Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ།  ཨཱ་བ་དྷཱུ་ཏཱི་པས་མཛད།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ། ཨཱ་བ་དྷཱུ་ཏཱི་པས་མཛད།next

དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ།
ཨཱ་བ་དྷཱུ་ཏཱི་པས་མཛད།


DTG014_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲོ་པ་དེ་ཤ་ཡོ་ག་ཥ་ཌངྒ་ཏནྟྲ་པ་ཉྫི་ཀཱ་ནཱ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མེད་པ་འང་མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དང་པོ་སངས་རྒྱས་རྒྱུ་མེད་ལས། །འཇམ་པའི་རྡོ་རྗེས་ཕྱུང་པ་ཡིས། །སྐུ་རྣམས་བཞི་ཡི་དོན་བསྡུས་པ། །མཚན་ཉིད་དེ་ནི་དགྲོལ་བར་བྱ། །ཤེས་རབ་ཐབས་མིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར་ཤེས་རབ་ཅེས་བྱ་བ་ནི་ཆ་བཅོ་ལྔའི་བདག་ཉིད་དཀར་པོའི་ཕྱོགས། ནག་པོའི་ཕྱོགས་ནི་ཟླ་བའི་ཆ་ཟད་པའི་ཕྱིར་ན་ཐབས་སོ། །དེ་ལྟར་དཀར་པོ་ནི་མཚན་མོ་སྟེ། ནག་པོ་ནི་ཉིན་མོའི། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་སྐུ་ནི་ཤེས་རབ་ལས་ཀྱང་མ་ཡིན་ནོ། །ཐབས་ལས་སྐྱེས་པ་ཡང་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྐུ་འདི་ལྟ་བུ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཡུལ་ལོ། །དེ་ལྟར་ཡོད་པ་མིན་ཏེ། དཀར་པོའི་ཕྱོགས་ཀྱི་བདེ་བ་ཟད་པའི་ཕྱིར་རོ། །མེད་པ་ཡང་ནི་མ་ཡིན་ཏེ། སྐད་ཅིག་མ་


DTG014_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་དགའ་བའི་ཆའི་དངོས་པོ་ནི་ནག་པོའི་ཕྱོགས་མེད་པ་ཡིན་ནོ། །ཡོད་མེད་མིན་ཏེ། འདི་དག་གཉིས་ནི་ཕན་ཚུན་འགལ་བའི་ཕྱིར། །གཅིག་ཏུ་འདུས་ཤིང་ལྷན་ཅིག་བྱེད་པ་མེད་དོ། །གཉིས་ཀའི་བདག་ཉིད་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་དཀར་པོའི་ཕྱོགས་ཡར་ངོ་དང༌། ནག་པོའི་ཕྱོགས་མར་ངོ་འདི་གཉིས་ཀ་ལ་ཡང་ཆར་རྟོགས་པ་ལྷན་ཅིག་སྐྱེས་པའི་བདེ་བ་མེད་དོ། །དེ་ལྟར། མཐའ་བཞི་ཡོངས་སུ་རྫོགས་ཤིང་དག་པའི་ཆ་བཅུ་དྲུག་མ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་སྤྲོས་པ་དང་བྲལ་བ་གཟུང་འཛིན་མེད་པའི་ཆོས་ཅན་དེ་ནི་མུ་བཞི་ལས་གྲོལ་བ་སྐྱེ། ལྷན་ཅིག་སྐྱེས་པའི་སྐུར་བརྗོད་དོ། །བདེ་ཆེན་སྐུ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་སུ་ལ་ཡོད་པ་དེ་ནི་ཧེ་རུ་ཀ་ཡིན་ཏེ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟ་བུ་སུ་ལ་ཡོད་པ་དེ་ལ་ནི་ལུས་ཀྱིས་ཕྱག་འཚལ་བ་དང༌། ངག་དང་ཡིད་ཀྱིས་ཕྱག་འཚལ་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ཤེས་རབ་ཀྱི་རྒྱུ་མཐུན་པའི་མཚན་ཉིད་རྣལ་འབྱོར་པ་རྣམས་ལ་བཞི་པ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་མ་གྲུབ་པའོ། །འདི་ལྟར་ལྷན་ཅིག་སྐྱེས་པའི་སྐུ་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །གཞན་ཀྱི་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུར་ནི་འགྱུར་བ་སྟེ། ཤིན་ཏུ་གཉིད་མཐུག་པོ་ལོག་པ་སད་པའི་ཕྱིར་རོ། །དེ་ཡང་ཤེས་རབ་དང་ནི་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཞིང༌། ཡེ་ཤེས་དང་རྣམ་ཤེས་དབྱེ་བ་ཉིད་ཅེས་བྱ་བ་ལ་འདིར་ཡེ་ཤེས་བྱ་བ་ནི་རྣལ་འབྱོར་པའི་འཛིན་པའི་སེམས་སོ། །རྣམ་པར་ཤེས་པ་ནི་གཞན་གྱི་སེམས་གཟུང་བར་བྱ་སྟེ། དེའི་ཕྱིར་ཤེས་བྱའི་མཚན་ཉིད་དོ། །དེ་ལྟར་འཛིན་པའི་སེམས་ནི་ཤེས་རབ་མ་སྟེ། རྟོག་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་ཐབས་ཀྱི་སེམས་ནི་ཀུན་དུ་བརྟགས་པའི་སྙིང་རྗེའི་མཚན་ཅན་ནོ། །དེའི་ཕྱིར་འཛིན་པ་དང་གཟུང་བའི་དབྱེ་བ་དེ་ཡིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནི་གཞན་གྱི་དོན་མཛད་པའི་ཆོས་སྐུ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བའོ། །དེ་ལྟར་རྒྱུ་མཐུན་བདེ་བ་ནི་ལྟེ་བར་ལྷན་ཅིག་སྐྱེས་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་


DTG014_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པར་སྨིན་པ་ཡིན་ཏེ། དེར་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སྒྲ་བརྙན་ལྟ་བུར་ནི་སེམས་ཅན་དུ་མའི་དོན་མཛད་པ་ཞེས་བྱ་བ་ནི་འདིར་ལྷའི་མིག་གིས་གང་འདས་པ་དང༌། མ་འོངས་པའི་གཟུགས་བརྙན་གྱི་རྣམ་པ་ལྟ་བུའམ། ཆུའི་ཟླ་བ་ལྟ་བུ་དང་པོའི་གསལ་བ་གང་མཐོང་བ་དེ་ལས་སྒྲ་འབྱུང་བའི་སྒྲ་བརྙན་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་ངོ་བོ་ལྷའི་སྙན་གྱི་རྣམ་པར་ཤེས་པ་ནི་འཛིན་པ་སྟེ། སྒྲ་བརྙན་ནི་གཟུང་བྱའི་ཕྱིར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་པའི་དུས་ཀྱི་གྲངས་ཤེས་པ་ནི་ཆེ་གེ་མོའི་རྟོག་པ་དང༌། ཆེ་གེ་མོའི་དུས་དང༌། ཆེ་གེ་མོའི་ཟླ་བ་དང༌། ཆེ་གེ་མོའི་ཕྱོགས་དང༌། ཆེ་གེ་མོའི་ཉི་མ་ལ་སོགས་པ་ལ་ཆེ་གེ་མོ་འདིར་འགྱུར་ཞེས་ཟེར་བ་ནི། དེའི་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་གདུལ་བར་བྱ་བ་ཡིན་ཏེ། དེ་ནི་རྨི་ལམ་གྱི་གནས་སྐབས་ཟད་ཅིང་མེད་པའི་ཕྱིར་རོ། །མགྲིན་པ་ལས་སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྟེང་ན་གནས་པའི་ས་བོན་ཅན་རྣམས་ལ་ཡིན་གྱི། ས་བོན་མེད་པ་རྣམས་ལ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་སླར་ཡང་འདི་རུ་འགྱུར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སངས་རྒྱས་སྤྲུལ་པའི་སྐུ་རུ་འགྱུར་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་དེ། གཅིག་དང་དུ་མ་སེམས་ཅན་རྣམས་ཀྱི་སྤྲུལ་པ་དུ་མ་མཐོང་བའི་ཕྱིར་དུ་མའོ། །དེ་ལྟར་གཅིག་དང་དུ་མའི་རྣལ་འབྱོར་ནི་དོན་དམ་པར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཀུན་རྫོབ་ཏུ་ནི་གཅིག་དང་དུ་མ་འགལ་བ་ཡིན་ཏེ། དེ་ཡང་སད་པའི་གནས་སྐབས་ཟད་པའི་ཕྱིར་དཔྲལ་བ་དྲི་མ་མེད་པར་སྤྲུལ་པའི་སྐུ་འཐོབ་སྟེ། །དེ་ཡང་གཟུགས་རྣམས་ཐམས་ཅད་ལ་སྣ་ཚོགས་ཀུན་དུ་བདེ་བ་སྟོན་པའི་ཕྱིར་རོ། །དེ་ནི་ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་བྱའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་གཅིག་པུ་ལ་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་སྟེ་སྐུ་རེ་རེ་ལ་ཡང་བཞི་བཞིའི་བདག་ཉིད་ཅན་ནོ། །དེ་ཉིད་ཐམས་ཅད་ཀྱང་སྔོན་དུ་བརྗོད་


DTG014_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་འདི་གཅིག་པུ་དུས་མཐའི་སྤྲིན་དང་འདྲ་བའི་ཉོན་མོངས་བ་རྣམས་དྲལ་ཞིང་མེད་པར་བྱས་ནས་ཧེ་རུ་ཀར་གྱུར་པ་སྟེ་ཞེས་བྱ་བ་ནི་མི་འཕོ་བའི་ཆོས་ཀྱིས་ཉམས་སུ་བླངས་པའི་རྣམ་པར་ཤེས་པར་ལ་དེ་བཞིན་ནོ། །ཧེ་རུ་ཀ་ཞེས་པ་ནི་དྲག་པོ་རྣམས་ནི་སྨིན་པར་མཛད་པའི་དུས་རྡོ་རྗེ་སེམས་དཔའ་ཕྱིར་སྤྲོ་བའོ། །རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པར་བྱ་བའམ། དགྲོལ་བར་བྱ་བའི་ཕྱིར་རམ། དེའི་དོན་གོ་བར་བྱ་བའི་ཕྱིར་ན། དེ་ཡང་དམ་ཚིག་རྒྱལ་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་གནས་གྱུར་པ་སྟེ་དེ་བཞིན་ནོ། །རིན་ཆེན་འཛིན་པ་དེ་ཉིད་སྡུག་བསྔལ་བར་འགྱུར་བ་རྣམས་ལ་སྦྱིན་བའི་དོན་དུ་རིན་ཆེན་འབྱུང་ལྡན་གནས་གྱུར་པ་སྟེ། མི་འཕོ་བའི་ཆོས་ཀྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ་འཕྲོ་བར་བྱེད་པ་ཟད་པར་བྱེད་པའི་ཚོར་བའི་བདེ་བ་དེ་གཞན་མའོ། །དེ་ཡང་པདྨ་འཛིན་པ་ཆགས་པའི་རྒྱུར་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སུ་འགྱུར་རོ། །དེ་ཡང་སྣང་བ་ནི་སེམས་ལ་བདེ་བ་སྣང་བའོ། །མི་འཁོར་མི་འཕྲོ་བའི་ཆོས་ཀྱིས་གང་འཕྲོ་བའི་བདེ་བ་སྟེར་བའི་འདུ་ཤེས་ཏེ་དོན་གཞན་མའོ། །དེ་ཡང་བགེགས་རྣམས་གཞོམ་པའི་དོན་དུ་ནི། ཕྱག་རྒྱ་པདྨ་རལ་གྲི་འཛིན། །དོན་ཡོད་གྲུབ་པ་རུ་ནི་འགྱུར། །ཞེས་བྱ་བ་ནི་མི་འཕྲོ་བའི་ཆོས་ཀྱི་འདུ་བྱེད་རྣམས་ཏེ། གཞན་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམས་གང་སྒྲིབ་པ་མེད་པའི་སེམས་སུ་བྱེད་པའི་ཕྱིར་རོ། །བདུད་ལ་སོགས་པའི་སྒྲིབ་པ་རྣམས་གཞོམ་པར་མཛད་པ་ཞེས་བྱ་བ་ནི་རང་གི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྔ་དག་པའི་སངས་རྒྱས་ལྔའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་རྣམ་པ་གཉིས་སུ་གསུངས་ཏེ། དང་པོ་འཇིག་རྟེན་པའི་རྣལ་འབྱོར་གྱི་དངོས་གྲུབ་བསྒྲུབ་པ་ནི་འདོད་ཁམས་ཀྱི་ལྷ་དྲུག་ཏུ་སྐྱེ་བ་དང༌། རལ་གྲི་དང༌། མིག་སྨན་དང༌། རྐང་མགྱོགས་དང༌། རི་ལུ་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབས་ན་འགྲུབ་བོ། །ཡང་རྣལ་འབྱོར་པ་རྣམས་


DTG014_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རླུང་དང་རྩ་དང་ཐིག་ལེ་དང་ནཱ་ད་ལ་སོགས་པ་རྟོག་པ་ཅན་གྱི་རྣལ་འབྱོར་བསྒོམས་པ་ཡིས་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་དུ་སྐྱེ་བར་འགྱུར་ཞིང་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་འྶྐྲུབ་པས་འགྲུབ་པ་དེ་ནི་འཇིག་རྟེན་པ་ཡིན་གྱི། དེ་རྣམས་ནི་འཇིག་རྟེན་ལས་འདས་པ་ནི་མ་ཡིན་ནོ་ཞེས་ཕྱག་ན་རྡོ་རྗེའི་སྟོད་འགྲེལ་དང༌། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་ངེས་བའི་དོན་དུ་གསུངས་སོ། །དྲང་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཁ་ཅིག་ཏུ་བསྐྱེད་པའི་རིམ་པས་སངས་རྒྱས་པར་འགྱུར། ཞེས་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་བྱིས་པ་རྨོངས་པ་མི་ཤེས་བ་རྣམས་ལ་དྲང་བའི་དོན་དུ་གསུངས་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་དབང་རབ་བྱེད་དུ་དབང་བདུན་པོ་འདིས་ས་བདུན་པོ་ཐོབ་ཅེས་གསུངས་པ་ནི་བྱིས་པ་རྣམས་འཇུག་པའི་ཕྱིར་ཡིན་ཏེ། དེས་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་ནི་མ་གསུངས་ཏེ། དེ་ཡང་དཔལ་མཆོག་དང་པོའི་རྒྱུད་ཡེ་ཤེས་ཀྱི་ལེའུར་ཟད་པར་ས་ལ་སོགས་པ་བཞི་བསྒོམས་ནས་རྟོགས་པ་ཐོབ་ན་བསམ་གཏན་བཞི་པའི་ལྷར་སྐྱེ་བར་འགྱུར་ཞེས་གསུངས་སོ། །ད་རྣམས་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ཐབས་སུ་བསྟན་ཏོ།། །།ད་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་རྒྱུད་མཐའ་དག་ཏུ་ཡང་གསུངས་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྟོད་འགྲེལ་དུ་ཡང་བཤད་དོ། །ཡང་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་འགྲེལ་པ་དྲི་མ་མེད་པར་གྲགས་པར་ཡང་རྒྱས་པར་བཤད་དོ། །སློབ་དཔོན་ཟླ་གྲགས་ཀྱིས་སྒྲོན་མ་གསལ་བར་ཡང་བཤད་དེ་དོན་གོ་བར་ཡང་མ་གསུངས་སོ། །དེ་ཡང་འགྲེལ་པ་དྲི་མ་མེད་པ་ལ་བ་རྟེན་ནས་སྦྱོར་བ་ཡན་ལག་དྲུག་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་དང་པོ་སོ་སོར་སྤོང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་སོ་སོར་སྤོང་བ་ན་མིག་གི་དབང་པོ་ཡུལ་རྣམས་ལས་ལོག་པའོ། །རྣ་བའི་དབང་པོ་སྒྲ་རྣམས་ལས་ལོག་པའོ། །སྣའི་དབང་པོ་དྲི་རྣམས་ལས་ལོག་


DTG014_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལྕེའི་དབང་པོ་རོ་རྣམས་ལས་ལོག་པའོ། །ལུས་ཀྱི་དབང་པོ་རེག་བྱ་འཇམ་རྩུབ་རྣམས་ལས་ལོག་པ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །འདིར་སོ་སོར་སྤོང་པའི་སྒྲ་ནི་དང་པོའི་ལས་ཅན་གྱི་རྣལ་འབྱོར་པའམ། རྣལ་འབྱོར་མ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་འཛིན་པར་བྱེད་པ། ཡེ་ཤེས་ཀྱི་ཕུང་པོ་ཡིན་ཞེས་བརྗོད་དོ། །དེ་ཡང་ཡེ་ཤེས་ཀྱི་ཕུང་པའི་སྤྱོད་ཡུལ་དུ་གྱུར་པའི་མཚན་མའི་དབྱེ་བ་རྣམ་པ་བཅུ་གཅིག་གཟུང་བར་བྱ་སྟེ། དེ་ཡང་དང་པོར་སོ་སོར་སྤོང་བའི་དུས་སུ་ལྟ་བ་ལྟ་བུ་དང༌། གཉིས་པ་སྨིག་རྒྱུ་ལྟ་བུ་དང༌། གསུམ་པ་ནམ་མཁའ་གསལ་བ་ལྟ་བུ་དང༌། བཞི་པ་མར་མེ་ལྟ་བུ་དང༌། ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྣམས་ནི་གསང་བ་འདུས་པའི་རྒྱུད་ཕྱི་མར་གསུངས་ཏེ། དེ་ལྟ་ནི་སོ་སོར་སྤོང་བའི་མཚན་མོའི་རྣལ་འབྱོར་གྱི་སྦྱོར་བས་དེ་རྣམས་མཐོང་བར་འགྱུར། དེ་ནི་སོ་སོར་སྤོང་བ་དང་པོའི་བཤད་པའོ། །ཡང་སོ་སོར་སྤོང་བ་གཉིས་པ་ནི་ཉིན་མོའི་རྣལ་འབྱོར་གྱི་སྦྱོར་པས་མཚན་མ་རྣམ་པ་དྲུག་འབྱུང་བ་ཉིད་དེ། དང་པོ་འབར་བ་ལྟ་བུ་དང༌། དེ་ནས་ཟླ་བ་ཤར་བ་ལྟ་བུ་དང༌། དེ་ནས་ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུ་དང༌། དེ་ནས་འཇའ་ལྟ་བུ་དང༌། དེ་ནས་གློག་ལྟ་བུ་སྟེ། དེ་ལ་སྒྲ་གཅན་འཛིན་ལྟ་བུ་དང་ཞེས་བྱ་བ་ནི་ཕྱི་རོལ་སྔོ་བསངས་ནམ་མཁའི་མདོག་དང་འདྲ་བ་ཟླུམ་པའོ། །དེའི་ནང་དུ་རུར་སེར་དུ་གནས་པའི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ། ཆ་ཕྲ་ལ་འཚོར་བ་འདར་བ། གཞིག་བར་དཀའ་བའོ། །དེའི་ནང་ན་ཐིག་ལེ་ལྟ་བུ་ཞེས་བྱ་བ་ནི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ་ནི་འོད་ཟེར་ལྔའི་ཚོགས་གནས་པའི་ཆེ་ཆུང་སྐྲའི་རྩེ་མོའི་ཚད་ཙམ་དུ་རྣལ་འབྱོར་པས་མཐོང་བ་ནི་ཐིག་ལེ་ལྟ་བུ་སྟེ་དེ་ནི་སོ་སོར་སྤོང་བ་གཉིས་པའི་བཤད་པའོ། །ད་ནི་བསམ་གཏན་བཤད་པར་བྱ་སྟེ། དེ་ལ་བསམ་གཏན་ཞེས་བྱ་བ་ནི་དམིགས་པའི་ཡུལ་དེ་ཉིད་ལ་སེམས་མི་གཡོ་ཞིང་མི་ལྡོག་པར་གནས་པ་ནི་བསམ་གཏན་དང་པོའོ། །ཡང་བསམ་གཏན་གཉིས་པ་ནི་དེ་ལྟར་བསྒོམས་པའི་དབང་གིས་དེ་ལྟར་ཡང་མཐོང་པའི་དབྱེ་བས་བརྟགས་བམ་ཡིན་པའི་མཐོང་བ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་པ་ནི་རྣལ་འབྱོར་བའི་ལུས་


DTG014_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཁོ་ནས་མཐོང་བའོ། །དེ་བཞིན་དུ་བསམ་གཏན་མི་བསྐྱོད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པ་བཅུ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཅིང་སེམས་ཕྱིར་མི་འཕྲོ་བར་ནང་དུ་དབུ་མར་ཞུགས་པ་ཉེད་དེ། སྣ་ཚོགས་པའི་སྐུ་སྟེ་བསམ་གཏན་གཉིས་པ་ཞེས་བརྗོད་དོ། །ད་ནི་སྲོག་དང་རྩོལ་བ་བརྗོད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་དབུགས་ཕྱིར་འབྱུང་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་ཅིང་རྩ་རྣམས་སྟོངས་པར་བྱེད། རྩོལ་ཞེས་བྱ་བ་ནི་ནང་དུ་འབྱུང་བ་སྟེ་མི་ཤོར་བར་བྱེད་པའོ། །ཡང་གི་སྒྲས་ནི་རྣལ་འབྱོར་པ་རྣམས་ཀྱི་སྲོག་དང་རྩོལ་བ་འགོག་ན་ཚེ་རིང་ཞེས་བྱའོ། །རལ་གྲི་ཅན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ཡང་སྲོག་དང་རྩོལ་བས་སྣ་བུག་གཡོན་དང༌། སྣ་བུག་གཡས་པ་ནས་རླུང་གི་དཀྱིལ་འཁོར་ལྔ་ལྔ་གཅིག་ཏུ་མཉམ་བར་སོ་སོར་མ་འདྲེས་པར་གྱུར་ཅིང་སྣ་བུག་གཡོན་པ་ནས་ཨོཾ་དཀར་པོར་གྱུར་ནས་ནང་དུ་འཇུག་ཅིང་ལྟེ་བའི་ཧཱུཾ་ལ་ཐིམ་པ་ནི་རྩོལ་བ་ཞེས་བརྗོད་དོ། །ཧཱུཾ་ལས་ཕྱིར་ཨཱཿ་དམར་པོར་གྱུར་ནས་སྣ་བུག་གཡོན་པ་ནས་བྱུང་ནས་སོར་བཅུ་བདུན་ཚུན་ཆད་དུ་འཕྲོས་པ་ནི་སྲོག་ཅེས་བྱའོ། །ཡང་སྲོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་འཕོ་བར་གྱུར་པ་ན་སྲོག་ཅེས་བྱའོ། །རྩོལ་བ་ཞེས་བྱ་བ་ནི་ནང་དུ་འཇུག་པ་ལ་ཡང་རྣམ་པ་བཅུར་ཧཱུཾ་ལ་ཐིམ་པར་གནས་པ་ནི་རྩོལ་པ་ཞེས་བརྗོད་དོ། །དེ་ཡང་སྲོག་དང་རྩོལ་བ་ཡང་རྣམ་པ་བཅུར་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནི་སྲོག་དང་རྩོལ་བའི་བཤད་པའོ། །དེ་ནི་འཛིན་པ་བཤད་པ་ནི་འཛིན་པ་བཤད་པར་བྱ་སྟེ། དེ་ལ་འཛིན་པའི་ངོ་བོ་བརྗོད་པར་བྱ་སྟེ། རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་ཉམས་སུ་མྱོང་བའོ། །ཚོར་བ་ནི་བདེ་བ་དེ་འཛིན་པ་སྟེ། མི་འགྱུར་བའམ། བརྟན་པས་ན་འཛིན་པ་སྟེ། སྐུའི་ཐིག་ལེ་འཛིན་པ་དང༌། གསུང་གི་ཐིག་ལེ་འཛིན་པ་དང༌། ཐུགས་ཀྱི་ཐིག་ལེ་འཛིན་པ་དང། ཡེ་ཤེས་ཀྱི་ཐིག་ལེ་འཛིན་པ་རྣམས་བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང༌། སྤྲུལ་བའི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་དང༌། ཡོངས་སྤྱོད་ཀྱི་འཁོར་ལོ་དང༌། དཔྲལ་བར་དབང་བྱེད་ཀྱི་འཁོར་ལོ་དང༌། གཙུག་ཏོར་གྱི་འཁོར་ལོ་རྣམས་སུ་ཀུན་རྫོབ་བྱང་ཆུབ་སེམས་དབུ་


DTG014_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་འགྲོ་བ་དང༌། འོང་བའི་རང་བཞིན་མི་འཕོ་བར་གནས་པ་ནི་འཛིན་པའི་དབྱེ་བས་རླུང་རྣམ་པ་བཅུ་འགྲོ་བ་དང་འོང་བ་སྟེ། དེ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དེ། དེས་ནི་འཛིན་པ་བཤད་དོ། །དེ་ནི་རྗེས་སུ་དྲན་པ་བཤད་པར་བྱ་སྟེ། དེ་ལ་དྲན་པ་ཞེས་བྱ་བ་ནི་ལྟེ་བ་ཆོས་ཀྱི་འབྱུང་གནས་དཀྱིལ་འཁོར་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་ཞེས་བྱ་བ་གཏུམ་མོ་མེའི་རྣམ་པ་སོར་གཅིག་པ། ཕྲ་བ་ལ་ཁ་དོག་དཀར་མོ་འཚེར་བ་འདོད་ཆགས་ཀྱི་མེས་ཐམས་ཅད་གདུངས་ཤིང་སྲེག་པ། ལུས་ཀུན་ལ་ཁྱབ་པར་བྱེད་པའི་ནུས་པ་ཡོད་པ་དེ་ལས་སེམས་ཀྱིས་རྗེས་སུ་དྲན་པ་ནི་དྲན་པ་ཞེས་བྱའོ། །ཡང་ཤེས་རབ་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་འཛིན་པའི་དུས་སུ་དམིགས་པའི་ཡུལ་མི་བརྗེད་པས་ན་དྲན་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། རླུང་རྣམ་པ་བཅུ་གསང་བའི་རྡོ་རྗེ་དང་པདྨ་གཉིས་གཉིས་སུ་མེད་ཅིང་གཅིག་པར་གྱུར་བའི་ཤེས་རབ་ཀྱི་ཆགས་པས་བཞུ་བའི་བདེ་བ་དེ་ལ་ཉོན་མོངས་པར་མི་རྟོག་ཅིང་མི་ཆགས་པ་ནི་དྲན་པ་ཡིན་ཏེ། དེ་ཡང་གཡུང་མོ་རྗེས་སུ་དྲན་པའོ། །ཡང་དྲན་པ་ཞེས་པ་ནི་རྩ་དབུ་མ་ཨ་བ་དྷཱུ་ཏཱིར་འདོད་པའི་བདེ་བའི་གནས་སྐབས་སུ་རླུང་རྣམ་པ་བཅུའི་དབྱེ་བས་འགོག་ནུས་ཤིང་བདེ་བ་ལ་མི་ཆགས་ན་ཡང་རྩ་རྗེས་སུ་དྲན་པའི་དྲན་པ་ཞེས་བརྗོད་དོ། །རྗེས་སུ་དྲན་པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་ཅེས་བྱ་བ་བརྗོད་པ་ལ། དཔལ་གྱི་ཏིང་ངེ་འཛིན་འཁོར་ལོ་ཅན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ཏེ། རླུང་རྣམ་པ་བཅུ་གཙུག་ཏོར་གྱི་འཁོར་ལོར་འགོག་པས་ན་ཏིང་ངེ་འཛིན་ཞེས་བྱ་བར་བརྗོད་དེ། དེ་ལྟ་ན་ནི་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །དེ་ཅིའི་ཕྱིར་ན་མྱ་ངན་ལས་འདས་པ་ཞེས་བརྗོད་ཅེ་ན། སངས་རྒྱས་རྣམས་ནི་གཙུག་ཏོར་གྱི་འཁོར་ལོ་ནས་གསང་བ་བདེ་བ་ཆེན་པོའི་འཁོར་ལོའི་པར་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་གཉིས་སུ་མེད་པར་གྱུར་ཅིང༌། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་ལས་རླུང་རྣམ་པ་བཅུ་རྣམས་རྡོ་རྗེའི་ནོར་བུའི་རྩེ་མོར་འགོག་པ་དང༌། གཙུག་ཏོར་ཏུ་རྒྱས་པར་མཛད་པ་ནི་དེ་རྣམས་མི་རུང་


DTG014_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ལ་དགོངས་ནས་མི་གནས་པར་མྱ་ངན་ལས་འདས་པ་ཞེས་ཀྱང་བརྗོད་དོ། །ཏིང་ངེ་འཛིན་བཤད་ཟིན་ཏོ། །ཡང་སོ་སོར་སྤོང་བའི་ལས་བཤད་པར་བྱ་སྟེ། དེ་ལ་སོ་སོར་སྤོང་བའི་ལས་བརྗོད་པར་བྱ་བ་ནི་སོ་སོར་ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ལ་ཕྱིའི་ཡུལ་དང༌། ནང་གི་ཡུལ་ཡུལ་ཅན་རྣམ་པ་བཅུ་རྣམས་ཀྱིས་འབྲེལ་པས་རྣམ་པར་ཤེས་པ་ལ་མི་འཇུག་ཅིང་དེ་ཉིད་ལ་བརྟན་པར་གྱུར་པ་ནི་སོ་སོར་སྤོང་བའི་ལས་སོ། །སྤོང་བ་ཞེས་བྱ་བ་ནི་དོན་གོ་བར་མ་གྱུར་པས་ཡུལ་ལ་མི་འཇུག་པའོ། །སོ་སོར་སྤོང་བའི་མཚན་ཉིད་ཀྱི་སྐུའི་ཡུལ་རྣམས་ལ་མིག་ལྔ་ལ་སོགས་པ་གཞན་མངོན་པར་ཤེས་པ་རྣམ་པ་ལྔ་ལ་འཇུག་པའོ། །དེ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །ད་ནི་བསམ་གཏན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནང་དུ་བདག་ཉིད་ལྟ་བར་བྱའོ། །ཡང་རྟོག་པ་ཞེས་བྱ་བ་ནི་ཕྱི་དང་ནང་དུ་དངོས་པོ་ཐམས་ཅད་ལ་འཛིན་པར་བྱེད། དེ་ལ་དཔྱོད་པ་ཞེས་བྱ་བ་ནི་དེའི་དོན་ངེས་པར་བྱས་ཞིང་དེའི་རང་བཞིན་ཁོང་དུ་ཆུད་པར་བྱེད་ཅིང་གོ་བར་གྱུར་པའོ། །དགའ་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་མཐོང་བ་དེ་ཉིད་ལ་ཞེན་པར་འགྱུར་བར་གནས་པ་ནི་དགའ་བའོ། །དེ་ལ་མི་གཡོ་བའི་བདེ་བ་ཞེས་བྱ་བ་ནི་སྐུ་དང་ལྷན་ཅིག་ཏུ་སེམས་འདྲེས་པར་གྱུར་ནས། །མེ་ཉམས་པ་ལ་གསལ་བའི་བདག་ཉིད་ཅན་གྱིས་མི་གཡོ་བར་གྱུར་པའོ། །དེ་ལྟར་ན་གཟུང་བ་དང་འཛིན་པའི་དབྱེ་བས་རླུང་རྣམས་དང་འདྲེས་པའི་བསམ་གཏན་རྣམ་པ་བཅུ་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ནི་བསམ་གཏན་གྱི་མཚན་ཉིད་དོ། །དེ་ལྟར་སོ་སོར་སྤོང་བའི་མཚན་ཉིད་དང༌། བསམ་གཏན་གྱི་མཆན་ཉིད་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་བའི་ལས་དང་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་སྣ་བུག་གཡོན་བ་དང་གཡས་པ་གཉིས་ནས་གཅིག་ལ་གཅིག་ཅར་དུ་རྒྱུན་མི་འཆད་པར་རྒྱུ་བ་ནི་སྲོག་གི་ལས་སོ། །སྲོག་གི་མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་དབུ་མར་དབུགས་བཅུ་གཅིག་དང་བཞི་ཆ་རྒྱུས་ནས་བདེ་བ་བསྐྱེད་པ་ནི་སྲོག་གི་མཚན་ཉིད་དོ། །རྩོལ་བ་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་སྣ་བུག་ནས་ནང་དུ་འཇུག་ཅིང་གནས་པ་ནི་རྩོལ་བའི་ལས་སོ། །རྩོལ་བའི་མཚན་ཉིད་ནི་གཡོན་པ་དང་གཡས་


DTG014_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣ་བུག་ནས་རྒྱུ་བའི་སྲོག་འགོག་ཅིང་དབུས་མའི་ལམ་དུ་འཇུག་པའི་རྩོལ་བའི་མཚན་ཉིད་དོ། །དེ་ལྟར་རླུང་རྣམ་པ་བཅུ་སྟེ། ནམ་མཁའ་དང་ས་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཅུ་རྩ་དབུས་མར་འགོག་པར་བྱེད། དེས་ནི་སྲོག་དང་རྩོལ་བའི་ལས་དང་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་ཐིག་ལེའི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་ཐིག་ཅེས་བྱ་བ་ནི་ཤེས་བྱའི་དངོས་པོ་གཏན་ལ་འབེབས་པ་སྟེ། དངོས་པོ་མི་འགྱུར་བར་བྱེད་པའོ། །ལེ་ཞེས་བྱ་བ་ནི་དཔྲལ་བའི་དབུས་སུ་ཕུག་རྡུགས་ཀྱི་རྩ་སྲོག་གི་རླུང་བཅུག་ཅིང༌། བླ་མའི་མན་ངག་ལྟར་རྣལ་འབྱོར་པས་བསྒོམས་པས་སྔར་རྩ་མ་ཉམས་པ་རྣམས་རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིག་ལེ་རྒྱས་ཤིང་ཐམས་ཅད་ཁྱབ་པར་བྱེད་པ་ནི་ཐིག་ལེ་ཞེས་བརྗོད་དོ། །དེ་ནི་ཐིག་ལེའི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་དང་གི་སྒྲས་ཐིག་ལེ་བཤད་དོ། །ད་ནི་ཡང་འཛིན་པ་བཤད་པར་བྱེ་སྟེ། གཉིས་ཀའི་འགྲོ་བ་རབ་ཏུ་འཇིགས། །ཞེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པའི་རླུང་རྒྱུ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་འཇིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འཕོ་བའི་བདེ་བ་ལ་ཆགས་ཤིང་ཞེན་པ་དང་བཅས་པ་ནི་འཁོར་བར་ཡང་སྐྱེ་བའི་ལས་རབ་ཏུ་བསགས་ཤིང་དེའི་དབང་གིས་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བར་སྐྱེ་བ་ནི་འཇིགས་པའོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དཔྲལ་པ་སྲིད་པའི་གནས་སུ་འགྲོ་བ་དང་འོང་བའི་སྲོག་གི་རླུང་བཀག་པས་ནི་གཙུག་ཏོར་གྱི་འཁོར་ལོ་ན་རྩ་ཆེན་པོ་བཞི་གནས་པ་ནི་འབྱུང་བ་བཞི་ལས་གྲུབ་པ་དྲ་བའི་དཔེ་དང་འདྲ་བར་བྱས་ནས་ལུས་གྲུབ་ཅེས་བྱ་སྟ། རྩ་ལུས་ཐམས་ཅད་ལ་དྲ་བ་ལྟར་ཁྱབ་ནས་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། དྲ་བ་ནས་མར་ཞུགས་ནས་ལུས་ཐམས་ཅད་ལ་བདེ་བས་ཁྱབ་པར་བྱེད་ཅིང་བདེ་བས་མཉམ་པའོ། །ཡང་སྲོག་གི་རླུང་གིས་ཀྱང་ཐམས་ཅད་ལ་ཁྱབ་པར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ཚོར་བ་མཉམ་དུ་སྐྱེ་ཞིང་རུལ་བ་དང་སྐམས་པ་མེད་པ་ནི་སྲོག་གི་རླུང་ཐམས་ཅད་ལ་ཁྱབ་པར་གནས་སོ། །དེའི་ཕྱིར་རྣལ་འབྱོར་པ་ནི་རྩའི་དྲ་བ་ནས་མར་ཐིག་ལེ་བཞིས་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཤིང་ལུས་བདེ་བ་དང་བཅས་


DTG014_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གསལ་བ་མི་རྟོག་པ་བསྒོམས་པས་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་སྐྱོད་པར་བྱེད་ཅིང་ཐམས་ཅད་མན་ངག་ཁྱད་པར་ཅན་རྣམས་འཛིན་ཏོ། །ཡང་འཛིན་པའི་མཚན་ཉིད་ནི་དཔྲལ་བར་སྲོག་འགོག་པ་དང༌། རྡོ་རྗེ་ནོར་བུའི་རྩེ་མོར་སྲོག་གི་རླུང་འགག་པ་དང༌། རྡོ་རྗེའི་རྩ་བར་སེམས་རྩེ་གཅིག་པར་གྱུར་པས་བྱང་ཆུབ་ཀྱི་སེམས་མི་འཕོ་བའི་བདེ་བ་འཛིན་པར་བྱེད་པས་ན་འཛིན་པའི་མཚན་ཉིད་ཅེས་བརྗོད་དོ། །དེས་ན་འཛིན་པའི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །ད་ནི་ཡང་རྗེས་སུ་དྲན་པའི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་གཏུམ་མོ་ཞེས་བྱ་བ་ནི་མི་སྲུན་པའོ། །ཡང་ན་ཤིན་ཏུ་ཀུན་ལ་ཁྲོ་བའི་རང་བཞིན་ཅན་ནི་གཏུམ་མོའོ། །དཔེ་དེ་ལྟ་བུའི་རང་བཞིན་ནི་ཤེས་རབ་ཀྱི་བྱ་གདོང་མ་ལ་ཡོན་ཏན་ཡོད་པས་གཏུམ་མོ་ཞེས་མིང་དུ་བཏགས་སོ། །ཡང་ཉོན་མོངས་པ་རྣམས་མི་སྐྱེ་བའི་ནུས་པ་ཡོད་པས་ན་གཏུམ་མོའོ། །ཡང་ཤིན་ཏུ་མྱུར་བའི་ཡོན་ཏན་ནམ། །དྲག་པོར་གཅོད་པའི་ཡོན་ཏན་ནམ། །མྱུར་དུ་སྨིན་པར་བྱེད་པའི་རང་བཞིན་ནམ། །དངོས་པོ་ཐམས་ཅད་བརྗོད་པའམ། །དམིགས་པ་མེད་པར་བྱེད་པས་ན་གཏུམ་མོ་སྟེ་དྲན་པའི་ལས་སོ། །དྲན་པའི་མཚན་ཉིད་དེ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་སྣང་བར་བྱེད་པའོ། །སྲིད་པ་གསུམ་གྱི་ནམ་མཁའ་ལ་འཕགས་པར་བྱེད་ཅིང་མི་གཡོ་བར་གྱུར་པས་ན་གཏུམ་མོ་དུག་གསུམ་སྲེག་པར་བྱེད་པའོ། །དེ་རྣམས་དྲན་པས་ན་དྲན་པ་ཞེས་བརྗོད་དོ། །དེས་ནི་རྗེས་སུ་དྲན་པ་བཅུར་བསྟན་པའོ། །ད་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཞེས་བྱ་བ་ནི་ཤེས་བྱ་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པར་གྱུར་པའི་ཡུལ་ཐམས་ཅད་འགག་པར་འགྱུར་བ། སྤྲོས་པའི་མཐའ་དང་བྲལ་བ་སེམས་མཆོག་ཏུ་མི་འགྱུར་བའི་དབང་གིས་ཆོས་ཀྱི་སྐུ་ནམ་མཁའ་ལ་སྤྲིན་དང་ས་པ་ལྟ་བུའི་སེམས་གསལ་བ་རྟོགས་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་ལས་སོ། །ཏིང་ངེ་འཛིན་གྱི་མཚན་ཉིད་ནི་ཡེ་ཤེས་ཀྱི་སྐུ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྙེད་པར་འགྱུར་རོ། །དེ་ཡང་སྲོག་གི་རླུང་རྣམ་པ་བཅུ་ལ་སོགས་པ་རྣལ་འབྱོར་པས་འགགས་པའམ། མེད་པར་གྱུར་ཅིང་སེམས་མི་གཡོ་བར་གྱུར་པས་


DTG014_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞེས་པ་ནི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས་སོ། །དེས་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །དེ་ཡན་ཆད་སྦྱོར་བ་ཡན་ལག་དྲུག་གི་དབྱེ་བ་དང་མཚན་ཉིད་དང་ལས་རྣམས་བསྟན་ནས། ད་ནི་ཡོན་ཏན་བརྗོད་པར་བྱ་སྟེ། དེ་ལྟར་སྦྱོར་བ་ཡན་ལག་དྲུག་གསུངས་པའི་སྒྲུབ་ཐབས་ཏེ། འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་ནི། །དུས་ཀྱི་འཁོར་ལོ་དེ་རིག་གོ །ཕྱག་རྒྱ་གསུམ་དང་ཚད་གསུམ་གྱི། །རྣམ་པ་གསུམ་གྱི་འགྲོ་དབང་གིས། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །དེ་ལ་ཆུ་སོགས་དབྱེ་བ་ཡིས། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཆོས་དང་ལྡན་པ་ལོ་བཅུ་གཉིས་མའམ། བཅུ་དྲུག་མའམ། ཉི་ཤུ་ལོན་བའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་མོའམ། ཀླུ་མོའམ། མི་མོ་གང་ལ་མོས་པའམ། ཡེ་ཤེས་ཀྱི་ལྷ་མོའམ། མཁའ་འགྲོ་མའོ། །ཕྱག་རྒྱ་ཆེན་མོའོ། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལོ་བཅུ་གཉིས་མ་ལ་སོགས་པ་ལ་བརྟེན་ནས་བདེ་བ་ལ་སེམས་གཏད་ཅིང་དམིགས་པ་ཡིས་ནི་བྱང་ཆུབ་ཀྱི་སེམས་འཛག་པས་ནི་འགྲོ་བའི་རྣལ་འབྱོར་བའི་བདེ་བ་ཚད་ཆུང་ངུར་འགྱུར་ཏེ། དེའི་དངོས་གྲུབ་ཀྱི་འབྲས་བུ་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒྲུབས་པས་འཛག་པའི་བདེ་བ་ཆུང་ངུ་ཆུའི་ཡོན་ཏན་ཞེས་པ་ནི་འཇིག་རྟེན་པ་རྣམས་དང་དགའ་བ་སུམ་འགྱུར་དུ་འབྱུང་བ་དེས་ནི་འདོད་ཁམས་ཀྱི་ལྷའི་ལོངས་སྤྱོད་དང་རྒྱན་དང་འཁོར་ཁྱད་པར་ཅན་ཐོབ་པར་གྱུར་པ་ནི་ཕན་ཡོན་དང་བོའོ། །ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ལྷ་མོ་ལ་སོགས་པ་དམིགས་པའི་ཡུལ་དུ་བྱས་ནས་སེམས་བདེ་བ་ལ་གཏད་ནས་བདེ་བ་སྐྱེད་པ་ནི་ཆུའི་ཡོན་ཏན་ཞེས་པ་ནི་བདེ་བ་འཇིག་རྟེན་པ་དང་བདེ་བ་བཞི་འགྱུར་དུ་འབྱུང་བ་ནི་རྣལ་འབྱོར་པའི་འབབ་པའི་འགྲོ་བ་ནི་བདེ་བའི་ཚད་འབྲིང་པོར་འགྱུར་ཏེ། དེས་དངོས་གྲུབ་ཀྱི་འབྲས་བུ་ནི་ཡེ་ཤེས་ཀྱི་ཕྱག་རྒྱལ་བརྟེན་ནས་རྣལ་འབྱོར་པས་བསྒོམས་པ་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་གྱི་བདེ་བའམ། ལོངས་སྤྱོད་དང་རྒྱན་དང་འཁོར་ཁྱད་པར་ཅན་རྣམས་སྐྱེ་བ་


DTG014_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ཐོབ་པར་འགྱུར་ཞེས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་གསུངས་ཏེ། དེ་ནི་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ཡིན་གྱིས། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ནི་མ་ཡིན་ཞེས་དེ་ལ་འབྱུང་ངོ༌། །འདི་ནི་ཕན་ཡོན་གཉིས་པའོ། །ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་མོ་ལ་དམིགས་པའི་བདེ་བ་བསྐྱེད་པ་ནི་མི་འབབ་པའི་བདེ་བ་ཆེན་པོ་དེ་ནི་རྣལ་འབྱོར་མཆོག་གི་ཡང་མཆོག་ཅེས་བྱ་སྟེ། སའི་ཡོན་ཏན་ཞེས་པ་ནི་ལྔ་འགྱུར་དུ་འབྱུང་བའི་བདེ་བ་དེས་ནི་སྐད་ཅིག་གཅམ་ཡིད་ལ་བྱས་ཀྱང་སྲིད་པ་ལས་གྱེན་དུ་གཤེགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དཔེར་ན་ནགས་ཆེན་པོ་དཔག་ཏུ་མེད་པ་ཡོད་ཀྱང་གཙུབ་ཤིང་ལས་བྱུང་བའི་མེ་ཤིན་ཏུ་ཆུང་ཡང་ནགས་དེ་རྣམས་མེ་དེས་ཐམས་ཅད་སྲེག་པ་དང་མཚུངས་ཏེ། ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་སྒྲིབ་པའམ། བག་ཆགས་དཔག་ཏུ་མེད་པ་ཡོད་ཀྱང། སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྟོག་པ་ཐམས་ཅད་སྤངས་ནས་ཐུན་གཅིག་བསྒོམས་ནས་དག་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་ཏེ། ངེས་པའི་དོན་ཏོ། །དེ་ཡང་ཕྱག་རྒྱ་ཆེན་པོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གའི་འབྲས་བུ་དང་བདེ་བ་བསྐྱེད་པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་གསུམ་ལ་རྣལ་འབྱོར་པས་བསྒོམས་པས་དངོས་གྲུབ་ཀྱང་གསུམ་དུ་དེ་ལྟར་འབྱུང་བར་འགྱུར་རོ། །སྣ་ཚོགས་བརྟན་པའི་སྒྲུབ་ཐབས་ནི་དུས་ཀྱི་འཁོར་ལོས་དེ་རིག་གོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་བས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་དོན་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཕྱག་རྒྱ་གསུམ་དང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང་གསུམ་ལ་བརྟེན་ནས་བསྒོམ་པའོ། །ཚད་གསུམ་དང་ཞེས་བྱ་བ་ནི་སྐྱེས་བུ་བློ་དམན་པ་དང༌། སྐྱེས་བུ་བློ་འབྲིང་དང༌། སྐྱེས་བུ་བློ་རྩལ་རབ་ཏུ་ཕྱིན་པ་རྣམས་ལ་ཕྱག་རྒྱ་གསུམ་ཅི་རིགས་པར་སྦྱིན་པར་བྱའོ། །དང་གེ་སྒྲས་ནི་ཕྱག་རྒྱ་གསུམ་ལས་མི་འཕོ་བར་ཉམས་སུ་ལོང་ཤིག་པར་བསྟན་པའོ། །རྣམ་པ་


DTG014_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་འགྲོ་དབང་གིས། །ཞེས་བྱ་བ་ནི་ཕྱག་རྒྱ་གསུམ་གྱིས་སྔ་མའི་སངས་རྒྱས་རྣམས་དང༌། མ་བྱོན་པའི་སངས་རྒྱས་རྣམས་དང༌། ད་ལྟར་གྱི་ཤཱཀྱ་ཐུབ་པ་ཡང་དེ་ལ་བརྟེན་ནས་སངས་རྒྱས་སོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །ཞེས་བྱ་བ་ནི་དེ་ལྟར་ཕྱག་རྒྱས་གསུམ་ལ་བརྟེན་ནས་བསྒྲུབས་ན་ཞི་བ་དང་གྲོལ་བའི་རྒྱུར་འགྱུར་ཞིང་ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །སོ་སོར་སྤོང་བ་ལ་སོགས་པའི་ཕན་ཡོན་བཤད་ཟིན་ཏོ། །ད་ནི་སོ་སོར་སྡུད་པའི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུམ་སྟེ། འདིར་རྣལ་འབྱོར་བས་མཚན་མོ་བསྒོམས་པའི་དུས་སུ་སོ་སོར་སྡུད་པ་ཡང་དག་པར་འགྱུར་ཏེ། སྟོང་པ་ཉིད་ཀྱི་སྐུ་ལ་བརྟན་པར་གྱུར་པ་དེའི་ཚེ། རྣལ་འབྱོར་བ་ལ་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཚིག་གིས་མཆོག་སྟེར་བ་ཞེས་བྱ་བ་ནི་ངག་གི་སྨྲ་བ་ཐམས་ཅད་བཙུན་པ་དང༌། ཙི་སྨྲས་པ་ཀུན་ཡང་སེམས་ཅན་རྣམས་ལ་སྙན་པར་འགྱུར་རོ། །ལོངས་སྤྱོད་དང་ཡོ་བྱད་ཐམས་ཅད་འཕེལ་བར་འགྱུར་རོ། །དེས་ནི་སོ་སོར་སྡུད་པའི་འབྲས་བུ་བརྗོད་དེ་བཤད་ཟིན་ཏོ། །ད་ནི་བསམ་གཏན་གྱི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ། བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་མི་ཡི་བདག །ཅེས་བྱ་བ་གསུངས་པ་ལ། དེ་ལ། བསམ་གཏན་སྦྱོར་བ་དག་པ་ཡིས། །ཞེས་བྱ་བ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་བགྲད་པ་དང༌། ལུས་མི་འགུལ་བར་བསྲང་བས་ཨ་བ་དྷཱུ་ཏཱིར་ཡིད་བཙུད་དེ། སེམས་མ་གཡེངས་པར་གནས་པ་དེའི་ཚེ་བསམ་གཏན་དག་པའོ། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་དག་པ་ལྷའི་སྤྱན་ལ་སོགས་པ་ལྔ་ཐོབ་པར་འགྱུར་ཏེ། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་ལ་སོགས་པ་ཐོབ་པར་འགྱུར་རོ། །མིའི་བདག་ཅེས་པ་ནི་འཕགས་པ་འཇམ་དཔལ་ལ་བོད་པའི་ཚིག་ཡིན་ཏེ། དེའི་སྒྲས་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སོགས་ཀྱི་སྒྲས་ནི་དེ་བཞིན་དུ་ལྷའི་སྙན་ལ་སོགས་


DTG014_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བསམ་གཏན་གྱི་འབྲས་བུ་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་པའི་འབྲས་བུ་བརྗོད་པར་བྱ་སྟེ། དེ་ལ་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཡོན་ནས་འབྲུག་པའི་རླུང་རྒྱུ་བ་ཆད་པ་དང༌། གཡས་ནས་ཕྱིར་འབྱུང་བའི་རླུང་རྒྱུ་བ་འཆད་པས་ན། ཉི་མ་དང་ཟླ་བའི་ལམ་དང་བྲལ་པར་གྱུར་པ་དེའི་ཚེ་སྲོག་བཀག་པས་རྟག་ཏུ་རྩ་དབུ་མ་ནས་རླུང་རྒྱུ་བར་གྱུར་པ་དེའི་ཚེ། སྲོག་དང་རྩོལ་བ་དག་པ་ལས་བྱང་ཆུབ་སེམས་དཔས་མཆོད་པ་སྟེ། སྐུའི་དམ་ཚིག་བསྲུངས་པ་དང༌། གསུང་གི་དམ་ཚིག་བསྲུངས་པ་དང༌། ཐུགས་ཀྱི་དམ་ཚིག་བསྲུངས་པ་དང༌། ཡེ་ཤེས་ཀྱི་དམ་ཚིག་བསྲུངས་པ་ཞེས་བྱ་བ་ནི་ལུས་ཀྱི་ཐིག་ལེ་མི་འཕོ་བ་དང༌། ངག་གི་ཐིག་ལེ་མི་འཕོ་བ་དང༌། སེམས་ཀྱི་ཐིག་ལེ་མི་འཕོ་བ་དང༌། ཡེ་ཤེས་སེམས་དཔས་མཆོད་པ་སྟེ། སྐུའི་དམ་ཚིག་བསྲུངས་པ་དང༌། གསུང་སྔགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ནི་སྲོག་དང་རྩོལ་བའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་འཛིན་པའི་འབྲས་བུ་བརྗོད་པ་སྟེ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང༌། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །དེ་ལ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང༌། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་གཟུང་བ་ལ་འཛིན་པའི་སེམས་འཇུག་ཅིང་མི་གཡོ་བར་འགྱུར་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་ཆ་མཉམ་པ་སྟེ། ལྷའི་བུའི་བདུད་དང༌། འཆི་བདག་གི་བདུད་དང༌། ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་ཅེས་པ་ནི་ལུས་ཀྱི་སྒྲིབ་པ་དང༌། ངག་གི་སྒྲིབ་པ་དང༌། ཡིད་ཀྱི་སྒྲིབ་པ་དང། ཡེ་ཤེས་ཀྱི་སྒྲིབ་པ་རྣམས་མི་འབྱུང་ངོ༌། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཞེས་པ་ནི་འཛིན་པའི་སྟོབས་ཀྱིས་སྲོག་གི་རླུང་འགྲོ་བ་དང༌། འོང་བའི་བྱེ་བྲག་མེད་པར་འགྱུར། ཟད་པར་འགྱུར། འགགས་པར་གྱུར་པས་ནི་ལྟེ་བའི་གཞོམ་དུ་མེད་པ་ལ་དབུགས་ཐིམ་པར་གྱུར་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་འདྲེས་པས་དཔྲལ་བར་སྲོག་འགོག་པ་ནི་ས་བཅུ་ཐོབ་པས་སྟོབས་བཅུ་འབྱུང་བ་ནི་འཛིན་པ་ལས་ཐོབ་པར་འགྱུར་རོ། །འཛིན་པའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་རྗེས་སུ་དྲན་པའི་འབྲས་བུ་བརྗོད་པར་བྱ་སྟེ། དེ་


DTG014_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འདིར་ཤེས་རབ་སྟོང་པ་ཉིད་ཀྱི་སྐུ་ལ་ཐབས་སྙིང་རྗེའི་བདག་ཉིད་འཁྱུད་པས་རྗེས་སུ་དྲན་པ་ནི་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་སེམས་བདེ་བ་ལ་གནས་པ་ནི་དྲན་བའོ། །ཡང་དྲན་བས་དེས་གཟུང་བ་དེའི་ཕྱིར་གང་དག་དེའི་ཚེ་དྲི་མ་མེད་པའི་འོད་འཕྲོ་བའི་དཀྱིལ་འཁོར་དུ་བསམ་བ་ནི་བདག་གི་བདེ་བ་འདིས་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདི་ལྟ་བུ་དང་ལྡན་པར་གྱུར་ལ། བདག་ཀྱང་དུས་འདི་ནས་བརྩམས་ནས་སྙིང་པོ་བྱང་ཆུབ་ལ་གཏུགས་ཀྱི་བར་དུ། བདེ་བ་འདི་དང་མི་འབྲལ་བར་གྱུར་ཅིག་པ་ནི་དྲན་པའོ། །ཡང་བདེ་བ་དེ་ཉིད་ཇི་ལྟར་སྟོང་པ་བཞིན་དུ་ཁམས་གསུམ་པོ་དག་འདི་དག་ཐམས་ཅད་ཀྱང་སྐད་ཅིག་མའི་སོ་སོ་ལ་མི་གནས་པའོ་ཞེས་བསམ་པ་ཡང་དྲན་པའོ། །ཡང་ཐིག་ལེ་གསུམ་པོ་རྫོགས་པའི་སྐད་ཅིག་མ་དེ་ཉིད་ནི་ཤེས་རབ་ཡེ་ཤེས་སོ་ཞེས་དྲན་བས་ན་དྲན་པའོ། །ཡང་ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་རྫོགས་པའི་བདེ་བ་དེ་ཉིད་ནི་དཔེའི་བཞི་པ་ཡིན་ཞེས་བྱ་བར་དྲན་བས་ན་དྲན་བའོ། །ཡང་ཐིག་ལེ་བཞི་གསང་བའི་པདྨར་སྤྲོས་པས་ནི་སྐུ་བཞི་སྤྲུལ་པ་བྱེ་བ་ཕྲག་ཕྱེད་དང་བཞི་བཀྱེ་བས་ཤེས་རབ་ཀྱི་སྐྱེ་གནས་དང༌། སྐྲ་དང་སོ་དང༌། སེན་མོ་ལ་སོགས་བ་ཐམས་ཅད་གདུལ་བྱའོ། །འགྲོ་རྣམས་འདུལ་བར་བསམས་པ་ནི་དྲན་པའོ། །ཡང་རྣལ་འབྱོར་པ་དང་རྣལ་འབྱོར་མ་གཉིས་ཀྱི་ལུས་ཀྱི་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི་ནས་བདེ་བའི་འོད་ཟེར་དང་སྦྲུལ་པ་དཔག་ཏུ་མེད་པར་སྤྲོས་པས་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཕོག་པས་དེ་དག་གིས་ཀྱང་ལྷན་ཅིག་སྐྱེས་པའི་བདེ་བ་རྟོགས་པར་གྱུར་ཏེ། འོད་ཟེར་དང་སྦྲུལ་པ་དེ་དག་སླར་ལོག་ནས་བདག་ཉིད་ཀྱིས་བྱི་བོ་ནས་ལུས་ཐམས་ཅད་ལ་ཁྱ་པས་བཞི་པ་སྟོང་གི་ཆར་ཡང་མི་ཕོད་པའི་བདེ་བ་སྐྱེས་པར་བསམས་པ་ནི་དྲན་བའི་འབྲས་བུའོ། །དེས་ནི་དྲན་པའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་གྱི་འབྲས་བུ་བརྗོད་པར་བྱ་སྟེ། ཡེ་ཤེས་སྐུ་ལ་ཐིག་ལེ་བཞི་འབྱུང་བ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལས་སྤྲོས་པའོ། །ཞེས་བྱ་བ་གསུངས་པ་ལ་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་བཞི་


DTG014_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཞེས་བྱ་བ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་ནས་སྐུའི་ཐིག་ལེ་འབྱུང་བ་དང༌། གསུང་གི་ཐིག་ལེ་འབྱུང་བ་དང༌། ཐུགས་ཀྱི་ཐིག་ལེ་འབྱུང་བ་དང༌། ཡེ་ཤེས་ཀྱི་ཐིག་ལེ་འབྱུང་བའི་དོན་ཏོ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལ་སྤྲོས་པའོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་གསང་བའི་པདྨར་སྐུའི་སྤྲུལ་པ་སྤྲོས་པ་དང༌། གསུང་གི་སྤྲུལ་པ་སྤྲོས་པ་དང༌། ཐུགས་ཀྱི་སྦྲུལ་པ་སྤྲོས་པ་དང༌། ཡེ་ཤེས་ཀྱི་སྤྲུལ་པ་རྣམས་སྤྲོས་བས་འགྲོ་བའི་དོན་མཛད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དག་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་འདིར་སྟོང་པ་ཉིད་ཀྱིས་སྐུ་ལ་གཟུགས་པའི་སེམས་སྤངས་པ་དང༌། འཛིན་པའི་སེམས་སྤངས་པས་དག་ཅིང་རོ་གཅིག་པའི་དེ་བཞིན་ཉིད་ཀྱིས་སེམས་གང་གི་ཚེ་མི་འགྱུར་བའི་སྐད་ཅིག་མ་སྐྱེས་པའི་དོན་རྟོགས་པ་ནི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་ཕྱིར་ཏིང་ངེ་འཛིན་དེས་དག་པས་ན། ལུས་དྲི་མ་མེད་པར་བྱའོ། །དག་དྲི་མ་མེད་པར་བྱས་སོ། །ཡིད་དྲི་མ་མེད་པར་བྱས་སོ། །ཡེ་ཤེས་དྲི་མ་མེད་པར་བྱས་པ་ཡིན་ཏེ། རྣལ་འབྱོར་པ་དེས་ཉིན་ཞག་གཅིག་གམ། ཟླ་བ་གཅིག་གམ། ཟླ་བ་གསུམ་མམ། ཟླ་བ་དྲུག་གམ། ལོ་གཅིག་གམ། ཐ་ན་ལོ་གསུམ་དང༌། ཟླ་བ་ཕྱེད་དང་གཉིས་ཀྱི་ཉིན་མཚན་གྱིས་ཡེ་ཤེས་ཀྱི་ལུས་གྲུབ་སྟེ། མཆོག་གི་དངོས་གྲུབ་སྟེར་བར་གྱུར་ཏེ། འབྲས་བུ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་མཚུངས་པར་འགྱུར་ཏེ། ས་བཅུ་ལ་སོགས་པས་བསྒྲུབས་པ་དང༌། དེ་ནས་རྣལ་འབྱོར་པ་དེས་དོན་ཁྱད་པར་ཅན་ཉམས་སུ་མྱོང་བས་ས་བཅུ་གཅིག་ཐུན་མོང་གི་ལམ་ས་ཐོབ་པར་གྱུར་ཅིང་བརྙེས་པས་ཡེ་ཤེས་ཀྱི། སྒྲིབ་པ་སྤངས་པས་བཅུ་གཉིས་པ་བརྙེས་པས་ནི་རྡོ་རྗེ་འཆང་གི་ས་ཞེས་བྱ་བ་སྟེ། དེས་ན་ཏིང་ངེ་འཛིན་གྱི་འབྲས་བུ་བཤད་ཟིན་ཏོ། །སོ་སོར་སྡུད་པ་ལ་སོགས་སྦྱོར་བ་ཡན་ལག་དྲུག་གི་ངེས་པ་དང༌། དབྱེ་བ་དང༌། རེ་རེའི་ངེས་པའི་དོན་བསྟན་ཅིང་བསྒྲུབ་པའི་ཡན་ལག་བསྟན་ཏོ། །ད་ནི་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པའི་ཐབས་བསྟན་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་ཀྱིས་བཙན་ཐབས་ཀྱི་སྦྱོར་བ་ཤེས་པར་བྱ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་སྐུ་ལ་སྣ་ཚོགས་ཀྱི་གཟུགས་མཐོང་པ་ན་སྲོག་ལ་རྣལ་འབྱོར་


DTG014_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་བསྡམས་པས་མི་འཛག་པའི་བདེ་བ་སྐད་ཅིག་མ་མི་སྐྱེ་ན། དེའི་ཚེ་རྣལ་འབྱོར་པས་འཆད་པར་འགྱུར་བའི་ནཱ་ད་ལ་བཙན་ཐབས་ཀྱིས་གོམས་བར་བྱས་ལ་ཉམས་སུ་བླང་པར་བྱ་སྟེ། དེ་ལ་རྣལ་འབྱོར་པས་ལུས་བསྲང་སྟེ། སྤྱི་ལ་མོ་ཀྲུང་བཅས་ལ། དབུགས་སོར་གཞག་ཅིང་སེམས་ནི་ཡངས་པར་གནས་ཤིང༌། ལག་པ་གཡས་པས་རྩེ་ཆུང་ངམ་གཉིད་ལོག་རྩ་བགས་ཀྱིས་མནན་ཅིང་མི་གཡོ་བར་གནས་པར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་མི་ལྕི་ཙམ་གྲངས་མད་བྱས་ལ་རོ་སྟོང་དང་སྤྱི་བོ་མིན་པ་དེ་ཙམ་དུ་བྱས་ན། རྩ་དབུ་མར་སྲོག་གི་རླུང་རྒྱུ་བ་ཉིད་ཀྱིས་ཤེས་རབ་ཀྱི་པདྨར་གནས་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་མི་འཕོ་བའི་འགོག་པའི་བདེ་བས་བརྒྱའི་ཆར་ཡང་མི་ཕོད་པའི་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་མའི་བདེ་བ་ལྷན་ཅིག་སྐྱེས་པའི་སྐུའི་དོན་བསྒྲུབས་པས། མཐོང་བར་ཚེ་འདི་ལ་འགྱུར་རོ། །དེ་ནི་བཙན་ཐབས་ཀྱི་སྦྱོར་བ་དང་པོའོ། །བཙན་ཐབས་ཀྱི་སྦྱོར་བ་གཉིས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་མ་དང་སྙོམས་པར་ཞུགས་ཤིང༌། མཉམ་པར་འཇོག་པའི་དུས་ན་སྙིང་རྗེའི་བདག་ཉིད་ཐབས་ཀྱི་གསང་བའི་གནས་ཐུར་སེལ་གྱི་སྒོ་གཡས་པའམ། ལུས་བེར་བ་ལངས་པའི་དུས་ཉིད་དུ་རྡོ་རྗེ་ནོར་བུའི་རྩ་བར་ལག་པ་གཡས་པས་མནན་ཅིང་ལུས་མི་གཡོ་བར་སེམས་བདེ་བ་ལ་གཏད་ཅིང་ཡང་དྲང་བ་དང༌། རྒྱུ་ཞབས་ཀྱི་ཤེ་ཚིགས་པ་ལ་སྦྱར་བ་དང༌། མིག་བགྲད་པ་དང༌། རྐང་པའི་མཐེ་བོང་ནང་དུ་བསྐུམ་པ་དང། རྟིང་པ་ཕྱིར་བརྐྱང་པས་ཤེས་རབ་དང་ཐབས་གཉིས་ཆར་ཡང་མི་གཡོ་མི་འགྲུལ་བར་བདེ་བ་ལ་སེམས་གཏད་ཅིང་གནས་པ་ནི། བཙན་ཐབས་ཀྱི་སྦྱོར་བ་གཉིས་པའོ། །ད་ནི་སྟོང་པ་ཉིད་ཀྱི་སྐུ་བསྒྲུབ་པ་ཕྱིར་ལྟ་བ་བརྗོད་པར་བྱ་སྟེ། དེ་ལ་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྙེན་པ་ཞེས་བྱ་བ་ནི་དང་པོའི་རྟགས་དུ་བ་ཉིན་མཚན་གཅིག་ལ་རྣལ་འབྱོར་པས་བསྒོམས་པས་མཐོང་བར་འགྱུར་རོ། །ཕྱི་ནང་གི་སྨིག་རྒྱུ་ལ་སོགས་པ་འབྱུང་བར་འགྱུར་རོ། །བསྙེན་པ་དེའི་དང་པོར་སྦྱོར་བ་ཡན་ལག་དྲུག་བསྒོམས་པས་རྟགས་དུ་བ་ལ་


DTG014_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་མཚན་མར་འཛིན་པའི་སེམས་སྤངས་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་པའི་སེམས་ཀྱིས་གསལ་ལ་མི་རྟོག་པ་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །གཟུང་འཛིན་དང་བཅས་པའི་སེམས་ཀྱིས་བསྒོམས་པས་ནི་འབྱུང་བར་འགྱུར་བ་མ་ཡིན་ནོ། །དེ་ཡང་རྟགས་བཅུ་གཅིག་ཡིན་ཏེ། དུ་བ་ནི་དང་པོ་འདི་རྣམས་ཡིད་ཆེས་པའི་རྒྱུར་བསྟན་པ་ཡིན་ལ། ལྷག་མ་བཅུས་ནི་ཕྱི་ནང་བརྟན་པར་བྱེད་པའི་སྦྱོར་བ་ཡང་དག་པར་བྱེད་བ་ཡིན་ཏེ། དེ་རྣམས་ཀྱང་དངོས་པོར་བཟུང་བ་ལས་བྱུང་བ་ནི་མ་ཡིན་ནོ། །དངོས་པོ་མེད་པ་ལ་རྟགས་དེ་རྣམས་བྱུང་བར་འགྱུར་རོ། །དེ་ལ་སོ་སོར་སྡུད་པ་དང་པོའི་ལྟ་བ་བརྗོད་པར་བྱ་སྟེ། དེ་ལ་འཁོར་ལོ་ཅན་ཞེས་བྱ་བ་གསུངས་པ་ལ། འཁོར་ལོ་ཅན་ནི་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་ལ་ལྟ་བའོ། །ཅན་ཞེས་པ་ནི་ཐིག་ལེ་བཞི་གནས་པས་ན་ཅན་ནོ། །ལྟ་བ་ཞེས་པ་ནི་ཁྲོ་བོ་གཙུག་ཏོར་རྒྱལ་བོའི་ལྟ་བ་ནི་སྟེང་དུ་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་ལ་ཐིག་ལེ་བཞི་འབྱུང་བ་བཞིས་བསྐྱེད་ཅིང་བདེ་བ་དེ་ལ་དུས་ཐམས་ཅད་དུ་ལྟ་བར་བྱེད་དོ། །སྐད་ཅིག་མ་གཅིག་ཙམ་ཡང་མི་ཡེངས་པར་དེ་ཉིད་ལ་ཡང་དང་ཡང་དུ་ལྟ་བར་བྱེད་དོ། །དེའི་སྤྱོད་ལམ་ནི་མིག་དག་མི་འཛུམས་བ་དང༌། ཁ་གདངས་ཤིང་དབུགས་སོར་གཞག་པ་དང༌། དངོས་པོར་འཛིན་པས་གཟུང་བ་དང༌། འཛིན་པའི་ཡུལ་དང་བྲལ་བ་དང༌། དབུགས་སྨིན་མཚམས་སུ་ཕུག་རྡུགས་ཀྱི་རྩ་ལ་རང་བཞིན་དུ་ཞུགས་ཤིང་གནས་པ་ནི་ཁྲོ་བོ་དེའི་སྤྱོད་ལམ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པ་སྒྲུབ་པ་ཉམས་དུ་ལེན་པ་རྣམས་ཀྱིས་ཀྱང་དེ་བཞིན་སྤྱོད་ལམ་བྱ་སྟེ། རྣལ་འབྱོར་པས་མཚན་མོའི་སྦྱོར་བ་ལ་རྟགས་ལྔ་འབྱུང་བར་འགྱུར་རོ། །ཉིན་མོའི་སྦྱོར་བ་ལ་རྟགས་རྣམ་པ་དྲུག་འབྱུང་བར་འགྱུར་རོ། །ཉིན་མོའི་སྦྱོར་བ་ཞེས་བྱ་བ་ནི་སྔ་དྲོ་ཉི་མ་ཤར་མ་ཐག་ནས་སྤྲིན་མེད་པའི་ནམ་མཁའི་ཁམས་དངས་པ་ལ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ལ་ནུབ་ཏུ་ཁ་བལྟས་ལ་གཟུང་བ་དང་འཛིན་པའི་སེམས་གཉིས་སྤངས་ནས། སྤྲིན་མེད་ནམ་མཁའ་ཇི་ལྟར་དངས་ཤིང་གསལ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ནམ་མཁའ་བཞིན་དུ་དངས་ཤིང་གསལ་བའི་རང་བཞིན་ནོ་


DTG014_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྣལ་འབྱོར་པའི་བསམ་པའི་ཡུལ་སྔོན་དུ་དེ་ལྟར་ཡིན་ནོ། །ཕྱི་ནས་བློས་དེ་ལྟར་མི་དཔྱད་པར་སོར་གཞག་པར་བྱའོ། །ཉི་མ་གུང་ལ་བབ་པའི་དུས་སུ་ནི་ཁས་གསང་ཞིང༌། དམིགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ལ་ཉི་མས་ཕོག་པས་ནི་མིག་རབ་རིབ་ཅན་དུ་འགྱུར་ཞིང་སྐྱོན་ཅན་དུ་གྱུར་ནས། དམིགས་པ་མི་གསལ་བར་འགྱུར་ཞིང༌། །དགེ་བའི་བར་ཆོད་དུ་འགྱུར་རོ། །ཕྱི་དྲོ་ཉི་མ་ཡོལ་བར་གྱུར་པ་དང་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ནས་ཁ་ཤར་ཕྱོགས་སུ་བལྟས་ལ་སྔ་མ་ལྟར་ནམ་མཁའ་དེ་ཉིད་ལ་དམིགས་པར་བྱའོ། །སྲོད་དང་ཐོ་རངས་རྣམས་སུ་ནི་ཅི་བདེ་བར་གནས་ཤིང་ཁ་ཏོན་དང་བཟླས་པ་དང་དམིགས་པ་ལ་སོགས་པ་བྱ་བ་ཐམས་ཅད་སྤངས་ནས་རྣལ་འབྱོར་ཆེན་པོའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ལྟར་བསྒོམས་ན་དེ་ནས་སྐུ་སྟོང་པ་ཉིད་རྣམ་པར་མི་རྟོག་པ་རྟོགས་ཤིང་འགྲུབ་པར་འགྱུར་རོ། །སྐུའི་མཐར་ནི་བསྙེན་པའི་ཡན་ལག་ཏུ་འགྱུར་ཏེ། དེ་ནི་སོ་སོར་སྡུད་པ་དང༌། བསམ་གཏན་གྱིས་དེ་རྣམས་འགྲུབ་པར་འགྱུར་རོ། །ད་ནི་ཉེ་བར་སྒྲུབ་པ་བཤད་པར་བྱ་སྟེ། །དེ་ལ། བགེགས་མཐར་བྱེད་ཀྱི་ལྟ་བ་ནི། །ཞེས་བྱ་བ་དེ་ལ། བགེགས་མཐར་བྱེད་ནི་ཁྲོ་བོ་བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོང་བ་སྟེ། བདུད་རྩིའི་གནས་ཞེས་བྱ་བ་ནི་དཔྲལ་བ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གནས་པའོ། །སྲིད་པའི་གནས་ཞེས་བྱ་བ་ནི་དེ་ནས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འཛག་པའི་གཞི་དེ་ནི་གནས་པའོ། །བགེགས་མཐར་བྱེད་དེའི་ལྟ་བ་ནི་བདུད་རྩིའི་ལམ་ཞེས་བྱ་བ་ནི་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ལམ་དུ་དབུ་མ་ཨ་ཝ་དྷཱུ་ཏཱིར་བྱང་ཆུབ་ཀྱི་སེམས་དང་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ཏུ་འདྲེས་ནས་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་གྱུར་པ་ནི་ཡན་ལག་དྲུག་གི་ཉེ་བར་སྒྲུབ་པའོ། །ཉེ་བའི་སྒྲུབ་པ་བཤད་ནས། ཡང་གི་སྒྲས་ནི་སྲོག་དང་རྩོལ་བ་དང༌། འཛིན་པ་ཞར་ལ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་བསྒོམས་པ་ལས་སྐུ་མཐོང་ནས་རྣལ་འབྱོར་པ་བདག་ཉིད་ཀྱི་ལྟེ་བར་ཧཱུཾ་མཐིང་ནག་སོར་གཅིག་པ་བསམས་ནས་སྣ་བུག་གཡོན་པ་ནས་དང་པོ་སོར་བཅུ་བདུན་ནས་བཟློག་སྟེ། ཨོཾ་དཀར་པོ་གཅིག་དབུགས་


DTG014_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོགས་ནས་ནང་དུ་ཞུགས་པས་ལྟེ་བའི་ཧཱུཾ་ལ་ཐིམ་པར་བསམས་ནས་ཇི་ཙམ་བདེ་བ་ཙམ་དུ་གཞག་གོ །དེ་མི་བདེ་བའམ། གང་བ་སྙམ་བྱེད་ན། དེ་ནས་ཧཱུཾ་ལས་དབུགས་བྱུང་བ་ཡང་སྣ་བུག་གཡས་པ་ནས་བྱུང་བ་ཨཱཿ་དམར་པོ་དང་འགྲོགས་ནས་ཕྱིར་སོར་བཅུ་བདུན་ཚུན་ཆད་འཕྲོས་པས་ཡང་དང་ཡང་དུ་རྣལ་འབྱོར་པས་བསྒོམ་པ་ནི་སྲོག་དང་རྩོལ་བའི་རྣལ་འབྱོར་རོ། །དེ་ལ་བརྟན་པ་ཐོབ་ན་ནི་བདེ་བ་ཁྱད་པར་ཅན་སྐྱེ་ཞིང་སེམས་ཤིན་ཏུ་ཡང་བརྟན་པར་གྱུར་ནས་དངོས་པོ་ཐམས་ཅད་འགགས་པ་དང༌། དབུགས་ཡང་རིང་པར་འགྱུར་ཏེ། ཧཱུཾ་ལས་དབུགས་ཇེ་རིང་ཇེ་རིང་དུ་བྱས་ལ། ཨོཾ་ནང་དུ་ཇེ་ཐུང་དུ་བྱ་ཞིང༌། ཨཱཿ་ཡང་ཕྱིར་འབྱུང་བ་ཨོཾ་དང་མཉམ་པར་ཇེ་ཐུང་ཇེ་ཐུང་དུ་བསམ་མོ། །ཕྱི་ནས་སྣ་བུག་གཉིས་འདོམ་པའི་མཚམས་སུ་སོར་བཞིའི་ནང་ནས་ཐིག་ལེ་གསུམ་གནས་པར་བསམས་ལ། དེས་དབུགས་ལ་ཕོག་པས་དབུགས་སླར་ལོག་ནས་ཧཱུཾ་ལ་ཐིམ་པར་གྱུར་པས་བདེ་བ་དང་བཅས་པར་དེ་ཡར་འོང་བ་དང༌། མར་འགྲོ་བས་སྣ་བུག་གི་སུམ་མདོར་ཐིག་ལེ་གསུམ་ནི་ཁ་དང་སྣ་བུག་གཉིས་སུ་རེ་རེ་གནས་པས་སྲོག་གི་རླུང་ལ་ཕོག་པས་སྲོག་གི་རླུང་ཕྱིར་ལོག་པས་ཀུན་གཞི་རྣམ་པར་ཤེས་པ་དང་འདྲེས་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོར་གཅིག་བ་ལ་ཧཱུཾ་དང་དབུགས་སུ་བཅས་པ་ཐིམ་པར་གྱུར་པ་ནི་སྲོག་ཉེ་བར་སྒྲུབ་པའོ། །ཉེ་བར་སྒྲུབ་པ་བཤད་ཟིན་ཏོ། །ད་ནི་སྒྲུབ་པ་བརྗོད་པར་བྱ་སྟེ། ཤེས་རབ་ལས་སྤྲོས་ཟླ་བའི་ཐིག་ལེ་ཞེས་བྱ་བ་ནི་འདིར་ཤེས་རབ་ཀྱི་ཆགས་པས་ཞུ་བའི་རྣལ་འབྱོར་པའི་ཐིག་ལེ་དེ་ནི་སྤྲོས་པའི་ཟླ་བའི་ཐིག་ལེ་ཞེས་བྱའོ། །དེ་ཡང་ཤེས་རབ་ལས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཡང་རྣལ་འབྱོར་པའི་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་བདེ་བ་གང་ཡིན་པ་དེ་ནི་ཡི་གེ་བཞིའི་བདག་ཉིད་དེ། གསང་བ་བདེ་བ་ཆེན་པོའི་འཁོར་ལོར་ཡེ་ཤེས་ཀྱི་རང་བཞིན་གྱི་ཡི་གེ་ཧོ་དམར་པོ་དང༌། ལྟེ་བ་སྤྲུལ་པའི་འཁོར་ལོར་ཨཱཿ་དམར་སྐྱ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོར་ཡི་གེ་ཧཱུཾ་དཀར་པོ་དང༌། ལོངས་སྤྱོད་ཀྱི་འཁོར་ལོར་ཨོཾ་རྣམས་ཁ་སྦྱོར་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྒྲུབ་པ་ནི་དེ་སྒྲུབ་པར་འགྱུར་ཏེ། འདི་ནི་སྒྲུབ་པའི་ཡན་ལག་གསུམ་པར་འགྱུར་རོ། །


DTG014_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་སྒྲུབ་པ་བཤད་ཟིན་ཏོ། །ད་ནི་སྒྲུབ་པ་ཆེན་པོ་བརྗོད་པར་བྱ་སྟེ། བདེ་བ་མ་ཉམས་གཅིག་ཞི་བ། །ཞེས་བྱ་ནི་ལས་ཀྱི་ཕྱག་རྒྱ་ནུ་མ་དང་སྐྲ་དང་ལྡན་པ་ལོ་བཅུ་གཉིས་མ་ལ་སོགས་པ་ཡང་རུང༌། ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་དམིགས་པ་དེ་བརྟན་པོར་གྱུར་པ་ཡང་རུང༌། ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ལ་དམིགས་པ་བརྟན་པོར་གྱུར་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་མི་ཉམས་པའི་སྐད་ཅིག་མ་གཅིག་གི་མཚན་ཉིད་དེ་ནི་ལུས་ཞི་བ་དང༌། ངག་ཞི་བ་དང༌། ཡིད་ཞི་བ་དང༌། ཡེ་ཤེས་ཞི་བ་ཞེས་བརྗོད་དོ། །དེ་ནི་ལྷན་ཅིག་སྐྱེས་པ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དཔལ་མཆོག་གི་དང་པོ་ཞེས་བྱ་བ་སྟོང་ཕྲག་བཅུ་གཉིས་པའི་ཡེ་ཤེས་ཀྱི་ལེའུར་གསུངས་སོ། །སྒྲུབ་ཆེན་ཡེ་ཤེས་སྦྱོར་བའོ། །ཞེས་བྱ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ལ་རྣལ་འབྱོར་པས་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་འཛག་པའི་བདེ་བའི་རྒྱུན་གནས་ཤིང། རྟོག་པ་ཅན་གྱི་བདེ་བའི་རྒྱུན་མེད་དོ་སྙམ་པའི་ཤེས་པ་དང་ལྷན་ཅིག་ཏུ་རྣལ་འབྱོར་པས་གཅིག་པར་བསྒོམ་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་ཡན་ལག་བཞི་པ་སྒྲུབ་པ་ཆེན་པོ་བཤད་ཟིན་ཏོ། །ད་ནི་རྫོགས་པའི་རང་བཞིན་དབུ་མ་ཆེན་པོ་བརྗོད་པར་བྱ་སྟེ། ལྷ་ལ་སོགས་པ་སྒྲུབ་པ་སྔར་བཤད་པའི་བསྐྱེད་པའི་རིམ་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །རྫོགས་པའི་རིམ་པ་དེ་ཁོ་ན་ཉིད་སྒྲུབ་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་ལ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བརྟེན་པ་དང༌། །དོན་དམ་པ་ཡི་བདེན་པས་འགྲུབ། །ཅེས་བཅོམ་ལྡན་འདས་ཀྱི་བཀའ་ངེས་པའི་དོན་ཏོ། །ཡང་བཅོམ་ལྡན་འདས་ཀྱི་བཀའ་ལས། རིམ་པ་གཉིས་པ་ཡང་དག་བརྟེན། །རྡོ་རྗེ་ཅན་གྱིས་བདག་ལ་བསྟན། །བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་བཀའ་ནས་འབྱུང་ངོ༌། །དེའི་ཕྱིར་ན་དེ་ལྟར་ལྷ་སྒྲུབ་པ་ལ་ནི་རྣམ་པར་རྟོག་པ་ཅན་གྱི་བསྐྱེད་པའི་རིམ་པ་རྣལ་འབྱོར་བསྒོམ་པ་རྣམས་ཀྱིས་ཐམས་ཅད་བསྒྲུབས་པས་འགྲུབ་པར་མི་འགྱུར་རོ། །དེ་ཁོ་


DTG014_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་སྒྲུབ་པ་ལ་ནི་རྣམ་པར་རྟོག་པ་དཀར་པོ་དང༌། དམར་པོ་དང༌། སེར་པོ་དང༌། སྔོན་པོ་དང༌། ནག་པོ་དང༌། རིང་བ་དང༌། ཐུང་བ་དང༌། སྦོམ་པ་དང༌། ཕྲ་བ་དང༌། ཆག་པ་དང༌། མ་ཆག་པ་དང༌། ཟླ་གམ་དང༌། ཟླུམ་པོ་དང༌། སོག་ཀ་དང༌། གྲུ་བཞི་དང༌། ཡན་ལག་དང༌། ཉིད་ལག་དང༌། རི་དང༌། ནགས་ཚལ་དང༌། འཁྲི་ཤིང་དང༌། གེལ་པ་དང༌། ཁ་དོག་དང༌། དབྱིབས་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བའི་ཡན་ལག་བཞི་རྫོགས་པ་དང་གིས་འགྲུབ་པའོ་ཞེས་བྱ་བ་ནི་རང་གི་རིགས་པས་འགྲུབ་པའོ། །དབུ་མ་ཆེན་པོའི་དོན་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་བའི་ཡོན་ཏན་དང་སྐྱོན་གཉིས་ཡི་མཚན་ཉིད་བརྗོད་པར་བྱ་སྟེ། སྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་བསྒོམས་པ་ལས་སྐུ་མཐོང་ནས་རྣལ་འབྱོར་པས་རྡོ་རྗེ་དྲིལ་བུའི་རྩེ་མོ་ནས་བརྩམས་ནས་གཙུག་ཏོར་གྱི་འཁོར་ལོའི་བར་དུ་སེམས་གཏད་ཅིང་དབུགས་སུམ་སྟོང་དྲུག་བརྒྱའི་བར་དུ་འགོག་ཅིང་བདེ་བ་ཉམས་སུ་མྱོང་བར་བྱ་བ་ནི་ཡོན་ཏན་དུ་འགྱུར་རོ། །སྐྱོན་དུ་འགྱུར་བ་ནི་རྣལ་འབྱོར་པས་དབུགས་ཤིན་ཏུ་གསང་བས་སྣ་རྩེར་རམ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཅིག་ཅར་བསྡམས་ཤིང་མི་རྒྱུ་བར་བྱས་ན་ནི་སྲོག་གི་རླུང་ཡན་མན་དུ་འགྲོ་ས་མེད་དེ་ལྟེ་བར་བརྒྱལ་བས་སྲོག་གཞན་དུ་མི་འགྱུར་བར་ཨ་ཝ་དྷཱུ་ཏཱིར་ཞུགས་ནས་ཚངས་པའི་བུ་ག་ནས་བྱུང་ནས། རྣལ་འབྱོར་པའི་ལུས་དོར་ནས་མགོ་བཀས་ཏེ་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་ནི་སྐྱོན་བསྟན་པའོ། །རྣལ་འབྱོར་པས་མགོ་ན་བར་མི་བྱེད་པ་དེ་སྲིད་དུ་རྣལ་འབྱོར་དུ་བྱའོ། །དེ་ལྟར་བྱས་ན་རྣལ་འབྱོར་པ་རྣམས་ལ་མཉམ་པའི་བདེ་བ་ཕུང་པོ་ཉོན་མོངས་པའི་འབྲས་བུ་སྟེར་བར་འགྱུར་རོ། །དེ་ལ་སྟེང་བུ་ཞེས་པ་ནི་མགོ་པོ་དེ་སྲིད་ན་མི་འདོད་པ་ཡིན་ཏེ། རྣལ་འབྱོར་པས་དམིགས་པ་མི་བྱའོ། །བྱས་ན་ནི་འཆི་བའི་འཇིགས་པ་སྟེར་བར་འགྱུར་ཏེ། ཕུང་པོ་འཇིག་པར་འགྱུར་རོ། །འོན་ཏེ་རྣལ་འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་གྱི་འཁོར་ལོའི་སྒོ་ཕུག་ནས་སྲོག་གི་རླུང་འགྲོ་བའི་རྣལ་འབྱོར་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་གོ་འཕང་སྟོང་པ་ཉིད་ཀྱི་སྐུ་ལ་གཅིག་ཏུ་སྦྱོར་བའི་ཏིང་ངེ་འཛིན་དེ་ལ་སེམས་རྩེ་


DTG014_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ཡོན་ཏན་གྱིས་ནི་དེ་ལྟར་རྣལ་འབྱོར་པ་དེའི་ཕུང་པོ་མེད་པར་གྱུར་ཀྱང༌། མེད་པ་ནི་མ་ཡིན་ཏེ། ཡོད་ཅེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཡོད་ཅེ་ན། རྣལ་འབྱོར་པ་ནི་མ་ཉམས་པའི་བདེ་བ་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་དུ་འགྲོ་བར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་གང་དུ་ཡང་མ་གྲུབ་པའི་ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྣལ་འབྱོར་པ་ཆོས་ཀྱི་སྐུར་འགྱུར་རམ། གཞན་ཞིག་ཏུ་འགྱུར་སྙམ་པ་ལ། དེ་ལྟར་མི་འགྱུར་རོ། །རྣལ་འབྱོར་པ་ནི་མ་ཡིན་ནོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པའི་སེམས་ཉིད་ཆོས་ཀྱི་སྐུར་འགྱུར་བ་ལ། རྣལ་འབྱོར་པ་འགྲོ་ཞེས་བརྗོད་པར་ཟད་ཀྱིས། རྣལ་འབྱོར་པའི་ལུས་པོ་འགྲོ་བ་ནི་མ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་རྣམས་ལ་གྲགས་པ་མེད་ཅེས་བྱ་བ་ནི་རྣལ་འབྱོར་པ་འདི་ནི་ཤི་བར་གྱུར་ཏོ་ཞེས་གྲགས་པར་འགྱུར་ཏེ། ཤི་བ་མ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་མཐའ་འཛིན་པ་རྣམས་ལ་རིགས་པ་གྲུབ་པའོ། །སྲོག་དང་རྩོལ་བའི་སྐྱོན་དང་ཡོན་ཏན་བསྟན་པ་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་ངེས་པའི་དོན་ཏོ། །སྐྱོན་དང་ཡོན་ཏན་གཉིས་བཤད་ཟིན་ཏོ། །འབྲས་བུ་སྲོག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །ད་ནི་རྩའི་ཀུན་དུ་སྤྱོད་པའི་གནས་ཐབས་བརྗོད་པར་བྱ་སྟེ། ཐིག་ལེ་ཞེས་པ་ནི་དཔྲལ་བར་སྐུའི་ཐིག་ལེ་གཉིད་སད་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །མ་ཞེས་པ་ནི་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་རྨིས་པ་ལྟ་བུའི་གནས་སྐབས་སྐྱེད་པར་བྱེད་པའོ། །སྒྲ་ཞེས་བྱ་བ་ནི་སྙིང་གར་སེམས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པ་ལྟ་བུ་སྐྱེད་པར་བྱེད་པའོ། །ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །བདུད་རྩིའི་གནས་སུ་སོང་བ་ནི་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་དེ་ལ་ཡང་བདུད་རྩིའི་གནས་སུ་ཞེས་བྱ་བ་ནི་དཔྲལ་བའི་དཀྱིལ་འཁོར་ནི་ཐིག་ལེ་བཞི་འཛག་པའོ། །སོང་བ་ནི་ཞེས་པ་ནི་དེ་རུའོ། །དུས་ཀྱི་མེ་ཞེས་པ་ནི་ཡེ་ཤེས་ཀྱི་རྩར་སོང་བ་ནི་བདུད་རྩིའི་གནས་སུ་སོང་བའོ། །ལུ་གུ་རྒྱུད་ཅེས་བྱ་བ་ནི་གཡོན་གྱི་རྩ་ལ་ལ་ནཱ་དང༌། གཡས་པའི་རྩ་ར་ས་ནཱའོ། །བཅིངས་པའི་རྩ་ཞེས་བྱ་བ་ནི་དབུས་ཀྱི་རྩ་


DTG014_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བ་དྷཱུ་ཏཱིར་དང༌། དེའི་ནང་གི་ཡེ་ཤེས་ཀྱི་རྩར་མེ་ཁ་དོག་དམར་པོར་གནས་པ་ནི་བཅིངས་པའོ། །དེ་ཅི་ལྟར་བཅིངས་ཤེ་ན། དེ་ནི་འདི་ལྟར་བཅིངས་སོ། །ལུས་ཀྱི་སྒྲིབ་པ་དང༌། ངག་གི་སྒྲིབ་པ་དང༌། ཡིད་ཀྱི་སྒྲིབ་པ་དང༌། ཡེ་ཤེས་ཀྱི་སྒྲིབ་པ་རྣམས་ཀྱིས་ལུས་གསལ་བ་དང༌། ངག་གསལ་བ་དང༌། ཡིད་གསལ་བ་དང༌། ཡེ་ཤེས་གསལ་བར་གྱུར་པ་ཤེལ་སྒོང་ཕྱིས་པ་ལྟར་གསལ་བའི་བདག་ཉིད་དེ། དར་གྱི་སྲིན་བུས་བདག་ཉིད་ཀུན་ནས་དཀྲིས་ཤིང་མི་ཐར་བ་དེ་བཞིན་དུ། འགྲོ་བ་རྣམས་ཀྱང་སྒྲིབ་པ་བཞིས་མི་གསལ་བར་བྱས་སོ། །རྣལ་འབྱོར་པ་རྣམས་ཀྱིས་དེ་རྟོགས་པར་བྱས་ཤིང༌། ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ནི་ལུས་དང༌། ངག་དང༌། ཡིད་གསུམ་ཡིན་ཏེ། དེ་ཡང་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་རྣམས་ཡིན་པས། ཡེ་ཤེས་དཀྲིས་ཤིང་མི་གསལ་བར་བྱས་སོ། །དེས་དཀྲིས་པ་ནི་ལྟེ་བ་དང༌། སྙིང་གའི་བར་དུ་ལན་གསུམ་དུ་དཀྲིས་སོ། །དེ་ནས་ཡང་ཨ་བ་དྷཱུ་ཏཱི་ནི་སྙིང་གི་ཟེའུ་འབྲུའི་དབུས་ནས་བྱུང་ནས་འགྲོ་ཞིང་སྲོག་གི་རླུང་རྒྱུ་བར་བྱེད་དོ། །ལ་ལ་ནཱ་ནི་གཡོན་ནས་འགྲོའོ། །ར་ས་ནཱ་ནི་གཡས་ནས་སྙིང་གའི་པདྨའི་འདབ་མའི་གཡས་ནས་འགྲོ་བར་འགྱུར་རོ། །དེ་ནས་སྙིང་ག་དང༌། མགྲིན་པའི་པདྨའི་འདབ་མའི་བར་དུ་ལན་གསུམ་དུ་འཁྱིལ་ནས་ཡང་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཡང་མགྲིན་པ་དང༌། །དཔྲལ་བའི་དབུས་སུ་ལན་གསུམ་དུ་འཁྱིལ་ནས་གནས་པའོ། །དཔྲལ་བ་ནས་གཙུག་ཏོར་གྱི་བར་དུ་ལན་གསུམ་དུ་འཁྱིལ་ནས་གནས་ཏེ། ལུས་དང༌། ངག་དང༌། ཡིད་གསུམ་དཀྲིས་ཏེ། དེ་ལ་རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་གྱི་རང་བཞིན་གྱིས་དེ་ལྟར་ལན་གསུམ་པ་བཞིར་བྱས་ནས། ལུས་ཀྱི་རྩིའི་ར་ས་ནཱ་གཡས་ཀྱི་རྩ་སྣ་བུ་གནས་ཕྱིར་བྱུང་བ་ནི། བཅུ་གཉིས་མཐའ་ནས་ཆ་ཡི་མཐར། །ཞེས་པ་ནི་སའི་ཁམས་ཀྱི་རླུང་སོར་བཅུ་གསུམ་དུ་རྒྱུའོ། །ཆུའི་ཁམས་ཀྱི་རླུང་སོར་བཅུ་བཞིར་རྒྱུའོ། །མེའི་ཁམས་ཀྱི་རླུང་སོར་བཅོ་ལྔར་རྒྱུའོ། །རླུང་གི་ཁམས་ཀྱི་རླུང་སོར་བཅུ་དྲུག་ཏུ་རྒྱུའོ། །ནམ་མཁའི་ཁམས་ཀྱི་རླུང་སོར་བཅུ་བདུན་དུ་རྒྱུའོ་ཞེས་ནི་ནང་གི་ལེའུར་གསུངས་སོ། །སྐུའི་གཡོན་གྱི་རྩ་ལ་ལ་ནཱ་ནི་སོར་བཅུ་བདུན་ནས་རྒྱུའོ། །


DTG014_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་རྩ་ར་ས་ནཱ་ནི་གཡས་ནས་སོར་བཅུ་གསུམ་ཚུན་ཆད་དུ་འགྲོའོ། །ཡིད་ཀྱི་རྩ་ཨ་བ་དྷཱུ་ཏཱི་ཅིག་ཅར་དབུས་མ་ནས་སྣ་བུག་གཉིས་འདོམ་པ་ནས་སོར་བཅོ་ལྔ་ཚུན་ཆད་དུ་འགྲོའོ། །དེ་བཞིན་དུ་འོག་ཏུ་ལྟེ་བ་དང༌། གསང་བའི་གནས་ཀྱི་བར་དུ་ཡང་ལན་གསུམ་དུ་འཁྱིལ་བར་བྱས་ནས། བཤང་བའི་རྩ་ནི་གཡས་ནས་འགྲོའོ། །གཅི་བའི་རྩ་ནི་གཡོན་ནས་འགྲོའོ། །དུང་ཅན་མ་ནི་དབུས་མ་ནས་གསང་བའི་རྡོ་རྗེའི་ནང་ནས་ཤེས་རབ་ཀྱི་པདྨའི་བྱ་གདོང་མར་འགྲོའོ། །གསང་བའི་པདྨའི་འོག་ཏུ་བཤད་པའི་རྩ་དབུས་སུ་འགྲོའོ། །གསང་བའི་རྡོ་རྗེ་དང་ཤེས་རབ་ཀྱི་པདྨའི་གཡོན་ནས་གཅི་བའི་རྩ་འགྲོའོ། །གཡས་ཀྱི་རྩ་ར་ས་ནཱ་ན་ས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་འགྲོའོ་ཞེས་པ་ནི་རྩིའི་ཀུན་དུ་སྤྱོད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཞིབ་མོར་ནི་ནང་གི་ལེའུར་གསུངས་ཏེ་འདིར་མ་བཤད་དོ། །འདི་ནི་དེ་བཞིན་གཤེགས་པའི་བཀའི་ངེས་པའོ། །རྩའི་ཀུན་དུ་སྤྱོད་པ་བཤད་ཟིན་ཏོ། །ད་ནི་རླུང་གཉིས་རྒྱུ་བ་བརྗོད་པར་བྱ་སྟེ། སྲོག་དང་ཐུར་སེལ་ལན་གསུམ་རྒྱུ། །ཞེས་བྱ་བ་ནི་སྟེང་དུ་ལུས་དང༌། ངག་དང་ཡིད་གསུམ་གྱི་རང་བཞིན་གཡོན་དང༌། གཡས་པ་དང༌། དབུས་མ་ནས་གྱེན་དུ་རྒྱུ་བ་སྲོག་གི་རླུང་ངོ༌། །འོག་ཏུ་རྒྱུ་བའི་རྡུལ་དང༌། མུན་པ་དང༌། སྙིང་སྟོབས་ཀྱི་རང་བཞིན་བཤད་པ་དང༌། གཅི་བ་དང༌། ཁུ་བའི་རྩའི་ལམ་ནས་རྒྱུ་བར་བྱེད་པའི་རླུང་ནི་ཐུར་དུ་སེལ་བའོ། །རྡོ་རྗེར་བཅས་པའི་པདྨ་ནི་ཤེས་རབ་རྣམས་ཀྱི་སྐྱེ་གནས་ཏེ། འབབ་པའི་བདེ་བ་སྟེར་བའི་ཕྱིར་རོ། །ནོར་བུ་དང་བཅས་པའི་རྡོ་རྗེ་ནི་འཛིན་པའི་བདེ་བ་སྟེར་བའི་ཕྱིར་རོ། །བུད་མེད་ཀྱི་པདྨ་དང་ལྡན་པ་ཉིད་དོ། །པདྨའི་ཟེ་འབྲུ་འབྱེད་པ་ཉིད་ཡིན་ནོ། །དབུས་སུ་རླུང་དང་ཕྲད་པ་ནི་ལྟེ་བའི་དབུས་སུ་གྱེན་དུ་རྒྱུ་བའི་སྲེག་གི་རླུང་དང་ཐུར་དུ་སེལ་བའི་རླུང་དག་ཕྲད་པའོ། །བྱ་གདོང་མ་དང་དུང་ཅན་མ་གཉིས་ཕན་ཚུན་དུ་མི་གཡོ་བར་ཕྲད་དེ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་གཉིས་རྡོ་རྗེ་སྦུ་གུའི་ནང་དུ་པདྨའི་གེ་སར་ཞུགས་པས་མི་འཕོ་བའོ། །ཡུལ་ཞེས་པ་ནི་ཤེས་རབ་མའི་པདྨའོ། །ཡུལ་ཅན་ཞེས་པ་ནི་ཐབས་ཀྱི་རྡོ་རྗེའི་ནོར་བུའོ། །རྣམ་པར་དབྱེ་བ་མེད་


DTG014_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་ཅིང་མི་ཕྱེད་པའོ། །ཡུལ་རྣམ་ལ་ཡུལ་ཅན་རྣམས་ཏེ་མིག་ལ་སོགས་པའི་དབང་པོའི་སྒོ་མི་འཇུག་པ་སྟེ། དབུ་མར་རླུང་རྒྱུ་བའོ། །འཇུག་པ་ཞེས་པ་ནི་ལྟེ་བའི་པདྨའི་སྲོག་གི་རླུང་འཇུག་པའོ། །སེམས་མི་གཡོ་བ་དེ་ནི་སྔར་བཤད་ཟིན་ཏོ། །དུ་བ་ལ་སོགས་པའི་མཚན་མ་རྣམས་ནི་ཨ་བ་དྷཱུ་ཏཱིར་སྲོག་གི་རླུང་ཆུང་བའི་སྒོ་ནས་འཛིན་པའོ། །ཡང་གི་སྒྲས་ནི་སྲོག་དེ་ཉིད་ལྟེ་བར་གཞོམ་དུ་མེད་པ་ལ་ཐིམ་པར་གྱུར་བའོ། །འདི་དག་ཐམས་ཅད་བྱིས་པའི་རང་བཞིན་ཅན་རྣལ་འབྱོར་པའམ། རྣལ་འབྱོར་མ་རྣམས་ལ་གསང་ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་མི་ཤེས་པ་རྨོངས་པ་རྣམས་དང༌། དད་པ་ཤས་ཆུང་ཞིང་ཉོན་མོངས་པ་ཤས་ཆེ་བ་རྣམས་ལ་གསང་བ་ཞེས་བྱ་བ་ནི་སྦ་བར་བྱའོ། །དེ་རྣམས་ལ་མ་སྦས་པ་ཡིན་ན་རང་ཡང་དམྱལ་བར་ལྟུང་ལ། གཞན་ལ་ཡང་དེ་ལ་བརྟེན་ནས་དམྱལ་བར་འགྲོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་ངེས་པའོ། །རླུང་གཉིས་ཀྱི་རྒྱུ་བ་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་ལྔའི་ཟད་པ་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་པ་ལ། འདིར་གལ་ཏེ་ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་གཞག་པའི་རྣལ་འབྱོར་པ་མིག་མ་བཙུམས་པར་གྱུར་པ་དེ་ལྟ་ན་ནི་གཡོན་པའམ། གཡས་པར་ཏེ་ས་ཞེས་པ་ནི་ཉེ་བར་མཚོན་པའོ། །གལ་ཏེ་གཡས་པར་སའི་དཀྱིལ་འཁོར་འབབ་པའི་དུས་སུ་རྣལ་འབྱོར་པ་སྒོམ་པར་བྱེད་པ་དེ་ལྟ་ན་ནི། ཆོ་ག་འདི་ཡིན་གྱི་གཡོན་གྱི་རྩར་འབབ་པའི་དུས་སུ་ནི་མ་ཡིན་ཏེ། ནམ་མཁའི་དཀྱིལ་འཁོར་ལ་སོགས་པ་ལ་རྒྱུ་བའི་ཕྱིར་རོ། །དེའི་ཕྱིར་གཡོན་པའམ་གཡས་པར། གང་སྲོག་གི་དཀྱིལ་འཁོར་འབབ་པ་དེའི་ཆོས་ཅན་གྱི་ཕྱིར་དེ་ཉིད་དཀྱིལ་འཁོར་དུ་བརྗོད་དོ། །དེའི་ཕྱིར་གཡས་ཀྱི་རྩའི་སའི་དཀྱིལ་འཁོར་ལས་སྲོག་གི་ཆུའི་དཀྱིལ་འཁོར་དུ་འགྲོ་སྟེ། དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩ་ལས་ནི་ནམ་མཁའ་ལ་སོགས་པར་འགྲོ་སྟེ། དེ་ལྟར་སྟོང་པར་འགྲོའོ། །མཚན་མ་རྣམ་པ་བཅུ་རུ་འགྱུར། །ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་སུ་འགྱུར་རོ། །གཟུགས་ལས་མི་འགྱུར་བའི་


DTG014_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དེ་ཉིད་དོ། །ཡེ་ཤེས་ལས་རྫུ་འཕྲུལ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དངོས་གྲུབ་ཅེས་པ་ནི་ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུར་ཏེ། མི་རྣམས་སྐྱེ་བ་འདི་ཉིད་ལ། །ཐོབ་པར་འགྱུར་རོ་མི་བདག་ཀྱེ། །ཞེས་བྱ་བ་སྟེ་ལམ་དུ་ཞུགས་པའི་ངེས་པའོ། །ད་ནི་རང་གི་སེམས་འདི་སྣང་བ་ལ་འཇུག་པ་བརྗོད་པར་བྱ་སྟེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟར་བཀའ་གསང་སྔགས་རྡོ་རྗེའི་ཐེག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་བཅོམ་ལྡན་འདས་ཀྱིས་ནི་རྣལ་འབྱོར་པ་རྣམ་པ་གཉིས་ལ་གོམས་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་པ་འདི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བར་ཡང་བརྒྱ་བྱིན་གྱི་ལེའུར་གསུངས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས་གང་ལ་རྣལ་འབྱོར་དུ་བྱེད། །རྣལ་འབྱོར་པས་རྣལ་འབྱོར་ཇི་ལྟར་རྙེད་པར་འགྱུར། །དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བརྒྱ་བྱིན་ལ་ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས། ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་ནམ་མཁའ་བླ་གབ་ཡོད་པ་ལ། རྣལ་འབྱོར་པས་རྣམ་པར་མི་རྟོག་པ་གོམས་པར་བྱ་བ་དང༌། ཀཽ་ཤི་ཀ་ཡང་ནམ་མཁའ་བླ་གབ་མེད་པ་ལ་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་གོམས་པར་བྱའོ། །དེ་ལ་གང་ཞིག་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པའི་རྣལ་འབྱོར་པའི་སྤྱོད་ལམ་ནི་སྔར་གོང་དུ་བསྟན་ཟིན་ཏོ། །བླ་གབ་ཡོད་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་དང་པོ་ཁྱིམ་ཆེན་པོ་དཔངས་མཐོ་བའི་ཕྱོགས་ཐམས་ཅད་ཞལ་ཞལ་བྱས་པ། བུ་ག་རྟ་རྔ་ཡང་


DTG014_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤོང་བར་ཚགས་བསྡམས་ལ་ཁྱིམ་ཆེ་པོའི་ནང་དུ་མུན་པའི་ནམ་མཁའ་ལ་དངོས་པོ་ཐམས་ཅད་ལ་ཞེན་པའི་སེམས་ཆ་ཕྲ་མོ་ཙམ་ཡང་མེད་བར་ཡོངས་སུ་སྤངས་བས། མུན་པ་ལ་ཀུན་ནས་དང་བས་ཡོངས་སུ་བརྟགས་པས་ནི་རྣལ་འབྱོར་པ་དེ་ལ་དང་པོ་དུ་བ་ལ་སོགས་པའི་རྟགས་ལྔ་མཚན་མོའི་སྦྱོར་བས་མཐོང་བར་འགྱུར་རོ། །རྟོག་པ་ཐམས་ཅད་ཡོངས་སྤངས་ཤིང༌། །ཉིན་ཞག་གཅིག་ལ་རྣམ་པར་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་བཅོམ་ལྡན་འདས་ཀྱི་བཀའ་དམ་པའོ། །མིག་དག་མི་འཛུམས་པ་ནི་མིག་གཙུག་ཏོར་ལ་བལྟས་ཏེ། སྨིན་མ་བཏེག་ལ་ཁ་གདངས་པའམ། ཡང་ན་བཙུམས་ཀྱང་རུང་སྟེ། ལུས་མི་འགུལ། མི་བརྐྱང་བར་བྱས་ལ་རྣལ་འབྱོར་དུ་བྱའོ། །རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །ཞེས་པ་ནི་འདིར་སྲོག་གི་རླུང་རྩ་དབུས་མ་ཨ་བ་དྷཱུ་ཏཱིར་དབང་མེད་དུ་བླ་མའི་མན་ངག་གིས་ཞུགས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་ལས་དབུས་མར་ཞུགས་པའོ། །ནམ་མཁའ་ལ་ཞེན་པའི་སེམས་ཀྱིས་ཞེས་བྱ་བ་ནི་བླ་གབ་ཡོད་པ་ལ་རྣལ་འབྱོར་པས་མིག་བཙུམས་པ་དང༌། རྡོ་རྗེའི་ལམ་དུ་ཞུགས་པས་སྟོང་པ་ལས་རྟགས་དུ་བ་ལྟ་བུ་དང༌། སྨིག་རྒྱུ་དང༌། རབ་གསལ་དང༌། མར་མེ་དང༌། དྲི་མ་མེད་པའི་ནམ་མཁར་སྣང་བ་རྣམས་ནི་མཚན་མོའི་སྦྱོར་བས་མཐོང་བར་འགྱུར་རོ། །དེ་ནི་ཁྲོ་བོ་གཙུག་ཏོར་རྒྱལ་པོའི་ལྟ་བས་བསྒོམ་པར་བྱའོ། །ཉིན་མོའི་རྣལ་འབྱོར་ཞེས་པ་ནི་བླ་གབ་མེད་པའི་ནམ་མཁའ་སྤྲིན་མེད་པའི་དངས་པ་ལ་རྣལ་འབྱོར་བྱེད་པ་ནི་རྒྱལ་པོའི་ལྟ་སྟངས་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་འཁོར་མི་རྣམས་ཀྱི་ནང་ན་འདུག་ཀྱང༌། །འཁོར་མི་རྣམས་ཀྱིས་རྒྱལ་པོ་ལ་རྒོལ་བ་ལ་སོགས་པ་མི་ནུས་ཏེ། རྒྱལ་པོ་དེ་ཡང་འཁོར་རྣམས་ལ་འཇིགས་པའམ། བག་འཁུམ་པའམ། སྤུ་ཟིང་ཞེས་བྱེད་པར་མི་འགྱུར་ཏེ། རྒྱལ་པོ་དེའང་འཁོར་མི་རྣམས་ཀྱི་ཡིད་དུ་འོང་བ་དང༌། མཐོང་ན་དགའ་བར་འགྱུར་རོ། །རྒྱལ་པོ་དེས་ཀྱང་འཁོར་མི་ཐམས་ཅད་ཀྱི་རྟེན་དང་སྟེགས་བྱེད་ཅིང༌། རྒྱལ་པོའི་བྱ་བ་བྱེད་ལ་རྒྱལ་སྲིད་སུས་ཀྱང་མི་འཕྲོགས་པ་དེ་བཞིན་དུ་ཉིན་མོའི་རྣལ་


DTG014_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བྱེད་པའི་རྣལ་འབྱོར་བ་ཡང་རྒྱལ་པོ་དང་འདྲ་སྟེ། ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་དང༌། སེར་སྣ་དང༌། གཡོ་སྒྱུ་དང༌། བདུད་ལ་སོགས་པ་རྣམས་ཀྱིས་གླགས་མི་རྙེད་དེ་གཏན་འབྱུང་བར་ནི་འགྱུར་རོ། །དེས་ན་རྒྱལ་པོའི་འདུག་སྟངས་དང་ཁེངས་པའི་འདུག་སྟངས་ཞེས་བྱའོ། །སངས་རྒྱས་ལྔ་བདག་གཟུགས་ཉིད་ནི། །སྒྲུབ་པ་ཆེ་ལ་རྣམ་པར་བརྟག །ཅེས་ཕྱག་ན་རྡོ་རྗེའི་སྟོད་འགྲེལ་ལས་འབྱུང་ངོ༌། །དེས་ནི་ཉིན་མོ་དང་མཆན་མོའི་རྣལ་འབྱོར་བཤད་ཟིན་ཏོ། །ད་ནི་བདུད་རྩི་འཁྱིལ་པའི་ལྟ་སྟངས་བརྗོད་པར་བྱ་སྟེ། བདུད་རྩི་འཁྱིལ་པའི་ལྟ་སྟངས་ཞེས་པ་ནི་མིག་དྲང་པོར་བལྟ་བ་སྟེ། དྲང་པོར་བལྟས་པས་ནི་སྙིང་ག་ན་གཉིད་ལོག་པ་ལྟ་བུའི་བདུད་རྩི་གནས་པའོ། །རྣལ་འབྱོར་པའི་སྤྱོད་ལམ་ནི་མདུན་དྲང་པོར་མིག་མི་འཛུམས་པར་རྣལ་འབྱོར་པས་ཅིར་ཡང་མི་དམིགས་ཤིང༌། ཅིར་ཡང་མི་རྟོག་པར་དངོས་པོ་ཐམས་ཅད་ཡོངས་སུ་སྤངས་ནས་དེ་ཉིད་དང་གཞན་ཉིད་དུ་ཁམས་གང་དུ་ཡང་མི་ལེན་པར་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་གནས་པའོ། །དེས་ནི་བདུད་རྩི་འཁྱིལ་པའི་ལྟ་སྟངས་བཤད་ཟིན་ཏོ། །ད་ནི་ཞི་བ་ལྷའི་འདུག་སྟངས་བཤད་པར་བྱ་སྟེ། ལྷའི་གཟུགས་སུ་བསྒོམ་པར་བྱ། །ཞེས་པ་ནི་རྣལ་འབྱོར་བ་བདག་ཉིད་ཀྱི་ལྟེ་བར་ཨ་དམར་པོ་གཅིག་གསལ་བར་བསྒོམས་ཤིང་བསམས་པ་དེ་ལ། གསང་བ་ཡེ་ཤེས་ཀྱི་མེ་འབར་བར་གྱུར་བས་ལྟེ་བའི་ཨ་ལ་ཕོག་པས་ཨ་དྲོ་བར་གྱུར་པ་དང༌། དྲོ་བ་ལས་ཀྱང་མེ་འབར་བར་གྱུར་ཏེ། སྟོང་པ་ཉིད་ཀྱི་རྩ་ཨ་བ་དྷཱུ་ཏཱི་ནས་ཡར་ཞུགས་ནས་རང་གི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། དབང་པོ་ལྔ་རྣམས་བསྲེགས་པས་ཐིག་ལེ་བཞིར་གྱུར་ཏོ། །ཐིག་ལེ་བཞི་ནི་གཟུགས་ཞུ་བར་གྱུར་པ་དང༌། ཁམས་ཞུ་པར་གྱུར་པ་དང༌། སྐྱེ་མཆེད་ཞུ་པར་གྱུར་པ་དང༌། དབང་པོ་ཞུ་བར་གྱུར་པའི་ཐིག་ལེ་རྣམས་སོ། །ལྟེ་བ་ལས་འབར་ཙཎྜེ་ལའི། །བདེ་གཤེགས་ལྔ་ནི་བསྲེགས་ནས་སུ། །སྤྱན་མ་ལ་སོགས་ལྔ་བསྲེགས་ཏེ། །ཧཾ་བསྲེགས་རི་བོད་ཅན་ལས་ཀྱང༌། །བཞུགས་ལྟེ་བར་ཐིམ་པར་


DTG014_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ལྟེ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཏེ་གཞོམ་དུ་མེད་པའོ། །ལས་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བསྐྱེད་པའོ། །འབར་ཞེས་བ་ནི་འདོད་ཆགས་ཀྱི་མེ། ཤེས་རབ་ཀྱི་ཆགས་པས་རབ་ཏུ་འབར་བས་དུག་གསུམ་བསྲེག་པའོ། །ཙཎྜ་ལའི་ཞེས་བྱ་བ་ནི་བདེ་བ་མྱུར་དུ་འགུགས་པར་བྱེད་པས་ན་གཏུམ་མོའོ། །བདེ་གཤེགས་ལྔ་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཏེ། བག་ཆགས་ཀྱི་ལུས་ཡིན་པས་ནི་བསྲེགས་པ་ཁོ་ནའོ། །སྤྱན་མ་ལ་སོགས་ཤེས་པ་ནི་སའི་ཁམས་ནི་ཌ་ཀི་ནའིའོ། །ཆུའི་ཁམས་ལཱ་མའོ། །མེ་ཁམས་ནི་ཁཎྜ་རོ་ཧའིའོ། །རླུང་གི་ཁམས་ནི་རཱུ་བི་ནིའོ། །ནམ་མཁའི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་རྣམས་ནི་ཁམས་ལྔ་ཡིན་ཏེ། ལུས་བསྐྱེད་པས་སོ། །བསྲེག་པ་ནི་སྤྱན་ལ་སོགས་པ་ལྷ་མོ་རྣམས་སོ། །ལྔ་ཞེས་པ་ནི་སྐྱེ་མཆེད་ལྔ་ཡིན་ཏེ། མིག་གི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང་ལྔ་བསྲེགས་པའོ། །བསྲེགས་པའི་སྒྲས་ནི་མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། ཡིད་ཀྱི་དབང་པོ་སྟེ་དེ་རྣམས་བསྲེགས་ཤིང་མེད་པར་བྱས། རྣལ་འབྱོར་བའི་ཉོན་མོངས་པ་དང༌། བག་ཆགས་ངན་བ་ཞེན་པ་དང་བཅས་པའི་དངོས་པོ་རྣམས་ལ་ཆགས་པར་བྱེད་པ་འདིར་བསྲེགས་པ་ཞེས་པ་ནི་རྣལ་འབྱོར་བའི་སེམས་ཀྱི་སྣང་བའོ། །ཡང་དག་པར་ནི་བསྲེགས་པ་དང་མི་བསྲེག་པ་གང་ཡང་ཡོད་པ་ནི་མ་ཡིན་ནོ་ཞེས་བཀའ་ནས་འབྱུང་ངོ༌། །སྟེ་ཞེས་པ་ནི་བླ་མ་དམ་པའི་གདམས་ངག་གིས་ཟིན་པའི་རྣལ་འབྱོར་བ་རྣམས་ཀྱིས་གྱིས་ཤིག་པའོ། །ཧཾ་ཞེས་པ་ནི་སྤྲུལ་པའི་འཁོར་ལོ་ནས་བརྩམས་ཏེ། གཙུག་ཏོར་གྱི་འཁོར་ལོའི་བར་དུ་ཐུག་པའི་ཡི་གེ་ཨཱ་ལི་དང་ཀཱ་ལི་རྣམས་བསྲེགས་ཤིང༌། སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། པདྨའི་


DTG014_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། འདབ་མ་བརྒྱ་ལྔ་བཅུ་རྩ་དྲུག་བོ་ཐམས་ཅད་བསྲེགས་ཤིང་མེད་པར་བྱས་པའོ། །རི་བོང་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་ལ་གནས་པའི་ཐིག་ལེ་བཞི་ཧཾ་དང་བཅས་པའི་ཚེས་བཅུ་གཅིག་གི་ཟླ་བ་ལྟ་བུའི་རང་བཞིན་དུ་བཞུ་ནས། ལྟེ་བ་གཞོམ་དུ་མེད་པར་ཐིམ་པར་གྱུར་ཅིང་འདྲེས་པའི་བདེ་བ་དང་བཅས་པར་གནས་པའོ། །ཅན་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་དུས་ཐམས་ཅད་དུ་གནས་ཞེས་པའི་དོན་ཏོ། །ཀྱང་ཞེས་པ་ནི་ཐམས་ཅད་བཞུ་ནས་གཞོམ་དུ་མེད་པ་ལ་ཐིམ་པའོ། །གཞོམ་དུ་མེད་པ་དེ་ཉིད་ཀྱང་ཞུ་པར་འགྱུར་པས་ཤིན་ཏུ་ཆ་ཕྲ་བར་གྱུར་ཅིང༌། སྐྲའི་རྩེ་མོ་བརྒྱ་སྟོང་དུ་གཤགས་པའི་ཚད་དུ་ཡང་མི་དམིགས་ཤིང་མ་ཞེ་ན་པ་ནི་ཞི་བ་ལྷའི་གཟུགས་སུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་ལྷའི་གཟུགས་ཀྱི་བསྒོམ་པ་བཤད་ཟིན་ཏོ། །ཡང་ལྷའི་གཟུགས་ཀྱི་བསྒོམ་པ་བརྗོད་པར་བྱ་སྟེ། རྣལ་འབྱོར་བས་ཤེས་རབ་ཀྱི་པདྨའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་བསམ་ནས། དངོས་པོ་ཐམས་ཅད་རྗོད་པར་བྱེད་པའི་ནུས་པ་འདི་ལ་ཡོད་པས། བདག་ཉིད་ཀྱིས་ཀྱང་ནུས་པ་དེ་བཙལ་པར་བྱེད་པའི་དོན་འདི་ལ་ནུས་པ་ཡོད་དོ་བསམས་ནས། ཆོས་ཀྱི་འབྱུང་གནས་ཀྱི་དབུས་ན་གནས་པའི་གེ་སར་ཡི་གེ་རའི་རྣམ་པ་ལྟ་བུའམ། ཡི་གེ་ཨཱི་རྣམ་པ་ལྟ་བུ་དེ་ཐབས་ཀྱི་གསང་བའི་རྡོ་རྗེའི་ནང་དུ་བཙུད་པས་ཆོས་ཀྱི་འབྱུང་གནས་ཀྱི་ཨ་དེ་རྡོ་རྗེས་ཕྱེད་མར་བཅད་པས། །གཡོན་པ་རཾ་དུ་གྱུར་ནས་དྲོད་སྐྱེད་པར་བསམ་མོ། །གཡས་པ་ཡཾ་དུ་གྱུར་ནས་རླུང་གི་རང་བཞིན་དུ་གྱུར་ཏེ། ཕན་ཚུན་དུ་འགྲོགས་ནས། རླུང་གིས་རམ་ལ་ཕག་པས་དྲོ་བར་གྱུར་ནས་དྲོ་བ་ལས་ཀྱང་མེའི་རང་བཞིན་དྲོ་བར་གྱུར་ཏེ། ཆོས་ཀྱི་འབྱུང་གནས་ཀྱི་རང་བཞིན་ཨ་དྲོས་ནས་མེ་འབར་བས། གསང་བའི་རྡོ་རྗེ་ནོར་བུའི་སྤུ་གུའི་ནང་ན་ཡར་ཙཎྜ་ལཱི་ཞུགས་ནས་འཁོར་ལོ་དྲུག་དང་བཅས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། དབང་པོ་དང༌། ལས་ཀྱི་དབང་པོ་དང༌། ལམ་གྱི་དབང་པོའི་བྱ་བ་ལ་སོགས་པ་ཐམས་ཅད་བ་སྲེགས་ཤིང༌།


DTG014_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱས་ནས་བདེ་བ་དང་བཅས་པ་རང་བཞིན་མེད་པར་བསྒོམ་པར་བྱའོ། །ཡང་ཤེས་རབ་མས་བསམ་པ་ནི། །ཐབས་ཀྱི་གསང་བ་རྡོ་རྗེ་དུང་ཅན་མ་ནས་པདྨའི་བྱ་གདོང་མའི་དབུས་སུ་ཞུགས་ནས་ཡར་ཟླ་བའི་རྣག་བཞིན་བསིལ་བའི་རླུང་ཨ་བ་དྷཱུ་ཏཱི་ནས་འཐོན་ནས་འཁོར་ལོ་དྲུག་ལ་སོགས་པ་བསྲེགས་ཤིང་མེད་པར་བྱས་པ་ནི་སྔ་མ་དང་མཐུན་ནོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས། །གཉིས་སུ་མེད་པའི་བདེ་བ་དེ་ཉིད་ལ། །དམིགས་ཤིང་སེམས་གཟུང་འཛིན་གཉིས་དང་བྲལ་ནས། བདེ་བ་དེ་ཉིད་ལ་བརྟེན་ཅིང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པར་གཉིས་སུ་མེད་པར་རྣལ་འབྱོར་པས་བསྒོམ་པ་ནི་ཆགས་པའི་ལམ་པའི་ཞི་བ། ལྷའི་གཟུགས་སུ་བསྒོམ་པའོ། །ཆགས་པའི་ལམ་པའི་རྣལ་འབྱོར་བཤད་ཟིན་ཏོ། །ད་ནི་རྟགས་རྣམས་བརྗོད་པར་བྱ་སྟེ། ཉིན་མོའི་རྣལ་འབྱོར་གྱི་རྟགས་རྣམ་པ་དྲུག་ནི་གསང་བའི་གསང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ནི་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་གླུའི་ལེའུར་གསུངས་སོ། །དེ་ཡང༌། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་མཛད་པ། །ཡེ་ཤེས་འོད་ཟེར་ལྷ་མ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་པོ་གསང་སྔགས་མཆོག །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་གསུངས་སོ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ནི་སྤྲིན་མེད་པའི་ནམ་མཁའ་ལ་རྣལ་འབྱོར་པས་བསྒོམས་པས་འབར་བ་ལྟ་བུར་རྣལ་འབྱོར་པས་མཐོང་བའོ། །འོད་ཆེན་རྣམ་པར་སྣང་མཛད་པ། །ཡེ་ཤེས་འོད་ཟེར་ལྷམ་མེ་བ། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཤར་བ་ལྟ་བུར་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བའོ། །འགྲོ་བའི་མར་མེ་ཞེས་པ་ནི་ཉིན་མོའི་དཀྱིལ་འཁོར་ནི་འགྲོ་བ་རྣམས་ལ་མར་མེ་དང་འདྲ་བས་འགྲོ་བའི་མར་མེའོ། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུར་རྣལ་འབྱོར་བས་མཐོང་བའོ། །ཡེ་ཤེས་སྒྲོན་ཞེས་པ་ནི་རྡོ་རྗེའི་སྒྲ་གཅན་སེམས་རང་གིས་རྟོགས་པ་ནི་རང་གི་ཡེ་ཤེས་སྣང་བས་ན་རང་


DTG014_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲོན་མ་དང་འདྲ་སྟེ་ཡེ་ཤེས་སྒྲོན་མ་དང༌། རྣལ་འབྱོར་པ་རྣམས་ཀྱིས་འཇའ་ཚོན་ལྟ་བུར་མཐོང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ནི་མཆོག་གི་ཆ་སྟེ་གློག་ལྟ་བུ་ཡིན་ཏེ། ཁ་དོག་དམར་པོ་འཁྱུག་པ་མྱུར་བར་སྣང་ཞིང་མི་རྟག་པར་མཐོང་བའོ། །རིག་པའི་རྒྱལ་པོ་གསང་སྔགས་མཆོག །ཅེས་པ་ནི་ཐིག་ལེ་ཁ་དོག་རྣམ་ལྔར་སྣང་ཞིང་ཤིན་ཏུ་ཆ་ཕྲ་བར་རྣལ་འབྱོར་བས་མཐོང་བའོ། །དེ་ལྟར་རྟགས་དང་མཚན་མ་བཅུ་གཅིག་རྣལ་འབྱོར་པས་མཐོང་བ་ནི་བཅུ་གཅིག་སློབ་དཔོན་ལས་ཐོབ་ཅིང༌། བཞི་པ་རྣལ་འབྱོར་པས་ཉམས་སུ་མྱོང་ཞིང༌། ཉམས་སུ་བླངས་པས་ཆེ་འདི་ལ་འབྲས་བུ་ས་བཅུ་གཅིག་ཐོབ་པར་འགྱུར་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་ཀྱང་གསུངས་ལ། དཔལ་མཆོག་གི་དང་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཏེ། བུམ་པའི་དབང་བསྐུར་ས་བརྒྱད་ཡིན། །གསང་པའི་དབང་བསྐུར་ས་དགུ་པ། །ཤེས་རབ་ཡེ་ཤེས་བཅུ་ཡིན་ཏེ། །བཞི་པ་བཅུ་གཅིག་ས་བར་བཤད། །ཅེས་འབྱུང་ངོ༌། །དེ་བཞིན་དུ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མའི་ཡང་ཕྱི་མར་ནི། བཅོམ་ལྡན་འདས་ཀྱིས་མཚན་མོའི་རྣལ་འབྱོར་གྱི་རྟགས་ལྔ་གསུངས་སོ། །སྒྱུ་འཕྲུལ་དྲ་བ་འཇམ་དཔལ་རྡོ་རྗེའི་གླུའི་ལེའུར་ནི། བཅོམ་ལྡན་འདས་ཀྱིས་ཉིན་མོའི་རྣལ་འབྱོར་རྟགས་རྣམ་པ་དྲུག་གསུངས་སོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བ་ནི་བུམ་པ་དང༌། སྣམ་བུ་དང༌། རེ་ལྡེ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་རྣལ་འབྱོར་བའི་ཡིད་ཀྱི་ཤེས་པ་ལ་མཐོང་བའོ། །དེའི་དབུས་སུ་ཞེས་པ་ནི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་མཐོང་བ་དེ་ནི་རྣལ་འབྱོར་བ་དེས་ཡིད་ཀྱིས་ཡིན་གྱི་མིག་གིས་ནི་མ་ཡིན་ནོ། །ཕྱི་ནས་མིག་གིས་ཀྱང་མཐོང་ལ། ཡིད་ཀྱིས་ཀྱང་མཐོང་བར་འགྱུར་རོ། །ཡུལ་དང་རྣམ་པར་བྲལ་ཞེས་པ་ནི་རྫས་སུ་མེད་པས་གཟུང་ཞིང་དཔྱད་དུ་མེད་པ། བརྟགས་མ་ཡིན་པའི་ལོངས་སྤྱོད་


DTG014_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ་དུམ་རྣལ་འབྱོར་བ་བདག་ཉིད་ཀྱིས་ཞལ་མཐོང་བར་འགྱུར་རོ། །དེས་ན་རྣལ་འབྱོར་བ་དེས་སྐུའི་སྦྱོར་བས་མི་ཤིགས་པའི་སྒྲ་དང་ནམ་མཁའ་ལ་བདག་ཉིད་ཀྱི་རྣ་བས་ཆོས་ཀྱི་སྒྲ་ཐོས་པར་འགྱུར་རོ། །ཡང་ནམ་མཁའི་དཀྱིལ་ན་དེ་བཞིན་གཤེགས་པ་རྣམས་ཆོས་འཆད་ཅིང་བཞུགས་པའི་སྒྲ་ཐོས་ཤིང༌། མིག་གིས་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནམ་མཁའི་དཀྱིལ་ན་ཉན་ཐོས་ཀྱི་འཁོར་བྱེ་བ་བརྒྱ་སྟོང་དང་ལྷན་ཅིག་ཏུ་འགྲོ་བའི་དོན་མཛད་པའི་ཡུལ་རྣམས་མཐོང་བར་འགྱུར་ངོ། །དེ་ལྟར་རྣལ་འབྱོར་བས་གཟུགས་སུ་སྣང་བ་མཐོང་བ་ནི་རྣལ་འབྱོར་བ་ལ་སྤྲུལ་པའི་སྐུར་སྣང་བའོ། །སྒྲར་རྣལ་འབྱོར་པ་ལ་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །མིག་གིས་མཐོང་བ་ནི་ཆོས་ཀྱི་སྐུ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ནི་ཕྱིའི་རྟགས་བཤད་པའོ། །ད་ནི་ནང་གི་རྟགས་བརྗོད་པར་བྱ་སྟེ། འདིར་ནི་ཉིན་མོའི་སྦྱོར་བ་ཡིས། །ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་བརྟན་པོར་བ་ལྟ་བ་ཡིས། །རྣལ་འབྱོར་པ་ཡིས་འགྲུབ་པར་འགྱུར། །སྔ་དྲོ་དང་ནི་ཕྱི་དྲོ་ཡང༌། །ཐུན་གཉིས་སུ་ནི་བསྒོམ་པར་བྱ། །སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །དམིགས་པ་བརྟན་པར་རབ་བྱ་ཞིང༌། །གཞན་དུ་ན་ནི་ཉི་མ་ཡིས། །རབ་རིབ་ཅན་དུ་འགྱུར་བར་བཤད། །དེ་ཡི་གནོད་བ་བསལ་བྱས་ཏེ། །ཉིན་ཞག་སོ་སོར་ལྟ་བའོ། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་སྐྲ་ཡི་ཚད། །དྲི་མ་མེད་པའི་འོད་འཕྲོ་བ། །དུས་ཀྱི་རྫས་ནི་མཐོང་བ་ཡིན། །དེ་མཐོང་འོད་གདལ་གོ་འཕངས་ནི། །རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །དེ་ལ་ཚིག་བཅུ་གཉིས་ནི་སྔར་བསྟན་པས་གོ་སླའོ། །ཇི་སྲིད་ཐིག་ལེའི་དུ་ནི། །ཞེས་བྱ་བ་ནི་ལྟེ་བར་ཞུ་པའི་ཐིག་ལེའོ། །རི་མོ་ནག་པོ་ཞེས་པ་ནི་ལྟེ་པའི་འོག་སྦུན་ན་གུའི་མཚམས་ན། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཁ་དོག་གནག་པ་མཐོང་བའོ། །སྐྲའི་ཚད་ཅེས་པ་ནི་ཤིན་ཏུ་ཕྲ་བ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཡིན་པས་ཤིན་ཏུ་གནག་པའོ། །སྐྲའི་ཚད་ཙམ་ལ་སོར་


DTG014_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་གནས་པ་མཐོང་བར་འགྱུར་རོ། །བ་ཐག་བརྐྱང་བ་ལྟ་བུའམ། དར་དཀར་གྱི་སྐུད་པ་བརྐྱང་བ་ལྟ་བུ་མཐོང་བའོ། །དྲི་མ་མེད་པ་ཞེས་པ་ནི་ལུས་དྲི་མ་མེད་པ་དང༌། ངག་དྲི་མ་མེད་པ་དང༌། ཡིད་དྲི་མ་མེད་པ་དང༌། ཡེ་ཤེས་དྲི་མ་མེད་པར་གྱུར་བས་ན་དྲི་མ་མེད་པའོ། །འོད་འཕྲོ་པ་ཞེས་པ་ནི་ཤེས་པ་ཤེལ་སྒོང་ཕྱིས་པ་ལྟར་དངས་ཤིང་གསལ་བ་ནི་འོད་འཕྲོ་བའོ། །དུས་ཀྱི་ཞེས་པ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་ཀུན་གཞི་འགྲོགས་ནས་ཆོས་ཀྱི་སྐུར་གྱུར་པའོ། །རྫས་ནི་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དོན་དམ་པ་ལ་ཐིམ་པའོ། །མཐོང་བ་ནི་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འབྱུང་བ་བཞིས་མ་བསྐྱེད་པའི་གཞོམ་དུ་མེད་པ་ལྟེ་བའི་འོག་ཏུ་མཐོང་བའོ། །འོག་ཏུ་མཐོང་བའི་སྒྲས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨིན་མཚམས་སུ་ཁ་དོག་དཀར་པོའི་རྣམ་པར་མཐོང་བའོ། །དེ་མཐོང་བས་འོད་གསལ་གོ་འཕང་ནི། །རྣལ་འབྱོར་བ་ཡིས་མཐོང་གྱུར་བའོ། །ཞེས་བྱ་སྟེ། དེ་ཡང་དབུ་མའི་རྩ་ཨ་བ་དྷཱུ་ཏཱིར་ཡིད་ཆུད་པའི་རྣལ་འབྱོར་བས་མཐོང་བ་ཡིན་ཏེ། ཡིད་མ་ཆུད་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་མཐོང་བའི་རྣལ་འབྱོར་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྐུ་དེས་ནི་ཁམས་གསུམ་མ་ལུས་པ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་ཐམས་ཅད་ས་ལེར་མཁྱེན་པའོ། །ཆུ་ནང་ཉི་ལྟར་རབ་སྣང་བ། །དྲི་མ་མེད་པའི་སྣ་ཚོགས་མདོག །རྣམ་པ་ཀུན་དུ་རང་གི་སེམས། །གཞན་གྱི་སེམས་མིན་རང་གི་སེམས། །རང་གི་སེམས་ཡིན་བདེ་པ་ཉིད། །གཞན་གྱི་སེམས་མིན་བདེ་བ་ཡིན། །ཡུལ་དང་རྣམ་པར་བྲལ་བ་ཡིན། །རང་བདེ་ཡིད་ཀྱི་ཉམས་མྱོང་བ། །གཞན་གྱི་སེམས་བདེ་ཆེན་པོའི་ཕྱིར། །བདེ་བ་བསྟན་དུ་མི་བཏུབ་བོ། །ཞེས་འབྱུང་ངོ༌། །འདིར་དང་པོ་རང་གི་སེམས་ཀྱི་སྣང་བའི་དེ་བཞིན་གཤེགས་པའི་ཤའི་མིག་གིས་དཔག་ཚད་སྟོང་མཐོང་བར་འགྱུར་རོ། །ལྷའི་མིག་གིས་དཔག་ཚད་ཉིས་སྟོང་མཐོང་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པས་དཔག་ཚད་སྟོང་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཡང་དག་པར་སྡུད་པར་སྤྱན་ལྔ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་


DTG014_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་འདི་ལྟ་སྟེ། རིམ་པ་བཞིན་དུ་ཤའི་སྤྱན་དང༌། ལྷའི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་རྣམས་རྣལ་འབྱོར་བས་སེམས་ཨ་བ་དྷཱུ་ཏཱིར་བཙུད་ཅིང་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་ནས་ཐམས་ཅད་མཁྱེན་པས་མ་གཟིགས་པ་དང༌། མ་མཁྱེན་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་རྣལ་འབྱོར་བས་སྲོག་གི་རླུང་ཞེས་པ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་དབུ་མར་ཆུད་ནས། སྣ་བུག་གཡོན་པ་དང་གཡས་པ་ལ་རྣལ་འབྱོར་བ་རྣམས་ལ་མི་རྒྱུན། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བ་བསྒོམས་པའི་སྟོབས་ཀྱིས་དབུགས་བརྒྱད་བརྒྱ་རྣལ་འབྱོར་བས་འགོག་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་བས་འགོག་ན་ནི་ས་དང་པོ་ཐོབ་པར་འགྱུར་རོ། །དེ་ལ་ཡེ་ཤེས་དང་འབྲས་བུ་ནི་ཤའི་སྤྱན་རྣམ་པར་དག་པ་ཐོབ། མཐོང་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་མཐོང་བར་འགྱུར་རོ། །འཕོ་བ་གཉིས་པ་འགོག་པས་ས་གཉིས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིགས་རྟེན་གྱི་ཁམས་གཉིས་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་གསུམ་པ་འགོག་པས་ས་གསུམ་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ས་གསུམ་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསུམ་མཐོང་བར་འགྱུར་རོ། །འཕོ་བ་བཞི་པ་འགོག་པས་ས་བཞི་བ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱད་ཚུན་ཚང་མཐོང་བར་འགྱུར་རོ། །འཕོ་བ་ལྔ་བ་འགོག་པས་ས་ལྔ་བ་སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་མཐོང་བར་འགྱུར་རོ། །འཕོ་བ་དྲུག་པ་སྲོག་གི་རླུང་ཁྲི་བརྒྱད་པ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པར་འགྱུར་ན་ནི། ས་དྲུག་པ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་མཐོང་བར་འགྱུར་རོ། །འཕོ་བ་བདུན་པའི་སྲོག་གི་རླུང་འགྲོགས་པས་ནི་ས་བདུན་པ་ཐོབ་པར་འགྱུར་རོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི་ཚུན་ཆད་མཐོང་བར་འགྱུར་ཏེ། ས་དེ་རྣམས་ཐོབ་ཅེས་པ་ནི་བྱིས་པ་རྣམས་གཞུག་པའི་ཕྱིར་རོ། །དབང་ཐོབ་


DTG014_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཞུག་པའི་ཕྱིར་ཡིན་ནོ། །ཡང་དག་པའི་དོན་ནི་མ་ཡིན་ནོ། །དེ་ཡང་བཤད་ན་ཆུ་དང་ཅོད་པན་གཉིས་ཀྱིས་སྐུའི་ཞལ་ནས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་གཉིས་པར་ལུང་བསྟན་ཏོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུ་གཉིས་ཀྱིས་གསུང་གི་ཞལ་ནས་དབང་བསྐུར་བས་ངག་གི་སྒྲིབ་པ་དག་པར་བྱས་ནས་ས་བཞི་པ་ཐོབ་པར་འགྱུར་རོ། །བརྟུལ་ཞུགས་དད་མིང་གི་དབང་ཐུགས་ཀྱི་ཞལ་ནས་བསྐུར་བས་ནི་ཡིད་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་དྲུག་པ་ཐོབ་པར་འགྱུར་རོ། །སློབ་དཔོན་དུ་གནང་བ་ནི་ཡེ་ཤེས་ཀྱི་ཞལ་ནས་དབང་བསྐུར་བས་ནི་ཡེ་ཤེས་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་བདུན་པར་ལུང་བསྟན་ཞིང་ཐོབ་པར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཀུན་རྫོབ་ཏུ་བྱིས་པ་རྣམས་གཞུག་པའི་ཕྱིར་ཡིན་ནོ། །འཕོ་བ་བརྒྱད་པའི་སྲོག་གི་རླུང་འགོག་པས་ཀྱང་ས་བརྒྱད་པ་ཐོབ་ལ། བུམ་པའི་དབང་བསྐུར་བ་ཐོབ་པས་ཀྱང་ས་བརྒྱད་པ་ཐོབ་པར་འགྱུར་རོ། །ས་བརྒྱད་པ་ཐོབ་པའི་མངོན་པར་ཤེས་པ་ནི་ཤེས་རབ་ཀྱི་སྤྱན་གྱི་རྣམ་པར་དག་པ་མིའི་ལས་འདས་པ་ཕྱིར་མི་ལྡོག་པའི་ས་ཐོབ་པས་ནི་ཕྱོགས་བཅུའི་འཇིགས་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཐའ་ཚུན་ཆད་འཐོབ་པར་འགྱུར་རོ། །འཕོ་བ་དགུ་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས་དགུ་པ་ཐོབ་ལ། གསང་བའི་དབང་བསྐུར་བ་ཐོབ་པས་ཀྱང་ས་དགུ་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལས་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པ་ཐོབ་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉི་ས་བརྒྱ་ལྔ་བཅུ་རྩ་དྲུག་གི་མཐའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས་བཅུ་པ་ཐོབ་ཅིང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་ཀྱང་ས་བཅུ་པ་ནི་འཇམ་པའི་རྡོ་རྗེ་དང་མཚུངས་ཏེ། མངོན་པར་ཤེས་པ་ནི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་མཐའ་ཚུན་ཆང་མཐོང་བར་འགྱུར་རོ། །འཕོ་བ་བཅུ་གཅིག་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་བཅུ་གཅིག་པ་ཐོབ་ལ། དབང་བཞི་བ་འཇིག་རྟེན་ལས་འདས་པའི་དབང་ཐོབ་པས་ཀྱང་ས་བཅུ་གཅིག་སངས་རྒྱས་


DTG014_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟེ་སྒྲིབ་པ་གསུམ་སྤངས་པའོ། །མངོན་པར་ཤེས་པ་ལས་ཡེ་ཤེས་ཀྱི་སྤྱན་ལྔ་ཐོབ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་དང༌། ཉི་ཤུ་རྩ་བཞིའི་མཐའ་ཚུན་ཆད་མཐོང་པར་འགྱུར་རོ། །འཕོ་བཅུ་གཉིས་པ་སྲོག་གི་རླུང་རྒྱུ་བ་ཉི་ཁྲི་ཆིག་སྟོང་ཆེན་པོའི་འཇིག་རྟེན་དྲུག་བརྒྱ་བདུན་ཅུ་རྩ་ལྔའི་སྲོག་གི་རླུང་གཙུག་ཏོར་གྱི་འཁོར་ལོ་འགོག་ན་ནི། ས་བཅུ་གསུམ་པ་ཚེ་འདི་ཉིད་ཁོ་ནར་དངོས་སུ་བརྙེས་ཏེ་རྡོ་རྗེ་འཆང་གིས་ཐོབ་པ་ནི་དེ་བཞིན་དུ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང༌། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་གཞན་ཡང་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དཔག་ཏུ་མེད་པ་དང༌། བརྗོད་ཀྱིས་མི་ལང་བ་རྣམས་མཐོང་བ་ནི་ཡེ་ཤེས་ཀྱི་སྤྱན་མངའ་བས་མཐོང་བར་འགྱུར་རོ། །སྟོང་ཆུང་དུ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཆེན་པོའི་ཁོངས་སུ་ཆུད་པས་ནི། འདིར་བཤད་ཀྱང་གྲུབ་པ་ལས་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བས་འདིར་མ་སྨོས་སོ།། །།དེས་ནི་ནང་གི་རྟགས་རྣམས་བཤད་ཟིན་ཏོ། །ད་ནི་སྣ་ཚོགས་གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་པ་ལ་འདིར་སྟོང་པ་ཉིད་ཀྱི་སྣང་བ་ནི་སའི་རྣམ་པར་མཐོང་ཡང་སྲ་བ་ནི་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར། ཞུ་བ་ཆུའི་ལུས་སུ་སྣང་བ་ཡིན་ཡང་ཆུ་མིན་ཏེ། འཇུག་པ་མེད་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། །དེ་ལྟར་མེའི་རྣམ་པར་སྣང་ཡང་མེ་མ་ཡིན་ཏེ། སྲེག་པ་མེད་པའི་ཕྱིར་རོ། །གཡོ་བ་རླུང་གི་ལུས་འདྲ་ཡང་རླུང་ནི་མིན་ནོ། །གང་གཡོ་བའི་རྫས་སུ་མེད་པའི་ཕྱིར་རོ། །རྫས་སུ་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་ཡང་མཐོང་སྟེ་ཞེས་པ་ནི་སྒྱུ་མའི་གྲོང་ཁྱེར་བཞིན་དུའོ། །དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་ཁ་དོག་ཀྱང་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ། །རྣམ་པ་ཀུན་དུ་ལྡན་ཡང་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་མ་མཐོང་ངོ༌། །དེ་གང་གི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་སྟོབས་ཀྱི་མཐུས་ཞེས་པ་ནི་གཡོན་པ་དང་གཡས་པའི་རྩར་སྲོག་ཀུན་དུ་སྤྱོད་པའི་ཕྱིར་ངེས་པའོ། །ད་ནི་མཐར་ཐུག་པའི་དོན་བརྗོད་པར་བྱ་སྟེ། སྐུ་མཐོང་ནི་ཉིན་མཚན་རེ། །དུས་སུ་སྲོག་གི་རླུང་དག་ནི། །རྣལ་


DTG014_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཐར་པ་འདོད་པ་ཡིས། །འགག་པ་རུ་ནི་རབ་ཏུ་བྱ། །ཞེས་པ་ནི་བུམ་པ་ཅན་ནོ། །སྐུ་མཐོང་ནས་ནི་ཞེས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་དངོས་པོ་ཐམས་ཅད་སྤངས་པ་བསྒོམས་པའི་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་ངོ༌། །ཉིན་མཚན་རེ་ཞེས་པ་ནི་རྣལ་འབྱོར་བས་བྱ་བ་ཐམས་ཅད་སྤངས་ནས་རྣལ་འབྱོར་བསྒོམ་པའོ། །དུས་སུ་ཞེས་པ་ནི་ཐུན་བརྒྱད་དུ་བྱས་པའི་དུས་མ་ཡོལ་བའོ། །སྲོག་གི་རླུང་ཞེས་བྱ་བ་ནི་གཡོན་པ་དང་གཡས་པ་ལ་མི་རྒྱུ་བར་སྲོག་དབུ་མ་ལ་རྒྱུ་བའོ། །དག་ནི་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ནི་དག་པའི་རང་བཞིན་ཅན་ནོ། །འགག་པ་རུ་ནི་ཞེས་པ་ནི་ལྟེ་བའི་འོག་ཏུ་རྩ་གསུམ་འདོམ་པའི་གནས་གསང་བ་བདེ་བ་བསྐྱེད་པའི་ནུས་པ་ཡོད་པ་ཅན་དུ། ཡི་གེ་ཀྵའམ་ཨ་ཤད་ལྟ་བུས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ཤེས་པ་ཐུར་དུ་འགྲོར་མི་སྡེར་བར་འགག་གོ །གཙུག་ཏོར་གྱི་འཁོར་ལོའི་དབུས་སུ་ནི་ནམ་མཁའི་གདོང་ཅན་མའི་ཁར་ནི་ཡི་གེ་ཧཾ་མགོ་ཐུར་དུ་བསྟན་པས་འགག་ཅིང༌། །དབུས་མའི་རྩ་ཨ་བ་དྷཱུ་ཏཱི་ནག་པོར་གནས་པའི་ནང་དུ་ཡེ་ཤེས་ཀྱི་དར་དམར་པོའི་རྒྱུན་དང་འདྲ་བའི་བདག་ཉིད་དེ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་འདྲེས་ནས་ཡར་འགྲོ་བ་ནི་ཡི་གེ་ཧཾ་གིས་འགོག་པར་བྱེད་ཅིང་ཕྱིར་མི་འབྱིན་ཏོ། །ཧཾ་ཞུ་བས་འགོག་པ་ཡིན་ཏེ། མ་ཞུ་བས་མ་ཡིན་ལ། ཧཾ་བྲི་བ་ཡང་མེད། འཕེལ་བ་ཡང་མེད་དོ། །དེ་བཞིན་དུ་འོག་ཏུ་འགྲོ་བ་ནི་ཡི་གེ་ཀྵ་ས་འགོག་པའི་ཕྱིར་མི་ཐར་བར་ཡར་བྲེང་མར་བྲེང་གནས་པ་ནི་ཁམས་བདེ་བའི་རྩ་ལྟ་བུའམ། པི་ཝང་གི་རྒྱུད་སྦྲེང་བ་ལྟ་བུར་གནས་པར་བསམ་པ་ནི་དབུ་མར་ཡིད་གཟུང་བའི་བླ་མའི་གདམས་ངག་གོ །རབ་ཏུ་བྱ་ཞེས་པ་ནི་རྣལ་འབྱོར་བས་ཡང་ནས་ཡང་འབད་པས་བྱ་ཞེས་པའི་དོན་ཏོ་ཞེས་བྱ་བ་ནི་རྣལ་འབྱོར་བའི་དོན་ཏོ། །བུམ་པ་ཞེས་བྱ་བ་ནི་གསང་བའི་པདྨའི་སྣ་རྩེ་དང༌། བྱ་གདོང་མ་དང༌། ལྟེ་བའི་ཨཱཿ་དང༌། སྙིང་གའི་ཧཱུཾ་དང༌། ལྐོག་མའི་ཨོཾ་དང༌། དཔྲལ་བའི་ཧོ་དང༌། གཙུག་ཏོར་གྱི་འཁོར་ལོའི་ཧཾ་རྣམས་ནི་བུམ་པའོ། །ཅན་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རང་བཞིན་གྱི་དགའ་བ་དང༌། མཆོག་གི་དགའ་བ་དང༌། སྣ་ཚོགས་ཀྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བས་འཁོར་ལོ་དྲུག་ཏུ་ཁྱབ་ཅིང་བདེ་བས་ལུས་ཐམས་ཅད་ཚིམ་པར་བྱེད་པ་ཅན་ནོ། །ཇི་སྲིད་དུ་ནི་འཁོར་བཞིན་མ། །རང་གི་ལུས་ལ་ཡོངས་བསྐོར་བ། །འོད་ཟེར་འཁོར་ལོས་མཐོང་འགྱུར་བ། །སྔོན་གསུངས་


DTG014_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་རང་གི་ཡིན། །དེས་ནི་ཟླ་དྲུག་རེག་སྤངས་བདེ། །ཐབས་དང་ཤེས་རབ་སྙོམས་འཇུག་བྲལ་བའོ། །ཞེས་འབྱུང་བའོ། །ཇི་སྲིད་ཅེས་ནི་སྒོམ་པའི་དུས་སུ་རྣལ་འབྱོར་བ་ལ་འབྱུང་བའོ། །འཁོར་བཞིན་མ་ཞེས་པ་ནི་འཁོར་ལོ་ལྟར་འཁོར་བར་སྣང་བའོ། །རང་གི་ལུས་ལ་ཞེས་པ་ནི་རྣལ་འབྱོར་པ་བདག་ཉིད་མཉམ་པར་གཞག་པའི་དུས་སུ་ཡང་ཁྱད་པར་ཅན་དུ་འགྱུར་པར། ཡོངས་འཁོར་བ་ཞེས་པ་ནི་ལུས་ཐམས་ཅད་ལ་གནས་ཕྱོགས་ནས་བསྐོར་བར་མཐོང་བའོ། །འོད་ཟེར་འཁོར་ལོ་མཐོང་འགྱུར་བ། །ཞེས་པ་ནི་འོད་དཀར་པོ་སྐྱ་རེངས་ཤར་བ་ལྟ་བུས་བདག་ཉིད་ལ་བསྐོར་བ་མཐོང་བའོ། །སྔོན་གསུངས་པའི་སྐུ་ལ་ཞེས་པ་ནི་སྣ་ཚོགས་ཀྱིས་དུས་སུ་མཐོང་བའི་སྐུའོ། །དེས་ནི་ཟླ་བ་དྲུག་རེག་ཅེས་པ་ནི་སྲོག་གི་རླུང་ཟླ་བ་དྲུག་གི་བར་དུ་གཉིས་ལོག་རྩ་ལག་པས་མི་དྲག་པ་ཙམ་དུ་མནན་ཅིང་བཀག་ན། མི་འཕོ་བའི་བདེ་བའི་དབང་བོ་གཉིས་ཀྱི་སྤྲོས་པ་ལས་བྱུང་བའི་བདེ་བ་བཅུ་དྲུག་ཆར་ཡང་མི་ཕོད་པའི་བདེ་བ་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །སྤངས་ཤིང་བདེ་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་བདེ་བ་ཡིན་ཞེས་པའི་དོན་ཏོ། །སྤངས་ཞེས་པ་ནི་སྡུག་བསྔལ་དང་བཅས་པའི་བསྲུབ་པ་དང༌། གཡོ་བ་ལ་སོགས་པའི་བདེ་བ་སྤངས་པའོ། །བདེ་བར་འགྱུར་ཞེས་པ་ནི་ཕན་ཚུན་དུ་ཐབས་དང་ཤེས་རབ་གཉིས་མི་འཕོ་བའི་བདེ་བ་ནི་མི་འཛག་པའི་བདེ་བ་འཁོར་བར་སྐྱེ་བའི་རྒྱུ་མེད་པས་ནི་མི་འཛག་པའི་བདེ་བའི་ཞེས་པ་ནི་དེ་བཞིན་གཤེགས་པས་གསུངས་སོ། །ད་ནི་རྣལ་འབྱོར་ཉེ་བར་སྡུད་པ་བརྗོད་པར་བྱ་སྟེ། དབུས་སུ་སྲོག་ཅེས་པ་ལ་སོགས་པ་ལ། འདིར་དང་པོར་རྣལ་འབྱོར་བ་ཡིས་དབུས་སུ་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ལ་སྲོག་ནི་བཅུག་པར་བྱས་ན་མཚན་མ་གང་ཞིག་མཐོང་བར་འགྱུར་རོ། །དཔལ་ལྡན་བླ་མ་ཞེས་པ་ནི་སངས་རྒྱས་ཀྱི་རང་གི་སྐུའི་རྡོ་རྗེ་གཅིག་པུར་བརྗོད་དོ། །དེ་ནས་ཉི་མར་བཅས་སོང་བ། །ཞེས་པ་ནི་གཡས་པར་བགྲོད་པ་དང་བཅས་པའོ། །ཟླ་བར་བཅས་སོང་བ་ཞེས་པ་ནི་གཡོན་པའི་རྩར་འགྲོ་བའོ། །གཡས་དང་གཡོན་ནི་བཅིང་པར་བྱ། །ཞེས་པ་ནི་གཡས་པ་དང་གཡོན་པར་སྲོག་འགྲོ་བ་དབུས་མར་བཅིང་པར་བྱ་བའི་ངེས་པ་ཡིན་ཞིང༌། སྲོག་སྡུད་པ་ན་གཉིས་པ་གསུང་གི་རྡོ་རྗེའོ། །ཕྱག་རྒྱ་ལ་ནི་སྦྱོར་བའི་སེམས། །ཞེས་པ་ནི་གཟུགས་ལ་རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་སྟེ། གསུམ་པ་ཐུགས་ཀྱི་རྡོ་རྗེའོ། །མཆོག་གི་བདེ་བ་གནས་པ་དང༌། །རྡོ་རྗེ་


DTG014_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་བླང་བའོ་ཞེས་བྱའོ། །དེ་ནས་གཟུགས་ཀྱི་སྒོ་ཡིས་དགའ་བར་མ་གྱུར་པ་དེ་ལྟ་ན་ནི་པདྨར་རྡོ་རྗེའི་སྒྲ་ཡང་བྱ་ཞེས་ནི་སྐད་ཅིག་གིས་བྱའོ། །དེ་ཡང་ཤེས་རབ་མ་རྙེད་པ་དེ་ལྟ་ན་ནི་རང་གི་ལག་པ་ཆུ་སྐྱེས་ཏེ། བདེ་བའི་རྒྱུ་རུ་གསོར་བར་བྱ་ཞེས་པ་ནི་བདེ་བར་འཕེལ་བའི་དོན་དུ་བྱ་ཡིས་ལྟུང་བའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར། ས་བོན་མི་གཏོང་བ་བདེ་བ། །འཆི་བ་ཡི་ནི་འཇིགས་འཇོམས་པ། །འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་པ་ནི་བཞི་པ་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་དོ་ཞེས་བྱ་བ་སྟེ་རྣལ་འབྱོར་གོམས་པའི་ངེས་པའོ། །ད་ནི་སྔོམ་བརྩོན་འབྲས་བུ་བརྗོད་པར་བྱ་སྟེ། ལམ་གྱི་སེམས་ཤེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལམ་ནི་སེམས་ཤེས་པའོ། །སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་གཅིག་ཕན་ཚུན་སྟོང་པ་ཉིད་དུ་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་གཟུགས་སུ་བསྒོམ་པའོ། །སྔོམ་བརྩོན་ཞེས་པ་ལས་དང་པོ་པའི་དགེ་སློང་རྡོ་རྗེ་འཛིན་པ་དང༌། དགེ་ཚུལ་རྡོ་རྗེ་འཛིན་པ་དང༌། དགེ་སློང་མ་རྡོ་རྗེ་འཛིན་པ་དང༌། དགེ་ཚུལ་མ་རྡོ་རྗེ་འཛིན་པ་རྣམས་ནི་སྡོམ་བརྩོན་ནོ། །དེའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་བྱ་བ་ཐམས་ཅད་གསང་ནས་བྱ་ཞེས་བྱ་བའི་དོན་ཏོ། །རྣམས་ཀྱི་ཤེས་པ་ནི་ཚངས་པར་སྤྱོད་པའི་དགེ་བསྙེན་དང༌། དགེ་བསྙེན་མ་དང༌། བསྙེན་གནས་ཡན་ལག་བརྒྱད་ལ་གནས་པའི་དགེ་བསྙེན་ཕོ་མོ་རྣམས་ལ་ནི་དམ་ཚིག་འདི་རྣམས་སྦྱིན་པར་བྱའོ། །སོ་སོའི་སྐྱེ་བོ་ཁྱིམ་པ་རྣམས་ལ་ནི་སྦྱིན་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་པ་རྣམས་ནི་བྱ་བ་མང་བས་སྒྲུབ་པར་བྱེད་པའི་གུས་པ་དང་མི་ལྡན་ཏེ། དེས་ན་དམ་པའི་ཆོས་ལ་མི་གུས་པའི་རྒྱུར་གྱུར་ཞིང་དམ་པའི་ཆོས་སྤོང་བའི་རྒྱུ་བསགས་པས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བའི་ལས་སོགས་སོ། །དེས་ན་ཁྱིམ་པ་རྣམས་ལ་ནི་མི་བསྟན་ཞེས་འབྱུང་ངོ༌། །དེ་ལ་དགེ་སློང་ལ་སོགས་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ནི་འཇིག་རྟེན་པའི་བྱ་བ་ཁ་ན་མ་ཐོབ་པའི་ལས་ཀྱི་བྱ་བ་ཞིང་ལས་དང་ཉོ་ཚོང་བ་ལ་སོགས་པ་སྤངས་ཤིང༌། དམ་པའི་ཆོས་ལྷུར་ལེན་པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་བཀའ་ལ་ཡིད་ཆེས་པས་བཀའ་སུན་མི་འབྱིན་པ་དང༌། དགེ་སློང་ལ་སོགས་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ལ་བསྟན་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་


DTG014_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མཚན་འཆང་བ། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བ་སེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་པས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིག་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་འབྱུང་ངོ༌། །མེ་ལོང་ལྟ་བུའི་བསྟོད་པ་ལས། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་པ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་བྱ་བ་སྟེ་སློབ་དཔོན་གྱི་དབང་གི་དུས་སུ་བྱའོ། །ཡང་དེ་ཉིད་ལས། ཆགས་བྲལ་ལུས་ལས་འདས་པའོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ས་བོན་བྲལ་ཞིང་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་འབྱུང་ངོ༌། །དེ་ནས་དགེ་སློང་ལ་སོགས་པ་སྡོམ་བརྩོན་རྣམས་ཁོ་ན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐྱུར་བ་ཡིན། ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ། །དེའང་བཤད་པར་བྱ་སྟེ། ཡོན་ཏན་ཡར་ལྡན་གྱི་དབང་དུ་བྱས་ནས་ནི་སྡོམ་པ་བརྩོན་ཞེས་པ་ནི་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་ནི་སྡོམ་བརྩོན་ཞེས་བྱའོ། །སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་གསང་སྔགས་ཀྱི་དམ་ཚིག་ཏུ་འགྱུར་རོ། །གསང་སྔགས་ཀྱི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དམ་ཚིག་ཏུ་འགྱུར་རོ། །དེ་བཞིན་གཤེགས་པའི་དམ་ཚིག་ནི་ཟག་པ་མེད་པ་སྟེ། འཕོ་བ་མེད་པའོ། །དེས་ན་འཕོ་བ་མེད་པའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། །དངོས་པོ་ལ་རེག་པ་མེད་པས་ཉེས་པར་མི་འགྱུར་རོ། །ཞིག་ཅེ་ན་མི་འཕོ་བའི་ཕྱིར་རོ། །དེ་ཡང་སྐད་ཅིག་མ་གཅིག་མངོན་པར་རྫོགས་པར་བྱང་ཆུབ་པའི་རྣལ་འབྱོར་གྱི་མཚན་ཉིད་ཀྱིས་རང་བཞིན་གྱིས་རྟོག་པའི་སྐད་ཅིག་མ་ལ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་འབྱུང་སྟེ། ཆགས་བྲལ་ཐོག་མ་མཐའ། །ཞེས་འབྱུང་བ་ནི་


DTG014_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་བཅོ་ལྔ་དང༌། བཅུ་དྲུག་མ་བྱུང་བའི་བར་ནི་སྐད་ཅིག་མའོ། །ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་ཚེས་གཅིག་ནས་བརྩམས་པའི་ཉའོ། །དེའི་མཐར་སོང་བ་ནི་བཅུ་དྲུག་བའི་དབང་པོ་སྐད་ཅིག་མའི་ཆའི་མཚན་ཉིད་ཞུགས་པའོ། །ཆགས་བྲལ་ཞེས་པ་ནི་ནག་པོའི་ཕྱོགས་ཀྱི་སྐད་ཅིག་མ་གཉིས་པ་ལ་ཞུགས་པའོ། །དེའི་ཆགས་བྲལ་དང་པོར་སོང་བ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་དེ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཀུན་དང་མཉམ་པར་སྦྱོར་བའི་གསལ་བ་རང་ལ་སྐྱེས་པ་ཤེས་པ་མ་བཅོས་པའི་དད་ལ་གནས་པའི་དཔེ་བཞི་པས་མཚོན་པའི་དུས་ཀྱི་མཚན་ཉིད་ཀྱི་སྐད་ཅིག་མ་ནི་དེ་ཉིད་ལས་དབུགས་ཀྱི་གྲངས་འཕེལ་བར་འགྱུར་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔའི་གྲངས་སོ། །དེ་ཡང་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་གསང་བའི་གནས་སུ་དབུགས་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མའི་བདེ་བ་ལ་སེམས་གཏད་ཅིང་ཡར་འཐོན་ནས་བདེ་བ་འཕེལ་བར་བྱེད་པ་ནི་དེའི་གྲངས་ཀྱིས་སྲོག་གི་རླུང་བཀག་པས་གསང་བའི་གནས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ནི་ས་དང་པོའོ། །གསང་བའི་པདྨར་ཐིག་ལེ་བཞི་ཕྱིན་ནས་རྣལ་འབྱོར་དེས་ནི་ས་གཉིས་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཆགས་པས་བཞུ་བའི་བདེ་བ་དེ་ལ་བརྟེན་ནས། ལྟེ་བར་སྲོག་གི་རླུང་སུ་མ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་སེམས་གཏད་ཅིང་ཡར་འཐེན་ནས་བདེ་བ་འཕེལ་བར་བྱེད་པས་ནི་ས་བཞི་པ་ཐོབ་པར་འགྱུར་རོ། །ཡང་སྙིང་གར་ཤེས་རབ་ཀྱི་ཆགས་པས་ཞུ་བའི་བདེ་བ་དེ་ལ་སེམས་གཏད་ཅིང་བརྟེན་ནས། སྲོག་གི་རླུང་གྲངས་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་དམིགས་ཤིང་ཡར་འཐེན་ནས་བདེ་བ་འཕེལ་བར་བྱས་ཏེ། ཤེས་རབ་ཀྱི་པདྨར་འཕྲོས་པས་ནི་ས་དྲུག་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཡང་མགྲིན་པར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མའི་བདེ་བ་འཕེལ་བར་བྱེད་ཅིང༌། ཡར་འཐེན་ནས་ཤེས་རབ་ཀྱི་པདྨར་ཕྱིར་འཕྲོ་བར་བྱེད་པས་ནི་ས་བརྒྱད་པ་ཐོབ་པར་འགྱུར་རོ། །ཡང་དེ་བཞིན་དུ་དཔྲལ་བར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་སེམས་གཏད་ཅིང༌། བདེ་བ་འཕེལ་བར་བྱེད་པ་ནིས་བཅུ་བ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞིའི་ཐིག་ལེ་རྣམས་ལ་སེམས་གཏད་ཅིང་སྲོག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རྣམས་ཐམས་ཅད་དེར་འགོག་ཅིང་བདེ་བ་ཐམས་ཅད་དེ་རུ་བསྐྱེད་ཅིང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་


DTG014_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་རོས་རྒྱས་ཤིང་བདེ་བ་འཕེལ་བར་བྱེད་པས་ནི་ས་བཅུ་གཉིས་ཐོབ་པར་འགྱུར་རོ། །དེ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཞེས་བྱ་བ་ཡིན་ཏེ། གཙུག་ཏོར་བལྟར་མི་སྣང་བ་ཞེས་པ་ནི། བདེ་བ་ཐམས་ཅད་དེར་བསྐྱེད་ཅིང་དེས་རྒྱས་པས་ན་གཙུག་ཏོར་བལྟར་མི་སྣང་བ་ཞེས་བྱའོ། །སྟེང་ནས་འབར་བའི་བར་དུ་ནི་ཤེས་པ་ལ་དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ་ཌྜཱ་ནས་ནི་འབར་བའི་བར། །ཐིག་ལེ་བཞི་ནི་བཞུ་པ་ཡིས། །གསང་བའི་བར་དུ་འོངས་པ་སྟེ། །བཞི་པ་དེ་བཞིན་སྐྱེད་པ་ཡིན། །ཞེས་རྒྱུད་ལས་འབྱུང་ངོ༌། །ཨོཾ་ཌྜཱ་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་པའོ། །ནས་ནི་ཞེས་པ་ནི་དཔྲལ་པ་ནས་སྙིང་གར་བརྒྱུད་ཅིང་བདེ་བ་སྐྱེད་པར་བྱེད་པའོ། །འབར་བའི་བར་ཞེས་པ་ནི་ལྟེ་བའི་ཨ་དམར་པོ་ལ་བདེ་བ་སྐྱེད་པའི་ཐིག་ལེ་བཞི་ཞེས་པ་ནི་ལུས་ཀྱི་ཐིག་ལེ་དང་ངག་གི་ཐིག་ལེ་དང༌། ཡིད་ཀྱི་ཐིག་ལེ་དང༌། ཡེ་ཤེས་ཀྱི་ཐིག་ལེ་གནས་པའི། །བཞུ་བ་ཞེས་པ་ནི་ཤེས་རབ་ཀྱི་ཆགས་པས་བཞུ་བ་ཡིས་པདྨ་ནས་འབར་བས་ལུས་བཞུ་པ་དང༌། ངག་བཞུ་བ་དང། ཡིད་བཞུ་བ་དང༌། ཡེ་ཤེས་བཞུ་བའོ། །ཡེ་ཤེས་པ་ནི་ཐབས་དང་ཤེས་རབ་གཉིས་སྙོམས་པར་འཇུག་པའི་དུས་སུ་དམིགས་པའི་ཡུལ་ཁྱད་པར་ཅན་གྱི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་ཀྱིས་བསྒོམས་པའི་སྟོབས་ཀྱིས་སོ། །གསང་བའི་ཞེས་པ་ནི་རྩ་གསུམ་འདུས་པའི་སུམ་མདོར་ཨ་བ་དྷཱུ་ཏཱིའི་རྩེ་མོར་རོ། །འོངས་ཞེས་པ་ནི་སྐུའི་ཐིག་ལེ་ལོངས་སྤྱོད་པས་བདེ་བ་སྐྱེད་པ་དང༌། གསུང་གི་ཐིག་ལེ་འོངས་པས་བདེ་བ་ཁྱད་པར་ཅན་སྐྱེད་པ་དང༌། ཡིད་ཀྱི་ཐིག་ལེ་འོངས་པས་རྩ་ཐམས་ཅད་རྒྱས་ནས་བདེ་བ་སྐྱེད་པ་དང༌། ཡེ་ཤེས་ཀྱི་ཐིག་ལེ་འོངས་ནས་ལུས་ཐམས་ཅད་བདེ་བ་བྱེད་ཅིང་བ་སྤུའི་གསེབ་ཐམས་ཅད་སིམ་པར་བྱེད་ཅིང་བདེ་བ་སྐྱེད་པའོ། །བཞི་པ་ཞེས་པ་ནི་སེམས་གང་དུ་ཡང་མི་གཡོ་བའི་ཏིང་ངེ་འཛིན་བྱ་བཙལ་ཐམས་ཅད་དང་བྲལ་བའི་སེམས་གཉུག་མར་གནས་པ་ཤེས་པ་གང་གིས་ཀྱང་མ་བཅིང་བ། རྐྱེན་དང་མ་ཕྲད་པ་དང་གལ་བར་གནས་པ་དེ་ནི་དཔེའི་བཞི་པས་མཚོན་པའི་ཡང་དག་པའི་བཞི་པ་སྟེ། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པའོ། །རྣལ་འབྱོར་བ་རྣམས་ནི་དཔེས་མཚོན་ནས་བཞི་པ་རྙེད་པའོ། །དེ་བཞིན་ཞེས་པ་ནི་རྣལ་འབྱོར་པ་བླ་མའི་མན་ངག་རྙེད་པ་རྣམས་ནི་གྲོལ་བའི་རྒྱུར་འགྱུར་ཞིང་ཏིང་ངེ་འཛིན་བརྟན་པར་འགྱུར་རོ། །བླ་མའི་མན་ངག་གིས་མ་ཟིན་པ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱུར་མི་འགྱུར་ལ་དྲུག་གསུམ་སླར་


DTG014_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དེ་ངན་སོང་དུ་ལྷུང་ཞིང་འཁོར་བའི་རྒྱུ་བསགས་ནས་འབྲས་བུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ལ་ལོངས་སྤྱོད་ནས་གྲོལ་བ་ལ་སོགས་པའི་རྒྱུར་འགྱུར་ཞིང་བླ་ན་མེད་པའི་བྱང་ཆུབ་མཐོང་ནི། དུད་འགྲོའི་རིགས་ཁྱི་དང༌། ཕག་དང༌། བོང་བུ་ལ་སོགས་པ་དང༌། འཕྱོན་མ་རྣམས་ཀྱིས་ཀྱང་འདོད་ཆགས་ལ་ལོངས་སྤྱོད་པས་གྲོལ་ནས་བྱང་ཆུབ་ཐོབ་ཅིང་སངས་རྒྱས་པར་རིགས་ཏེ། དེ་རྣམས་ཀྱིས་ནི་འགྲོལ་བའི་རྒྱུར་མིའི་འགྱུར་ཏེ་འཆིང་བའི་རྒྱུར་འགྱུར་ཞིང་འབྲས་བུ་སེམས་ཅན་དམྱལ་བར་ལྷུང་ཞིང་སྲེག་པ་དང༌། འཚེད་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་བླ་མའི་གདམས་ངག་ལ་ཤིན་ཏུ་ཡང་གལ་ཆེ་སྟེ་བཙལ་བར་བྱའོ། །དེ་ཡང་འདི་སྐད་ཅེས་འབྱུང་སྟེ། སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དག་དེ་ནི་བླ་མར་དབུལ། །དེས་ན་བླ་མ་མཉེས་བྱ་སྟེ། །ཞེས་འབྱུང་ངོ༌། །བསྐྱེད་པ་ཞེས་པ་ནི་བླ་མའི་མན་ངག་ཇི་ལྟ་བ་བཞིན་དུ་གཏུམ་མོ་མེའི་རྣམ་པ་གསང་བའི་དཀྱིལ་འཁོར་ནས་བསྐྱེད་ནས་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང་དབང་པོ་དང་ལས་དང༌། ལས་ཀྱི་དབང་པོའི་བྱ་བ་སྟེ། དྲུག་དྲུག་གསུམ་ཅུ་རྩ་དྲུག་ལ་སོགས་པ་ལུས་ངག་དང་ཡིད་དང་ཡེ་ཤེས་ཀྱི་རང་བཞིན་དུ་མིང་དུ་བཏགས་པ་ཐབས་ཤེས་རབ་ཀྱི་ཆགས་པས་སྤྲོས་པའི་མེས་བསྲེགས་པས་ན་བསྐྱེད་པའོ། །ཡིས་ཞེས་པ་ནི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྟགས་རྣམས་ཀྱིས་གྱིས་ཤིག་དང༌། ཏིང་ངེ་འཛིན་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འབྱུང་ཞེས་པ་ནི་དགའ་བའི་དགའ་བ་དང༌། དགའ་བའི་མཆོག་གི་དགའ་བ་དང༌། དགའ་བའི་སྣ་ཚོགས་དགའ་བ་དང༌། དགའ་བའི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོར་ཡོངས་སུ་རྫོགས་སོ། །དེའི་གཉེན་པོ་འབྱུང་བ་ནི་སྐུའི་སྐུ་དང༌། སྐུའི་གསུང་དང༌། སྐུའི་ཐུགས་དང༌། སྐུའི་ཡེ་ཤེས་རྣམས་སོ། །མཆོག་གི་དགའ་བ་ཞེས་པ་ནི་ལོངས་སྤྱོད་ཀྱི་ལོ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་བར་དུ་མཆོག་གི་དགའ་བ་དང༌། མཆོག་གི་དགའ་བའི་མཆོག་དགའ་དང། མཆོག་གི་སྣ་ཚོགས་དགའ་བ་དང༌། མཆོག་གི་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ནི་དེར་བདེ་བ་སྐྱེད་པའོ། །དེའི་གཉེན་པོ་ནི་གསུང་གི་སྐུ་དང༌། གསུང་གི་གསུང་དང༌། གསུང་གི་ཐུགས་དང༌། གསུང་གི་ཡེ་ཤེས་རྣམས་སོ། །ཆོས་ཀྱི་འཁོར་ལོ་ནས་སྤྲུལ་པའི་འཁོར་ལོའི་ལྟེ་བར་ནི་སྣ་ཚོགས་དགའ་བ་དང༌། སྣ་ཚོགས་


DTG014_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་མཆོག་དགའ་དང༌། སྣ་ཚོགས་དགའ་བའི་དག་འབྲལ་དང༌། སྣ་ཚོགས་དགའ་བའི་ལྷན་ཅིག་སྐྱེས་པའི་དགའ་བས་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་ཐུགས་ཀྱི་སྐུ་དང༌། ཐུགས་ཀྱི་ཐུགས་དང༌། ཐུགས་ཀྱི་ཡེ་ཤེས་རྣམས་སོ། །ལྟེ་བ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་མཆོག་དགའ་དང༌། ལྷན་ཅིག་སྐྱེས་པའི་སྣ་ཚོགས་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བས་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་ཡེ་ཤེས་ཀྱི་སྐུ་དང༌། ཡེ་ཤེས་ཀྱི་གསུང་དང༌། ཡེ་ཤེས་ཀྱི་ཐུགས་དང༌། ཡེ་ཤེས་ཀྱི་ཡེ་ཤེས་ཀྱི་རྣམས་སོ། །དེ་ནི་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་ནས་ལུས་དང་ངག་ཡིད་དང་ཡེ་ཤེས་ཀྱི་རང་བཞིན་ས་དང་ཆུ་དང་མེ་དང་རླུང་བཞིས་བསྐྱེད་པའི་ཐིག་ལེ་བཞི་དྲ་བའི་ནང་ནས་འོག་ཏུ་རྩ་བཞི་ནས་མར་ལ་འབབ་པར་འགྱུར་རོ། །ཡང་གི་སྒྲས་ནི་དགའ་བ་རེ་རེ་ལ་ཡང་དགའ་བ་བཅུ་དྲུག་འབྱུང་བ་ནི་འཁོར་ལོ་དྲུག་གི་རྩ་རྣམས་གཙོ་བོར་བྱས་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། བ་སྤུའི་བུ་ག་དང་སོ་དང་སེན་མོ་དང༌། སྐྲའི་གནས་ཐམས་ཅད་ལ་ཡང་དགའ་བ་རེ་རེ་སྐྱེས་པས་ཀྱང་དེ་དག་ཐམས་ཅད་དུ་ལོངས་སྤྱོད་ཅིང་བདེ་བ་བསྐྱེད་ཅེས་བྱ་བའི་དོན་ཏོ། །མི་འཕོ་ཞེས་པ་ནི་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཕྱིར་ལོག་པའི་བདེ་བ་མི་འབབ་པ་ནི་ལྷན་ཅིག་སྐྱེས་པའི་མི་འཕོ་བ་ཞེས་བརྗོད་དོ། །དེ་ལྟར་འཁོར་ལོ་དྲུག་ཏུ་ལོངས་སྤྱོད་ཅིང་བདེ་བ་དེ་ལ་མི་ཆགས་ཤིང་མི་ཞེན་པའི་སྡོམ་བརྩོན་རྣམས་ནི་དགེ་སློང་རྡོ་རྗེ་འཛིན་པ་ལ་སོགས་པས་བརྟུལ་ཞུགས་འདི་འཛིན་ཅིང་བསྒྲུབ་པར་བྱའོ། །སྡོམ་བརྩོན་བཤད་ཟིན་ཏོ། །ཐབས་དང་ཤེས་རབ་གཉིས་དག་ནི། །གཉིས་སུ་མེད་པས་སྙོམས་འཇུག་པས། །བདེ་བ་འཕེལ་བར་ཞེས་པ་ནི་ལུས་ཀྱི་བདེ་བ་དང༌། ངག་གི་བདེ་བ་དང༌། སེམས་ཀྱི་བདེ་བ་དང༌། ཡེ་ཤེས་ཀྱི་བདེ་བའི་ཐིག་ལེའི་གཟུགས་ཀྱི་དཔྲལ་བ་ནས་འོངས་པ་བདེ་བ་དེ་ཉམས་སུ་མྱོང་བ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །རབ་ཏུ་བྱ་ཞེས་པ་ནི་སྟེང་དུ་བཟློག་པས་འགྲོ་བའོ། །བླ་མའི་ངེས་པའི་གདམས་ངག་གི་དབང་གིས་ཤེས་པ་ནི་སྡར་བརྗོད་པའི་སྲོག་གི་རླུང་བཀག་པ་ལས་མཆོག་ཏུ་དགའ་བ་དང༌། ལྷན་ཅིག་སྐྱེས་དབུས་ཤེས་པ་ནི་ལུས་ཐམས་ཅད་ལ་བེར་བ་ལངས་པའམ། བཤང་བའི་ལམ་གཡའ་བའམ། ཤེས་རབ་ཐམས་ཅད་རྨོངས་པའམ། མྱོས་པའི་དུས་དེར་ནི་ལྟེ་བར་བདེ་བསྐྱེད་པའོ། །རྨི་ལམ་དང་ནི་བརྒྱལ་བའི་མཚམས་ཞེས་པ་ནི་གཉིད་ལོག་པ་དང༌། བརྒྱལ་བ་ལྟ་བུའི་བདེ་བ་སྐྱེས་པ་ནི་སྙིང་གར་བདེ་བ་སྐྱེས་པའོ། །ཡེ་ཤེས་དང་ནི་རྣམ་ཤེས་དབུས་སུ་ཡང་ཞེས་པ་ནི་


DTG014_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་བདེ་བ་སྐྱེས་པའོ། །རྣལ་འབྱོར་པ་རྣམས་དཔྲལ་བའི་བར་དུ་བདེ་བ་སྐྱེས་པར་བྱེད་པ་ནི་འདིར་ནི་ངོ་མཚར་གཞན་མེད། །དེ་བཞིན་དུ་ཡང་བརྗོད་པ། ཉོན་མོངས་བདུད་རྣམས་བཅོམ་ནས་ནི། རྒྱལ་བའི་བདག་པོ་རྣམས་འཇུག་ནི། །གཡོན་དང་གཡས་སུ་སོང་བ་ཡི། །སྲོག་རྣམས་དང་དུ་བཀག་ནས་ནི། །སྟོང་ཉིད་སྐུ་ལ་ཡེ་ཤེས་རབ་འཇུག་པ། ཨ་བ་དྷཱུ་ཏཱིར་བཙུད་ནས་དེ་བདེ་བ། །རྣལ་འབྱོར་རྣམས་ཀྱི་མཆོག་གི་འཁོར་ལོའི་སྦྱོར་བས་སོ། །དེ་ནས་རྣལ་འབྱོར་པས་བུམ་པ་ཅན་གྱིས་བདེ་བ་ཅན་གྱིས་བདེ་བ་ཆེན་པོའི་སྐད་ཅིག་མའི་བདེ་བསྐྱེད་ཅིང་དམིགས་པ་དང༌། དེ་ནས་བདེ་བ་འཕེལ་བར་ཡང་ན་ཡང་དུ་རྣལ་འབྱོར་པའམ། རྣལ་འབྱོར་མ་རྟགས་ཀྱིས་བྱ་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་བཀའི་དོན་ཡང་དེ་ཡིན་ལ། དཔལ་མཆོག་གི་དང་པོའི་འགྲེལ་བ་དྲི་མ་མེད་པའི་འོད་དུ་ཡང་བྱང་ཆུབ་སེམས་དཔའི་པདྨ་དཀར་པོས་ཀྱང་དེ་སྐད་བཤད་དོ། །བཅོམ་ལྡན་འདས་ཀྱི་བཀའ་ནི་ཐོག་མར་ཡང་དགེ་བའོ། །བར་དུ་ཡང་དགེ་བའོ། །ཐ་མར་ཡང་དགེ་བའོ། །ཐོག་མར་ཡང་དགེ་བ་ཞེས་པ་གཞོམ་དུ་མེད་པ་དང་ཀུན་གཞི་རྣམ་པར་ཤེས་པ་གཉིས་ལྷན་ཅིག་མཉམ་དུ་བུད་མེད་རྣམས་ཀྱི་སྐྱེ་གནས་སུ་ཞུགས་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ནི་ཐོག་མར་ཡང་དགེ་བའོ། །དེ་ནི་ཐོག་མར་ཡང་དགེ་བའོ། །བར་དུ་ཡང་དགེ་ཞེས་པ་ནི་ཇི་སྲིད་གནས་པ་དེ་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་དང༌། བདེ་བ་གཉིས་མཉམ་དུ་གནས་ཤིང་མི་ཕྱེད་པས་ན་ལྷན་ཅིག་སྐྱེས་པར་བརྗོད་དེ། དེ་ནི་བར་དུ་ཡང་དགེ་བའོ། །ཐ་མར་ཡང་དགེ་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་འཆི་བའི་དུས་ཀྱི་ཚེ་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་གཉིས་ལྷན་ཅིག་ཏུ་འགྲོགས་ནས་རྩ་དབུ་མ་ནས་ཡར་ཞུགས་ནས་ཚངས་པའི་བུ་ག་ནས་ཕྱིར་རྡོ་རྗེ་སེམས་དཔའ་བསམ་ཞིང་དེས་དབང་བསྐུར་ནས་ཆོས་ཀྱི་སྐུར་གྱུར་པ་ཡང་ལྷན་ཅིག་སྐྱེས་པའོ་།།དེ་ནི་ཐ་མར་ཡང་དགེ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་ལ་སྤྱད་པར་གྱིས་ཤིག་པའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཨ་བ་དྷཱུ་ཏཱི་བདག་གི་ས་ནི། །རྒྱལ་འགྲེལ་དི་མ་མེད་པ་ལ་བརྟེན་ནས། །སྦས་པའི་མིག་འབྱེད་འགྲེལ་པ་འདི་བྱས་ལ། །འགྲོ་བ་དམུས་ལོང་མིག་དང་ལྡན་པར་ཤོག །མི་ལྡན་ནས་ཐོབ་བཅུ་དྲུག་པ་དེ་ལྡན་ཤིག །ས་ཐོང་ཆོས་དང་ལོངས་སྤྱོད་སྐུ་ཐོབ་ཤོག །བསོད་ནམས་དྲི་མེད་བདག་གིས་གང་ཐོབ་དེས། །བདག་ཉིད་མི་འགྱུར་ཏིང་ངེ་འཛིན་ཐོབ་པར་ཤོག །སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྦས་པའི་མིག་འབྱེད་ཅེས་བྱ་བ་སློབ་དཔོན་ཨཱ་བ་དྷཱུ་ཏཱི་པས་མཛད་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དགེ་སློང་ཟླ་བ་གྲགས་པས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ། ཨཱ་བ་དྷཱུ་ཏཱི་པས་མཛད།next