Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནང་གི་སྙེ་མ།  བི་བྷཱུ་ཏི་ཙནྡྲས་མཛད།
   
   
   
   
   
   
   
   
   
   
   


 
previousནང་གི་སྙེ་མ། བི་བྷཱུ་ཏི་ཙནྡྲས་མཛད།next

ནང་གི་སྙེ་མ།
བི་བྷཱུ་ཏི་ཙནྡྲས་མཛད།


DTG014_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨནྟ་རྨ་ཉྫ་རཱི་ནཱ་མ། བོད་སྐད་དུ། ནང་གི་སྙེ་མ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ནང་མི་ཤེས་པས་འགྲོ་པ་མ་ལུས་འཆི་དབང་གྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པས་ནང་ཏི་ཐུགས་རྗེས་གསུངས། །དེ་ཡང་རྟོགས་དཀའ་གཞུང་མང་སྐྱེ་བོས་ཤེས་མི་ནུས། །དེ་བས་བཏུས་ཏེ་རྟོགས་སླ་ཅུང་ཟད་བདག་གིས་བྲི། །བརྟན་དང་གཡོ་བའི་འཇིག་རྟེན་ལྟར། །ནང་དང་དཀྱིལ་འཁོར་དེ་བཞིན་ནོ། །དེ་ཤེས་པས་ནི་ལུས་གནས་དང༌། །གྲོལ་ཕྱིར་ནང་གི་སྙེ་མའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང༌། རྒ་བ་དང༌། ནབ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་གདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པའི་དབང་དུ་གྱུར་པ། བདག་དང་བྱེད་པ་པོ་མེད་ཀྱང་བདག་དང་བདག་གི་བའི་རྟོག་པའི་མལ་སྟ་ལ་ཉལ་ཞིང༌། །རང་བཞིན་གྱིས་དག་པའི་སངས་རྒྱས་ཀྱི་བདག་ཉིད་རང་ལུས་མ་རྟོགས་པས་དུག་དང་འདྲ་བའི་སྤྱོད་ཡུལ་གྱི་རོ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་ལ་སྙིང་རྗེས་གསུངས་པ། འཇིག་རྟེན་ནི་རྣམ་པ་གཉིས་ཏེ་བརྟན་པ་དང་གཡོ་བའོ། །དེ་ལ་བརྟན་པ་ནི་ས་གཞིའི་དབུས་སུ་རི་རབ་སྟེ་དེ་བསྐོར་བའི་གླིང་བདུན་དང༌། མཚོ་བདུན་དང༌། རི་བདུན་དང༌། སྟེང་དུ་མཐོ་རིས་དང༌། འོག་ཏུ་ས་འོག་གོ །དེར་རི་རབ་ནི་ལུས་ཀྱི་རྒལ་ཚིགས་ཏེ་རྐེད་པ་ནས་ཚིགས་པ་དང་པོའི་བར་རོ། །སྤྱི་གཙུག་ནི་ཚངས་པའི་གནས་སོ། །མཐོ་རིས་ནི་མཁུར་བའི་བར་རོ། །མི་ཡུལ་ནི་ལག་པ་གཉིས་ཀྱི་བར་རོ། །ས་འོག་ནི་རྐང་པ་གཉིས་ཀྱི་བར་རོ། །བ་ཚའི་རྒྱ་མཚོ་ནི་དྲི་ཆུའོ། །ཆང་གི་མཚོ་ནི་རྡུལ་ལོ། །ཆུའི་མཚོ་ནི་མཆིལ་མའོ། །འོ་མའི་མཚོ་ནི་བུད་མེད་ཀྱི་ནུ་ཞོ་དང་སྐྱེས་པའི་སྣབས་སོ། །ཞོའི་མཚོ་ནི་གླད་པའོ། །མར་གྱི་མཚོ་ནི་ཚིལ་ལོ། །སྦྲང་རྩིའི་མཚོ་ནི་ས་བོན་ཏེ་མཚོ་བདུན་ནོ། །མཁྲིག་མ་གཉིས་དང༌། གྲུ་མོ་གཉིས་དང༌། དཔུང་མགོ་གཉིས་དང༌། བརླ་གཉིས་དང༌། ཕུས་མོ་གཉིས་དང༌། ལོང་བུ་གཉིས་ཏེ་དུམ་བུ་བཅུ་གཉིས་ནི་འཛམ་བུའི་གླིང་ཆེན་པོའོ། །དྲག་པོའི་གླིང་ནི་ཤའོ། །ཁྲུང་ཁྲུང་གི་གླིང་ནི་སྐྲན་ནོ། །མིའམ་ཅིའི་གླིང་ནི་གློ་བའོ། །ཀུ་ཤའི་གླིང་ནི་ལྟོ་བའི་ཚིལ་ལོ། །དཀར་འོད་ཀྱི་གླིང་ནི་རྒྱུ་མའོ། །ཟླ་བའི་གླིང་ནི་རྩ་རྣམས་ཏེ་གླིང་བདུན་ནོ། །རྡོ་རྗེའི་


DTG014_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རི་རྣམས་ནི་རྐང་པ་དང༌། ལག་པའི་སེན་མོ་རྣམས་སོ། །གང་རི་ནི་ལག་པའི་རུས་པའོ། །དྲི་མེད་ནི་ལག་ངར་རོ། །ནོར་བུའི་འོད་ནི་དཔུང་པའི་རུས་པའོ། །དྲུག་བྲལ་ནི་རྐང་པའི་རུས་པའོ། །མཎྜཱ་ར་བ་ནི་རྗེ་ངར་གྱི་རུས་པའོ། །འོད་སྔོ་ནི་བརླའི་རུས་པ་སྟེ་རི་བདུན་ནོ། །ས་དང་ཆུའི་ཁོར་ཡུག་གཉིས་བཤད་ཟིན་ཏོ། །མེའི་ཁོར་ཡུག་ནི་ཁྲག་གོ །རླུང་གི་ཁོར་ཡུག་ནི་པགས་པ་རྣམས་སོ། །བཅུད་ཀྱི་འཇིག་རྟེན་ལ་སྐྲ་རྣམས་ནི་གྲུབ་པ་ཐོབ་པ་སྟེ་མཁའ་ལ་སྤྱོད་པ་རྣམས་སོ། །མཆན་ཁུང་གི་སྤུ་ནི་ས་ལ་སྤྱོད་པ་རྣམས་སོ། །བྷ་ག་དང་ལིངྒའི་སྤུ་ནི་ས་འོག་ན་སྤྱོད་པའོ། །ལྷ་དང་འབྱུང་བོ་རྣམས་ནི་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའོ། །གཞུའི་དབྱིངས་སྙིང་གར་གློག་སྟེ་ལྷོའི་མེའོ། །མགུལ་པའི་ཟླུམ་པོ་ལ་ཉི་མའི་མེ་སྟེ་ཁྱིམ་གྱི་བདག་པོའོ། །ལྟེ་བ་གྲ་བཞི་པ་ཤ་ཟའི་མེ་སྦྱིན་སྲེག་གིས་མཆོད་བྱའོ། །དཔྲལ་བར་ཡེ་ཤེས་ཀྱི་མེ་སྟེ། གང་ན་གཟའ་རྣམས་དང་སྐར་མ་རྣམས་གློག་ལ་སོགས་པ་མེ་འཆར་བའོ། །གཅི་བའི་ལམ་ནི་ཉི་མའོ། །བཤང་བའི་ལམ་ནི་ཟླ་བའོ། །ས་བོན་གྱི་ལམ་ནི་དུས་ཀྱི་མེའོ། །ཁ་ནི་སྒྲ་གཅན་ནོ། །མིག་གཡས་པ་ནི་མིག་དམར་རོ། །གཡོན་པ་ནི་ལག་པའོ། །སྣ་བུག་གཡས་པ་ནི་ཕུར་བུའོ། །གཡོན་པ་ནི་པ་བ་སངས་སོ། །རྣ་བ་གཡས་པ་ནི་སྤེན་པའོ། གཡོན་པ་ནི་མཇུག་རིངས་ཏེ་འདིར་གཟའ་བཅུའོ། །སོ་སུམ་ཅུ་སོ་གཉིས་ལས་བཞི་ནི་མཚམས་ཀྱི་སྐར་མའོ། །སྟེང་དུ་བཅུ་བཞི་དང་འོག་ཏུ་བཅུ་བཞི་ནི་རཱ་ཤི་འཁོར་ལོ་མཐོན་དམན་དུ་འཁོར་བའི་ཕྱིར་རོ། །ནམ་གྲུ་དང་བཅས་པ་ཕྱོགས་ཀུན་དུ་བདུན་བདུན་ཡིན་ལ། །ཤར་ཕྱོགས་ཀྱི་དཀྱིལ་དུ་ཁྲུམས་སྨད་དེ། དེ་ནས་གཡོན་སྐོར་དུ་དབྱུང་བ་ལ་སོགས་པའོ། །ལོ་གཅིག་གི་ཉིན་ཞག་ནི་སུམ་བརྒྱ་དྲུག་ཅུའོ། །ནང་དུ་དབུགས་དྲུག་གི་ཆུ་སྲང་གཅིག་ཆུ་གྲང་དྲུག་ཅུ་དབྱུ་གུ་གཅིག་སྟེ་དབུགས་སུམ་བརྒྱ་དྲུག་ཆུའོ། །དབྱུ་གུ་དྲུག་ཅུས་ཉིན་ཞག་གཅིག་སྟེ་དབུགས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །འཇིག་རྟེན་གྱི་ཁམས་ལ་ཆུ་བོ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་རོ་རྒྱུ་བའོ། །རྒྱུ་མ་ནི་སྤྲིན་ཏེ། རོའི་ཆར་འབབ་པ་དང་སྒྲ་སྒྲོགས་པའི་ཕྱིར་རོ། །ཕྲ་བ་དང་རགས་པའི་སྤུ་ནི་ཚེ་གཅིག་དང་གཉིས་སོ། །དེ་ལྟར་པགས་པ་ནི་ཚེས་གསུམ་དང་


DTG014_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ། །ཁྲག་ནི་ཚེས་ལྔ་དང་དྲུག་གོ །ཤ་ནི་ཚེས་བདུན་དང་བརྒྱད་དོ། །རྩ་ནི་ཚེས་དགུ་དང་བཅུའོ། །རུས་པ་ནི་ཚེས་བཅུ་གཅིག་དང་བཅུ་གཉིས་སོ། །རྐང་མར་ནི་ཚེས་བཅུ་གསུམ་དང་བཅུ་བཞིའོ། །ཆ་བཅུ་དྲུག་པ་ནི་ཉའོ། །ས་ལས་བྱུང་བ་རྣམས་ནི་སྐྱེས་པ་སྟེ་ནང་དུ་བ་སྤུ་རྣམས་སོ། །རླུང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པ་སྟེ་ནང་དུ་ཤིག་རྣམས་སོ། །ཆུ་ལས་བྱུང་བ་ནི་དྲོད་གཤེར་ལས་སྐྱེས་པ་སྟེ་ནང་དུ་སྲིན་བུ་རྣམས་སོ། །མེ་ལས་བྱུང་བ་ནི་ས་བོན་ལས་སྐྱེས་པ་སྟེ་ནང་དུ་ས་བོན་ཉིད་དོ། །ནམ་མཁའ་ལས་བྱུང་བ་ནི་རྫུས་ཏེ་སྐྱེས་བ་སྟེ་ནང་དུ་སེམས་ཕྲ་མོའོ། །ཕྱི་རོལ་དུ་ཚེས་གཅིག་ལ་སོགས་པ་ལྔ་ལྔ་ནི་དགའ་བ་དང༌། བཟང་པོ་དང༌། རྒྱལ་བ་དང༌། སྟོང་པ་དང༌། གང་བའི་མིང་ཅན་ཏེ་ནང་དུ་དཀར་པོ་དང༌། ནག་པོའི་ཕྱོགས་ཀྱི་ཚུལ་དུ་དཔྱིད་ཟླ་འབྲིང་ཕོ་ལ་སོགས་པ་ལ་ལག་པ་གཡོན་པའི་མཐེ་ཆུང་གི་རྩེ་མོའི་ཚིགས་ལ་སོགས་པ་གསུམ་གསུམ་བཅོ་ལྔ་ནི་དཀར་པོའི་ཕྱོགས་ཏེ་ནམ་མཁའ་ལ་སོགས་པའི་རིམ་པའོ། །ལག་པ་གཡས་པའི་མཐེ་བོང་གི་རྩ་བའི་ཚིགས་ལ་སོགས་པའི་རིམ་པས་ས་ལ་སོགས་པ་ནི་ནག་པོའི་ཕྱོགས་སོ། །དེ་ལྟར་ཟླ་བ་གཉིས་པའི་ཚེས་རྣམས་ནི་རྐང་པའི་སོར་མོའི་ཚིགས་རྣམས་སོ། །དེ་བཞིན་དུ་སོགས་པར་ཡང་སྟེ་ལོ་གཅིག་ལ་ལན་དྲུག་ཏུ་འཁོར་ལོ། །སྙིང་གར་ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བའོ། །ལྷོར་མིག་དམར་རོ། །བདེ་ན་བྲ་ལ་དུ་ལག་པའོ། །ནུབ་ཏུ་ཕུར་བུའོ། །རླུང་དུ་པ་སངས་སོ། །བྱང་དུ་སྤེན་པའོ། །དབང་ལྡན་དུ་མཁའ་འགྲོ་མའི་ལོངས་སྤྱོད་ཀྱི་ཕྱེད་ལ་ཡང་སྤེན་པའོ། །ཕྱེད་གཞན་ལ་སྒྲ་གཅན་ནོ། །གཟའ་ནི་བདུན་ལ་བརྒྱད་པ་ནི་མཁའ་འགྲོ་མའི་ལོངས་སྤྱོད་དེ། སྤེན་པའི་ཚེས་ལ་ཐུན་དང་པོའི་ཕྱེད་ལ་སྟོང་པའོ། །ལྟེ་བའི་བཞི་ནི་སྟོང་པ་སྟེ་དྲུག་བཅུ་ལ་ནི་དཀྱིལ་འཁོར་དྲུག་ཅུ་རྒྱུ་བའོ། །དཔྲལ་བར་བཅུ་དྲུག་ལ་གཉིས་ནི་སྟོང་པ་ཡིན་ལ། བཅུ་བཞི་ནི་ཟླ་བའི་རྐང་པ་སྟེ་འབྱུང་བ་ལ་སོགས་པའོ། །ཆུ་སྲིད་དྲུག་ཅུ་དབྱུ་གུ་གཅིག །དབྱུ་གུ་དྲུག་ཅུ་ཉིན་ཞག་གཅིག །དྲུག་ཅུ་དྲུག་ཅུས་བསྒྱུར་བའི་ཆུ་སྲང་སྟོང་ཕྲག་སུམ་བརྒྱ་དྲུག་ཅུ་ལུས་ལ་ཡོད་དོ། །ཕྱི་རོལ་དུ་ཉི་མ་ནི་ལོ་གཅིག་གིས་ཁྱིམ་བཅུ་གཉིས་འཁོར་རོ། ལུས་ལ་ལྟེ་བའི་རྩ་བཅུ་གཉིས་ལ་ཉིན་ཞག་གཅིག་གིས་སོ། །ཟླ་བ་གཅིག་ལ་དབྱུ་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་གཅིག་


DTG014_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ལུས་ཀྱི་སྣ་བུག་གཅིག་ལ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་གཅིག་གོ །ཞག་མང་ཉུང་ལྟར་དབུགས་མང་ཉུང་གིས་སོ། །ཕྱི་རོལ་དུ་ཉི་མས་དཀྱིལ་འཁོར་གཅིག་ལ་ལོངས་སྤྱོད་བ་ནི་ཞག་དྲུག་གི་དབྱུ་གུ་སུམ་བརྒྱ་དྲུག་ཅུའོ། །སྣ་བུག་ལ་དཀྱིལ་འཁོར་གཅིག་གི་ལོངས་སྤྱོད་ནི་དབུགས་སུམ་བརྒྱ་དྲུག་ཅུའོ། །སྣ་བུག་རེ་རེ་དཀྱིལ་འཁོར་ལྔ་རྒྱུ་སྟེ་དབྱུ་གུ་ལྔས་སོ། །སྣ་བུག་གཉི་གར་འོག་ཏུ་སའི་དཀྱིལ་འཁོར་དང༌། གཡོན་དུ་ཆུའི་དང༌། གཡས་སུ་མེའི་དང༌། སྟེང་དུ་རླུང་གི་དང༌། དབུས་སུ་ནམ་མཁའི་དཀྱིལ་འཁོར་རོ། །མཉམ་པར་རྒྱུ་བ་ནི་གཉིག་ལས་སོ། །དཀྱིལ་འཁོར་རེ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ལ་ཐ་མར་བཅུ་གཅིག་བཞི་ཆ་དབུ་མར་མཉམ་པར་རྒྱུའོ། །སྣ་བུག་གཡོན་ནས་ནམ་མཁའ་ལ་སོགས་པ་དང༌། གཡས་ནས་ལ་སོགས་པ་ནི་རིམ་པས་རྒྱུ་བའོ། །གཡོན་ནས་ནམ་མཁའ་ལྷ་ནི་སྒྲ་གཅན་ནོ། །གཡས་སུ་དུས་མེའོ། །དེ་བཞིན་དུ་རླུང་ལ་ཟླ་བ་དང་ཉི་མའོ། །མེ་ལ་ལག་པ་དང་མིག་དམར་རོ། །ཆུ་ལ་པ་བ་སངས་དང་ཕུར་བུའོ། །ས་ལ་མཇུག་རིངས་དང་སྤེན་པའོ། །རྐྱང་མ་ནི་ས་བོན་རྒྱུ་བའོ། །རོ་མ་ནི་ཁྲག་རྒྱུ་བའོ། །ལྟེ་བའི་ནང་དུ་རྩེ་འདབ་པ་བཞི་དང༌། །དེའི་ཕྱིར་བརྒྱད་དང༌། དེའི་ཕྱིར་བཅུ་གཉིས་དང༌། དེའི་ཕྱིར་དྲུག་ཅུ་རྩ་བཞིའོ། །ལྟེ་བའི་སྟེང་དུ་སོར་ཕྱེད་དང་བཅུ་གསུམ་ན་སྙིང་གར་རྩ་འབབ་བརྒྱད་དང༌། འདིར་འཕོ་བ་ནི་ཐུར་རེ་རེར་དབྱུ་གུ་ཕྱེད་དང་བརྒྱད་ཀྱིས་དབུགས་བརྒྱ་ཕྲག་ཉེར་བདུན་གྱིས་སོ། །སྲོག་རླུང་ནི་སྣ་བུག་གཡས་ནས་གྱེན་དུ་རྒྱུའོ། །ཐུར་སེལ་ནི་གཡོན་ནས་འོག་ཏུ་རྒྱུའོ། །ཤར་དུ་སྣང་མའི་རྩ་ལ་མཉམ་གནས་སོ། །མེར་གླང་ཆེན་གྱི་རྩ་ལ་གྱེན་དུ་རྒྱུའོ། །ལྷོར་དམར་སེར་གྱི་རྩ་ལ་ཁྱབ་བྱེད་དོ། །བདེན་བྲལ་དུ་རྒྱལ་གྱི་རྩ་ལ་ཀླུའོ། །ནུབ་ཏུ་རྒྱལ་བའི་རྩ་ལ་དུས་སྦལ་ལོ། །རླུང་དུ་སྐུའི་རྩ་ལ་རྩངས་པའོ། །བྱང་དུ་ལུག་གི་རྩ་ལ་ལྷ་སྦྱིན་ནོ། །དབང་ལྡན་དུ་ཀུ་ཧའི་རྩ་ལ་ནོར་རྒྱལ་ལོ། །དབུས་མ་ལ་སྲོག་སྟེ་སྐྱེ་བོ་ཀུན་ལ་སྦྱོར། ཐུར་སེལ་ནི་དུང་ཅན་མ་ལའོ། །གཡས་གཡོན་གྱི་སྲོག་རླུང་གིས་སྟོབས་སྐྱེད་དོ། །ཐུར་སེལ་ནི་བཟའ་བཏུང་འོག་ཏུ་འཁྱེར་རོ། །མཉམ་གནས་ནི་རོ་མཉམ་པར་བྱེད་དོ། །གྱེན་རྒྱུ་ལུས་གཡོ་བར་བྱེད་པ་དང༌། ཁས་གླུ་དང་དགོད་པ་ལ་སོགས་པ་


DTG014_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལག་པ་དང་རྐང་པས་གར་དང་འགྲོ་བ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ནི་ཆུ་ལ་སོགས་པའི་དབང་གིས་ལུས་ལ་ནད་བྱེད་དོ། །ཀླུ་ཡིས་སྒྲེགས་པར་བྱེད་དོ། །རུས་སྦལ་གྱིས་རྐང་ལག་སྐུམ་པར་བྱེད་དོ། །རྩངས་པས་འཁྲུག་པ་དང་ཁྲོ་བར་བྱེད་དོ། །ལྷ་སྦྱིན་གྱིས་གཡལ་བར་བྱེད་དོ། ནོར་རྒྱལ་གྱིས་ནི་ཤི་བའི་ལུས་ཀྱང་མི་འདོར་བའོ། །རྩ་བརྒྱད་པོའི་འདི་དག་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་པ་བདག་གི་རང་བཞིན་ཏེ་ཐུན་རྒྱུ་བའོ། །སྙིང་གི་སྟེང་དུ་སོར་ཕྱེད་དང་བཅུ་གསུམ་གྱི་མཐར་མགུལ་པ་ལ་འདབ་མ་སུམ་ཅུ་རྩ་གཉིས་ཏེ། བཞི་མི་རྒྱུ་བའོ། །གཟའ་དང་བཅས་པའི་སྐར་མའི་འཁོར་ལོ་སྟེ། དབྱུ་གུ་དྲུག་ཅུ་ལས་དབྱུག་པ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་པས་ཐོབ་པ་དེ་དབྱུ་གུ་གཉིས་དང་ཆུ་སྲང་བརྒྱད་དེ་འདབ་མ་རེ་རེ་ལའོ། །མགུལ་པ་ནས་སོར་ཕྱེད་གང་བཅུ་གསུམ་ནས་དཔྲལ་པ་སྟེ། དབུས་སུ་ཨ་དཀར་པོ་སྟེ་ཨ་ལ་སོགས་པ་བཅུ་དྲུག་གིས་བསྐོར་བའོ། །འདབ་མ་བཅུ་དྲུག་ལས་འདབ་མ་གཉིས་དོར་ནས་ཟླ་བའི་རྐང་པ་བཅུ་བཞིས་དབྱུ་གུ་དྲུག་ཅུ་ལ་བགོས་པས་ཐོབ་པ་དབྱུ་གུ་བཞི་དང་ཆུ་སྲང་བཅུ་བདུན་འདབ་མ་རེ་རེ་ནས་རྒྱུའོ། །དེ་ནས་ཚེས་གཅིག་ལ་སོགས་པའོ། །དེ་ནས་སོར་བཞི་པའི་སྟེང་དུ་སྤྱི་གཙུག་པདྨ་འདབ་མ་བཞི་ཐུན་མཚམས་བཞི་སྟེ། །སྟོང་པ་དང་ཤིན་ཏུ་སྟོང་པ་ལ་སོགས་པའི་རང་བཞིན་ནོ། །གསང་གནས་སུ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་ཕྱི་རོལ་གྱི་བཅུ་དྲུག་ལ་དབྱངས་ཡིག་རྣམས་སོ། །དེའི་ནང་བཅུ་ནི་ཕུང་པོ་དང༌། ཁམས་ཀྱི་རང་བཞིན་ནོ། །དེའི་ནང་དུ་དྲུག་སྟེ་སྟོད་པའོ། །འཁོར་ལ་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་གོ །འདིར་དབུ་མ་མ་བགྲངས་སོ། །དབུགས་ནི་ལྟེ་བ་དང༌། སྙིང་ག་དང༌། མགུལ་པ་དང༌། དཔྲལ་བ་དག །སྤྱི་གཙུག་དང༌། སྣ་བུག་དང༌། དབྱུ་གུ་དང༌། སྐར་མ་དང༌། ཚེས་དང༌། ཐུན་མཚམས་དང༌། དཀྱིལ་འཁོར་ལྔས་འབིགས་ནས་དམིགས་མེད་པ་བཅུ་གཉིས་ཀྱི་མཐའ་དང་བཅུ་དྲུག །གཉིས་ཀྱི་མཐའ་དང་དྲུག་གི་མཐར་རྒྱུའོ། །དེ་ནས་ལྡོག་གོ །གནག་གི་ཚེ་ཕྱི་རོལ་དུ་ཐུང་པ་སོར་བཅུ་གཉིས་སུ་རྒྱུ་བ་དེའི་ཚེ་ལྟེ་བའི་འོག་ཏུ་སོར་བཞི་རྒྱུའོ། །རྐང་པ་གཡོན་པའི་ཚིགས་གསུམ་ལ་འཁོར་ལོ་གསུམ་སྟེ། ཟླ་བའི་ཚེས་ཀྱི་གྲངས་ཀྱིས་ལྷ་སུམ་ཅུ་སྟ་སའི་ཁམས་ལ་སྙིང་སྟོབས་ལ་སོགས་པའི་


DTG014_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་སོ། །རྐང་པ་གཡས་པ་ཆུ་ཁམས་དང༌། ལག་པ་གཡོན་པ་མེའི་ཁམས་དང༌། ལག་པ་གཡས་པ་རླུང་གི་ཁམས་ཏེ་ལོ་གཅིག་ལ་བཅུ་གཉིས་སོ། །གཡོན་དང་གཡས་པའི་ལག་པ་དང་རྐང་པའི་སོར་མོ་རྣམས་ནི་ས་ལ་སོགས་པའོ། །སོར་མོའི་ཚིགས་གསུམ་ནི་སྙིང་སྟོབས་ལ་སོགས་པའོ། །མཐེ་བོང་སའོ། །སྡིགས་མཛུབ་ཆུའོ། །གུད་མོ་མེའོ། །མིང་མེད་རླུང་ངོ༌། །མཐེའུ་ཆུང་ནི་ནམ་མཁའོ། །སྐྲ་དང་བ་སྤུ་བྱེ་བ་ཕྱེད་དང་བཞི་ནི་ནམ་མཁའོ། །མའི་ཁྲག་གིས་གསུམ་སྟེ། པགས་པ་དང༌། ཤ་དང་ཁྲག་གོ །སྐུ་ལ་སོགས་པའི་རིགས་ནི་གསུམ་སྟེ་ལྟེ་བར་འཁོར་ལོའི་རིགས་དང༌། མགུལ་པར་རིན་ཆེན་དང༌། གསང་བར་གྲི་གུག་གོ །ཕའི་ས་བོན་གྱིས་གསུམ་སྟེང་རུས་པ་དང༌། རྐང་མར་དང༌། རྒྱུས་པའོ། །རིགས་ཀྱང་གསུམ་སྟེ། དཔྲལ་བར་པདྨ་དང༌། སྙིང་གར་རལ་གྲི་དང༌། སྤྱི་གཙུག་ཏུ་རྡོ་རྗེའོ། །མངལ་དུ་ཟླ་བ་གཅིག་གི་བར་དུ་འབྱུང་བ་ལྔར་གྱུར་པའི་ལས་ས་བོན་འཕེལ་ལོ། །ཟླ་བ་གཅིག་གི་རྗེས་སུ་དེའི་མྱུ་གུ་སྙིང་གར་སྲོག་ལ་སོགས་པའི་གནས་ཕྲ་མོ་བཅུའོ། །ལྟེ་བར་དྲུག་ཅུ་བཞི་དང་དེའི་ནང་དུ་འཕོ་བའི་རྩ་ནི་བཅུ་གཉིས་སོ། །དྲུག་ཅུ་རྩ་བཞི་འདི་དག་ལག་པ་དང་རྐང་པ་དང་ཁའི་གནས་དང་བྱེད་པའི་སྟེང་དུ་སོང་སྟེ། ཟླ་བ་གཉིས་ཚང་ནས་ལག་པ་ལ་སོགས་པ་ཅུང་ཟད་འབྱུང་ངོ༌། །རུས་སྦལ་གྱི་གནས་སྐབས་སུ་འབུར་ལྔ་སྟེ་ལག་པ་གཉིས་དང་རྐང་པ་གཉིས་དང་མགུལ་བར་མགོ་བོ་རྐང་ལག་གི་ཚིགས་དྲུག་ལ་རྩ་ཕྲ་མོ་རྣམས་སོ། །ཟླ་བ་བཞི་ཚད་ནས་མགྲིན་པར་ལོངས་སྤྱོད་ཀྱི་རྩ་རྣམས་སོ། །ཟླ་བ་ལྔ་ལ་ཕག་གི་སྐབས་སུ་ཤ་ལ་བརྟེན་ནས་རུས་པ་སུམ་བརྒྱ་དྲུག་ཅུ་དང༌། དེའི་ཚིགས་ཀྱང་སུམ་བརྒྱ་དྲུག་ཅུའོ། །ཁྲག་དང་བདེ་བ་ལ་སོགས་པའི་ཚོར་བ་དང༌། ཟླ་བ་དྲུག་ལ་མངོན་ཤེས་ཀྱིས་མ་ཆགས་པར་བྱེད། སྲིད་པའི་སྡུག་བསྔལ་ལ་རྨོངས། སངས་རྒྱས་ཀྱི་ལམ་ལ་བསྟོད། །ཟླ་བ་བདུན་གྱིས་སྨིན་མ་དང་སྐྲ་དང་ཁ་སྤུ་དང་མིག་ལ་སོགས་པའི་སྐྱེ་མཆེད་ཚང་བའོ། །མ་ངལ་གྱི་ཟླ་བའི་གཏིང་ལ་ཉིན་རེ་བཞིན་དུ་རྩ་བརྒྱ་ཕྲག་གཉིས་གཉིས་དང༌། །གནད་སུམ་བརྒྱ་དྲུག་ཅུ་དང༌། རྐང་མར་དང༌། ལྕེ་སྲ་བའོ། །བརྒྱད་པ་ལ་བཤད་


DTG014_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གཅི་བའོ། །དགུ་དང་བཅུ་གཉིས་ཀྱི་བར་སྐྱེ་བའི་དུས་སུ་མིའི་སེང་གེ་སྟེ། སྐྱེ་གནས་ཀྱིས་སྤྱི་པས་སྡུག་བསྔལ་མི་བཟད་པར་འགྱུར་རོ། །བཅུ་དྲུག་གི་བར་ཤིང་རྟ་བཅུ་པའི་བུའོ། །སྐྲ་དཀར་གྱི་བར་ཁྱབ་འཇུག་གོ །རྒས་པ་ནི་སངས་རྒྱས་སོ། །འཆི་བའི་ཚེ་ཚངས་པ་ཅན་ཏེ་ཕུང་པོ་དང་ཁམས་ལ་སོགས་པ་སྟོང་པ་ཉིད་དུ་རོ་གཅིག་ཏུ་བྱེད་པའི་ཕྱིར་རོ། །དེ་ནི་ཞར་ལས་བྱུང་བའོ། །ད་ནི་སྐབས་སུ་བབ་པ་བརྗོད་པར་བྱའོ། །ལུས་ལ་ཤེས་རབ་དང་ཐབས་ནི་རུས་པ་དང་ཤའོ། །ཆུ་དང་ཁྲག་གོ །མེ་དང་གཅི་བའོ། །རླུང་དང་བཤང་བའོ། །ཟླ་མཚན་དང་ས་བོན་ནོ། །སྒྲ་དང་རྣ་བའོ། །དྲི་དང་སྣའོ། །གཟུགས་དང་མིག་གོ །རོ་དང་ལྕེའོ། །རེག་བྱ་དང་ལུས་སོ། །ཆོས་ཀྱི་ཁམས་དང་ཡིད་དོ། །བཤད་པ་འབབ་པ་དང་བཤང་ལམ་མོ། །འགྲོ་བ་དང་རྐང་བའོ། །འཛིན་པ་དང་ལག་པའོ། །སྨྲ་བ་དང་ངག་གོ །བྱས་སེམས་མཉམ་པ་དང་ལྷའི་དབང་པོའོ། །བྷ་ག་དང་ལིངྒའོ། །ས་བོན་མཉམ་པ་དང་དུང་ཅན་མའོ། །ས་ལ་སོགས་པ་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །འདིར་རྩའི་གཙོ་བོ་གསུམ་སྟེ་གཡོན་དུ་རྐྱང་མ་ཟླ་བ་རྒྱུ་བའོ། །གཡས་སུ་རོ་མ་ཉི་མ་རྒྱུ་བའོ། །དབུས་སུ་དབུ་མ་སྒྲ་གཅན་རྒྱུ་བའོ། །སྣ་བུག་གཉིས་ལ་དཀྱིལ་འཁོར་ལྔ་ལྔ་སྟེ་དེ་ལ་གཡོན་གྱི་དཀྱིལ་འཁོར་དུ་ནམ་མཁའི་དཀྱིལ་འཁོར་དང་པོ་ལ་དབུགས་སུམ་བརྒྱ་ཞེས་བརྒྱད་དང་ཞེ་གསུམ་སོར་བཅུ་དྲུག་ཕྱི་རོལ་དུ་རྒྱུ་བའོ། །འདི་སྒྲ་གཅན་དང་མི་བསྐྱོད་པའོ། །སྟེང་དུ་རླུང་གི་དཀྱིལ་འཁོར་གཉིས་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅོ་ལྔ་རྒྱུ་བའོ། །འདི་དོན་ཡོད་གྲུབ་པ་དང་ཟླ་བའོ། །ལྷོར་མེའི་དཀྱིལ་འཁོར་གསུམ་བ་ལ་དབུགས་སུམ་བརྒྱ་ཞེས་བརྒྱད་དང་ཞེ་གསུམ་སོར་བཅུ་བཞི་རྒྱུའོ། །འདི་རིན་འབྱུང་དང་ལག་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་བཞི་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གསུམ་རྒྱུའོ། །འདི་འོད་དཔག་མེད་དང་པ་བ་སངས་སོ། །འོག་ཏུ་སའི་དཀྱིལ་འཁོར་ལྔ་བ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གཉིས་རྒྱུའོ། །འདི་རྣམ་སྣང་དང་མཇུག་རིངས་སོ། །དབུགས་འདི་ནས་འཕོས་ནས་གཡས་པའི་འོག་ཏུ་སའི་དཀྱིལ་


DTG014_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་པོར་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གཉིས་རྒྱུའོ། །འདི་སྤྱན་མ་དང་སྤེན་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་གཉིས་པ་ལ་དབུགས་སུམ་བརྒྱ་དང་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གསུམ་རྒྱུའོ། །མཱ་མ་ཀཱི་དང་ཕུར་བུའོ། །གཡས་སུ་མེའི་དཀྱིལ་འཁོར་གསུམ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་བཞི་རྒྱུའོ། །གོས་དཀར་མོ་དང་མིག་དམར་རོ། །སྟེང་དུ་རླུང་གི་དཀྱིལ་འཁོར་བཞི་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅོ་ལྔ་རྒྱུའོ། །སྒྲོལ་མ་དང་ཉི་མའོ། །དབུས་སུ་ནམ་མཁའི་དཀྱིལ་འཁོར་ལྔ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་དྲུག་རྒྱུའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་དུས་ཀྱི་མེའོ། །དབུགས་ཀྱི་གྲངས་དང་ཞེ་གསུམ་པོ་ཐམས་ཅད་དང་པོ་ལྟར་རོ། །དཀྱིལ་འཁོར་རེ་རེའི་འཕོ་བ་ལ་དབུ་མར་མཉམ་པར་རྒྱུ་བའི་དབུགས་བཅུ་གཅིག་དང༌། བཞི་ཆའོ། །གཡོན་ན་དཀྱིལ་འཁོར་ལྔས་ལྔ་བཅུ་རྩ་དྲུག་དང་བཞི་ཆ་གཅིག་གོ །གཡས་པ་ལ་ཡང་ང་དྲུག་དང་བཞི་ཆ་གཅིག་གོ །འཕོ་བ་བཅུ་གཉིས་ཀྱི་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔའོ། །ཉིན་ཞག་གཅིག་ལ་དབུ་མར་རྒྱུ་བ་དང་བཅས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའོ། །དེ་ལྟར་རང་བཞིན་དུ་རྒྱུ་བ་ལ་ཉི་མར་མི་ཤིས་པ་འབྱུང་སྟེ། སྣ་བུག་གཡས་པ་ན་ཉི་མ་ལྔ་བ་ལ་བར་མེད་བར་རྒྱུ་བ་ན་ཚེ་ལོ་གསུམ་ལྷག་མར་ཡོད་དེ། ཚེས་བཅུ་པ་ལ་རྒྱུན་དུ་རྒྱུ་ན་ལོ་གཉིས་སོ། །ཚེས་བཅོ་ལྔ་ལ་རྒྱུན་དུ་རྒྱུ་ན་ལོ་གཅིག་གོ །ཚེས་ཉི་ཤུ་ལ་རྒྱུན་དུ་རྒྱུ་ན་ཟླ་བ་དྲུག་གོ །ཚེས་ཉི་ཤུ་ལྔ་ལ་རྒྱུ་ན་ཟླ་བ་གསུམ་མོ། །ཚེས་ཉི་ཤུ་དྲུག་ལ་རྒྱུ་ན་ཟླ་བ་གཉིས་སོ། །ཚེས་ཉི་ཤུ་བདུན་ལ་རྒྱུན་ཟླ་པ་གཅིག་གོ །ཉེར་བརྒྱད་ལ་རྒྱུ་ན་ཞག་བཅོ་ལྔའོ། །ཉེར་དགུ་ལ་རྒྱུ་ན་ཞག་བཅུ་པའོ། །སུམ་ཅུ་པ་ལ་རྒྱུན་ཞག་ལྔའོ། །སོ་གཅིག་པ་ལ་རྒྱུ་ན་ཞག་གསུམ་མོ། །སོ་གཉིས་པ་ལ་རྒྱུ་ན་ཞག་གཉིས་སོ། །སོ་གསུམ་པ་ལ་རྒྱུན་ཞག་གཅིག་གོ །ཟླ་བའི་མི་ཤིས་པ་བརྗོད་དེ་ཚེ་ལོ་གསུམ་ཡོད་པའི་སྣ་བུག་གཡོན་པ་ན་མི་ཤིས་པ་ཞག་གཅིག་དེས་མཚང་བའི་ཟླ་བ་གཉིས་རང་བཞིན་དུ་རྒྱུའོ། །མི་ཤིས་པ་ཞག་གཉིས་དེས་མ་ཚང་བ་རང་བཞིན་ཟླ་བ་གཉིས་ནི་ཁྱིམ་དང་པོར་རོ། །


DTG014_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་ཚེས་ལྷག་མ་ཟླ་བ་སུམ་ཅུ་སྟེ་མི་ཤིས་པ་ཞག་བཞི་དེས་མ་ཚང་བ་ཟླ་བ་གཅིག་མི་ཤིས་པ་ཞག་ལྔ་རང་བཞིན་ཉེར་ལྔའོ། །མི་ཤིས་པ་ཞག་དྲུག་རང་བཞིན་ཉེར་བཞིའོ། །གསུམ་པ་ལ་མི་ཤིས་པ་ཞག་བདུན་རང་བཞིན་ཞག་ཉེར་གསུམ་མོ། །མི་ཤིས་པ་ཞག་བརྒྱད་རང་བཞིན་ཞག་ཉེར་གཉིས་སོ། །མི་ཤིས་པ་ཞག་དགུ་རང་བཞིན་ཉེར་གཅིག་གོ །བཞི་པ་ལ་མི་ཤིས་པ་ཞག་བཅུ་རང་བཞིན་ཉི་ཤུའོ། །མི་ཤིས་པ་བཅུ་གཅིག་པས་རང་བཞིན་བཅུ་དགུ། མི་ཤིས་པ་བཅུ་གཉིས་པས་རང་བཞིན་བཅོ་བརྒྱད་དོ། །ལྔ་པ་ལ་མི་ཤིས་པ་བཅུ་གསུམ་རང་བཞིན་བཅུ་བདུན་ནོ། །མི་ཤིས་པ་བཅུ་བཞི་རང་བཞིན་བཅུ་དྲུག་གོ །མི་ཤིས་པ་བཅོ་ལྔ་རང་བཞིན་བཅོ་ལྔའོ། །དྲུག་པ་ལ་མི་ཤིས་པ་བཅུ་དྲུག་རང་བཞིན་བཅུ་བཞིའོ། །མི་ཤིས་པ་བཅུ་དྲུག་རང་བཞིན་བཅུ་བཞིའོ། །མི་ཤིས་པ་བཅུ་བདུན་རང་བཞིན་བཅུ་གསུམ་མོ། །མི་ཤིས་པ་བཅོ་བརྒྱད་རང་བཞིན་བཅུ་གཉིས་སོ། །བདུན་པ་ལ་མི་ཤིས་པ་བཅུ་དགུ་རང་བཞིན་བཅུ་གཅིག་གོ །མི་ཤིས་པ་ཉི་ཤུ་རང་བཞིན་བཅུའོ། །མི་འདོད་པ་ཉེར་གཅིག་རང་བཞིན་དགུའོ། །བརྒྱད་པ་ལ་མི་འདོད་པ་ཉེར་བཞི་རང་བཞིན་དྲུག་དང་ཟླ་བ་གཉིས་སོ། །དགུ་པ་ལ་མི་འདོད་པ་ཉེར་བདུན་རང་བཞིན་ཞག་གསུམ་དང་ཟླ་བ་གཉིས་སོ། །བཅུ་པ་ལ་མི་འདོད་པ་སུམ་ཅུ་རང་བཞིན་ཟླ་བ་གཉིས་སོ། །བཅུ་གཅིག་པ་ལ་མི་འདོད་པ་སོ་གསུམ་རང་བཞིན་ཉེར་བདུན་དང་ཟླ་བ་གཅིག །འདབ་མ་བཅུ་གཉིས་པ་ལ་ཐོག་མའི་ལྷག་མ་ཟླ་བ་གསུམ་གྱི་ཐ་མའི་ཞག་གསུམ་ལས་ཞག་གཉིས་སྣ་བུག་གཡས་པ་ནས་རྒྱུ་སྟེ་གཅིག་ནི་དབུ་མར་རྒྱུའོ། །འདབ་མ་དང་པོ་ལ་ཟླ་བ་དྲུག་ཟད་དེ་ལྷག་མའི་འདབ་མ་རྣམས་སུ་གསུམ་མོ། །ནད་མེད་པ་རྣམས་ཀྱི་ཁམས་སྙོམས་པ་ཡིན་ལ། མི་སྙོམས་པའི་ཚེ་སྲོག་མི་སྙོམས་པས་ཉི་མ་དང་ཟླ་བའི་སྐྱོན་གྱིས་དུས་མ་ཡིན་པར་འཆིའོ། །དེ་བས་ས་བོན་དང་ཟླ་མཚན་གྱི་ཆོས་ཅན་ཟླ་བ་དང༌། ཉི་མས་སྲོག་རྩོལ་གང་བར་བྱས་ལ་འཆི་བ་བསླུ་བར་བྱའོ། །ཉི་མའི་འཆི་ལྟས་ལ་ཚེས་ལ་སོགས་པ་བཤད་པས། ད་ནི་འདིར་མ་བཤད་པ་བརྗོད་པར་བྱའོ། །ཉིན་ཕྱེད་དང་ཉིན་གཅིག་དང་ཉིན་ཞག་གཅིག་དང་ཉིན་ཞག་གཉིས་


DTG014_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ་དང་བཞིར་ཐུག་པ་སྣ་བུག་གཡས་པ་ལ་རྒྱུ་ན་དེ་ལ་ཚེ་ལོ་ནི་བཅུ་བཞི་དང་བཅུ་གཉིས་དང་བཅུ་དང་བརྒྱད་དང་དྲུག་དང་བཞི་ལྷག་མའོ། །ཞག་ལྔ་ནས་ཉེར་ལྔའི་བར་དུ་མ་བཤད་པ་བཅུ་དྲུག་བཤད་དེ། དྲུག་བདུན་བརྒྱད་དགུ་རིམ་པར་རྒྱུ་ན་ཚེ་ལོ་གསུམ་ལས་ཉིན་ཞག་ཉེར་བཞི་དང་ཞེ་བརྒྱད་དང་དོན་གཉིས་དང་གོ་དྲུག་རེ་འབྲིའོ། །ཉིན་ཞག་བཅུ་གཅིག་དང་བཅུ་གཉིས་དང་བཅུ་གསུམ་དང་བཅུ་བཞི་རྒྱུ་ན་ཚེ་ལོ་གཉིས་ལས་ཞག་ཉེར་བཞི་དང་ཞེ་བརྒྱད་དང་དོན་གཉིས་དང་གོ་དྲུག་དང་དགུ་བྲིའོ། །ཞག་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་བཅུ་དགུ་རིམ་པར་རྒྱུ་ན་ཚེ་ལོ་གཅིག་ལས་ཞག་བཅུ་གཉིས་དང་ཉེར་བཞི་དང་སོ་དྲུག་དང་ཞེ་བརྒྱད་དང་གོ་དྲུག་འབྲིའོ། །ཞག་ཉེར་གཅིག་དང་ཉེར་གཉིས་དང་ཉེར་གསུམ་དང་ཉེར་བཞི་རིམ་བས་རྒྱུ་ན་ཚེ་ལོ་ཟླ་བ་དྲུག་ལས་ཞག་དྲུག་དང་བཅུ་གཉིས་དང་བཅོ་བརྒྱད་དང་ཉེར་བཞི་དང་ཞེ་བརྒྱད་འབྲིའོ། །རྩ་དབུ་མར་ཉིན་ཞག་གཅིག་སྲོག་གི་རླུང་རྒྱུ་བར་མ་ནུས་ན་གཡོན་པའི་འཆི་ལྟས་ལ་དབུགས་གཡས་སུ་འཕོ་བར་བྱའོ། །ཉི་མའི་འཆི་ལྟས་ལ་གཡོན་དུ་འཕོ་བར་བྱའོ། །ཟླ་བ་ཕྱེད་ཀྱི་བར་དུ་མཆན་ཁུང་དང་ནུ་མ་གཡས་པ་མནན་ན་གཡོན་དུ་རྒྱུའོ། །མཆན་ཁུང་དང་ནུ་མ་གཡོན་པ་མནན་ན་གཡས་སུ་རྒྱུའོ། །འཁོར་ལོ་དྲུག་ལ་གནས་པའི་རྩ་དྲུག་གོ །གསང་བའི་འཁོར་ལོ་ལས་གསུམ་གྱེན་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་རྒྱུའོ། །གསུམ་འོག་ཏུ་བཤང་བ་དང་གཅི་བ་དང་ས་བོན་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་མཇུག་མ་རྒྱུའོ། །སྦྱོར་བ་ཡན་ལག་དྲུག་གིས་འཁོར་ལོ་དྲུག་གི་ལྟེ་བར་གནས་པ་ལ་སྲོག་རླུང་འཇུག་པར་བྱས་ནས་མཐའ་གཅིག་ཏུ་འཆི་བ་བསླུའོ། །དབུ་མ་ལ་སྲོག་རླུང་འཇུག་པར་མ་ནུས་ན་འཆི་བ་བསླུ་བར་མི་ནུས་སོ། །ད་ནི་དུས་སུ་འཆི་བ་བཤད་དེ་ཚེ་ལོ་བརྒྱའི་ཉིན་ཞག་ནི་སྟོང་ཕྲག་སུམ་བརྒྱ་སྟེ་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འཆི་བའི་རླུང་འཇུག་པ་ན་འཁོར་ལོ་ལྔའི་རླུང་དྲུག་ཆ་གཅིག་བཞག་སྟེ་འཕོ་བའོ། །ལོ་བརྒྱའི་དྲུག་ཆ་ནི་བཅུ་དྲུག་དང་ཟླ་བ་བརྒྱད་དོ། །འཆི་བའི་རླུང་འཇུག་པའི་རིམ་པ་ནི་འདི་ལྟ་སྟེ། ལུས་ལ་དབུགས་ཀྱི་འཁོར་ལོ་ནི་དབུགས་དྲུག་གོ །


DTG014_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲང་གི་འཁོར་ལོ་ནི་ཆུ་སྲང་དྲུག་ཅུའོ། །དབྱུ་གུའི་འཁོར་ལོ་ནི་དབྱུ་གུ་དྲུག་ཅུའོ། །འཆི་ལྟས་ཀྱི་འཁོར་ལོ་ནི་དུས་ཀྱི་འཁོར་ལོ་གསུམ་གྱིས་ཞག་སྟོང་ཕྲག་གཅིག་དང་བརྒྱད་བཅུའོ། །དུས་སུ་འཆི་བའི་འཁོར་ལོ་ནི་ཞག་བརྒྱ་ཕྲག་བཅུ་གཅིག་དང་ལྔ་བཅུ་རྩ་དྲུག་སྟེ་དེ་ཡང་ལོ་གསུམ་ཞག་ནི་སྟོང་ཕྲག་གཅིག་དང་བརྒྱད་ཅུ་དང་ཟླ་བ་ཕྱེད་དང་གཉིས་ཀྱིས་ཞེ་ལྔ་དང་མངལ་གྱི་ཟླ་བ་གཅིག་གི་སུམ་ཅུ་དང་ལྟེ་བའི་ཞག་གཅིག་སྟེ་དེ་རྣམས་བསྡུས་པའོ། །འཁོར་ལོ་འདི་དག་ལ་འཆི་བའི་དབུགས་ཀྱི་ཚུལ་དང་ཆུ་སྲང་གི་ཚུལ་དང་དབྱུ་གུའི་ཚུལ་དང་ཉིན་ཞག་གི་ཚུལ་གྱིས་རིམ་གྱིས་འཇུག་གོ །གང་ལ་ལོ་བརྒྱ་ཐུབ་པ་འཆི་ལྟས་མེད་པ་དེ་ལ་སྐྱེ་ནས་ལོ་ཕྱེད་གཉིས་ཀྱི་སྣ་བུག་གཉི་གའང་དབུགས་དཀྱིལ་འཁོར་ལྔའི་རང་བཞིན་དུ་རྒྱུའོ། །དེ་ནས་ལོ་ཕྱེད་ཀྱི་མཐར་གཡོན་གྱི་ནམ་མཁར་དབུགས་གཅིག་མི་འདོད་པ་རྒྱུའོ། །དེ་ནས་ལོ་ཕྱེད་བཞིའི་བར་མི་རྒྱུའོ། །དེ་ནས་ལོ་ཕྱེད་ལྔ་པ་ལ་གཡས་པའི་སའི་དཀྱིལ་འཁོར་ལ་དབུགས་གཉིས་མི་འདོད་པར་རྒྱུའོ། །དྲུག་པ་ལ་མི་རྒྱུའོ། །བདུན་པ་ལ་གཡོན་པའི་ནམ་མཁར་དབུགས་གསུམ་མོ། །བརྒྱད་པ་ལ་མི་རྒྱུའོ། །དེ་ལྟར་དགུ་པ་ལ་གཡས་པའི་ས་ལ་དབུགས་བཞིའོ། །བཅུ་པ་ལ་མི་རྒྱུའོ། །བཅུ་གཅིག་པ་ལ་གཡོན་གྱི་ནམ་མཁར་དབུགས་ལྔའོ། །བཅུ་གཉིས་པ་ལ་མི་རྒྱུའོ། །བཅུ་གསུམ་པའི་གཡས་པའི་ས་ལ་དབུགས་དྲུག་རྒྱུའོ། །བཅུ་བཞི་པ་ལ་མི་རྒྱུའོ། །དེ་ནས་དབུགས་ཀྱི་དཀྱིལ་འཁོར་གཅིག་སྟེ། ཆུ་སྲང་གཅིག་གིས་ལོངས་མ་སྤྱད་པའི་ཟླ་བ་ཕྱེད་དང་གཉིས་ཀྱིས་མཚང་བ་ལོ་བདུན་སོང་ངོ༌། །དེའི་རྗེས་ལ་ལོ་དྲུག་ཅུའི་བར་ལོ་ཕྱེད་པ་རེ་རེ་བར་དུ་བོར་ཞིང་གཡོན་པའི་ནམ་མཁའ་ལ་ལྔ་བཅུ་རྩ་དགུ་དང་སྣ་བུག་གཡས་པ་སའི་དཀྱིལ་འཁོར་ལ་ཆུ་སྲང་དྲུག་ཅུ་སྟེ། རཱ་ཤི་འདབ་མ་དྲུག་དྲུག་མི་མཉམ་པ་དང་མཉམ་པ་རྣམས་ལའོ། །ཆུ་སྲང་དྲུག་ཅུ་ཉིད་དབྱུ་གུ་ཡིན་ནོ། །ལོ་དྲུག་བདུན་གྱི་རྗེས་ལ་ལོ་སུམ་ཅུའི་བར་དུ་ཟླ་བ་གསུམ་གསུམ་བར་དུ་བོར་ཞིང་དབྱུ་གུའི་ངོ་བོས་རྩ་ལ་རྒྱུའོ། །ལོ་ཕྱེད་པའི་ཕྱེད་གོང་མ་ལ་གཡོན་པའི་ནམ་མཁའ་ལ་དབྱུ་གུ་གཅིག་རྒྱུའོ། །ཕྱེད་འོག་མ་ལ་མི་རྒྱུའོ། །ལོ་ཕྱེད་པ་གཉིས་


DTG014_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱེད་གོང་མ་ལ་སྣ་བུག་གཡས་པའི་ས་ལ་དབྱུ་གུ་གཉིས་རྒྱུའོ། །དེ་ལྟར་ཟླ་བ་གསུམ་གསུམ་ན་གཡོན་པའི་ནམ་མཁའ་དང་གཡས་པའི་ས་ལ་རཱ་ཤི་འདབ་མ་དྲུག་དྲུག་ལ་དབྱུ་གུ་ང་དགུ་དང་དྲུག་ཅུ་འཆི་རྟགས་རྒྱུའོ། །དབྱུ་གུ་དྲུག་ཅུས་ཉིན་ཞག་གཅིག་གོ །ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་བའི་ལོ་གོ་བདུན་གྱི་རྗེས་སུ་ཉིན་ཞག་གི་ངོ་བོས་ཉིན་ཞག་གི །ལོར་རེ་རེ་སྔར་བཞིན་རྒྱུའོ། །ཞག་ལྔ་ཕ་ལ་རྒྱུ་ན་ཉི་མའི་ཚེས་ལ་ལོ་གསུམ་ལྷག་མ་ལུས་སོ། །ཞག་བཅུ་པ་ལ་རྒྱུ་ན་ལོ་གཉིས་སོ། །ཞག་བཅོ་ལྔ་པ་ལ་རྒྱུ་ན་ལོ་གཅིག་གོ །ཞག་ཉི་ཤུ་པ་ལ་རྒྱུ་ན་ཟླ་བ་དྲུག་གོ །ཞག་ཉེར་ལྔ་རྒྱུ་ན་ཟླ་བ་གསུམ་མོ། །ཞག་ཉེར་དྲུག་རྒྱུན་ཟླ་བ་གཉིས་སོ། །ཞག་ཉེར་བདུན་རྒྱུ་ན་ཟླ་བ་གཅིག་གོ །ཉེར་བརྒྱད་རྒྱུ་ན་ཟླ་བ་ཕྱེད་དོ། །ཉེར་དགུ་རྒྱུ་ན་ཞག་གཅིག་གོ །སུམ་ཅུ་རྒྱུ་ན་ཞག་ལྔའོ། །སོ་གཅིག་རྒྱུ་ན་ཞག་གསུམ་མོ། །སོ་གཉིས་རྒྱུ་ན་ཞག་གཉིས་སོ། །སོ་གསུམ་རྒྱུ་ན་ཞག་གཅིག་ལུས་སོ། །སོ་བཞི་རྒྱུ་ན་འཆིའོ། །ཞག་གི་ཚོགས་ནི་བརྒྱ་ཕྲག་བཅུ་གཅིག་དང་ཉེར་ལྔ་སུམ་ཅུ་སོ་ཕྱེད་དང་གསུམ་གྱིས་བགོས་པས་ཐོབ་པ་ཞག་སུམ་ཅུ་རྩ་ཕྱེད་དང་བཞི་དང༌། དབྱུ་གུ་སོ་དྲུག་དང་ཆུ་སྲང་ཉེར་ལྔ་དང་དབུགས་གཉིས་སོ། །ཞག་རེ་རེ་དབྱུ་གུ་རེ་རེ་ལྷག་པར་རྒྱུའོ། །ཐ་མ་རྩ་གཡས་པ་ལ་རྒྱུ་སྟེ་དུས་སུ་འཆི་བའི་ངེས་པའོ། །གཡོན་དང་གཡས་སུ་དབུ་མ་ནི། སྟོབས་དང་རྡུལ་དང་མུན་པ་སྟེ། འཆི་བ་ནི་མུན་པའི་རྒྱུ་བ་བཟུང་སྟེ་གཡོན་དང་གཡས་སུ་རྒྱུའོ། །ད་ནི་དབུ་མའི་འཆི་ལྟས་བརྗོད་དེ་ཚེ་ལྷག་མ་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཡོད་པའི་སྐྱེ་བོའི་སྣ་བུག་གཡོན་པར་འཆི་རྟགས་ཀྱི་ཉིན་ཞག་གཅིག་རྒྱུ་ལ་རང་བཞིན་ཡང་ཞག་གཅིག་རྒྱུའོ། །དེ་ནས་མི་འདོད་པ་ཞག་གསུམ་དང་རང་བཞིན་ཡང་ཞག་གསུམ། ཡང་མི་འདོད་པ་ཞག་ལྔ་ན་རང་བཞིན་ཞག་ལྔ་སྟེ་ནམ་མཁའི་དཀྱིལ་འཁོར་ཟད་དོ། །ཡང་མི་འདོད་པ་ཞག་བདུན་རང་བཞིན་ཞག་བདུན་ནོ། །མི་འདོད་པ་དགུ་རང་བཞིན་ཞག་དགུའོ། །ཡང་མི་འདོད་པ་བཅུ་གཅིག་རང་བཞིན་བཅུ་གཅིག་སྟེ་རླུང་གི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་བཅུ་གསུམ་རང་བཞིན་བཅུ་གསུམ་མོ། །དེ་ནས་མི་འདོད་པ་བཅོ་ལྔ་རང་བཞིན་བཅོ་ལྔའོ། །དེ་ནས་མི་འདོད་པ་བཅུ་བདུན་རང་


DTG014_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བཅུ་བདུན་ཏེ་མེའི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་བཅུ་དགུ་རང་བཞིན་བཅུ་དགུའོ། །དེ་ནས་མི་འདོད་པ་ཉེར་གཅིག་རང་བཞིན་ཉེར་གཅིག་གོ །དེ་ནས་མི་འདོད་པ་ཉེར་གསུམ་རང་བཞིན་ཉེར་གསུམ་སྟེ་ཆུའི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་ཉེར་ལྔ་རང་བཞིན་ཉེར་ལྔའོ། །དེ་ནས་མི་འདོད་པ་ཉེར་བདུན་རང་བཞིན་ཉེར་བདུན་ནོ། །དེ་ནས་མི་འདོད་པ་ཉེར་དགུ་རང་བཞིན་ཉེར་དགུ་སྟེ་སའི་དཀྱིལ་འཁོར་ཟད་དོ། །སུམ་ཅུ་རྩ་གསུམ་དེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སོ། །དེ་ནས་སྣ་བུག་གཡས་པ་ལ་མི་འདོད་པ་ཞག་གཉིས་དང་རང་བཞིན་ཞག་གཉིས་སོ། །མི་འདོད་པ་ཞག་བཞི་དང་རང་བཞིན་ཞག་བཞིའོ། །མི་འདོད་པ་ཞག་དྲུག་དང་རང་བཞིན་ཞག་དྲུག་སྟེ་སའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཞག་བརྒྱད་དང་རང་བཞིན་ཞག་བརྒྱད། མི་འདོད་པ་ཞག་བཅུ་རང་བཞིན་ཞག་བཅུ། མི་འདོད་པ་ཞག་བཅུ་གཉིས་རང་བཞིན་ཞག་བཅུ་གཉིས་ཏེ་ཆུའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཞག་བཅུ་བཞི་རང་བཞིན་བཅུ་བཞི། མི་འདོད་པ་བཅུ་དྲུག་རང་བཞིན་བཅུ་དྲུག །མི་འདོད་པ་བཅོ་བརྒྱད་རང་བཞིན་བཅོ་བརྒྱད་དེ་མེའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཉི་ཤུ་རང་བཞིན་ཉི་ཤུ། མི་འདོད་པ་ཉེར་གཉིས་རང་བཞིན་ཉེར་གཉིས་སོ། །མི་འདོད་པ་ཉེར་བཞི་རང་བཞིན་ཉེར་བཞི་སྟེ་རླུང་གི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཉེར་དྲུག་རང་བཞིན་ཉེར་དྲུག །མི་འདོད་པ་ཉེར་བརྒྱད་རང་བཞིན་ཉེར་བརྒྱད། མི་འདོད་པ་སུམ་ཅུ་རང་བཞིན་སུམ་ཅུ་སྟེ་ནམ་མཁའི་དཀྱིལ་འཁོར་ཟད་དོ། །དེ་ནས་གཡོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པའི་ཞག་སུམ་ཅུ་རང་བཞིན་སུམ་ཅུ་སྟེ་དེ་ནས་སྙིང་སྟོབས་ཀྱི་ཁམས་ཟད་དོ། །དེ་ནས་གཡས་པའི་རྣམ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པ་སོ་གཉིས་རང་བཞིན་སོ་གཉིས་ཏེ་རྡུལ་གྱི་ཁམས་ཟད་དོ། །དེ་ནས་གཡོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པ་སོ་གསུམ་རང་བཞིན་སོ་གསུམ་སྟེ་མུན་པའི་ཁམས་ཟད་དོ། །བད་ཀན་གྱི་རྩ་ཟད་པ་ནི་སྙིང་སྟོབས་ཀྱི་ཁམས་སོ། །མཁྲིས་པའི་རྩ་ཟད་པ་ནི་རྡུལ་གྱི་ཁམས་སོ། །རླུང་གི་རྩ་ཟད་པ་ནི་མུན་པའི་ཁམས་སོ། །དེ་ལྟར་ཞག་ནི་བརྒྱ་ཕྲག་བཅུ་གཅིག་དང་ཉེར་གཉིས་སོ། །མངལ་གྱི་ཐ་མའི་ཟླ་བ་གཅིག་


DTG014_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་བྱ་བའི་ཕྱིར་སྣ་བུག་གཡས་པ་ལ་ཞག་གཉིས་རྒྱུའོ། །དབུགས་ཀྱི་འཁོར་ལོ་ཟད་པར་བྱ་བའི་ཕྱིར་ཞག་གཅིག་དབུ་མ་ནས་རྒྱུའོ། །དེ་དག་ནི་ཞག་བརྒྱ་ཕྲག་བཅུ་གཅིག་དང་ཉེར་ལྔའོ། །རྩ་གཡོན་པའམ་གཡས་པ་ཆད་པས་མི་རྒྱུ་ན་ཚེ་ཟླ་བ་དྲུག་སྟེ་གཅི་བ་སྐྱུར་མོར་འགྱུར་རོ། །ཚེ་ཞག་དྲུག་པས་སྒྲ་མི་ཐོས་སོ། །ཚེ་ཞག་ལྔ་པས་རོ་མི་ཚོར་རོ། །ཚེ་ཞག་བཞི་པས་གཟུགས་མི་མཐོང་ངོ༌། །ཚེ་ཞག་གསུམ་པས་དྲི་མི་ཚོར་རོ། །ཚེ་ཞག་གཉིས་པས་རེག་བྱ་མི་འཛིན་ནོ། །འཆི་བའི་དུས་སུ་ས་བོན་དང་དབུགས་སྟོང་ངོ༌།། །ཞག་དྲུག་པའི་སྣའི་རྩེ་མོ་གླང་པོའི་སྣ་ལྟར་འོག་ཏུ་ཞུམ་མོ། །ལག་པ་མགོར་བཞག་ན་ལག་པ་མི་འཕྲའོ། །ལག་མཐིལ་གྱིས་ཚོས་མཉེས་ཀྱང་དམར་པོར་མི་འགྱུར་རོ། །ཉི་མ་ནག་པོར་མཐོང་ངོ༌། །ཟླ་བ་གང་བ་སེར་པོར་མཐོང་ངོ༌། །ལྕེའི་འོག་ཏུ་རི་མོ་ནག་པོ་འབྱུང་ངོ༌། །མིག་ལ་ནག་པོ་དམར་པོའི་དཀྱིལ་འཁོར་རི་མོ་ཕྲ་མོ་སུབ་པར་འགྱུར་རོ། །དབུགས་སྣ་བུག་གཉིས་ཀར་རྒྱུའོ། །འགྲམ་པ་གཉིས་འཕྲིག་གོ །ནུ་མའི་རྩ་གཉིས་མཆན་ཁུང་གི་ནང་དུ་འཇུག་གོ །སྐར་མ་རྣམས་མེ་སྟག་འཕྲོ་བར་མཐོང་ངོ༌། །ལུས་དང་མགུལ་པ་རེངས་པར་འགྱུར་རོ། །ལུས་འཁོར་བ་ཞེས་འཆི་ལྟས་ཤེས་ནས་སྦྱིན་བ་ལ་སོགས་པ་བྱའོ། །འཇིག་རྟེན་དུ་བྱེད་པ་གང་ཡིན་པ་དེ་ཉིད་ཟད་པར་བྱེད་པ་ཡིན་ཏེ་དེ་ལྟར་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་མངལ་དུ་ཁྲག་དང་ས་བོན་ལ་འཇུག་པ་དང་སྐྱེས་པ་དང་བྱིས་པ་དང་གཞོན་ནུ་ལ་སོགས་པ་སྐྱེ་བར་བྱེད་དོ། །འཆི་བའི་དུས་སུ་དེ་ཉིད་འོད་གསལ་དུ་ཐམས་ཅད་འཇུག་པར་བྱེད་དོ། །གང་གི་ཕྱིར་ས་བོན་ལ་སོགས་པའི་རྟེན་ལ་གནས་པའི་རྣམ་ཤེས་ཀྱིས་ཐམས་ཅད་སྡུད་པར་བྱེད་དོ། །གང་སྡུད་ཅེ་ན། ཟླ་བ་ས་བོན་དབང་ཕྱུག་དང༌། ཁྲག་ཉི་མ་སྟེ་རྟག་ཏུ་དགེ་བ་དང༌། རྐང་མར་དྲག་པོ་དང༌། གཅི་བ་ཁྱབ་འཇུག་དང༌། བཤང་བ་ཚངས་པ་དང་ས་ལ་སོགས་པའི་འབྱུང་བ་རྣམས་ཏེ་མངལ་ན་གནས་པ་རྣམ་ཤེས་ཀྱིས་འདི་དག་སྡུད་པར་བྱེད་དོ། །ལྟེ་བའི་རྩའི་སྒོ་ནས་ལུས་ངག་ཡིད་གསུམ་སྐྱེས་པའི་ཕྱིར་དེ་དག་ཐམས་ཅད་ལུས་ལ་འདུས་ཏེ་ཡན་ལག་ཀུན་སྐྱེད་དོ། །དབུགས་ཀྱིས་ལྟེ་བ་ནས་འཐོན་པར་བྱེད་དོ། །སླར་ཡང་སྤྱི་གཙུག་ལ་སོགས་པ་


DTG014_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་སྡུད་པར་བྱེད་དོ། །རྣལ་འབྱོར་གྱི་སེམས་ནི་བཤང་བ་དང་གཅི་བ་ལ་སོགས་པའི་ཁམས་ལུས་ལ་གནས་ནས་འཇུ་བ་དང་གསོད་པ་ལ་སོགས་པ་སྡུད་པར་བྱེད་དོ། །སླར་ཡང་རྒྱུ་ལུགས་སྣ་ཚོགས་ཀྱིས་གཟུགས་ཉིད་སྐྱེད་དོ། །ཡང་ན་འཆི་བའི་དུས་སུ་བསྡུས་ནས་ཉོན་མོངས་བ་དང་ལས་རྣམ་པ་སྣ་ཚོགས་པའི་དབང་གིས་སྐྱེ་བ་ཕྱི་མ་སྣ་ཚོགས་སྐྱེད་དོ། །ལུས་རྫོགས་པ་ན་ཡུལ་དྲུག་ནི་གཟུང་བྱ་དང་དབང་པོ་དྲུག་དང་ལོ་དང་ཟླ་བ་དང་ཕྱོགས་ཉིན་མོ་ལ་སོགས་པའི་བྱེད་པའོ། །འོན་འདི་ནི་ཀུན་རྫོབ་པ་ཡིན་པའི་ཕྱིར་བྱེད་པ་པོ་ལ་སོགས་པར་མི་འགྲུབ་སྟེ་བྱེད་པ་པོ་ལ་སོགས་པ་འདི་དག་གཞན་སྡུད་པ་ཡོད་དེ་དེ་ཡང་ལྷན་ཅིག་སྐྱེས་པའི་སྐུ་དོན་དམ་པའོ་ཞེས་ནི་གཞན་ཟེར་རོ། །དེ་ནི་མ་ཡིན་ཏེ། གང་གི་ཚེ་སྡུག་བསྔལ་གྱི་ཕུང་པོ་ང་རྒྱལ་ཙམ་བདག་མ་ཡིན་ཏེ། དེས་ནི་མི་རྟག་པ་སྡུག་བསྔལ་བ། སྟོང་པ། བདག་མེད་པའི་ཕུང་པོ་ལ་སོགས་པ་ལ་ཡིད་དུ་འོང་བ་ལ་སོགས་པར་སྒྲོ་བཏགས་ནས་འདོད་ཆགས་ལ་སོགས་པའི་འཆིང་བས་དར་གྱི་སྲིན་བུ་ལྟར་འཆིང་བར་བྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་ནས་རྟོག་པའི་དྲ་བ་འཇོམས་ཏེ་གྲོལ་བར་བྱེད་དོ། །དེ་བས་ན་བྱེད་པ་པོ་ལ་སོགས་པ་གང་ཡང་མེད་དོ། །འཁོར་བའི་སེམས་ཀྱི་རང་བཞིན་ནི་བརྒྱད་ད། ས་ལ་སོགས་པ་ལྔ་དང་ཡིད་དང་བློ་དང་ང་རྒྱལ་ལོ། །དེ་ཡང་གསུམ་སྟེ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་སོ། །དེ་ལ་རགས་པ་དང་ཕྲ་བ་དང་གཞན་དང་བཞི་པ་སྟེ། དེ་ལ་རགས་པ་ནི་བེམས་པོའི་བག་ཆགས་ཅན་རགས་པར་ཞེན་པ་རྣམས་ལ་སད་པའི་དངོས་པོས་གཟུང་བའི་ཕྱིར་གནས་སྐབས་སོ། །ཕྲ་བ་ནི་རྨི་ལམ་གྱི་གནས་སྐབས་ཏེ་ཡིད་ཀྱི་དབང་པོས་སྒྱུ་མའི་དངོས་པོ་བཟུང་བའོ། །གཞན་ནི་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཏེ་དབང་པོ་ཐམས་ཅད་འགགས་པའི་ཕྱིར་རོ། །བཞི་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ་སྐྱེ་བ་འགོག་པའི་རྒྱུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འདིར་ལྟ་བ་ལོག་པ་ནི་འཁོར་བ་དང༌། རྒྱུ་བདག་ཡིན་པ་དང༌། རྒྱུ་མི་མཐུན་པ་དབང་ཕྱུག་གིས་འཁོར་བ་བྱས་ཞེས་པའོ། །ས་བོན་ལས་མྱུ་གུ་ལྟར་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་བ་དང༌། ཕ་མ་ལ་སོགས་པ་ཕན་འདོགས་པའི་ཞིང་དང༌། རྫོགས་པའི་སངས་རྒྱས་


DTG014_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཡོན་ཏན་གྱི་ཞིང་དང༌། རྒྱུ་འབྲས་མི་སླུ་བ་ལ་ཡིད་ཆེས་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། གང་ཐག་ཆོས་ཀྱི་བདག་མེད་བྱང་ཆུབ་ཀྱི་རྒྱུད་ཡིད་ཆེས་པ་ནི་འཇིག་རྟེན་ལས་འདས་པའི་ལྟ་བ་བསྐྱེད་པར་བྱའོ། །དྲན་པ་ཉེ་བར་གཞག་པ་ལས། རང་གི་དགེ་དང་མི་དགེའི་ལས། །ལུས་ངག་ཡིད་ཀྱི་བྱེད་པ་གང༌། །འཇིག་རྟེན་པ་དེ་འབྲས་ལ་ལོངས་སྤྱོད། །བྱེད་བ་པོ་གཞན་གང་ཡང་མེད། །ཅེས་གསུངས་པའི་ཕྱིར་གྲོལ་བ་དང་འཆིང་བ་ཡང་རྟོག་པ་ཙམ་སྟེ། དེ་ཡང་རྟོག་མེད་ཀྱི་མཉམ་གཞག་ལ་མི་འབྱུང་ངོ༌། །ཇི་ལྟར་ཆུ་ལེན་པའི་ཕྱིར་བུམ་པ་ཁྱེར་བ་ན་ནང་དུ་ཡོད་པའི་ནམ་མཁར་མི་འགྲོ་སྟེ། དེ་ཅི་ཡང་མིན་པའི་ཕྱིར། དེ་ལྟར་སེམས་ཀྱི་ཆོས་མི་སྐྱེ་མི་འགག་མི་འབྱུང་མི་རྒས་སོ། །འཆི་བའི་དུས་སུ་སྙིང་སྟོབས་ཞིང་བའི་སེམས་ཀྱིས་འཆི་བ་ན་ལྷར་སྐྱེའོ། །མུན་པའམ། དྲག་པོའི་སེམས་ཀྱིས་དམྱལ་བར་སྐྱེའོ། །མི་དགེ་བ་འབྲིང་པོ་རྡུལ་གྱི་སེམས་ཀྱིས་དུད་འགྲོར་སྐྱེའོ། །དགེ་མི་དགེ་འདྲེས་མས་མིར་སྐྱེའོ། །ཡོན་ཏན་གསུམ་འདྲེས་པ་ལས་སྙིང་སྟོབས་ལྷག་ན་ཡི་དགས་བཟང་པོར་སྐྱེའོ། །རྡུལ་ལྷག་ན་བར་མར་རོ། །མུན་པ་ལྷག་ན་དམན་པར་རོ། །ལྷ་མ་ཡིན་ནི་ལྷར་འདུས་སོ། །མི་ནི་སྙིང་སྟོབས་ལྷག་ན་བདེ་བ་དང་ལྡན་ནོ། །རྡུལ་ལྷག་ན་བདེ་སྡུག་ཅན་ནོ། །མུན་པ་ལྷག་ན་རྟག་ཏུ་སྡུག་བསྔལ་ལོ། །དེ་ལྟར་མཐོ་རིས་སུ་སྐྱེ་བ་ནི་རྣམ་པ་བརྒྱད་དེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཉི་ཟླ་དང་སྒྲ་གཅན་གྱིས་ཟད་པར་བསྒོམ་པ་དང༌། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྟོབས་ཀྱིས་སོ། །ཕུང་པོ་བདག་ཏུ་བཟུང་བ་དང་ལོངས་སྤྱོད་བདག་ཏུ་བཟུང་པས་རིགས་དྲུག་ཏུ་འཁོར་རོ། །བསླབ་པའི་མདོ་སྡེ་དང༌། རྟོགས་པའི་ཤེས་བྱ་དང༌། སྒྲ་བྱཱ་ཀ་ར་ཎ་དང༌། ཙྪན་དང༌། ངེས་ཚིག་དང༌། རྩིས་ཏེ་ཡན་ལག་དྲུག་དང་ལྡན་པའི་རིག་བྱེད་ནི་མ་རིག་པའོ། །དྲན་པ་རྣམས་ནི་ཤེད་བུ་ལ་སོགས་པའོ། །རྟོག་པ་ནི་འཇིག་རྟེན་གྱི་རྟོག་པའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་བསྒོམ་པ་ནི་རྟོག་བཅས་སོ། །རྒྱས་པའི་སྙན་དང་གས་ནི་བྷ་ར་ཐཱའོ། །སྣ་ཚོགས་ཟོས་པའི་སྙན་དང་གས་ནི་བསྒོམ་པའི་ཆོས་སོ། །གྲོགས་མོའི་སྙན་དང་གས་ནི་རཱ་མ་ཎའོ། །བདུད་


DTG014_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མདའི་སྙན་དང་གས་ནི་ལོ་རྒྱུས་ཀྱི་ཆོས་ཏེ་འདི་དག་རིགས་པ་མ་ཡིན་ནོ། །ནང་གི་རིག་པ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་ནི་སྟོང་པ་ཉིད་ཟག་པ་མེད་པའི་བདག་ཉིད་དམིགས་པ་མེད་པའི་སྙིང་རྗེ་རྒྱུ་དང་འབྲས་བུ་གཅིག་ཏུ་གྱུར་པ་གང་ལས་ཁམས་གསུམ་སྐྱེ་བ་ངང་ཐིམ་པའོ། །དེ་ལ་གོམས་པའི་རྣལ་འབྱོར་པ་འབྲས་བུ་མ་ཐོབ་པར་འཆི་ན་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་ཞིང་དང་པོར་གོམས་པས་དཀའ་བ་མེད་པར་དེའི་ཡེ་ཤེས་ཐོབ་བོ། །དེ་ནས་མ་ཉམས་པའི་གོ་འཕང་ཐོབ་བོ། །འཆི་བའི་དུས་སུ་ཡང་སྔར་བྱས་པའི་དགེ་བའི་མཐུས་ཞེན་པ་མཐའ་དག་དང་བྲལ་བའི་སེམས་ཀྱིས་འཆི་ན་ལྷར་སྐྱེའོ། །གང་གི་ཕྱིར་གང་ལ་ཞེན་པ་དེ་ཉིད་དུ་སྐྱེའོ། །ཡེ་ཤེས་སྐྱེ་བ་དང་ལོངས་སྤྱད་པའི་དུས་ནི་ཉི་མ་ཕྱེད་ནས་ནམ་ཕྱེད་ཀྱི་བར་རོ། །གང་གོམས་པས་ཉི་མ་ལྟར་གྱེན་དུ་རྒྱུའོ། །མཐོ་རིས་སུ་འགྲོ་བའི་ལམ་ནི་སྣང་བ་དང་བཅས་པའོ། །གང་ཞིག་ཆོས་གང་ལ་འཇུག་པའི་བརྟུལ་ཞུགས་དང་སྨྱུང་གནས་ལ་དགའ་བ་དེའི་ཆོས་ལ་མངོན་པར་ཞེན་པ་དེ་ནི་འཆིང་བའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་བག་ཆགས་དང་བདེ་བ་ལ་སོགས་པའི་ཚོར་བ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཀུན་གཞིའི་རྣམ་ཤེས་ནི་སྲིད་པར་འཁོར་ལོ། །ཟླ་བ་ཉི་མའི་འཆི་ལྟས་ཀྱི་རྩ་ཆད་པ་ནི་སྣ་བུག་གཡོན་དང་གཡས་སུ་ཞག་སུམ་ཅུ་སོ་གཉིས་ཀྱི་བར་རོ། །དུས་སུ་འཆི་བ་ལ་ཡང་ཞག་སོ་གསུམ་གྱིས་ལུས་ངག་ཡིད་གསུམ་དང་ཕུང་པོ་ཁམས་དང་དབང་པོ་ལ་སོགས་པ་སྟོང་པར་རོ། །དེ་ནས་རྐྱང་མ་དང་རོ་མ་སྤངས་ནས་སྲོག་རླུང་ཞག་གཅིག་དབུ་མར་ཞུགས་ཏེ་དབུ་མའི་ནང་དུ་དུས་ཀྱི་རླུང་གིས་མནན་པས་ལྟེ་བར་སྒྲ་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན་པ་སྟོང་སྟེ་ས་འཆད་པར་འགྱུར་རོ། །སྙིང་གར་ཡོན་ཏན་བཞི་དང་ལྡན་པའི་ཆུ་ཡང་ངོ༌། །དེ་ཆད་པར་བྱས་ནས་མགྲིན་པར་ཡོན་ཏན་གསུམ་དང་ལྡན་པའི་མེ་བཅད་དེ། དཔྲལ་བར་ཡོན་ཏན་གཉིས་དང་ལྡན་པའི་རླུང་བཏང་ནས། སྤྱི་གཙུག་ཏུ་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ་གཏོང་ངོ༌། །དེ་ལྟར་སྲོག་རླུང་གིས་གྱེན་དུ་ཁམས་གཏོང་ལུགས་སོ། །ལུས་ཀྱི་ཐིག་ལེའི་ཆོས་ཅན་ཐུར་སེལ་འོག་ཏུ་གཏོང་སྟེ། སད་པའི་གནས་སྐབས་ཟད་དོ། །གསང་གནས་སུ་ངག་གི་ཐིག་ལེའི་ཆོས་ཅན་གཏོང་སྟེ་རྨི་


DTG014_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གནས་སྐབས་ཟད་དོ། །ནོར་བུས་སེམས་ཀྱི་ཐིག་ལེའི་ཆོས་ཅན་གཏོང་སྟེ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཟད་དོ། །དེ་ལྟར་གྱེན་དུ་ཡང་སྙིང་མགུལ་དཔྲལ་བར་རྡུལ་གྱི་ཐིག་ལེ་རྣམས་སྲོག་གིས་གཏོང་སྟེ་ལུས་ལ་སོགས་པ་འཆད་དོ། །ཐ་མར་དྲུག་པའི་ཡེ་ཤེས་ཀྱི་ཁམས་གཏོང་ངོ༌། །ཡན་ལག་ཀུན་ལས་ས་བོན་འོག་ཏུ་གཏོང་བ་དང༌། རྡུལ་གྱེན་དུ་འགྲོ་བ་སྟེ་བཞི་པའི་གནས་སྐབས་ཟད་དོ། །དེ་ལྟར་མངལ་ལས་སྐྱེས་པ་རྣམས་འཆིའོ། །དེས་ན་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་ལུས་ཀྱི་སྲུང་བ་བཤད་དེ། ལྟེ་བ་སྙིང་གམ་གུལ་པ་དང༌། །དཔྲལ་བ་སྤྱི་གཙུག་པདྨ་ལ། །ས་ཆུ་མེ་རླུང་ནམ་མཁའ་རྣམས། །སྡུད་པར་རབ་ཏུ་རྒྱུ་བ་ཡིན། །ཕྱི་རུ་འབྱུང་དང་ནང་དུ་བསྡུ། །དེ་ནི་སྐྱེད་པས་ས་ལ་འཇུག །སྲོག་གི་ནུས་པ་ནི་སྡུད་པས་ཕྱིར་འབྱུང་ལ་སྐྱེད་པས་ནང་དུ་འཇུག་གོ །ཐུར་སེལ་གྱི་ནུས་པ་ཡང༌། ལྟེ་བ་གསང་གནས་ནོར་བུའི་ནང༌། །ལུས་ངག་ཡིད་ནི་རིམ་གྱིས་རྒྱུ། །ཕྱི་རུ་འབྱུང་དང་ནང་རྒྱུ་ལ། །སྡུད་དང་སྐྱེད་པའི་རང་བཞིན་ནོ། །ཞེས་དབང་མདོར་བསྡུས་ལས་སོ། །དེ་བས་སངས་རྒྱས་ཀྱི་རང་བཞིན་ལུས་བསྲུང་བར་བྱའོ། །ལུས་མེད་ན་སྒྲུབ་པ་ཡང་མེད་པས་ཟག་པ་མེད་པའི་བདེ་བ་ཡང་མེད་དོ། །བྱང་སེམས་བསྲུང་བའི་ཕྱིར་རྩའི་རྣལ་འབྱོར་ནི་རྐྱང་མ་དང་རོ་མ་ནས་དབུ་མར་སྲོག་རླུང་བསྒོམ་པ་དང༌། ཐུར་སེལ་དུང་ཅན་མ་བསྒོམ་པར་བྱའོ། །འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་སྟོང་པ་ལ་དུ་བ་ལ་སོགས་པའི་ལམ་བླ་མ་ལ་བསླབས་ཏེ་སྣ་ཚོགས་གཟུགས་བརྙན་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྩའི་འཁོར་ལོ་རེ་རེར་སྲོག་དང་ཐུར་སེལ་ལ་བརྟེན་པར་བྱའོ། །དེ་ནས་སྒྲ་གཅན་ལྟར་བྱང་སེམས་འགོག་པར་བྱའོ། །སྲོག་དང་ཐུར་སེལ་སྦྱོར་ནུས་པའི་རྣལ་འབྱོར་གྱིས་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་བོ། །དུས་མ་ཡིན་པའི་འཆི་བའི་མཚན་ཉིད་ལྟར་ཤེས་ནས། །སྐྱེད་དང་སྡུད་པ་ལ་གནས་བའི་སྲོག་དང་ཐུར་སེལ་བཀག་ལ་དབུ་མར་སྒྲ་གཅན་དང་དུས་ཀྱི་མེའི་ནང་དུ་སྲོག་དང་ཐུར་སེལ་འཇུག་པར་བྱའོ། །ཉིན་ཞག་གཅིག་དབུ་མའི་ནང་དུ་རྒྱུ་བར་ནུས་ན་དུས་མ་ཡིན་པར་འཆི་བ་སླུ་བར་བྱེད་དོ། །དེ་ལྟར་མ་ནུས་ན་བཙན་ཐབས་ཀྱིས་ཀྱང་བྱའོ། །


DTG014_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་རེ་བཞི་དང་གནས་ཀྱི་ཕྱི་རོལ་གྱི་བཅུ་དྲུག་གིས་རླུང་སྐྱེད་དོ། །འདི་དག་ཁམས་སྙོམས་པར་བྱ་བའི་ཕྱིར་དང་རླུང་དང་གཟེར་ཞི་བར་བྱ་བའི་ཕྱིར་ཐུར་སེལ་བསྡམ་པར་བྱའོ། །དཔྲལ་བར་བཅུ་དྲུག་དང་སྤྱི་གཙུག་ཏུ་བཞི་སྟེ་ཉི་ཤུས་ནི་བད་ཀན་སྐྱེད་དོ། །དེ་དག་ཁམས་སྙོམས་པར་བྱ་བའི་ཕྱིར་སྲོག་རླུང་གི་རྩོལ་བས་བསྡམ་པར་བྱའོ། །ཐོག་མར་སྲོག་རླུང་དང་ཐུར་སེལ་ལན་གསུམ་བུས་ལ་ལྕེ་ཆུང་ལ་བཞག་སྟེ། ཕྱི་རོལ་གྱི་རླུང་ཡིད་ཀྱིས་དྲངས་ཤིང་བདུད་རྩི་འཐུངས་པས་མཁྲིས་པ་ཞི་བར་བྱེད་དོ། །སྙིང་གར་བརྒྱད་དང་མགུལ་པར་སོ་གཉིས་ནི་མཁྲིས་པ་སྐྱེད་དོ། །གསང་གནས་ཀྱི་བཅུ་ནི་འདུས་པ་སྐྱེད་དོ། །དེ་དག་སྙོམས་པར་བྱ་བའི་ཕྱིར་སྲོག་དང་ཐུར་སེལ་བསྡམ་པར་བྱའོ། །ཚད་པ་ལ་ཡང་ངོ༌། །གང་གི་ཕྱིར་སྲོག་ནི་ལྟེ་བ་ནས་གྱེན་དུ་རྒྱུ་བ་དང༌། ཐུར་སེལ་འོག་ཏུ་རྒྱུ་བ་འགོག་པ་དེས་རླུང་ལ་སོགས་པའི་སྐྱོན་ཐམས་ཅད་སེལ་ལོ། །བཤད་བ་དང༌། གཅི་བ་ས་བོན་གྱི་ལམ་འོག་ཏུ་ཐུར་སེལ་བསྡམས་ནས་ཟླ་བ་དང༌། ཉི་མ་དང་མེའི་ཁམས་གྱེན་དུ་སྲོག་བསྡམས་ཏེ་དེ་གཉིས་ཁ་སྦྱར་བས་འཕོ་བའི་མེས་ལུས་ཁྱབ་ཅིང་དམུ་ཆུ་དང༌། མཆིན་ནད་དང་གཞང་འབྲུམ་དང༌། དབུགས་མི་བདེ་བ་དང་གློ་ནད་དང་བརྟན་པ་དང་གཡོ་བ་དང་བཅོས་མའི་དུག་དང་མིག་ནད་དང་ཀླད་གཟེར་འཇོམས་པར་བྱེད་དོ། །བརླ་གཡས་པར་རྐང་པ་གཡོན་པ་དང༌། བརླ་གཡོན་པར་རྐང་བ་གཡས་པ་སྟེ། རྡོ་རྗེའི་སྐྱིལ་ཀྲུང་བཅས་པ་ལ་ལག་པ་གཡོན་པ་རྒྱབ་ཏུ་སོང་བས་རྐང་པ་གཡོན་པའི་མཐེ་བོང་དང་གཡས་པའི་མཐེ་བོང་བཟུང་བས་དབུགས་བཟུང་ན་རྒྱབ་ཀྱི་གཟེར་འཇོམས་པར་བྱེད་དོ། །རྐང་པ་གཉིས་གྱེན་དུ་མགོ་འོག་ཏུ་བྱས་ལ་སྲོག་འགོག་པས་བད་ཀན་འཇོམས་སོ། །གཅི་བ་དོར་བན་སྲོག་རླུང་བསྡམས་ཤིང་ཅུང་ཟད་རེ་སྟོང་པ་གོམས་པས་ཆུ་འགག་ཞིའོ། །སྔ་དྲོ་གདོང་པ་མ་བཀྲུས་པར་མིང་མེད་གཉིས་ཀྱིས་སོའི་ཕྲེང་མཉེས་པས་མིག་གཉིས་ལ་བསྐུས་པ་དང་ཆུ་ལྕག་བརྒྱབ་པས་མིག་ནད་སེལ་ལོ། །གན་རྐྱལ་དུ་ཉལ་ཏེ་ལག་པ་གཡོན་པས་ལྟེ་བ་མནན་ནས་སྲོག་རླུང་བཟུང་བས་མ་ཞུ་བའི་གཟེར་བ་འཇོམས་སོ། །འབྲས་ལ་སོགས་བ་བྱུང་བའི་དུས་སུ་མར་དང་ཚྭར་རུ་གཏུམས་པས་བདུགས་ན་འཕེལ་བ་འཇོམས་སོ། །


DTG014_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒའི་འོ་མ་བྱུགས་པས་ཀྱང་བྱའོ། །ཀཎྜ་ཀ་རིའི་མེ་ལ་བཞག་པའི་དུད་པས་གང་བའི་སྦུབས་སོ་ལ་ཡུན་རིང་པོར་བདུགས་པས་སོའི་སྲིན་བུ་དང་བཅས་པའི་གཟེར་འཇོམས་སོ། །དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱིས་མ་ཉམས་པའི་བསྒྲུབ་པ་ལ་ཕྱག་རྒྱའི་སྦྱོར་བས་འབབ་པའི་བྱང་སེམས་བདེ་བ་དམ་པ་ཡང་དང་ཡང་དུ་བཀག་སྟེ་ཟླ་བ་དྲུག་གིས་དཀར་མཛེ་འཇོམས་པར་བྱེད་དོ། །སྟོབས་མེད་ན་ཤ་དང་ཆང་ལོངས་སྤྱོད་ཅིང་ལོ་བཅུ་དྲུག་མ་བསྟེན་པས་རླུང་བུམ་པ་ཅན་གྱིས་ངེས་པར་འཇོམས་སོ། །ལོ་བདུན་ཅུའི་རྒས་པ་གཉེར་མ་དང་སྐྲ་དཀར་པོ་དང་བཅས་པ་ལོ་གཉིས་ཀྱིས་སོ། །དེ་རྗེས་ལོ་གསུམ་དང་ཟླ་བ་ཕྱེད་གསུམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ་བོ། །བུམ་པ་ཅན་ནི་དེ་སྲིད་དུ་བྱེད་དེ་ཇི་སྲིད་སྙིང་ཚ་བ་དང་མགོན་བ་མི་འབྱུང་ངོ༌། །དེའི་ཕྱིས་ཀྱང་བྱེད་ན་སྲོག་ནི་བརྒྱལ་བ་དང་མ་ནོན་པས་སྤྱི་གཙུག་གས་ཏེ་འགྲོའོ། །ཕྱག་རྒྱ་ཡང་བདེ་བ་ཆེན་པོ་བསྒོམ་པའི་དོན་དུ་ཡིན་གྱི་འདོད་ཆགས་ཟད་ཕྱིར་མ་ཡིན་ནོ། །མྱོས་བྱེད་ནི་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ཕུང་པོ་ལ་སོགས་པ་ཚིམ་པར་བྱེད་པའི་ཕྱིར་ཏེ་མྱོས་པར་བྱེད་པའི་ཕྱིར་མ་ཡིན་ནོ། །ཤ་ལ་སོགས་པའི་བཟའ་བ་ནི་བདེ་བ་འཕེལ་བར་བྱེད་པའི་ཕྱིར་ཏེ། མ་ཞུ་བའི་ཕྱིར་མ་ཡིན་ནོ། །མཚན་མོ་དུར་ཁྲོད་དུ་འགྲོ་བ་ནི་སྤྱོད་པ་སྒྲུབ་པའི་ཕྱིར་ཏེ་རྩེད་མོའི་ཕྱིར་མ་ཡིན་ནོ། །མི་བསྐྱོད་པ་ཅུང་ཟད་དྲོན་པོ་པི་པི་ལིང་གི་ཕྱེ་མ་དང་བསྲེས་ཏེ་ཁར་བཅུག་སྟེ་བཟུང་བ་ན་ཁའི་ནང་དང་སོའི་གཟེར་དང་སྲིན་བུ་སེལ་ལོ། །སྔ་དྲོ་མི་བསྐྱོད་པ་ཚ་བ་གསུམ་དང་བསྲེས་པ་སྣ་བུག་ཏུ་བླུགས་པས་མགོ་ན་བ་སེལ་ལོ། །ལྕི་བ་དྲོན་མོ་རྣ་བུག་ཏུ་བླུགས་ཏེ་བཞག་ན་རྣ་བའི་ནད་སེལ་ལོ། །དེ་གྲང་མོས་མིག་ནད་སེལ་ལོ། །མི་བསྐྱོད་པ་ཚ་བ་གསུམ་དང་བསྲེས་པ་སྣ་བུག་ཏུ་བླུགས་པས་འབྱུང་པོ་ལ་སོགས་པའི་གནོད་པ་སེལ་ལོ། །དུག་སྦྲུལ་གྱིས་ཟིན་པ་ལ་ཡང་ངོ༌། །ནང་དུ་བཤད་བ་ནི་ཕྱི་རོལ་དུ་མུ་ཟི་སྟེ་དེ་གཉིས་མཉམ་མོ། །ནང་དུ་དྲི་ཆུ་ནི་ཕྱི་རོལ་དུ་བྷྲྀཾ་ག་རཱ་ཛའི་ཁུ་བའོ། །ནང་དུ་བུད་མེད་ཀྱི་ཟླ་མཚན་ནི་ཕྱིར་ལྷང་ཚེར་རོ། །ཁུ་བ་ནི་ཕྱིར་དངུལ་ཆུའོ། །ནང་དུ་ཤ་དང་རྐང་མར་ནི་ཕྱི་རོལ་དུ་འབྲས་བུ་གསུམ་མོ། །བཤང་བ་ཆ་གཅིག་ལ་ནི་བཞི་ཆ་གཅིག་མེད་པའི་


DTG014_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཅིག །ཁྲག་ནི་ཆ་ཕྱེད་ས་བོན་བཞི་ཆ་གཅིག་སྟེ་ཐམས་ཅད་ཕྱེ་མར་བཏགས་ཏེ་ལྕི་བས་སྦྲུས་ཏེ་ལན་བདུན་དུ་ཉི་མ་ལ་བསྐམ་པར་བྱའོ། །དེ་ནས་ཞག་རེ་རེར་སྲང་ཕྱེད་ཕྱེད་མར་དང་སྦྲང་རྩི་བསྲེས་ཏེ་ཟླ་བ་དྲུག་གི་བར་དུ་ཟོས་ན་ཚེ་རིང་བར་འགྱུར་རོ། །ལོ་མ་དང་སྒྱུར་བ་དང་ཚ་བ་དང་མར་ནག་སྤང་བར་བྱ་སྟེ། བདུད་རྩི་ལྔ་བསྟེན་པའི་ཆོ་གའོ། །དབུ་མར་སྲོག་རླུང་བཀུག་ལ་ཀེ་ས་ར་ཛ་དང་བྷྲྀཾ་ག་རཱ་ཛའི་ཁུ་བ་དང་མཉམ་པོའི་ཟླ་མཚན་སྣ་བུག་ཏུ་ཟླ་བ་དྲུག་བླུགས་པས་སྐྲ་དཀར་བ་དང་བཅས་པའི་རྒས་པ་འཇོམས་སོ། །བ་ལང༌། ཁྱི། གླང་པོ་ཆེ། རྟ། མིའི་ཤ་རྣམས་སྦྲང་ཆང་དང་སྦྲང་གིས་བསྲེས་ཏེ་ཟླ་བ་དྲུག་ཏུ་ཟོས་ན་ནད་ཐམས་ཅད་སེལ་ལོ། །ཀེ་སར་ཛ་དང༌། བྷྲྀཾ་ག་རཱ་ཛའི་ཁུ་བ་དངུལ་ཆུ་དང༌། བྱང་སེམས་དཀར་དམར་གཉིས་དང་ཐམས་ཅད་མཉམ་པར་སྲང་ཕྱེད་ཕྱེད་ལོ་གཅིག་གི་བར་ཟོས་ན་རྒས་པ་འཇོམས་པ་སྟེ་ལོ་མ་དང་སྐྱུར་པོ་ལ་སོགས་པ་སྤངས་ནས་སོ། །ཚྭ་དང་བཅས་པའི་སྐྱུར་པོ་འཐུངས་པས་ན་རླུང་སེལ་ལོ། །ཀ་ར་ལ་སོགས་པ་མངར་བས་ནི་མཁྲིས་པ་སེལ་ལོ། །བསྐ་བས་ནི་བད་ཀན་སེལ་ལོ། །ཚ་བ་གསུམ་དང་བཅས་པའི་ཁུ་བ་ཡང་ངོ༌། །ཚ་བ་གསུམ་དང་བཅས་པའི་རའི་འོ་མ་འཐུངས་པ་དང༌། སྣ་བུག་ཏུ་བླུགས་པས་བད་ཀན་སེལ་ལོ། །ཀ་ར་དང་བཅས་པའི་མ་ཧེའི་འོ་མས་མཁྲིས་པ་སེལ་ལོ། །རྔ་མོའི་འོ་མ་རྒྱམ་ཚ་དང་བཅས་ན་རླུང་སེལ་ལོ། །བའི་འོ་མ་ཚ་བ་གསུམ་དང་བཅས་ན་བད་ཀན་སེལ་ལོ། །ཀ་ར་དང་བཅས་པས་མཁྲིས་པ་སེལ་ལོ། །རྒྱམ་ཚ་དང་བཅས་པས་རླུང་སེལ་ལོ། །ཚད་པ་མེད་པ་ལ་མར་ཡང་ངོ༌། །ཛཱ་ཏིའི་ལོ་མ་དེའི་བརྒྱད་འགྱུར་ཆུ་ལ་བསྐོལ་ཏེ་བཞི་ཆ་གཅིག་ཅུང་ཟད་དྲོ་བ་ཁར་བཞག་ན་སོའི་ནད་དང་ཁ་ནད་སེལ་ལོ། །ཏིལ་མར་གྱི་ཁུ་བ་དང་རའི་ཆུ་མཉམ་པོར་བསྐོལ་ཏེ་ཏིལ་མར་ཙམ་ལྷག་མར་བཞག་སྟེ་ཚྭ་དང་ཚ་བ་གསུམ་དེའི་བཞི་ཆ་གཅིག་དེར་བསྲེས་ལ་གྲང་མོ་རྣ་བའི་ནང་དུ་བཞག་བན་རྣ་བའི་ནད་སེལ་ལོ། །བའི་མར་དེ་བརྒྱད་འགྱུར་འོ་མ་དང་བསྐོལ་ནས་ནཱ་ག་གེ་སར་གུར་གུམ་གྱི་ཕྱེ་མ་དང་བསྲེས་ལ་སྣ་བུག་ཏུ་བླུགས་པས་སྣའི་ནད་སེལ་ལོ། །པཱ་ཉྫ་ཀཾ་ཀོ་ལི་དང༌། ལཾ་ཀ་ལི་དང༌། ཨིནྡྲི་དང༌། ཨིནྡྲ་བ་རུ་ནི་དང༌། ཏིག་ཏ་རྣམས་བོང་བུའི་ཆུས་བཏགས་ཏེ་བྱུགས་པས་


DTG014_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་མང་པོ་འཇོམས་སོ། །འབྲུམ་བུའི་ནད་ལ་དང་པོ་ཚ་བ་དང་རྐང་ལག་གི་ཚིགས་དང་མགོ་བོ་ན་བའོ། །དེ་ཤེས་ནས་བུ་ག་མེད་པའི་ཁང་པར་རྐང་པ་གཉིས་མཉམ་པར་ལངས་ཏེ་ལག་པ་གཉིས་བརླ་ལ་ཐུག་པར་ཐུར་དུ་དབྱངས་ཏེ་མ་འགྱེལ་གྱི་བར་དུ་བུམ་པ་ཅན་བསྒོམས་ཏེ་ཚད་པ་ལས་གྲོལ་བའི་བར་རོ། །སྙིང་གའི་ཟླ་བ་ལས་ཕྲེཾ་ཡིག་དཀར་པོ་ལས་བྱུང་བ་སྣ་ཚོགས་ཡུམ་མམ་གཟུགས་རྡོ་རྗེ་མ་ཞལ་གཅིག་ཕྱག་གཉིས་ལ་རྡོ་རྗེ། པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། གཡོན་གྱི་ཐུགས་ཀར་པདྨ་དཀར་པོའི་ཡུ་བ་བསྣམས་པ། གཡས་པ་མཆོག་སྦྱིན་ཅན་སྲོག་རྩོལ་གྱིས་བསྒོམ་པར་བྱའོ། །སྲན་ཆུང་བཏགས་ཏེ་ཆུ་གྲང་མོ་དང་བསྲེས་ཏེ་བཏུང་ངོ༌། །ཞག་གསུམ་པ་ལ་འབྲུམ་པ་སྐྱེ་བ་ན། འབྲུམ་པས་ཤི་བའི་ཐོད་པའམ་གཞན་བདར་ལ་མི་བསྐྱོད་པ་བསྲེས་ཏེ་བཏུང་ངོ༌། །ཨོཾ་ཕྲེཾ་བི་ཤྭ་མཱ་ཏྲཻ་བཛྲ་ཀཎྜ་ཀི་ནཱ་ཤ་ཡ་ནཱ་ཤ་ཡ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྔགས་འདིས་ཡམས་དྲུག་དང་གནོད་པ་རྣམས་ལ། བདག་དང་གཞན་བསྲུང་བའི་ཕྱིར་བཟླས་པ་བྱའོ། །སྨན་ལ་ཡང་ལན་བདུན་དུ་བསྔགས་པར་བྱའོ། །འདིས་དཔྲལ་བ་སྙིང་ག་མགུལ་པ་ལྟེ་བ་གསང་གནས་སྤྱི་གཙུག་ཏུ་ཐུན་གསུམ་བསྲུང་བར་བྱའོ། །འབྱུང་བོས་བཟུང་བ་ལ་ཚ་བ་གསུམ་དང་བསྲེས་ལ་མི་བསྐྱོད་པ་འཐུངས་ན་ཞི་བའོ། །ད་ནི་བཅུད་ལེན་བརྗོད་དེ། གསེར་སྲང་གཉིས་སྦྱངས་པ་དང༌། ཟངས་མ་ལྕགས་ཀནྟི་དང༌། ལྷང་ཚེར་ལྕགས་ཀནྟི། ཀྵ་ཏི་དེ་དག་ཆ་མཉམ་པར་སྲང་གཉིས་མུ་ཟི་ཁ་མ་བཀབ་པ་ལ་སྨན་དེ་དག་གི་བར་ཀུན་དུ་སུ་བརྞ་མ་ཀྵི་ཀའི་ཕྱེ་མ་སྤང་གཉིས་བླུགས་ཏེ་མེ་དྲག་པོ་ལ་བསྐོལ་ཏེ་གསེར་གནས་པའི་བར་དུའོ། །དངུལ་ཆུ་སྲང་བཞི་ལ་ཡུང་བ་མ་བཅས་པ་དང་སོ་ཕག་གི་ཕྱེ་མ་དང་ལྷང་ཚེར་རས་ལ་ལན་བདུན་བཙགས་ལ་གསེར་དེ་དང་བསྲེས་པའི་འདག་པ་སྲང་དྲུག་བྱས་ཏེ་བའི་དར་བ་མར་མེད་པ་མེ་དྲག་པོ་ལ་བསྐོལ་ཏེ་རས་ལ་བཙགས་ནས་ཚིགས་མ་དོར་ཏེ་ཆུར་ཁུ་དེ་ཁབ་ལེན་གྱི་སྣོད་ལ་གསེར་གྱི་འདག་པ་དང་བསྐོལ་ཏེ་སྲང་གསུམ་ལུས་པའི་བར་རོ། །དེ་ནི་ཟླ་བ་དྲུག་གི་ཞག་གྲངས་དང་མཉམ་པར་བསྐོལ་ཏེ། ཀ་ར་ཕྱེ་མ་འདག་པ་སྲང་བརྒྱད་དང༌། ཕོ་བའི་མེ་དྲོད་དང་ཆ་


DTG014_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བདུན་ནམ་དགུ་ལ་སོགས་པ་དང་དེའི་དྲུག་ཅུ་ཆ་གཅིག་གིས་ཕོ་པ་རིས་ཀྱི་ཕྱེ་མ་དང་བསྲེས་ཏེ་བཟའ་བར་བྱའོ། །ཟས་གཞན་སྤང་བར་བྱའོ། །ཟླ་བ་དྲུག་གིས་ལྷའི་ལུས་དང་འདྲ་བའི་རྒས་པ་དང་གཉེར་མ་དང་འཆི་མེད་འགྲུབ་བོ། །སྨན་རྫོགས་པ་དང་ཇི་སྲིད་འཚོའི་བར་དུ་ཀ་ར་ཕྱེ་མ་ཅིག་བསྲེས་པའི་ཁུར་ནི་བཟའ་བར་བྱའོ། །ད་ནི་གསེར་གྱི་ཕྱེད་བསྒྱུར་བརྗོད་དེ། བཤད་མ་ཐག་པའི་ས་བོན་དངུལ་ཆུ་དེ་དང་མཉམ་པོར་བསྲེས་ཏེ་ཚྭ་དང་སྐྱུར་པོ་དང་ཚྭའི་རིགས་གཞན་ཡང་བསྣུར་ཇི་སྲིད་འདྲེས་ཀྱི་བར་རོ། །དེ་ནས་མུ་ཟི་དང༌། ལྷང་ཚེར་དང༌། ལྡོང་རོས་དང༌། བ་བླ་དང༌། ཞ་ཉེ་དང༌། ཀ་ཀྵི་དང༌། ཀ་ཤི་ཤ་དང༌། དབྱིག་དང༌། གསེར་གྱི་བཙག་སྟེ་འདི་དག་ཆ་མཉམ་པར་ཆ་གཉིས་གོང་གི་སྨན་ཆ་གཅིག་དང་གསུམ་དངུལ་ཆུ་དང་ཆ་མཉམ་པའི་ཉའི་མཁྲིས་པ་པི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོར་བསྣུར་ལ་དེ་ནས་དངུལ་གྱི་ལབ་ལེབ་ལ་བསྐུས་ཏེ་ཞག་གསུམ་གྱི་བར་དུ་ཐབ་ཀྱི་འོག་ཏུ་བཞག་ལ་ཐབ་ཀྱི་མེས་བཙོས་བས་གསེར་དུ་འགྱུར་རོ། །དེའི་ཕྱེད་གསེར་དང་འདྲེས་པས་གསེར་གྱི་ཕྱེད་བསྒྱུར་བ་ཡིན་ནོ། །ད་ནི་འདྲ་མིན་བརྗོད་པར་བྱ་སྟེ། ཏཱིཀྵ་ན་དང་ལྷང་ཚེར་ནི་ཤིང་བྷ་ཏྲིའི་འོ་མས་སྤངས་པས་ཞུ་བ་དང་བ་བླ་དང་རྒྱ་ཚ་དང་ཡ་བཀྵ་ར་དང༌། སྤོས་དཀར་ཏེ། ཏཱི་ཀྵ་ན་ལ་སོགས་པ་རིམ་གྱིས་གཅིག་གཉིས་གསུམ་བཞི་ལྔ་དྲུག་གི་བར་དུ་ཆ་ཇེ་མང་བྱས་ཏེ་ཐམས་ཅད་བསྲེས་པ་དེ་ཟངས་ཉིས་འགྱུར་དང་ལུགས་ཀོང་གི་ནང་དུ་ཁ་བཀབ་ལ་བསྐོལ་ནས། ཡང་ཁ་ཕྱེ་ནས་བསྐོལ་ཏེ་ཟངས་ལུས་པའི་བར་རོ། །དེ་ཆ་ལས་དག་པར་བྱས་ཏེ་ཅུང་ཟད་སྙི་བར་འགྱུར་རོ། །ཨརྒའི་རྩ་བ་དང༌། ད་དུར་སེར་པོའི་རྩ་བ་དང༌། ཨེ་རཎྜའི་རྩ་བ་དང༌། ཀྵི་ར་ཀཾ་ཙུག་གི་རྩ་བ་སྟེ་ཆ་མཉམ་པར་བཏགས་པའི་དར་བ་ལ་ཞག་བདུན་གྱི་བར་དུ་གཞག་གོ །དེ་ནས་བཅུ་གཉིས་པ་དེ་གོང་མའི་ནང་དུ་བླུགས་ཏེ་ཤིན་ཏུ་སྙི་བར་གྱུར་གྱི་བར་དུ་གཞག་བར་བྱའོ། །དེ་ཆ་གཅིག་དངུལ་ཆ་གཉིས་དང་བསྲེས་ལ་འདྲ་མིན་བྱས་ཏེ་དག་པར་འགྱུར་རོ་ཞེས་འདྲ་མིན་གྱི་ངེས་པའོ། །དེ་ནི་ཆོས་པ་རྣམས་ཀྱི་འཚོ་བའི་ཕྱིར་རོ། །ཆོས་པའི་ཀུན་རྫོབ་ནི་སྒྱུ་མ་ལྟ་བུའི་དབུ་མ་ཡིན་ལ། དོན་དམ་པ་ནི་རབ་ཏུ་མི་གནས་པའོ། །རྡུལ་ཕྲ་རབ་ནི་རིག་པས་མ་


DTG014_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གྲབ་པས་སེམས་པའི་དངོས་པོ་སྨྲ་བར་འདོད་བ་མི་འགྲུབ་སྟེ། །འདི་ལྟར་བུམ་པ་ལ་སོགས་པའི་དངོས་བོ་གཅིག་ཏུ་མ་གྲུབ་སྟེ། སྟེང་འོག་ཕྱོགས་བཅུའི་དབྱེ་བ་དུ་མར་གྱུར་པའི་ཕྱིར་རོ། །ཆ་ཤས་ཡོད་པར་འདོད་ན། དྲུག་གིས་ཅིག་ཅར་སྦྱང་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཆ་ཤས་མེད་པར་འདོད་ན། དྲུག་པོ་དག་ནི་གོ་ཅིག་ན། གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཆ་ཤས་མེད་ན་ཐོགས་པ་མེད་པའི་ཕྱིར་ཕན་ཚུན་དུ་ཐིམ་མོ། ཁམས་གསུམ་རྣམ་ཤེས་ཙམ་སྨྲ་བ་ལ་བརྗོད་དེ་རྣམ་ཤེས་ཙམ་ཡོད་དེ། དོན་མེད་ན་ཅི་སྣང་རྣམ་ཤེས་ཙམ་ལས་ཕྱི་རོལ་གྱི་དོན་མེད་ན་ཅི་སྟེ་སྣང་ཞིང་འདུག །སྨྲས་པ། བག་ཆགས་ཀྱི་དབང་གིས་སོ། །ཇི་ལྟར་རྨི་ལམ་དུ་མེད་ཀྱང་སྣང་བ་བཞིན་ནོ། །བརྗོད་པ། ཉིན་མོར་མཐོང་བ་རྨི་ལམ་སྣང༌། །དངོས་པོ་ཡོད་པའི་ཕྱིར་རོ། །གང་ལ་དོན་ནི་གཏན་ནས་མེད། །རྣལ་འབྱོར་སྤྱོད་པ་ལའོ། །དེ་ལ་བག་ཆགས་གང་ལ་འབྱུང༌། །དངོས་པོ་གཏན་མེད་པ་ཡི་ཕྱིར། །དངོས་པོའི་བག་ཆགས་གང་ལས་འབྱུང༌། །སྨྲས་པ་མ་རིག་པ་ལས་སོ། །བརྗོད་པ་འཁོར་བ་མ་ལུས་དེ་ཡིན་ནོ། །དངོས་པོ་བག་ཆགས་འབའ་ཞིག་ཏུ་མ་ཟད་འོན་ཀྱང་གཉིས་ཀ་འདོད་པའི་འགྲོ་བ་མ་ལུས་པ་མ་རིག་པར་གྲུབ་སྟེ། ཕྱི་རོལ་ཉིད་དུ་སྣང་བའི་ཕྱིར་རོ། །རྣམ་ཤེས་དེ་ནི་དོན་དམ་འདོད། །མ་རིག་དང་བྲལ་ག་ལ་སྲིད། །འགྲོ་བ་མ་ལུས་རྣམ་ཤེས་ཙམ་དུ་ཁྱོད་འདོད་ལ། རྣམ་ཤེས་ཏེ་དེ་ཡང་དོན་དམ་མ་ཡིན་པས་མ་རིག་པ་དང་བྲལ་བའི་དུས་ཁྱེད་ལ་གཏན་ནས་མི་སྲིད་དོ། །ད་ནི་རྣམ་ཤེས་ཚེ་རབས་ཚེ་རབས་སུ་མི་འདོད་པའི་རྒྱང་པན་པ་སྨྲ་སྟེ། འབྱུང་བ་ལྔ་ནི་ཡོངས་སྨིན་པས། །སྨྱོན་པས་ནུས་བཞིན་སེམས་བྱུང་ངོ༌། །བྱུང་བ་རྣམས་ཁོ་ན་སེམས་སུ་འགྱུར་ཏེ། ཆང་ལས་སྔར་མེད་ཀྱང་ཡོངས་སུ་སྨིན་པའི་ཚེ་སྨྱོ་བར་བྱེད་པའི་ནུས་པ་སྐྱེ་བ་བཞིན་ནོ། །དེ་ལྟར་མངལ་དུས་ལ་སོགས་པ་ཡོངས་སུ་སྨིན་པ་ལས་སེམས་བྱུང་སྟེ་སྐྱེ་བ་ཕྱི་མ་དང་ཐར་པ་མེད། བརྗོད་པ། ཀྱེ་སྡིག་ཅན་གལ་ཏེ་འབྱུང་བ་རྣམས་ལས་སེམས་སོགས་པ་བྱུང་ན་དེའི་ཚེ་ནི་ཤིང་དང་ལྕགས་ལ་སོགས་པ་ཡང་ས་ལ་སོགས་པ་བྱུང་བ་རྣམས་ཡོངས་སུ་སྨིན་པ་ཡོད་པས། དེ་དང་སྦྱོར་བས་དམ་བཅས་ཡིན། །ཤིང་ལ་སོགས་པར་ཅིས་མི་འབྱུང༌། །


DTG014_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་དབང་བོ་དང་བཅས་པའི་སེམས་ཡོད་པ་དེ་བཞིན་དུ་ཤིང་ལ་སོགས་པ་ལ་ཡང་འབྱུང་བར་འགྱུར་ཏེ། ལོང་བས་ཉི་ཟླ་ལ་སོགས་ཀྱི་གཟི་བརྗིད་དེ་ཕུང་པོ་མ་མཐོང་བས། དེ་མེད་ཅེས་ནི་སྨྲས་ན་ཡང༌། །དེ་ལ་སུ་ཞིག་ཡིད་ཆེས་འགྱུར། །སྟོང་པ་ཉིད་ལྟར་ཐམས་ཅད་ལས། །ཕྱིར་འབྱུང་ལས་ནི་རྒྱས་པར་གསུངས། །གང་གི་ལྟ་བ་སྟོང་ཉིད་དེ། །དེ་ནི་གྲོལ་བྱ་མིན་པར་བཤད། །ནང་གི་རྒྱུད་དོན་ཟབ་མོ་ལས། །ནང་གི་སྙེ་མ་ཕྱུང་བྲིས་ལས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །ནང་ལ་མཁས་ཤིང་རྒྱལ་བར་འགྱུར། །ནང་གི་སྙེ་མ་ཞེས་བྱ་བ། །རྒྱ་གར་ཤར་ཕྱོགས་ཀྱི་ཛ་གཏྟ་ལའི་པཎྜི་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ཕྱོགས་གཅིག་ཏུ་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་ཀྱིས་རང་འགྱུར་དུ་མཛད་པའོ།།


previousནང་གི་སྙེ་མ། བི་བྷཱུ་ཏི་ཙནྡྲས་མཛད།next