Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
   
དཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།  རོལ་པའི་རྡོ་རྗེས་མཛད།
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རོལ་པའི་རྡོ་རྗེས་མཛད།next

དཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།
རོལ་པའི་རྡོ་རྗེས་མཛད།


DTG014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲ་རི་ཊི་ཏི་ས་ཧ་ཛ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་


DTG014_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཞེས་བྱ་བ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། །རྣམ་པ་དང་བཅས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་དེས་རབ་ཏུ་འཁྱུད། །སྐྱེ་འཇིག་རྣམ་པར་སྤངས་པའི་མི་འགྱུར་བདེ་ལ་དགོད་པ་ལ་སོགས་རྣམས་དང་བྲལ་བ་ཡིས། །སངས་རྒྱས་རྣམས་ནི་སྐྱེད་པར་མཛད་པའི་སྐུ་གསུམ་དང་བཅས་དུས་གསུམ་ཡང་དག་མཁྱེན་པ་པོ། །ཐམས་ཅད་མཁྱེན་པ་དང་པོའི་མཆོག་གི་སངས་རྒྱས་གཉིས་མེད་དེ་ལ་ཕྱག་འཚལ་ལོ། །དང་པོ་སྐད་ཅིག་གཅིག་གིས་སྟོང་པ་ལ་གནས་ཕྱི་ནས་དེ་བཞིན་སྐད་ཅིག་གིས་བསྐྱེད་པ། །སྣ་ཚོགས་ཆུ་སྐྱེས་ཟླ་བ་ཉི་མ་སྒྲ་གཅན་རྣམས་ཀྱི་དཀྱིལ་འཁོར་ལ་གནས་དབང་ཕྱུག་དང༌། །འདོད་ལྷ་དག་གི་སྙིང་གར་གཡས་བརྐྱང་ཤིན་ཏུ་སྔོ་བ་རྡོ་རྗེ་དྲིལ་བུ་དང་ལྡན་ཕྱག་གཉིས་ཀྱིས། །སྣ་ཚོགས་ཡུམ་གྱི་སྐུ་ལ་ཡང་དག་འཁྱུད་པའི་དཔལ་ལྡན་མངའ་བདག་དུས་འཁོར་ལོ། །སྤྲིན་ནག་ལྟ་བུའི་རལ་པའི་ཚོགས་ལ་ཏ་མ་ལ་མཚུངས་མི་བསྐྱོད་པ་ལ་སོགས་པས་སྤྲས། །ཕྱག་རྒྱ་དྲུག་གིས་ཀྱང་ནི་རབ་སྤྲས་ཐོད་པ་དཀར་པོའི་ཕྲེང་བས་བཅིངས་པ་གང༌། །མི་མགོའི་དོ་ཤལ་སྤྱན་གསུམ་གསེར་མཚུངས་སྐུ་མངའ་གྲི་གུག་པད་སྣོད་དང་ལྡན་ཕྱག་གཉིས་མ། །དཔལ་ལྡན་སྣ་ཚོགས་ཡུམ་དང་གཉིས་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སོགས་བསྒོམ་པར་བྱ། །དེ་ནས་ཁམས་གསུམ་རང་དང་མཚུངས་པར་ལྡན་པ་དེ་རྣམས་མ་ལུས་ལྷ་མོའི་སྐུ་ལ་བཞུགས། །དེ་ཡང་རང་ལ་རང་ལུས་གདན་དང་བཅས་པ་ཉི་མ་ལ་སྟེ་ཉི་མ་ཧཱུཾ་ལའོ། །ཨཱུ་ནི་ཧ་ལ་དེ་ཡང་མགོ་བོ་ལ་སྟེ་དེ་ཉིད་ཟླ་བ་ཕྱེད་པ་ཉིད་ལའོ། །ཟླ་ཕྱེད་ཐིག་ལེ་དེ་ཉིད་ནཱ་ད་དེ་བཞིན་ནམ་མཁའ་ཁ་རླངས་མེ་ལོང་ལ་ཕོག་མཚུངས། །དེ་ལྟར་འོད་གསལ་ཞུགས་ནས་སླར་ཡང་སྔ་མ་དང་མཚུངས་གཟུགས་སུ་དྲན་པར་བྱས་པ་དང༌། །སྤྲུལ་པ་སྣ་ཚོགས་ཁམས་གསུམ་རྣམས་སུ་ནམ་མཁའ་ཁྱབ་པར་སྐད་ཅིག་གིས་ནི་སྤྲོ་བར་བྱ། །དེ་ལྟར་ཡང་ནི་དེ་བཞིན་བསྡུ་ཞིང་ཡང་ནི་དེ་ལྟར་བསྐྱེད་ཅིང་སྤྲོ་བ་དེ་བཞིན་དུ། །མཉམ་པར་གཞག་པའི་ཟུང་འཇུག་ལམ་དང་འདི་ཡིས་ནི། །སངས་རྒྱས་ཞབས་ལ་ཡང་དག་འགྲོ་བར་འགྱུར། །དཔལ་ལྡན་དུས་འཁོར་སྒྲུབ་པའི་ཐབས། །གང་བྱས་པ་ཡི་བསོད་ནམས་འདིས། །འཇིག་རྟེན་པ་རྣམས་ལྷན་སྐྱེས་ཀྱང༌། །གཉིས་མེད་རང་བཞིན་ཞབས་ཐོབས་ཤོག །དཔལ་


DTG014_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་བཱ་གཱི་ཤྭ་ར་དང༌། ལོ་ཙཱ་བ་ཆོས་རབ་ཀྱིས་བསྒྱུར་བའོ།།


previousདཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རོལ་པའི་རྡོ་རྗེས་མཛད།next