེ། །ཁྱིམ་བདག་ཟླ་བའི་ལྕེ་ལ་ནི། །ཨོཾ་ཨ་ན་ལ་སརྦ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷས་མིཾ་ཀུ་རུ་སརྦ་ཛ་ན་དུ་ཥྚཱ་ན་ཧཱུཾ་ཕཊ། མེ་ནི་གསོ་ཕྱིར་དགང་བླུགས་སྦྱིན། །དེ་ནས་བགེགས་ནི་བརྟག་པར་བྱ། །ཙེག་ཙེག་སྒྲ་དང་རོ་ཡི་དྲི། །བ་ལང་མ་གོ་སོགས་མི་


DTG014_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི། །མཚན་མ་ཡིན་པར་ཤེས་པར་བྱ། །གདུགས་དང་དཔལ་བེའུ་ཆུ་ཤེལ་དང༌། །དྲི་ཞིམ་མཚན་མ་སོགས་ཞེས་བྱ། །མི་ཤིས་པ་ནི་ཕྱིར་བཟློག་བྱ། །མཆོད་སྦྱིན་གྱི་ནི་ལག་པ་ཡིས། །མཐེ་བོང་གིས་ནི་མེ་ཡི་ཁར། །རྡོ་རྗེ་ཡན་ལག་ཕུང་སོགས་ཀྱང༌། །བསྲེག་པ་རུ་ནི་རབ་ཏུ་བྱ། །ཨོཾ་ཨཱཿ་ཧཱུཾ་ཧོ་ཧཾ་ཀྵཿ་སྭཱ་ཧཱ། ཧུཾ་ཧཱུཾཿ་ཧྲི་ཧྲི་ཧྲི་སྭཱ་ཧཱ། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ་སྭཱ་ཧཱ། ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ་སྭཱ་ཧཱ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ་སྭཱ་ཧཱ། དེ་རྣམས་འོད་ལ་དབུལ་བར་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ནི་ཞལ་དུ་དབུལ་བར་བྱ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། འབྲས་ཆན་ཞལ་དུ་དབུལ་བར་བྱ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་དྱུ་ཥེ་སྭཱ་ཧཱ། ཀུ་ཤ་དཱུར་བ་སྤྱི་གཙུག་ཏུའོ། །ཨོཾ་མ་ཧ་ཧཱ་བེ་གེ་སྭཱ་ཧཱ། ཨོཾ་བཛྲ་གྷ་སྨ་ར་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛཱ་ཡ་སྭ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་མུ་ཏ་ཡེ་སྭཱ་ཧཱ། ནས་དང་གྲོ་དང་སོ་བ་དང། །མ་ཤ་འབྲས་ནི་ཞལ་དུའོ། །འོ་མ་ལ་སོགས་ཞུ་བའི་རྫས། །མེ་ཡི་སྔགས་ཀྱིས་ཞལ་དུའོ། །ཨོཾ་མ་ཧཱ་ཤེ་པཱ་ཡ་སྭཱ་ཧཱ། བིལ་བ་དང་ནི་སྟ་རྐའོ། །དྲི་ནི་ཐུགས་ཀ་མེ་ཏོག་དབུ། །སྤོས་ནི་འོད་ལ་མར་མེ་བདུན། །མཆོད་ཡོན་འཐོར་འཐུང་ཕྱག་ཏུའོ། །བདུད་རྩི་ཞལ་དང་རིན་ཆེན་དབུ། །ཕྲེང་བ་ཕྱག་དང་སྐུ་ལ་སོགས། །དེ་ལྟར་མེ་ལྷ་མཆོད་ནས་ནི། །མེ་ནི་གསང་ལ་འོད་དུ་ཞུ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི། །འཁོར་ལོ་ཆོ་ག་བཞིན་དུ་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་བསྟོད་དགུག་གཞུག་གོ་བསྐོན་ནས། །དབང་བསྐུར་ནས་ནི་སྔོན་བཞིན་དུ། །སྦྱིན་སྲེག་རྒྱས་པར་དབུལ་བེར་བྱ། །ཚོགས་ཀྱི་འཁོར་ལོ་རྒྱས་པ་ཡང༌། །ཡེ་ཤེས་མེ་ལ་དབུལ་བར་བྱ། །དེ་ནས་ཁྱད་པར་སྦྱིན་སྲེག་ནི། །ཨོཾ་བྷུར་བྷུ་བ་སྭཱཿ། ན་མོ་དེ་བེ་བྷྱཿ་སྭ་སྟི་པྲ་ཛཱ་བྷྱཿ་སྭཱ་ཧཱ། རཱ་ཛ་བྷྱ་སྭཱ་ལཾ་པྲ་ཏི་བྷྱཿ་ཨཱ་ལཾ་བྷུ་དེ་བྷྱཿ་བ་ཥ་ཊ་ཨིནྡྲ་ཡ། འབྲས་ཁྲོལ་ཆུ་དང་བཅས་པ་ཡི། །ཇི་ཙམ་ནུས་བའི་སྦྱིན་སྲེག་བྱ། །སླར་ལ་འབྲས་བསྲེག་ཕྱིར་དོར་ལ། །མེ་ལྷའི་སྙིང་གར་ཡེ་ཤེས་མེ། །གཉི་ག་གསལ་བར་དམིགས་ནས་ནི། །གོང་བཞིན་སྦྱིན་སྲེག་རྒྱས་པར་བྱ། །དྲི་དང་སྤོས་ཀྱང་གོང་བཞིན་སྦྱིན། །དེ་ནས་རང་གི་སྙིང་ག་རུ། །དཀྱིལ་འཁོར་པ་ནི་གཤེགས་སུ་གསོལ། །རྫས་ཀྱི་ལྷག་མ་


DTG014_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་ནི། །མེ་ལྷ་ལ་ནི་སྦྱིན་སྲེག་བྱ། །དེ་ནས་ཡོན་བདག་གཡོན་དུ་གཞག །མེ་ལྷའི་ཞབས་དྲུང་ཐལ་བ་ཡིས། །དཔྲལ་བར་ཐིག་ལེ་བྱས་ནས་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་པ་མཆོག་གི་སྲས། །མེ་ལྷའི་རྒྱལ་པོར་ཡོངས་སུ་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རང་གི་པདྨའི་སྙིང་ག་རུ། །ཡེ་ཤེས་མེ་ནི་གཤེགས་སུ་གསོལ། །ཨོཾ་ཛཿ་གཙྪ་གཙྪ་སྭཱ་ཧཱ། རསྨི་སརྦ་སཾ་ཏྲི་བ་ཏོ་ཧོ་པུ་ན་ར་ག་མི་ཤ་སི་དི་པ་སྱེ་ཡདྷ་ཏྲཱ་ན་ཡ་མི་སྭཱ་ཧཱ། དམ་ཚིག་གདན་རྣམས་རིམ་བཞིན་ཐིམ། །དེ་ལྟར་ལྷག་གནས་བྱས་ནས་ནི། །ཆོ་གས་གཏོར་མ་ལྷག་གནས་བྱ། །དེ་ལྟར་གཏོར་མ་ལྷག་བྱས་ནས། །གཞན་དོན་སློབ་མ་ལྷག་གནས་བྱ། །སྣོད་ལྡན་སློབ་མ་ཁྲུས་བྱས་ཏེ། །གཙང་མའི་གོས་བགོ་མཎྜལ་བྱ། །མེ་ཏོག་ཐོགས་ལ་གསོལ་བ་གདབ། །ཕྱག་འཚལ་ལ་སོགས་བདུན་བོ་དང༌། །སྔོམ་པ་གསང་བ་བླ་མེད་སྦྱིན། །དེ་ནས་སྨོན་ལམ་གདབ་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང༌། །བླ་མ་ཡང་ནི་སྤྱི་བོ་རུ། །གཟུང་བར་བགྱིའོ་རྡོ་རྗེ་ཡི། །རིན་ཆེན་གྱིས་ནི་སྦྱིན་པ་སྦྱིན། །རྒྱལ་བ་མཆོག་གི་དམ་ཚིག་ནི། །བསྐྱང་བར་བགྱིའོ་འཁོར་ལོ་ཡི། །རལ་གྲི་ཡིས་ནི་མཆོད་པར་བྱ། །ཆུ་ལས་སྐྱེས་པའི་རིགས་ཀྱིས་ནི། །སྡོམ་པ་ཡང་ནི་སྦྱིན་པར་བྱ། །སེམས་ཅན་རྣམས་ནི་གྲོལ་བའི་རྒྱུར། །རྒྱལ་བ་བསྐྱེད་པའི་རིགས་ཀྱིས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཀུན་རྫོབ་དོན་དུ་བརྟུལ་ཞུགས་རྣམས། །རབ་མཆོག་གིས་ནི་ལམ་སོང་བ། །དེ་བཞིན་དེ་རྣམས་སྦྱིན་པར་བྱ། །འཚེ་དང་བརྫུན་སྨྲ་གཞན་བུད་མེད། །གཞན་ནོར་དེ་བཞིན་ཆང་འཐུང་སྤང༌། །སྡིག་པ་ལྔ་པོ་འདི་དག་ནི། །འཁོར་པར་རྡོ་རྗེ་ཞགས་པ་སྟེ། རང་གི་རིགས་ནི་འཇོམས་པར་བྱེད། །གང་ཞིག་གང་གི་དུས་སུ་ནི། །སུམ་ཅུ་པ་དང་མིའི་བླ་མ། །དེ་ཡི་མིང་གིས་སྦྱིན་པར་བྱ། །སྣ་ཚོགས་བདག་པོའི་བཀའ་འདི་ནི། །སྲིད་པ་ཡི་ནི་འཇིགས་འཇོམས་པ། །ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་བསད་ཟས་ཁ་ན་མ་ཐོར་བཅས། །ཆིག་ནི་ངན་པར་སྨྲ་བ་དང༌། །འབྱུང་པོ་ལྷ་དང་ལྷ་མིན་ཆོས། །བ་ལང་བུད་མེད་སྐྱེས་པ་རྣམས། །སུམ་ཅུ་བ་དང་མིའི་བླ་མ། །ལྔ་ནི་བསོད་ནམས་མི་བྱའོ། །སུམ་


DTG014_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་པ་དང་མིའི་བླ་མ། །དགེ་འདུན་དང་ནི་སངས་རྒྱས་དང༌། །ཡིད་ཆེས་པ་དང་བྱང་ཆུབ་དང༌། །གྲོགས་དང་དཔོན་ལ་འཁུ་མི་བྱ། །དབང་པོ་རྣམས་ནི་ཆགས་མེད་བྱ། །འདི་ནི་སྲིང་པའི་བདག་པོ་ཡི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔའོ། །བརྒྱ་ལ་གཡོ་སྒྱུའི་དབང་གིས་ནི། །རྩ་བའི་ལྟུང་བ་བྱུང་གྱུར་ན། །དམྱལ་བ་ཡི་ནི་སྡུག་བསྔལ་མྱོང༌། །བུ་ཡི་རྩ་བའི་ལྟུང་བ་ནི། །དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང༌། །རི་བོང་འཛིན་པ་ཉིད་དུ་འགྱུར། །དེ་ཡི་བཀའ་ལས་འདས་པ་གཞན། །གཉིས་པ་ཉིད་ནི་དེ་བཞིན་དུ། །སྤུན་ལ་ཁྲོ་བ་གསུམ་པའོ། །བྱམས་པ་དོར་བ་ལྔ་རུ་འགྱུར་གྲུབ་པའི་མཐའ་སྨོད་དྲུག་པའོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྟོན་པ་གཞན་བས་རིང༌། །ཕུང་པོ་ཉོན་མོངས་བརྒྱད་པར་འགྱུར། །དམ་པའི་ཆོས་ལ་མི་དད་པ། །སླར་ལ་ཡང་ནི་དགུ་བའོ། །རྒྱུ་ཡི་བྱམས་པ་ཕྱོགས་སུ་འགྱུར། །མིང་སོགས་བྲལ་བའི་བདེ་སྟེར་བ། །རྟོག་པ་དྲག་པོ་རུ་ནི་འགྱུར། །དག་པའི་སེམས་ཅན་ལ་སྐྱོན་བརྗོད། །ཉི་མ་རུ་ནི་འགྱུར་བ་ཡིན། །དམ་ཚིག་རྙེད་པ་འདོར་འདོད་པའོ། །བུད་མེད་ཀུན་ལ་སྨོད་པ་ནི། །ཡིད་ཉིད་ཀྱི་ནི་དགྲ་རུ་འགྱུར། །རྡོ་རྗེའི་ཐེག་ལ་གནས་རྣམས་ཀྱིའོ། །སློབ་མ་སྐད་ཅིག་ལྷར་བསྐྱེད་ནས། །སློབ་མ་ལ་ནི་བསྲུང་བྱ་སྟེ། །སྤྱི་བོ་སྙིང་ག་དེ་བཞིན་དུ། །སྤྱི་གཙུག་ལྟེ་བ་མགྲིན་པ་དང༌། །དཔྲལ་བ་གསང་བར་རྒྱལ་བ་སོགས། །གཉི་གའི་རིགས་སུ་སོང་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །ངེས་པར་བྱིན་གྱིས་བརླབ་པར་བྱ། །དེ་ལ་རྣམ་བཅུའི་མཆོད་པ་བཞིན། །སོ་ཤིང་དོར་དང་སྲུང་སྐུད་བཅིང༌། །བྱམས་པའི་གོ་བསྐོན་གཙུག་ཏོར་བསྐྱེད། །རྨི་ལམ་བརྟག་པའི་ཀུ་ཤ་སྦྱིན། །དེ་ནས་སློབ་མ་གཤེགས་སུ་གསོལ། །ཐིག་སྐུད་རྡོ་རྗེ་རྡུལ་ཚོན་ཉིད། །ཤར་དང་གཤིན་རྗེ་ཆུ་ལྷ་རུ། །བྱར་དུ་རྡོ་རྗེ་དྲིལ་བུའོ། །དེ་ནས་དཀྱིལ་འཁོར་སྙིང་གར་བསྡུ། །བདག་ཉིད་མ་ལ་སར་རྨི་ལམ་བརྟག །ངན་ན་ཕྱིར་བཟློག་ཆོ་ག་བྱ། །བཅུ་གཉིས་པ་ལ་ཐིག་གདབ་ཅིང༌། །འདོད་པ་ཡིད་ཀྱི་ཉི་མ་ལ། །དཔལ་གྱི་རྡུལ་ཚོན་ཉིད་ནི་བྲི། །ཉལ་དབང་རྣམས་རྫོགས་པར་ནི། །མཆོག་གི་བླ་མས་སྦྱིན་པར་བྱ། །བདུད་བཅོམ་པ་ཡི་ཉི་མ་ལ། །དེ་ཡི་མཚན་མོ་རྒྱ་ལ་བ་ཡི། །རིགས་ནི་རབ་ཏུ་གནས་པར་


DTG014_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །མཚན་མོ་གཞན་ལ་རབ་གནས་མིན། །སྲད་བུ་ཁྲུ་ནི་བརྒྱད་འགྱུར་ལ། །ལག་པའི་ནས་ཀྱི་ཚད་ཙམ་དུ། །གཅིག་ཏུ་བསྒྲིལ་བའི་སུམ་བསྒྲིལ་ལ། །སློབ་དཔོན་མཐེ་བོང་ནས་ཀྱི་ཚད། །ལམ་ནི་རྣམ་པ་གསུམ་སོང་བ། །སྲད་བུ་གཅིག་གོ་གཞན་ནི་མེད། །ཨ་སོགས་ཀ་སོགས་གཅིག་པ་ཉིད། །རང་གི་སྙིང་གའི་པདྨ་ལ། །ཟླ་བ་ཉི་མ་མེ་སྟེངས་སུ། །རི་བོང་ཅན་དང་དྲེགས་པ་ནི། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། །ཤེས་རབ་རྗེ་བཙུན་སྙིང་པདྨར། །ཉི་མ་ཟླ་བ་བརྩེགས་པ་ཡི། །རང་རང་རྡོ་རྗེ་ལྕགས་ཀྱུ་ཡིས། །སངས་རྒྱས་ལྷ་མོ་རྣམས་བཀུག་སྟེ། །ཐིག་སྐུད་ཆད་པས་སློབ་དཔོན་འཆི། །ཕྱོགས་འཁྲུལ་སློབ་མ་རྣམས་ནི་འཆི། །མཐུན་དང་མི་མཐུན་རྐང་བ་ཡིས། །ཐིག་གདབ་པར་ནི་བྱ་བ་མིན། །ཤེས་རབ་ཐབས་ཀྱི་ཡན་ལག་དབུས། །མེ་དང་རླུང་དུ་སོང་བ་ཡི། །དབུང་གི་དབུས་སུ་སྦྲུལ་འདྲ་བའི། །དཀྱིལ་འཁོར་མཚམས་རྒ་ལ་དེ་སྦང་བྱ། །ཚངས་པའི་ཐིག་ནས་ཐིག་གདབ་ཉིད། །ནོར་དང་དུས་ཀྱི་ཚད་ཀྱིས་ནི། །ཕྱོགས་ཀྱི་ཆ་ལ་རབ་ཏུ་སྦྱིན། །ཐུགས་ཀྱི་དཀྱིལ་འཁོར་བདག་ཉིད་ནི། །སོར་མོ་ཕྱེད་ཀྱི་ཆ་རུ་གསུངས། །འཁོར་ལོ་པདྨའི་བདག་པོ་སྟེ། །ལྷ་མོ་ལ་སོགས་གདན་རྣམས་ཀྱི། །སུམ་འགྱུར་དུ་ཡང་གསུངས་པ་ཡིན། །ཚངས་པའི་གནས་སུ་ཉི་རེའུ་མིག །སླར་ལ་ཡང་ནི་ཟླ་བ་ཡིས། །ཀ་བ་རྡོ་རྗེ་ར་བར་གསུངས། །སངས་རྒྱས་ལ་སོགས་ཆུ་སྐྱེས་བཞིས། །ཕྱི་རུ་རི་བོད་ཅན་གྱིས་ནི། །རྡོ་རྗེའི་ཕྲེང་བར་རབ་ཏུ་འགྱུར། །སངས་རྒྱས་ལྷ་མོའི་བར་བར་དུ། །སོར་ཕྱེད་གསུམ་གྱི་རེའུ་མིག་ལ། །བུམ་པའང་ཐོད་པའི་གདན་དུ་འགྱུར། །དེ་ཡི་གནས་སུ་རྡུལ་ཚོན་ལས། །ཉིན་མོ་བྱེད་པ་ལ་འགྱུར་ཏེ། རེ་ཁཱ་གསུམ་གྱི་མཐར་ཐུག་པར། །ཕྱོགས་དང་མཚམས་ཀྱི་རེའུ་མིག་བཞི། །པདྨ་རྣམས་ལ་ཟླ་ཉི་མ། །དེ་བཞིན་དྲིལ་སོགས་རྣམས་ཀྱིས། །སོར་ཕྱེད་བཞི་ཆས་རེ་ཁཱ་གསུམ། །དུས་དང་དེ་བཞིན་རོ་ཡིས་ནི། །སྒོ་དང་སྒོ་ཁྱུད་དེ་བཞིན་དུ། །སོར་ཕྱེད་དྲུག་ལས་འགྲམ་དང་ལོགས། །ཁ་ཁྱེར་ཆེན་པོ་ཀ་བའི་ཕྱེད། །དེ་ཡི་ཕྱེད་ཀྱིས་ནོར་བུ་ཡི། །རང་བཞིན་ཕ་གུ་འབའ་ཞིག་འགྱུར། །ཉིས་འགྱུར་དྲ་བ་དྲ་ཕྱེད་བ། །སྒོ་ཡི་རྩ་བའི་ཕྱི་རོལ་དུ། །སོར་ཕྱེད་དྲུག་གི་སུམ་འགྱུར་གྱིས། །ཀ་བར་བཅས་པའི་


DTG014_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་འགྱུར། །ཐིག་ལས་མཐའ་རུ་སྤང་བར་བྱ། །དེ་ཡི་ཕྱི་རོལ་འབྱུང་བ་བཞི། །ཡང་ནི་སྤྲོས་དོན་མ་ཡིན་པ། །གཅིག་བཞི་གཉིས་བཞི་གཅིག་ཉི་མ། །དུས་དང་རོ་དང་རྩེ་མོ་ཅན། །མེ་དང་དུས་དང་དུས་ཀྱི་ཕྱེད། །དུས་ལ་དྲུག་གི་རབ་ཕྱེད་དང༌། །དུས་དྲུག་དང་ནི་རོ་རྣམས་ཀྱི། །ངེས་པར་ཆ་ཡི་རིམ་པ་ཡིས། །ལྟེ་བའམ་ནི་སྙིང་པོ་ནས། །ཆུ་སྐྱེས་པདྨ་ཡང་དེ་ནི། །ཀ་བ་རྡོ་རྗེ་ཕྲེང་བ་དང༌། །པདྨ་རྡོ་རྗེ་ཕྲེང་བར་འགྱུར། །སྒོ་དང་སྒོ་ཁྱུད་ལ་སོགས་པའི། །ས་རུ་དེ་འོག་འགྱུར་བ་དང༌། །ཀ་བར་བ་ཁ་ཁྱེར་དང༌། །སླར་ལ་ཡང་ནི་དེ་འོག་ཏུ། །ཕ་གུ་དྲ་བ་དྲ་ཕྱེད་པ། །མེ་ལོང་ལ་སོགས་སྣམ་བུ་ས། །མི་ཡི་བདག་པོར་གྱུར་བ་དང༌། །རྟ་བབས་ཀྱི་ནི་ཆ་རབ་གསུངས། །དེ་ལྟར་ཐིག་གི་ལས་ཟིན་ནས། །ཚོན་གྱི་ལས་ནི་རབ་ཏུ་བྱ། །རྡོ་རྗེ་ལ་སོགས་རྡུལ་ཚོན་ལྔ། །གསེར་དང་པདྨ་རཱ་ག་དང༌། །བྱུ་རུ་མུ་ཏིག་ལ་སོགས་པ། །འབྲུ་ཡི་ཁྱད་པར་དག་དང་ནི། །ནོར་བུའི་ཁྱད་པར་མང་པོ་ཡི། །ཕྱེ་མ་རྡུལ་ཚོན་དེ་བཞིན་དུ། །ཐིག་བཞིན་བྱིན་རླབས་ཆོག་བྱ། །ཕྱོགས་ཀྱི་ཆ་ཡི་ཚོན་གྱི་སར། །མི་ཡི་བདག་པོ་རྡུལ་ཚོན་གྱི། །སངས་རྒྱས་དབྱེ་བས་བྲི་བར་བྱ། །སེར་པོ་དཀར་བོ་དམར་སོགས་ཀྱིས། །ས་དང་ཆུ་དང་མེ་རླུང་ནི། །རིམ་པ་བཞིན་དུ་བྲི་བར་བྱ། །ཤར་གྱིས་ནི་དཔལ་ནག་གོ །ཉི་མ་ལྟ་བུར་ལྷོ་རུའོ། །ནུབ་ཏུ་གསེར་དུ་སྣང་བ་སྟེ། །བྱང་དུ་རི་བོང་འཛིན་དཀར་པོ། །རྡོ་རྗེ་འཛིན་ཞལ་དབྱེ་བས་སོ། །དཀར་པོ་དམར་པོ་ནག་པོའོ། །རིམ་པས་ཡོངས་སུ་བྲིས་ནས་སོ། །ཁ་ཁྱེར་ཕ་གུ་དྲ་བའི་ས། །པདྨ་ཟླ་བ་ཉི་མའི་མདོག །དྲི་མེད་རི་བོང་ཅན་འདྲ་དང༌། །དམར་པོ་ནག་པོ་ནེ་ཁཱ་གསུམ། །དབུས་སུ་པདྨ་འདབ་མ་བརྒྱད། །ལྗང་གུ་ཨཱ་ལི་ལྟ་བུའོ། །ཀ་བ་རྡོ་རྗེ་ཕྲེང་བར་འགྱུར། །དབང་ལྡན་བདེན་བྲལ་མེ་རླུང་དུ། །ཟླ་བ་ཉི་མ་དག་གི་མདོག །ནག་པོ་སེར་པོ་དམར་པོ་ཡིས། །དུང་དང་གཎྜཱི་ནོར་བུ་དང༌། །ལྗོན་ཤིང་དང་ནི་དེ་བཞིན་དུ། །བུམ་པ་དཀར་པོ་པདྨ་ཡི། །སྟེང་དུ་ཟླ་བ་དམར་པོ་ནི། །འགྱུར་རོ་ཉིན་མོར་བྱེད་པ་ནི། །པདྨ་དཀར་པོའི་སྟེང་དུའོ། །པདྨ་དཀར་པོའི་ལྟེ་བར་ལྷ། །རི་བོང་འཛིན་པའི་གདན་ལ་ནི། །ལྷ་མོ་རྣམས་ནི་གནས་པར་འགྱུར། །པདྨ་དཀར་པོའི་ལྟེ་བ་ལ། །ཉིན་མོར་བྱེད་པ་དགོད་པ་ཡི། །ལྷ་རྣམས་ཕྱོགས་སུ་གནས་པ་ན། །ཕྱི་རུ་རྡོ་རྗེ་ཕྲེང་བར་འགྱུར། །གཙོ་བོའི་པདྨའི་དབང་


DTG014_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི། །ཁ་ཁྱེར་དག་ནི་མདོག་དཀར་པོ། །བ་ཀུ་ལི་དང་ཀ་བ་ནི། །གསེར་དང་འདྲ་བ་སེར་པོར་འགྱུར། །རྟ་བབས་ཁ་དོག་སྣ་ཚོགས་སོ། །སྦོམ་པོས་ནད་ནི་སྐྱེད་པར་བྱེད། །ཕྲ་མོས་ངེས་པ་ཁོ་ནར་ནི། །ནོར་ཉམས་མཚན་ངན་རི་མོ་སྤང༌། །ཆད་པས་འཆི་ཞིང་ཡོན་པོ་ཡིས། །མི་རྣམས་སྐྱེ་བོའི་བདག་པོས་སྐྲོད། །དེ་བཞིན་མཚན་མ་ཉི་མའི་བདག །སྲིད་པ་ཡི་ནི་འཇིགས་འཇོམས་ལ། །སྔགས་པ་རྣམས་ནི་དངོས་གྲུབ་མེད། །རྡུལ་ཚོན་འདྲེས་ན་རིགས་ནི་འཆད། །རྒྱལ་རིགས་དཀྱིལ་འཁོར་ལ་ནི་བྱ། །རྒྱལ་བ་ངེས་པ་ཁོ་ནར་སྟེར། །རྒྱུད་ཀྱི་ནང་དུ་གང་མ་གསུངས། །མཚན་མ་མཛེས་པའི་ཆེད་དུ་ནི། །དཀྱིལ་འཁོར་དུ་ནི་དེ་མི་དགོད། །རྒྱལ་བས་རིགས་ནི་ཤེས་མེད་པས། །དེ་ཉིད་བདུད་ཀྱི་མཚན་མའོ། །དེ་ཕྱིར་རྒྱུད་གསུངས་མཚན་མ་ནི། །རིགས་ཀྱི་དབང་གིས་བྱ་བར་འགྱུར། །དཀྱིལ་འཁོར་སྒོ་ཡི་བར་དུ་ནི། །དྲ་བ་དྲ་ཕྱེད་བར་དེ་བྱ། །ས་དང་རླུང་གི་དཀྱིལ་འཁོར་ལ། །པདྨ་བུམ་པ་སོགས་བྱིས་བརྒྱན། །ནག་པོ་ལ་སོགས་རྡུལ་ཚོན་རྣམས། །བཞི་ཆ་འཕེལ་བར་འགྱུར་བ་སྟེ། །ནས་གཅིག་པར་དུ་མཐོ་བའོ། །རབ་རྣམས་ནི་མཐོ་འགྱུར་ཏེ། །ཉིན་མོར་བྱེད་དང་རི་བོང་ཅན། །རེ་ཁཱ་གཞན་ནི་ཉིས་འགྱུར་ཏེ། །དཀྱིལ་འཁོར་འདི་ནི་མཐོ་བ་རུ། །མི་ཡི་བདག་པོར་འགྱུར་བ་ཡིན། །དྲ་བ་དྲ་ཕྱེད་མཐར་ཐུག་དང༌། །ས་དང་ཆུ་དང་བྱིན་ཟ་དང༌། །ཕྱི་རོལ་རྡོ་རྗེའི་ཕྲེང་གནས་གཅིག །ཨོཾ་གྱི་ཡེ་ཤེས་ལས་སྐྱེས་པར། །རྒྱལ་བ་དམ་པའི་པདྨ་ཡི། །ཉི་མ་ཟླ་བའི་གདན་སྟེངས་སུ། །ཨ་སོགས་ཀ་སོགས་སྟོང་བར་བཅས། །སྲིད་པ་གསུམ་ནི་བསྐྱེད་པ་ཡི། །ཡུམ་ནི་གཞག་པར་བྱ་བ་ཡིན། །སྟོང་བ་ཨ་དང་ཚེག་དྲག་དང༌། །གཞན་ནི་དབྱངས་དང་བྲལ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཡང་དག་འབྱུང་ཕྱིར་སྔགས་སྐྱེ་གནས། །མཆོག་ཏུ་བདེ་བ་བྱེད་པ་ཡི། །ཡེ་ཤེས་རྡོ་རྗེ་བཞི་པའོ། །ཧཱུཾ་ནི་ཁ་དོག་སྣ་ཚོགས་པ། །རྒྱལ་པོའི་བདག་པོའི་པདྨ་ཡི། །ཟླ་བ་ཉི་མ་མེ་སྟེང་དུ། །དབང་ལྡན་བདེན་བྲལ་གྱི་ནི་མཚམས། །རྩེ་མོ་ཅན་དང་རླུང་དུ་ནི། །སྐུ་དང་གསུང་དང་ཐུགས་ཆགས་པས། །ཧཾ་སོགས་བུམ་པ་བརྒྱད་ཀྱིའོ། །ཤར་གྱི་པདྨར་ཨི་ཡིག་སྟེ། །མེ་ཡི་པདྨ་རུ་སོང་བ། །ཡི་གེ་ཨཱི་ནི་རིང་པོ་ཉིད། །གཤིན་རྗེ་བདེན་བྲལ་རྀ་ཡིག་གཉིས། །ཤར་དང་


DTG014_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྦྱིན་ཕྱོགས་སོང་བ། །ཐུང་དང་རིང་བའི་ཨུ་ཡིག་གོ །ཆུ་དང་རླུང་གི་མཚམས་སུ་ནི། །གཞན་ཡང་པདྨ་རུ་སོང་བ། །ཐུང་དང་རིང་བའི་ལྀ་ཡིག་གོ །ནག་པོ་དམར་པོ་དཀར་པོ་དང༌། །གསེར་ནི་བཙོ་མ་ལྟ་བུ་ནི། །ཞལ་གྱི་དབྱེ་བ་ཡོད་པ་ཡིས། །ཤར་གྱི་སྒོ་ཡི་གཡས་དང་ནི། །རྩེ་མོ་ཅན་གྱི་པད་སོང་བ། །རིང་དང་ཐུང་བདེ་བཞིན་ཉིད། །གཤིན་རྗེ་རུ་ནི་བདེན་བྲལ་དུ། །དེ་བཞིན་དུ་ནི་ཨ་ར་ནི་ཟུང༌། །ནུབ་དང་རླུང་དུ་ཨཱ་ལ་ནི་ཟུང༌། །གནོད་སྦྱིན་འཕྲོག་མར་ཨོ་ཨཽའོ། །ལྷ་དང་ཆུ་ལྷ་གཤིན་རྗེ་ཡི། །སྒོ་ཡི་གཡོན་དང་གནོད་སྦྱིན་བཅས། །ཨཾ་དང་ཨ་ཡི་རིམ་པ་ཡིས། །གཞན་ཡང་ཡ་ར་ཝ་ལ་དང༌། །སྒོ་ཡི་པདྨར་རླུང་ལ་སོགས། །ཤར་གྱི་སྒོ་དང་གཡས་མིན་པར། །ཁྲོ་བོ་དག་གི་གདན་དུ་ནི། །རི་བོང་འཛིན་པར་འགྱུར་པ་སྟེ། །གཡས་དང་ནུབ་ཏུ་ཉི་མ་ཡང༌། །པདྨ་དག་གི་སྟེང་དུ་ནི། །གདན་གཉིས་དག་ཏུ་རབ་ཏུ་འགྱུར། །ཤེས་རབ་ཐབས་ཀྱི་རབ་དབྱེ་བས། །པདྨའི་སྟེང་དུ་ཟླ་བ་དང༌། །ཉི་མ་ཡང་ནི་གདན་དུ་འགྱུར། །གཡས་དང་རྒྱབ་ཏུ་ཉི་མར་འགྱུར། །ལྷ་ཡི་བདག་པོར་གནོད་སྦྱིན་དུ། །ཟླ་བ་ཡི་ནི་གདན་དུ་འགྱུར། །ཐུང་དང་རིང་པོའི་སྡེ་ཚན་དྲུག །རང་བཞིན་ཡོན་ཏན་དབང་གིས་ན། །ཁ་ཁྱེར་ཀ་བའི་ལོགས་སུའོ། །དྲི་སོགས་རྣམས་ནི་རིམ་པ་བཞིན། །རང་གི་རིགས་ཀྱི་སར་སོང་བ། །ཤར་གྱི་ཆ་ནས་རང་ཕྱོགས་སུའོ། །དེ་ལྟར་བྲིས་པ་ཟིན་པ་དང༌། །དེ་ནས་རྫས་རྣམས་བསག་པར་བྱ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །སློབ་དཔོན་གྱི་ནི་རྫས་རྣམས་དང༌། །གདུགས་དང་རྒྱལ་མཚན་ལ་སོགས་པ། །དཀྱིལ་འཁོར་གྱི་ནི་རྫས་རྣམས་དང། །དེ་རྗེས་མཆོད་པའི་ཡན་ལག་རྫས། །རེ་རེ་ཉི་ཤུ་རྩ་ལྔ་དང༌། །ཁྱད་པར་ཚོགས་ཀྱི་མཆོད་པའི་རྫས། །ཆང་དབང་བདུད་རྩི་ལ་སོགས་པ། །ཅི་འབྱོར་བ་ནི་བསགས་པར་བྱས། །བསྲུང་བ་མདའ་དང་ཕུར་བུ་དང༌། །ཡུངས་ཀར་ཕུར་བུ་ཚོན་སྐུད་དོ། །སྒྲུབ་པ་བུམ་པ་རྣམས་དང་ཡང༌། །སྦྱིན་སྲེག་རྫས་དང་གཏོར་མའོ། །བསོད་ནམས་བསོག་པའི་རྫས་དག་ནི། །རིན་ཆེན་བདུན་དང་རྫས་བརྒྱད་དང༌། །བུམ་པ་འདོད་འཇོ་ནོར་བུ་དང༌། །འདོད་པའི་ཡོན་ཏན་རྣམ་པ་ལྔའོ། །རྫས་ནི་ཇི་ཙམ་འབྱོར་བའོ། །དེ་ནས་དགོངས་ཀྱི་དུས་སུ་ནི། །དཀྱིལ་འཁོར་སྔགས་ཀྱིས་བསླང་བྱས་ལ། །རང་གི་


DTG014_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྦྲུལ་དང་བསྲེ། །ལྷ་རྣམས་མ་ལུས་ཚང་བར་བསྒོམ། །དེ་ནས་ཤར་དུ་ལས་ཀྱི་ནི། །ཧེ་རུ་ཀ་ཡི་གཟུགས་ཀྱིས་དབྱེ། །ཚམ་དམ་སྔགས་ཀྱིས་བསྟོད་པ་དང༌། །སམནྟ་ཞེས་སྔགས་ཀྱིས་ནི། །བགེགས་བསྐྲད་ལྷག་དང་མཚང་བསྐང༌། །ལྷ་ལ་མེ་ཏོག་ཕྲེང་བ་དོར། །སྔགས་ཀྱི་མཚན་མ་ཁང་པའི་ནང༌། །ཤེལ་གྱི་བུམ་པ་དཀར་པོ་ལ། །སྐུད་པ་སྣ་ལྔས་དཀྲིས་པ་ནི། །ཟུར་དུ་ཡང་དག་གཞག་པར་བྱ། །སློབ་དཔོན་འཁོར་ལོའི་ཤར་དུ་ནི། །གནས་ནས་སྡིག་པ་བཤགས་སོགས་དང༌། །དཀྱིལ་འཁོར་རྒྱལ་པོ་མཆོག་དང་ནི། །ལས་ཀྱི་རྒྱལ་པོའི་མཆོག་ལ་ནི། །རིགས་གཙོ་པདྨ་ལས་སྐྱེས་པའི། །བྱུང་བ་ཁྲོ་བོའི་རྒྱལ་པོ་ཡིས། །ཡེ་ཤེས་འཁོར་ལོ་བཀུག་ནས་ནི། །མཆོད་ཡོན་དང་ནི་མཆོད་པ་བཅུ། །ལྷ་རྣམས་ཀུན་ལ་རྒྱས་བྱས་ལ། །ཛཿ་ཧཱུཾ་བཾ་ཧོཿ་ལྕགས་ཀྱུ་སོགས། །རིམ་བཞིན་ཡོངས་སུ་བསྐྱེད་པ་ཡིས། །དགུག་གཞུག་བཅིང་དང་དགྱེས་བྱས་ནས། །རྡུལ་ཚོན་དང་ནི་རོ་མཉམ་པ། །དབང་གི་ཆེད་དུ་བྱ་བ་ཡིན། །དེ་ནས་བུམ་པ་ཐམས་ཅད་ལ། །བཟླས་པ་ལྷ་རེ་བརྒྱ་བྱས་ལ། །མཆོད་དང་ལྷ་རྣམས་ཞུ་བར་བྱ། །ཞུ་བའི་ཆུ་ཡིས་དཀྱིལ་འཁོར་ལ། །དབང་བསྐུར་རིམ་པ་བཞིན་བྱས་ལ། །དེ་ནས་བདུད་རྩི་ལྔ་རྣམས་ནི། །ལྷ་རྣམས་སྔགས་ཀྱིས་དབུལ་བར་བྱ། །ཧཱུཾ་ཡིག་ཡེ་ཤེས་ས་བོན་ནི། །སྙིང་པོ་ཡང་ནི་ཆེན་པོ་སྟེ། །བརྩེགས་པའི་ཡི་གེ་གཞལ་དུ་བཅས། །ཧཾ་ལ་སོགས་པ་གོ་ཆ་དྲུག །ཉེ་བ་ཡི་ནི་སྙིང་པོ་འདི། །སྐུ་ཡི་རྡོ་རྗེ་དང་པོར་ལྡན། །ཕྲེང་བའི་སྔགས་ནི་དེ་བཞིན་གཞན། །ལས་ཀྱི་དབྱེ་བ་དུ་མ་ཡིས། །རྣམ་པ་མང་པོ་རུ་ནི་འགྱུར། །དེ་བཞིན་འཁོར་གྱི་སྔགས་ཀྱིས་ཀྱང༌། །བདུད་རྩི་ལྔ་ནི་དབུལ་བ་ཡིན། །དེ་ནས་གོང་གསུངས་སྲེག་བླུགས་ཀྱིས། །ལྷ་རྣམས་ཀུན་ལ་སྦྱིན་སྲེག་སྦྱིན། །དེ་ནས་མཆོད་པ་ཐམས་ཅད་ནི། །དབྱངས་དང་བསྟོད་སྒྲ་ལྡན་པས་ནི། །རིན་ཆེན་གསེར་དང་ཆུ་མེ་ཏོག །རྣམ་པ་སྣ་ཚོགས་པ་དང་རས། །དྲི་དང་སྤོས་དང་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་རེ་དང༌། །འབྲས་བུ་སྣ་ཚོགས་པ་ལ་སོགས། །གར་དང་རོལ་མོ་ལ་སོགས་པའི། །མཆོད་པ་སྣ་ཚོགས་བྱས་ནས་ནི། །གོང་གི་གཏོར་མ་རྒྱ་ཆེན་སྦྱིན། །དེ་ལྟར་མཆོད་པའི་


DTG014_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟིན་ནས། །དེ་ནས་སློབ་མ་གཞུག་པ་ནི། །ཁྲུས་དང་དྲི་ཡིས་རྗེས་བྱུགས་ཤིང༌། །ལུས་ལ་གོས་ནི་སེར་བྱིན་ཏེ། །མིག་ནི་དར་གྱིས་བཀབ་ནས་སུ། །ཡོལ་བའི་རྒྱབ་ཏུ་བཞག་ནས་ནི། །བསང་ཆུ་དང་ནི་དྲིས་ལན་བྱ། །རྒྱལ་རྣམས་ལ་ནི་དེང་བདག་ཉིད། །འཁོར་བ་མི་བཟད་འཇིགས་པས་ན། །སྐུ་དང་གསུང་དང་ཐུགས་དག་པ། །སྲིད་པ་ཡི་ནི་འཇིགས་སེལ་བ། །ཁྱེད་ཀྱི་ཞབས་ཀྱི་པདྨ་རུ། །སྐྱབས་སུ་ལྷག་པར་འགྲོ་བར་བགྱི། །གསེར་དང་བཅས་པའི་མེ་ཏོག་གིས། །མཎྜལ་དག་ནི་བྱས་པ་ཡིན། །དེ་ལྟར་གསོལ་བ་བཏབ་ནས་ནི། །ཡོལ་བའི་ནང་དུ་བསྡུ་བར་བྱ། །བྱིན་གྱིས་བརླབས་པའི་ཕྱག་བཞི་དང༌། །བདུན་པོ་རྣམས་དག་རྫོགས་པར་བྱ། །དེ་ནས་སྨོན་ལམ་གདབ་པ་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང༌། །བླ་མ་ཡང་ནི་སྤྱི་བོ་རུ། །གཟུང་བར་བགྱིའོ་རྡོ་རྗེའོ། །རིན་ཆེན་གྱི་ནི་སྦྱིན་པ་སྦྱིན། །རྒྱལ་པ་མཆོག་གི་དམ་ཚིག་ནི། །བསྐྱབ་པར་བགྱིའོ་འཁོར་ལོ་ཡི། །རལ་གྲི་ཡིས་ནི་མཆོད་པར་བྱ། །ཆུ་ལས་སྐྱེས་ཀྱི་རིགས་ཀྱི་ནི། །སྡོམ་པ་ཡང་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་གྲོལ་བའི་རྒྱུར། །རྒྱལ་བསྐྱེད་བྱེད་རིགས་ཀྱི་ནི། །བྱང་ཆུབ་དག་ནི་བསྐྱེད་པར་བགྱི། །དེ་ནས་དམ་ཚིག་རྡོ་རྗེ་སྦྱིན། །སྙིང་ག་ཡི་ནི་ཟླ་བ་ལ། །ཧཱུཾ་ལས་རྡོ་རྗེ་བཀོད་ནས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །དེ་ནས་ལྷ་དང་སློབ་དཔོན་གྱི། །དམ་ཚིག་རབ་ཏུ་བསྒྲག་པར་བྱ། །ལྕེ་ལ་རྒྱལ་བ་མཆོག་གི་ནི། །དམ་ཚིག་གི་ནི་བདུད་རྩི་བཞིན། །སྦོས་ནི་དབབ་པའི་དོན་དུའོ། །ཧཱུཾ་གི་སྔགས་ནི་གཅིག་པུ་དང༌། །ཨ་ར་ལ་དང་ལྷན་ཅིག་ཏུ། །ཁྲོ་བོ་ཡི་ནི་རྒྱལ་བ་བསྐུལ། །དེ་ཡི་མཚན་ཉིད་རྒྱུད་ན་གསལ། །དབབ་པ་པདྨའི་སྟེང་ལ་ནི། །སྤྱི་བོ་སྙིང་ག་སྤྱི་གཙུག་དང༌། །ལྟེ་བ་མགྲིན་པ་གསང་བ་རུ། །རྒྱལ་བ་རིགས་ཀྱི་སར་སོན་པ། །རྡོ་རྗེ་གསུམ་གྱིས་བསྲུབ་པ་བྱ། །དེ་ནས་རིགས་ནི་དག་བྱའི་ཕྱིར། །ཨོཾ་སརྦ་ཞེས་བྱ་བ་ཡི། །དཔལ་ཀྱི་སྔགས་ཀྱིས་མངོན་བསྔགས་ཏེ། །ལག་པའི་པདྨ་སྦྱར་བྱས་ལ། །མེ་ཏོག་གཅིག་ནི་རབ་ཏུ་སྦྱིན། །དང་པོ་བསྐོར་བ་གསུམ་བྱས་ཏེ། །ལག་པའི་པདྨོ་སྦྱོར་བྱས་པའི། །མེ་ཏོག་དཀྱིལ་འཁོར་དུ་ནི་དོར། །གནས་གང་དུ་ནི་ལྷུང་བ་ནི། །དེ་ཡིས་རིགས་སོའི་མི་བདག་ཀྱེ། །དབྱེ་བའི་སྔགས་ཀྱིས་མིག་ནི་དབྱེ། །དེ་ནས་རིགས་ཀྱི་ལྷ་


DTG014_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །གཙོ་བོ་ལ་སོགས་པ་ནི་བསྟན། །འཇུག་པ་བདུན་ནི་མིའི་བདག་གོ །དེ་ནས་དབང་བསྐུར་བྱ་བ་ནི། །སློབ་མ་ཤར་གྱིས་རུ་ནི། །ཆོ་ག་བཞིན་དུ་ལྷར་བསྐྱེད་ནས། །རིགས་ནི་དག་པར་བྱས་ནས་ནི། །དེ་ནས་བྱང་གི་སྒོ་རུ་ནི། །རྒྱལ་པོ་ཀླུ་དང་བཞི་ཡིས་ཏེ། །རྒྱལ་དང་རྣམ་རྒྱལ་བུམ་པ་དང༌། །ལྷ་མོ་རྣམས་ཀྱིས་བཀྲུས་པ་ནི། །སྒྲོལ་མ་ལ་སོགས་པ་རུ་འགྱུར། །ཅོད་པན་སངས་རྒྱས་རབ་དབྱེ་བས། །བླ་མ་མཆོག་གིས་སྦྱིན་པར་བྱ། །དེ་ལྟར་སྐུ་ནི་དག་བྱས་ལ། །ལྷོ་རུ་གསུང་ནི་དག་པར་བྱ། །དར་དབྱངས་ནུས་པ་རྣམས་ཡིན་ནོ། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག ། དེ་ནས་ཤར་དུ་བརྟུལ་ཞུགས་ནི། །དབང་པོ་རྣམས་ལ་སྦྱར་བའོ། །མིང་ནི་ཁྲོ་བོ་བྱམས་སོགས་དག །དེར་ནི་ནུབ་ཀྱི་སྒོ་དུ་ནི། །རྒྱལ་བའི་བདག་པོས་ངེས་པར་ནི། །སྔགས་དང་བཅས་པའི་གནང་བ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་སྦྱིན་ཏེ། །རབ་མཆོག་གི་ནི་སྙིང་རྗེ་ཡིས། །དག་པའི་ཆོས་ནི་བསྟན་པར་བྱ། །རིགས་གཙོ་རིགས་ཀྱི་ངེས་པར་ནི། །སྲོག་བཅད་པ་ནི་བྱ་བ་ཡིན། །རལ་གྲི་མི་བདེན་བར་སྨྲ་བའི། །རིན་པོ་ཆེ་ཡིས་གཞན་ནོར་དབྲོག །པདྨས་གཞན་གྱི་བུད་མེད་དབྲོག །ཆང་དང་མར་མེ་སངས་རྒྱས་དང༌། །ཡུལ་ནི་དུ་མ་མ་ལུས་དང༌། །འཁོར་ལོ་ཡིས་ནི་བསྟེན་པར་བྱ། །གྲི་གུག་གཡུང་སོགས་བུད་མེད་ཀྱི། །མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ནོར་བཅས་ལུས་ནི་སྦྱིན་པར་བྱའོ། །ཁྱོད་ཀྱིས་ཞེན་པར་མི་བྱའོ། །བསྐལ་བ་དཔག་མེད་རྒྱལ་བས་གསུངས། །སངས་རྒྱས་ཉིད་དེ་གཞན་དུ་མིན། །མིན་པར་འགྱུར་རོ་རིགས་ཀྱི་བུ། །ཆུ་ནི་སྒྲོལ་མ་སོགས་ལྷ་མོ། །ཅོད་པན་འདིར་ནི་རྒྱལ་བ་རྣམས། །དར་དབྱངས་ནུས་པ་རྣམས་ཡིན་ནོ། །རྡོ་རྗེ་ནོར་བུ་ཉི་མ་ཟླ། །བརྟུལ་ཞུགས་ཡུལ་ནི་དག་པར་འདོད། །མིང་ནི་བྱམས་པས་སོགས་ལ་སྦྱོར། །གནང་བ་རྫོགས་པའི་བྱང་ཆུབ་ཐོབ། །སྲིད་པ་ཡི་ནི་འཇིགས་པ་སེལ། །དུས་ཀྱི་འཁོར་ལོ་རྡོ་རྗེས་ཤེས་པའོ། །འདི་དག་དབང་ནི་བདུན་ཡིན་ནོ། །ཉོན་མོངས་དྲི་མ་སེལ་བར་བྱེད། །དཀྱིལ་འཁོར་དུ་ནི་རབ་སྦྱིན་བྱ། །དབང་བདུན་བསྐུར་བས་ས་བདུན་གྱི། །དབང་ཕྱུག་ཏུ་ནི་གྲོལ་བར་འགྱུར། །བུམ་པ་གསང་བའི་དབང་བསྐུར་བས། །ཡང་ནི་ཕྱིར་མི་ལྡོག་པ་སོགས། །ངེས་པ་ཁོ་ནར་འཇུག་པར་བྱ། །


DTG014_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་གྱིས་སྲིད་པའི། །འཇིགས་སེལ་འཇམ་དཔལ་དབྱངས་སུ་འགྱུར། །རྩ་བའི་ལྟུང་བས་དམྱལ་བར་བསྲེག །ལྟུང་བ་དག་པས་དབང་བདུན་ལ། །གནས་པ་ཡོན་ཏན་གྱིས་སྦྱང་བྱ། །བུམ་པ་གསང་གནས་བརྒྱལ་ནི། །བརྟུལ་ཞུགས་པ་ཡི་དབང་གིས་ཏེ། །རྩ་ལྟུང་བྱས་ནས་སླར་ཡང་ནི། །དག་ཕྱིར་དཀྱིལ་འཁོར་འཇུག་པར་བྱ། །གནང་ཐོབ་ཚོགས་ནང་འཇུག་པ་ན། །སླར་ཡང་རྒན་ནས་གཞོན་སྤང་ངོ༌། །དེ་ནས་སྔགས་ཀྱི་དབང་བསྐུར་སྦྱིན། །དབང་བདུན་གྱི་ནི་ཆོ་གའོ། །ད་ནི་བུམ་པའི་དབང་བསྐུར་བ། །བདག་ནི་བདེ་གཤེགས་ཀུན་གྱི་ལམ། །དཔལ་ལྡན་བླ་མ་ཁྱེད་ཀྱི་ནི། །བཀའ་དྲིན་གྱིས་ནི་བདག་འཚལ་ལོ། །བླ་མ་ཁྱེད་དང་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མ་གཏོགས་པར། །སློབ་དཔོན་གཞན་ནི་མཉེས་མི་བགྱི། །དེ་ལྟར་གསོལ་བ་བཏབ་ནས་ནི། །དཀྱིལ་འཁོར་ཕྱི་རུ་མཎྜལ་བྱ། །རེ་ཁཱ་ལྔ་ཡིས་སྤྲས་པ་ཡི། །དབུས་སུ་པདྨ་འདབ་བརྒྱད་བྱ། །དེ་རུ་སློབ་པ་མ་བཞག་ནས་ནི། །བརྒྱད་དང་དེ་བཞིན་བཞིན་ཡིས་ནི། །བུམ་པ་ནོར་བུ་གསེར་གྱི་འམ། །ས་ལས་བྱུང་བ་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པ་ཡི། །རྒྱལ་དང་རྣམ་རྒྱལ་བུམ་པ་ཡིས། །ཤིང་སྟེགས་དབུས་སུ་བཀྲུ་བར་བྱ། །ཀླུ་ཡི་དཔལ་གྱི་ཅོད་པན་བཅིངས། །ནོར་གྱི་དཔལ་གྱི་འདབ་མ་ལ། །བཞི་ཡིས་བཀྲུ་དང་དར་གྱིས་བཅིངས། །ཕྱག་རྒྱ་དཔལ་བུམ་གཅིག་གིས་ཏེ། །འདིར་ནི་པདྨ་དང་བྲལ་ཞིང༌། །རི་མོ་ལྔ་ནི་རྣམ་པར་སྤངས། །དང་པོ་ཆུ་ལ་སོགས་པ་ཡིས། །དགེ་བསྙེན་དུ་ནི་འགྱུར་བ་ཡིན། །བུམ་པ་ཡིས་ནི་དགེ་ཚུལ་འགྱུར། །གསང་དབང་དགེ་སློང་དུ་འགྱུར་ཏེ། །གནས་བརྟན་འགྱུར་བ་གོང་མའི་རྒྱུ། །དེ་ནས་རྡོར་གསུམ་ཕྱག་རྒྱ་སྦྱིན། །ཁྱབ་འཇུག་ཐུགས་སུ་བྱ་བའི་ཕྱིར། །ཕྱག་རྒྱ་དྲུག་ལྔ་ཅོད་པན་སྦྱིན། །ཚངས་པའི་སྐུ་ཕྱིར་མཆོད་ཕྱིར་ཐོགས། །དབང་ཕྱུག་གསུང་དུ་བྱ་བའི་ཕྱིར། །རང་གི་རྒྱལ་པོའི་རིགས་དབང་གིས། །དེར་ནི་ཕྱག་རྒྱ་སྦྱིན་བར་བྱ། །དེ་ལྟར་སྐུ་གསུང་ཐུགས་དབང་དང༌། །ལུང་བསྟན་དང་ནི་དབུགས་དབྱུང་དང༌། །མིག་ཐུར་ཉོན་མོངས་སྤང་བ་དང༌། །མེ་ལོང་ཡེ་ཤེས་དབང་དང་ནི། །ཆོས་དང་ཕྲིན་ལས་གནང་བ་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །དམ་ཚིག་རྣམས་ནི་བསྒྲག་པར་བྱ། །དེ་ལྟར་དབང་བསྐུར་


DTG014_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ནས་ནི། །རབ་ཏུ་གནས་པ་ཙམ་དུ་བྱ། །སྟེང་དུ་བླ་རེ་བྲེས་ནས་ནི། །ས་ཡི་སྟེང་གི་གནས་དག་ཏུ། །ཀུན་ནས་མིང་ཡིག་གསུམ་བྲིའོ། །དེ་རྣམས་མཚམས་སུ་གཞག་པར་བྱའོ། །ནོར་བུ་གསེར་གྱི་བུམ་པ་རྣམས། །ཆུ་བཅས་གང་པ་པདྨའི་ཁར། །གསེར་གྱི་སྣོད་དང་དངུལ་ལ་སོགས། །ཡང་ན་དངུལ་ལས་བྱུང་བ་ལ། །དྲི་ཡི་ཆུ་ནི་གཞག་པར་བྱ། །ནང་དུ་གསེར་ལས་བྱུང་བའི་སྟེགས། །ངེས་པ་ཁོ་ནར་གཞག་པར་བྱ། །དེ་རུ་ཁྲུས་ནི་བརྩམ་པར་བྱ། །མེ་ཏོག་ལ་སོགས་དྲིས་བདུགས་ལ། །ཉི་མ་མེད་ལ་བསྲོས་པ་ཡིས། །ལྷ་རྣམས་ལ་ནི་བྱུག་པར་བྱ། །ཕྱེ་མ་རྣམས་ཀྱིས་མཉེས་ནས་ནི། །སྦྲང་རྩི་ཞོ་དང་མར་རྣམས་དང༌། །འོ་མའི་ཆུ་ཡིས་བཀྲུ་བར་བྱ། །གྲུབ་པའི་དོན་དུ་མར་མེ་དང༌། །འབྲས་བུ་སྣ་ཚོགས་མཆོག་གིས་བྱ། །འདི་རུ་བྱས་པ་ཟིན་ནས་ནི། །གནས་དེ་ནས་ནི་བསྐྱོད་པར་བྱ། །དེ་ནི་གནས་ནས་བསྐྱོད་བྱས་ནས། །སྐུ་ལ་ན་བཟའ་དམར་པོས་ནི། །ཡང་དག་པར་ནི་དགབ་པར་བྱ། །དཔལ་གྱི་དཀྱིལ་འཁོར་མཐའ་རུ་ནི། །ས་མཉམ་གནས་སུ་རྒྱལ་བ་ཡི། །རི་མོ་ལྔ་ནི་བྲིས་ནས་སུ། །དབུས་སུ་པདྨ་འདབ་མ་བརྒྱད། །རང་གི་རིགས་ཀྱི་ཕྱོགས་སོང་བ། །མཚན་མ་ལྔ་ཡིས་བརྒྱན་པ་ཡི། །དེ་ཡི་དབུས་སུ་གཞག་པར་བྱ། ལྷ་དང་ལྷ་མོའི་སྐུ་གཟུགས་ཀྱི། །ཞལ་ནི་པདྨ་ལོགས་སུ་བྱ། །མཆོད་རྟེན་ལ་སོགས་གླེགས་བམ་དང༌། །དེ་བཞིན་དུ་ནི་བྲིས་སྐུ་ལ། །དེ་ལ་སྔགས་པ་ཁ་ཕྱོགས་བྱ། །རྒྱལ་བ་མཆོག་དང་ལྷན་ཅིག་ཏུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །སྟོང་པའི་རང་བཞིན་དུ་ཞེས་བྱ། །ཕྱི་ནས་སྔོན་གསུངས་རྣལ་འབྱོར་ལ། །ཟླ་བ་ཉི་མ་མེ་སྐྱེས་ལ། །དུས་ཀྱི་འཁོར་བསྒོམ་པར་བྱ། །རིག་མ་ལྷ་མོ་རྫོགས་སངས་རྒྱས། །ཨཱ་ལི་ཀཱ་ལི་རིགས་སྐྱེས་ཤིང༌། །རང་རང་ས་བོན་ལས་སྐྱེས་རྣམས། །སྙིང་ག་མགྲིན་པ་ལྟེ་བ་དང༌། །སྤྱི་བོ་སྤྱི་གཙུག་འཁོར་ལོ་རུ། །རིགས་ཀྱི་དབང་གིས་བསྒོམ་པར་བྱ། །དེ་བཞིན་དུ་ནི་བསྒོམ་བྱ་བ། །སླར་ལ་ཡང་ནི་ལྷ་རྣམས་ནི། །མ་ལུས་པ་ཡི་རང་ལུས་ལ། །ཡེ་ཤེས་སེམས་དཔའ་བཀུག་ནས་ནི། །གཉི་ག་མཉམ་པར་བྱ་བའོ། །ཁྲོ་བོའི་རྒྱལ་པོ་རང་ལུས་ལ། །གཞུག་དང་བཅིང་དང་མཉེས་པ་དང༌། །རོ་མཉམ་བྱ་ཕྱིར་ལྷ་རྣམས་བསྟིམ། །དེ་ནས་སློབ་དཔོན་ཉིད་


DTG014_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །ལྷ་རྣམས་ཞལ་བསིལ་ཕྱག་ནི་བྱ། །ལྷ་དང་ལྷ་མོ་རྣམས་ཀྱིས་ནི། །ས་བོན་ཨ་སོགས་ཀ་སོགས་དང༌། །རང་རིག་ཡོན་ཏན་གྱིས་སོང་བ། །སྙིང་གི་དབུས་སུ་ས་བོན་ཏེ། །ཟླ་བ་ཉི་མ་སྦྱངས་པ་ཡི། །སྐུ་དང་གསུང་དང་ཐུགས་སུ་ལྡན། །སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང༌། །ལུས་ནི་མ་ལུས་པར་སོན་པའི། །མཁའ་བརྒྱད་གསལ་བྱེད་རྣམས་ནི་འགོད། །དེ་ཉིད་དབྱངས་ཀྱིས་ཕྱེ་བ་ནི། །གླེགས་བམ་རྣམས་ཀྱི་ཡི་གེ་དང༌། །འདབ་མ་ལ་ནི་རྣམ་པར་དགོད། །མཆོད་རྟེན་ནང་དུ་དཔལ་འཁོར་ལོ། །མེ་དང་ནོར་བུ་པདྨ་ཡི། །དབུས་སུ་རལ་གྲིའི་རི་མོའོ། །ཧཱུཾ་ལས་གྱུར་པའི་བགྲང་ཕྲེང་ནི། །རི་ལུ་ཡོངས་སུ་བགྲང་བ་ནི། །གསལ་བྱེད་རྣམས་ཀྱི་མཚན་ཉིད་དོ། །དྲིལ་བུའི་ལུས་ལ་དབྱངས་རྣམས་ཏེ། །བཅུ་ཡི་སུམ་འགྱུར་བྱས་པ་ཡི། །ཀ་སོགས་སྡེ་ཚན་རྡོ་རྗེ་མ། །མཆོད་ཕྱིར་ཐོགས་ལ་སོགས་པ་དང༌། །གོང་མ་བཅུ་ཡིས་བགྲངས་པ་ཡི། །གསལ་བྱེད་རྣམས་ནི་སྒྲོལ་བྱེད་ལ། །ཀ་སོགས་སྡེ་ཚན་གུག་སྐྱེད་བཅས། །ནམ་མཁར་རོ་དང་ཡོན་ཏན་རྣམས། །རྣལ་འབྱོར་རང་ལ་བསྒོམ་པར་བྱ། །ཧ་ཧཱ་དཔལ་གྱི་རྣ་ཆ་ལ། །ཝ་ནི་ཟུང་གཅིག་མགུལ་དོ་དང༌། །སྐེ་རགས་དག་ལ་དགོད་པའོ། །དེ་བཞིན་ཡི་གེ་ཡ་ནི་ཟུང༌། །གདུ་བུ་དག་ལ་དགོད་པར་བྱ། །གཡེར་ཁ་རྣམས་ལ་ཧ་ཧཱ་གཉིས། །རྣམ་པ་ལྔ་ཡི་སྟོང་པ་ནི། །ལུས་ནི་མ་ལུས་པར་ཁྱབ་པའི། །ཐལ་བ་ཡང་ནི་བསྒོམ་པར་བྱ། །རང་ལུས་ཡེ་ཤེས་རྣམ་པ་འོ། །རིགས་གསུམ་གཙོ་བོ་ལྷན་ཅིག་པའོ། །ཕུང་པོ་ཁམས་སོགས་ཀུན་ལ་སོགས། །རང་གི་སྙིང་གི་པདྨ་ནི། །ས་བོན་སོ་སོའི་རིམ་པ་ཡིས། །ལྷ་རྣམས་དགོད་པར་བྱ་བ་ནི། །མཆོད་རྟེན་ལྡེར་སོལ་སོགས་ལ། །ས་བོན་བཀོད་པས་རབ་གནས་འགྱུར། །རང་གི་ལུས་ལས་བོན་དབབ། །ལག་པ་ལ་ནི་རིགས་ཀྱི་གཙོ། །སྡུད་པ་ཡི་ནི་དུས་སུ་མིན། །རི་མོར་བྲིས་པའི་བྲིས་སྐུ་རྣམས། །འདི་རུ་མེ་ལོང་ལ་ནི་ཁྲུས། །བྱས་ནས་དྲི་དང་སྤོས་དང་ནི། །དྲི་ཞི་མ་མེ་ཏོག་གིས་མཆོད་བྱ། །གླུ་དང་གར་དང་རོལ་མོ་དང༌། །གོས་ཀྱི་མཆོག་ནི་སྣ་ཚོགས་པ། །རྔ་ཡབ་གདུགས་རྣམས་ཀྱིས་ནི་མཆོད། །དེ་ལྟར་རབ་གནས་བྱས་ནས་ནི། །དྲི་ཡི་མཆོག་ནི་སྣ་ཚོགས་པས། །དགེ་འདུན་ལ་ནི་སྟོན་མོ་བྱ། །ཁྲོན་པ་རྫིང་དང་མཚེའུ་དང༌། །ཕྱོགས་བཞི་


DTG014_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནི་བཞི་པོ་རུ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དགོད། །མཚོན་བདུན་རང་གི་ས་བོན་ནི། །སྦྲང་རྩི་ཆུ་དང་ལྡན་པ་ཡི། །པ་ཡི་ལྔ་ནི་གཞུག་པར་བྱ། །སྦྱིན་སྲེག་མཐར་ནི་རྫིང་སོགས་སུ། །ཆུ་ལྷ་དཀར་མོ་ཕྱག་ན་ནི། །ཞགས་པ་བསྣམས་པ་བསྒོམ་པར་བྱ། །སྐྱེད་མོས་ཚལ་དང་དཔག་བསམ་ཤིང༌། །ཡང་ན་ཀུན་དུ་བསྐྱེད་པའི་ཤིང༌། །ཤིང་གཅིག་པ་ལ་གཏོར་བར་བྱ། །དེ་ནས་རབ་གནས་ཟིན་པ་དང༌། །དམ་པ་ཡི་ནི་མན་ངག་གིས། །རྫོགས་པའི་དབང་རྣམས་རིམ་བཞིན་སྦྱིན། །ཅི་འབྱོར་པ་ཡི་ཚོགས་འཁོར་དང༌། །དཔའ་བོ་ཡི་ནི་སྟོན་མོ་བྱ། །སྲིད་པ་རྣམ་པ་གསུམ་སོང་བའི། །འཇིག་རྟེན་གསུམ་གྱི་སེམས་ཅན་ཡང༌། །ཡེ་ཤེས་ལྕགས་ཀྱུས་བཀུག་ནས་ནི། །སྙིང་རྗེས་དཀྱིལ་འཁོར་དུ་དབང་བསྐུར། །སངས་རྒྱས་བདུད་རྩིའི་རྡོ་རྗེ་ཡིས། །ལུས་ནི་ཟླ་བ་ལྟ་བུར་འགྱུར། །རྡོ་རྗེ་ཅན་གྱི་ལམ་རྙེད་ནས། །རང་གི་གནས་སུ་གཏང་བར་བྱ། །ཉོན་མོངས་པ་དང་བྲལ་བ་ལས། །བྱང་ཆུབ་སྤྱོད་པ་རྗེས་སུ་གཞོལ། །དེ་ནས་དཀྱིལ་འཁོར་མདུན་དུ་ནི། །སློབ་མས་ཡོན་གྱི་ཚོགས་རྣམས་དབུལ། །ལུས་ཀྱི་ནང་གི་དྲུག་ཆ་ནི། །ལག་པ་རྐང་པ་དག་དང་ལུས། །ཡན་ལག་མཆོག་ནི་སྦྱིན་པ་དག །སློབ་དཔོན་ལ་ནི་རབ་ཕུལ་ན། །བདེ་བའི་གོ་འཕང་ཐོབ་པར་འགྱུར། །ཕྱག་རྒྱ་བཟང་མོས་རྗེས་སུ་དབྱེ། །ལས་ཀྱི་དབང་པོ་རྣམས་ལས་ཚིག །དབང་པོ་རྣམས་ཀྱི་ནང་ནས་ཡིད། །ཡོན་དང་བཅས་པ་དབུལ་བར་བྱ། །ཁམས་ཀྱི་ནང་ནས་ཆ་དྲུག་པ། །རྐང་པ་གཉིས་དང་ཕྱུགས་ཀྱི་ཚོགས། །དེ་ཁོ་ན་ཡི་ཆ་གཞན་ནི། །ཅོད་པན་དར་དང་དོ་ཤལ་དང༌།།གདུ་བུ་ཡང་ནི་དེ་བཞིན་ཏེ། །རྣ་ཆ་ཀ་བོ་ཆེ་ལ་སོགས། །སློབ་དཔོན་ལ་ནི་རབ་ཕུལ་ཞིང༌། །རང་གི་ནུས་པས་ཡོན་རྣམས་ནི། །དབུལ་ལོ་མི་ཡི་བདག་པོ་ཀྱེ། །མ་ལུས་ཚོགས་ཀྱི་རིགས་ལ་ཡང༌། །བསོད་ནམས་རྒྱུ་རུ་དབུལ་བ་ནི། །གཞན་གྱི་དོན་དུ་སྨོན་ལམ་གདབ། །བསོད་ནམས་འདི་ཡིས་སེམས་ཅན་རྣམས། །བཅོམ་ལྡན་རྣམ་པ་གསུམ་གྱིས་ནི། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་ནས་བཟོད་པར་གསོལ་བ་ནི། །རང་གི་སྙིང་གའི་པདྨ་རུ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །པདྨའི་བར་གྱི་རྡུལ་ཚོན་རྣམས། །ཆུ་བོ་གཙང་མར་བསྒྱུར་བར་བྱ། །དམ་པ་དང་པོའི་རྒྱུད་རྒྱལ་མཐོང་ནས་བདག་གིས་ནི། །རིམ་བཞིན་རྗེས་


DTG014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱར་གྱིས་རང་བཟོར་བྱས་པ་མིན། །སློབ་མ་དམ་པས་གསོལ་བཏབ་དོར་བྱས་ཀྱི། །ང་རྒྱལ་ལ་སོགས་གྲགས་པའི་དབང་གིས་མིན། །བདག་གིས་ཆོ་ག་འདི་བྱས་པས། །བློ་དང་ལྡན་པས་རྟོགས་པ་དང༌། །བྱེད་པོ་དགེ་བ་སྤེལ་བ་དང༌། །བསྟན་བཅོས་རྙེད་དང་ལྡན་པར་ཤོག །དཔལ་ཡིད་དུ་འོང་བའི་ཕྲེང་བ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག །དུས་ཀྱི་ཞབས་ཆེན་པོ་དམ་པའི་སྣང་བ་དང་ལྡན་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བ་ནི་ཤྲཱི་དང༌། ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་བའོ།། །།


previousདཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག། དུས་ཞབས་པས་མཛད།next