Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བདུན་པ།


  expand section
  expand section
  expand section
  collapse section
ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ།  དཔའ་བོ་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section


 
previousཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ། དཔའ་བོ་རྡོ་རྗེ།next

ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ།
དཔའ་བོ་རྡོ་རྗེ།

ལེའུ་དང་པོ། དཀྱིལ་འཁོར་ལ་འཇུག་པའི་འགྲེལ་པ།


DTG017_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མནྟ་གུ་ཎ་ས་ལི་ནཱི་ནཱ་མ་ཊཱི་ཀཱ། བོད་སྐད་དུ། ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ། །དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །འཁོར་ལོ་གསུམ་སོགས་ལྡན་པ་ཡི། །བདེ་མཆོག་མགོན་ལ་རབ་བཏུད་ནས། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ཡི་རྣམ་འགྲེལ་བརྗོད་པར་བྱ། །ཤེས་པའི་ང་རྒྱལ་དག་ཀྱང་མེད། །ཁ་ཅིག་དོན་དུ་བྱས་པ་མིན། །སྣ་ཚོགས་འདོད་དང་མཐུན་པ་རུ། །བདག་ཉིད་དྲན་པ་ཉིད་ཕྱིར་རོ། །མཆོག་ཏུ་དགའ་བ་སྐྱེད་བྱེད་པའི། །དམ་པའི་རང་བཞིན་གསང་བ་ནི། །མདོར་བསྡུས་གདན་ལས་བྱུང་གྱུར་པ། །དེ་འདིར་ཐེ་ཚོམ་མེད་པའོ། །དེ་ལ་དང་པོ་བརྗོད་བྱ་དང་རྗོད་བྱེད་དང༌། དགོས་པ་དང༌། དགོས་པའི་དགོས་པ་རྣམས་མཐོང་ན་རྟོག་པ་དང་ལྡན་པ་ཆོས་ཀྱི་རྗེས་སུ་འབྲང་པ་ཡང་འཇུག་པར་འགྱུར་རོ། །དེའི་ཕྱིར་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་པ་དང༌། དགོས་པ་དང་དགོས་པའི་དགོས་པ་བསྟན་པས་དད་པའི་རྗེས་སུ་འབྲང་བ་དང༌། རྟོག་པ་དང་ལྡན་པའི་འཇུག་པ་པོའི་གང་ཟག་འཇུག་པའི་ཡན་ལག་ཏུ་དེ་ཉིད་འདིར་བརྗོད་པར་བྱ་སྟེ། དེ་ནས་དེ་ཕྱིར་ཞེས་པ་ནས་བཟུང་སྟེ་ཅི་སྙེད་དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལེའུ་ལྔ་བཅུ་གཅིག་པའི་བར་གྱི་གཞུང་གི་ཚིག་ནི་རྗོད་བྱེད་དོ། །གང་དེས་བརྗོད་བྱ་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་མ་ལུས་པའི་ངོ་བོ་ཉིད་ནི་བརྗོད་པར་བྱ་བའོ། །འདིས་ནི་བརྗོད་བྱ་དང་རྗོད་བྱེད་བསྒྲུབ་བྱ་དང་སྒྲུབ་བྱེད་དང༌། ཐབས་དང་ཐབས་ལས་བྱུང་བ་དང་ཚིག་དང་ཚིག་ནི་དོན་དང་བསྐྱེད་བྱ་དང་སྐྱེད་བྱེད་དང་རྒྱུ་དང་འབྲས་བུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་དངོས་སུ་སྐྱེད་པར་བྱེད་པ་དང་འདོད་ཆགས་


DTG017_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཉོན་མོངས་པའི་སྐྱོན་འཇོམས་པར་བྱེད་པ་ནི་དགོས་པའོ། །དེ་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྐྱོན་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པས་གསལ་ཏེ་ཚེགས་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་འགྲོ་བས་བསྐྱེད་ནས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པའི་དགོས་པའོ། །བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཚོགས་སྐྱེ་འགྲོ་གཞུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་གསང་བའི་དབང་བསྐུར་བའི་བར་ནི་དགོས་པ་ཡིན་ནོ་ཞེས་ཁ་ཅིག་གིའོ། །ཕྱིས་ཀྱི་དུས་སུ་དེའི་འབྲས་བུ་ཐོབ་པ་ནི་དགོས་པའི་དགོས་པའོ། །དེ་ཡང་ངེས་པར་བརྗོད་པ་ནི་བསྟན་བཅོས་ཀྱི་རྗེས་སུ་འབྲང་བའི་སྐྱེས་བུ་ལ་བསྟན་ན་ཉེ་བར་མཁོ་བ་ཉིད་ཀྱི་ཕྱིར་རོ། །འདིར་ནི་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་དཔའ་བོ་དང་དཔའ་མོའི་འཁོར་གྱིས་ཡོངས་སུ་བསྐོར་ནས་སྟོན་པ་པོ་ནི་བཅོམ་ལྡན་འདས་བཅོམ་ལྡན་འདས་མས་རྟོགས་པར་བྱ་བ་ནི་ཁ་ཅིག་ཟེར་རོ། །གཉིས་ཀ་ཡང་མགྲིན་གཅིག་གི་གསུང་གིས་སྟོན་པ་པོ་བཅོམ་ལྡན་འདས་སྟོན་པ་མོ་བཅོམ་ལྡན་འདས་མས་སངས་རྒྱས་མཁའ་འགྲོ་མ་དཔའ་བོ་དང་དཔའ་མོས་རྟོགས་པར་བྱ་བ་ནི་ཁ་ཅིག་གིའོ། །སངས་རྒྱས་མཁའ་འགྲོ་མ་དཔའ་བོ་དང་དཔའ་མོའི་འཁོར་གྱིས་བསྐོར་ནས་སྟོན་པ་པོ་བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱིས་རྟོགས་པར་བྱ་བ་ནི་གཞན་གྱིའོ། །དེ་ཉིད་ཀྱི་ཕྱིར། །མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །ཞེས་གསུངས་པ་ཉིད་ཀྱི་ཕྱིར་རོ། །དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ལ་དེ་བཞིན་དུ་བོས་པའི་ཕྱིར་རོ། །དེ་ནས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་འདིར་རྒྱུད་ཀྱི་དང་པོ་ཉིད་དུ་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་སྡུད་པ་པོས་ཅིའི་ཕྱིར་བསམ་པར་མ་བྱས་ཞེས་ཁ་ཅིག་རྩོད་པ་ལ། །དེ་ཡོངས་སུ་སྤངས་པའི་ཕྱིར་བརྗོད་པ་ནི་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་རབ་ཏུ་བསྟན་པའི་དོན་དུ་སྟེ། འདི་ཉིད་ཀྱི་ཕྱིར། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་སོ། །གཞན་ནི་ནམ་མཁའ་དང་མཉམ་པའི་རྒྱུད་སྟོང་ཕྲག་བརྒྱ་པ་ལས་བཏུས་པ་ཉིད་ཀྱི་ཕྱིར་དེ་ལ་ནམ་མཁའ་དང་མཉམ་པའི་རྒྱུད་དེ་ཉིད་ཀྱི་དང་པོར་འདི་སྐད་བདག་གིས་ལ་སོགས་པ་བསྟན་པས་རྒྱུད་ཕྱི་མ་འདིར་མ་བསྟན་པ་ཡིན་ནོ། །དེའི་ཕྱིར་རྒྱུད་གཞན་དུ།


DTG017_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསལ་དོན་སྟོན་ཚིག་ནི་ཕྱི་མ་ཡིན། །ཞེས་བྱའོ། །གཞན་ནི་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་དུ་མེད་པས་བསྟན་བྱ་དང་སྟོན་པ་པོ་གཅིག་ཉིད་དུ་བསྟན་པ་ཡིན་ཏེ། སྔགས་དང་སྐུ་ནི་བཅོམ་ལྡན་འདས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཕྲད་ཀྱི་ཚོགས་འདིས་རྒྱུད་ཕྱི་མ་ཉིད་དུ་ངེས་པ་ཡིན་ནོ། །དེ་ནས་ནི་རྗེས་ཐོགས་ཏེ་ནམ་མཁའ་དང་མཉམ་པའི་རྒྱུད་དེའི་རྗེས་ཐོགས་སུ་འོག་ནས་འབྱུང་བ་འདིའི་དོན་བརྗོད་པ་ནི་དེ་གསལ་པོར་བཤད་པར་བྱའོ་ཞེས་སྦྱར་རོ། །བརྗོད་བཞིན་པའི་དེ་ནས་ཀྱི་སྒྲ་ནི་རིམ་པའམ་རྒྱུའི་དོན་ཏོ། །ཡང་ན་དེ་ནས་ཀྱི་སྒྲའི་ཚིག་ནི་བཀྲ་ཤིས་པའི་དོན་ཏེ། བསྟན་བཅོས་དང་པོར་བཀྲ་ཤིས་བརྗོད་པ་ནི་འཇུག་པ་པོ་རྣམས་བགེགས་མེད་པའི་དོན་ཡིན་པའམ་ཡང་ན་དབང་དུ་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྔོན་དུ་བསྟན་པའི་རང་བཞིན་ལ་ལྟོས་ནས་བཀྲ་ཤིས་པའི་དོན་ནམ་དབང་དུ་བྱ་བའི་དོན་དུ་དེ་ནས་ཀྱི་སྒྲ་བརྗོད་པའོ། །དེ་ཕྱིར་གྱི་སྒྲ་ནི་བསྟན་བཅོས་སུ་རིམ་པའམ་རྒྱུ་མཚན་གྱི་དོན་གྱི་ཕྱིར་རོ། །འོན་ཀྱང་འོག་ནས་བྱུང་བའི་ཚིག་བཞིས་ཁྱད་པར་དུ་བྱས་པའི་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་ཞེས་གསུངས་ཏེ། དཔལ་གྱི་སྒྲ་ནི་བྷ་གའི་ཚིག་གམ་མཆོད་པའི་ཚིག་གམ་བསོད་ནམས་སམ་ཡེ་ཤེས་ཀྱི་ཚིག་གམ་གསང་བ་གསུམ་གྱི་ཚིག་གོ །དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོ་གཙོ་བོར་གྱུར་པའི་ཧེ་རུ་ཀ་ནི་ཧེ་རུ་ཀ་དཔལ་ལོ། །དེའི་ཡང་དག་སྦྱོར་བ་ནི་དེ་དང་ལྷན་ཅིག་ཏུ་རོ་གཅིག་པའི་ངོ་བོར་འཁྱུད་པ་དང་འོ་བྱེད་པའི་སྦྱོར་པའི་སྦྱར་བ་ཞེས་པ་ནི་ཀུན་རྫོབ་ཀྱི་ཕྱོགས་སོ། །གཞན་ཡང་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་ནི། །གཉིས་མེད་མཚན་མ་མེད་པ་དང༌། །སྨིན་པའི་དངོས་པོ་རྣམ་པར་སྤངས། །སྟོང་ཉིད་མངོན་པར་འདུ་བྱེད་མེད། །གནས་མེད་གནས་པ་མེད་པ་མེད། །གནས་མེད་གནས་པ་མེད་སྤངས་རིགས། །འདི་ཉིད་རྣལ་འབྱོར་གྱུར་པ་སྟེ། །རྣམ་བཀོད་ཚིག་ལ་ཡང་དག་གནས། །དཔལ་ལྡན་ཧེ་རུ་ཀ་བརྗོད་པས། །བརྗོད་བྱ་ལ་ནི་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། །རིམ་པ་ཇི་བཞིན་དེ་བཞིན་བརྗོད། །ཅེས་བྱ་བ་ནི་དོན་དམ་པའི་ཕྱོགས་སོ། །དེ་ཉིད་ཀྱི་ཕྱིར། གཞན་གྱི་གདན་ནི་ཤེས་རབ་སྟེ། །བདག་གི་གདན་ནི་ཐབས་བཞིན་ནོ། །འདི་ཉིད་དབྱེར་མེད་གྱུར་པ་ནི། །རྣལ་འབྱོར་གདན་དུ་རྣམ་པར་གནས། །དེ་ཉིད་གདན་ནི་དེ་ལས་བྱུང༌། །གང་ཞིག་དེ་རམས་སྤངས་གྱུར་པའི། །ལྷན་ཅིག་སྐྱེས་ཞེས་བྱ་བ་སྟེ། །ངག་གི་སྤྱོད་ཡུལ་


DTG017_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའོ། །ཞེས་གསུངས་སོ། །ཁྱད་པར་ཅི་ཞེས་པ་ལ་གསང་བ་ཞེས་གསུངས་ཏེ། གསང་བ་ནི་རྩ་བར་བྱ་བ་སྟེ། འདི་ཀུན་ཉན་ཐོས་ལ་སོགས་པ་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་ན་ནི་ཤེས་རབ་དང་ཐབས་གཉིས་ལྷན་ཅིག་ཏུ་གཅིག་ཏུ་གྱུར་པ་ལས། བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་གསང་བའོ། །ཡང་ན་རྡོ་རྗེ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་གསུམ་ནི་ར་ཧ་ཤྱའོ། །ར་ཞེས་བྱ་བ་རྡོ་རྗེར་བརྗོད། །ཧ་ཞེས་བྱ་བ་པདྨ་སྟེ། དེ་གཉིས་དག་གི་ས་བོན་ནི། །ཤྱ་རུ་མངོན་པར་བསྟན་པའོ། །དེ་ལ་ར་ནི་རྡོ་རྗེ་རྩེ་མོ་དང་འདྲ་བའི་ཕྱིར་རོ། །ཧ་ནི་ཁྭ་གདོང་མའི་ཕྱིར་དང༌། ས་དང་ཡ་གཉིས་སྦྱར་བ་ནི་གཉིས་ཀའི་ས་བོན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རམ། །རྟེན་དང་བརྟེན་པ་ཉིད་གཅིག་གི་ངོ་བོའི་ཕྱིར་རོ། །གསང་བའི་སྒྲས་ནི་རྡོ་རྗེ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་སུ་བསྟན་པ་དེ་ཉིད་ཀྱི་ཕྱིར། ཐུགས་ཀྱི་རྡོ་རྗེའི་ཕྱི་རོལ་ནི། །དབང་པོ་དོན་གྱི་རང་བཞིན་ནོ། །གཟུགས་ལ་སོགས་པར་སྣང་བ་ནི། །སེམས་ཉིད་དེ་ལྟར་སྣང་བའོ། །ཞེས་གསུངས་སོ། །ཡང་ཁྱད་པར་ཅི་ལྟ་བུ་དེ་ཞེས་པ་ལ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་གསུངས་ཏེ། ཐམས་ཅད་ཀྱི་འདོད་པ་ནི་མངོན་པར་འདོད་པ་སྟེ། དེ་ཉིད་ནི་དོན་ཏེ་དགོས་པའོ། །དེ་སྒྲུབ་པར་བྱེད་པ་པོ་ནི་བཅོམ་ལྡན་འདས་སོ། །ཡང་ན་ཐམས་ཅད་དུ་འདོད་པ་ནི་ཁྱད་པར་གྱི་བསྡུ་བའོ། །ཡང་ཇི་ལྟ་བུ་ཞེས་པ་ལ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །ཞེས་གསུངས་ཏེ། བསྟན་བྱ་དང་སྟོན་པ་པོ་དབྱེར་མེད་པ་ལ་སོགས་པ་ནི། གསང་བ་འདུས་པ་ལ་སོགས་པ་བླ་མའི་རྒྱུད་དེ་རྣམས་ལས་ཀྱང་དེ་བླ་མར་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་གསུངས་ཏེ། མཁའ་འགྲོ་མ་ནི་འཁོར་ལོ་གསུམ་ལ་གནས་པ་ལ་སོགས་པ་ཐམས་ཅད་དོ། །དྲ་བ་ནི་དེའི་ཆོ་གས་སོ། །སྡོམ་པ་ནི་དེ་བསྡམས་ཤིང་སྦས་སོ་ཞེས་བྱ་བའི་དོན་ཏོ། །མཁའ་ལ་འགྲོ་བ་སྟེ། ཌཻ་ལས་ནམ་མཁའ་ལ་འགྲོ་བ་སྟེ། ཌ་ནི་ལྡན་པའི་དོན་ཏེ། ཡང་ན་མཁའ་འགྲོ་རྣམས་དང་ཉེ་བར་ལྡན་པའི་ཚུལ་ཉིད་ཀྱི་ཕྱིར་ཕྱི་རོལ་དུ་འགྲོ་བ་འགོག་པར་བྱེད་པ་ཉིད་


DTG017_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དྲ་བ་ཉིད་སྡོམ་པར་བྱེད་པ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་དྲ་བའི་སྡོམ་པའོ། །དེ་ཉིད་ཇི་ལྟར་བརྗོད་ཅེས་པ་གསལ་བར་བྱ་བའི་ཕྱིར། མདོར་བསྡུས་པ་སྟེ་ཞེས་གསུངས་ཏེ། མདོར་བསྡུས་པ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་རྒྱས་པ་ལས་ཡང་དག་པར་བསྡུས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་རྒྱས་པ་མིན་ཞེས་གསུངས་སོ། །ཡང་ན་མདོར་བསྡུས་པ་མ་ཡིན་ཏེ་ཅིའི་ཕྱིར་རྒྱས་པ་ཉིད་ཡིན་པའི་ཕྱིར་ཞེས་སྦྱར་རོ། །འདིར་དེའི་བསམ་པ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་ནི་གཞུང་རྒྱས་ལ་འདིར་དོན་རྒྱས་པ་ཉིད་དེ། ཁམས་གསུམ་གྱི་བདག་ཉིད་འཁོར་ལོ་གསུམ་བཤད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཁམས་གསུམ་གྱི་བདག་ཉིད་ཡིན་པས་བཅོམ་ལྡན་འདས་ཧེ་རུ་ཀ་དཔལ་ཡང་དག་པར་སྦྱོར་བས་ཞེས་བྱ་བ་ནི། ཁྱད་པར་དུ་བྱ་བའི་ཚིག་གོ །གསང་བ་ནི་དེ་ཁྱད་པར་དུ་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་བྱེད་པའི་ཚིག་གསུངས་སོ། །འདིས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་གཙོ་བོ་བདག་ཉིད་ཆེ་བ་བསྟན་ནས། དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། གསང་བ་ཞེས་གསུངས་ཏེ། གསང་བའི་སྒྲས་ནི་འཁོར་ལོ་གསུམ་པོ་ལ་སོགས་ལ་གནས་པའི་མཁའ་འགྲོ་མ་ཤེས་པར་བྱ་སྟེ། དེ་ལ་གསང་བའི་ངོ་བོ་ཉིད་ཉིད་ནི་གསང་བ་སྟེ། རོ་གཅིག་པའི་ངོ་བོ་ཉིད་ཀྱིས་ནམ་མཁའི་ཁམས་ཀུན་དུ་སོང་བའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་འདིར་དེའི་གནས་ཉིད་དོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། གཙོ་བོ་གོང་ན་མེད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཞི་ཉིད་ཀྱི་ཕྱིར་འདིར་དེའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེས་པ་ལ། དགྱེས་པ་ཞེས་གསུངས་ཏེ། བླ་ན་མེད་པའི་མཆོད་པའི་རོལ་པའི་ཐུགས་རྗེས་དགའ་བ་ཉིད་ཀྱི་ཕྱིར་དགྱེས་པའོ། །འདིར་དེ་ལྟར་ཡང༌། ལྷ་ཡི་སྐུ་ཡི་རྣལ་འབྱོར་གྱིས། །རང་བཞིན་མེད་པའི་དོན་གོམས་ན། །མཉམ་ཉིད་མཆོད་པ་ཆེན་པོ་ནི། །སངས་རྒྱས་ཐམས་


DTG017_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རབ་སྒྲུབ་པའོ། །ཞེས་གསུངས་སོ། །དེ་ལྟར་འདིར་ཕྱིའི་མཆོད་པ་ཞེས་བྱ་བ་མེད་པས་དེའི་མེད་པ་ཉིད་ཀྱང་མཚོན་པ་མ་ཡིན་ནོ། །ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ། ཐམས་ཅད་བདག་ཉིད་ཅེས་གསུངས་ཏེ། འདིས་ནི་འཁོར་ཕུན་སུམ་ཚོགས་པ་གཞན་མེད་པར་གསུངས་སོ། །ཐམས་ཅད་བདག་ཉིད་ནི་ཁམས་གསུམ་གྱི་བདག་ཉིད་འཁོར་ལོ་ལ་སོགས་པ་ལ་རྣམ་པར་གནས་པའི་བདག་ཉིད་ནི་ཕྱི་རོལ་གྱི་བདག་ཉིད་དམ་ནང་གི་བདག་ཉིད་དུ་འདིར་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་གནས་ཞེས་པ་ནི་རྟག་ཏུ་ནི་ཁ་ཅིག་གམ་གང་དུ་ཡང་རྒྱུན་ཆད་པ་མེད་པར་བསྟན་ཏོ། །གནས་ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་གནོན་པ་གཅིག་ཏུ་ཉམས་པ་མེད་པའི་རང་བཞིན་དུ་རྟོགས་པར་བྱའོ། །ད་ནི་བརྗོད་པར་བྱ་བ་ཕུན་སུམ་ཚོགས་པ་སྟོན་ཏེ། མཁའ་འགྲོ་ཀུན་དངོས་ཞེས་པ་ནི། །མཁའ་འགྲོའི་སྒྲས་ནི་ཉེ་བར་མཚོན་པ་ཙམ་སྟེ། མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་ཞེས་རྟོགས་པར་བྱ་སྟེ། རང་བཞིན་ལ་མ་ཡ་ཏའི་རྐྱེན་བྱིན་པས་རོ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །སེམས་དཔའ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ནུས་པ་ཉིད་ཀྱི་ཕྱིར་རམ་བརྩོན་འགྲུས་ཆེན་པོ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་མཆོག་ཏུ་བསྟན་པའི་ཡོན་ཏན་དང་ལྡན་པས་སེམས་དཔའོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་རམ་སེམས་ཅན་ཐམས་ཅད་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་ཐམས་ཅད་ཀྱིས་མི་བསྐྱོད་པ་ཉིད་ཀྱི་སེམས་དཔའི་ཕྱིར་རྡོ་རྗེ་སེམས་དཔའོ། །ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཉེ་བར་མཁོ་བ་ཉིད་ཀྱིས་མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་དུ་བརྗོད་དོ། །བླ་ན་མེད་པའི་མཆོད་པར་འོས་པས་མཆོག་གི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་བདེ་བ་ནི་བཅོམ་ལྡན་འདས་ཉིད་དོ། །བདེ་བའི་སྒྲ་སྒྲུབ་པ་ནི་མ་ནིང་གི་རྟགས་ཡིན་ནོ། །འདིས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཚིག་ལ་སོགས་པ་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །གསང་བ་མཆོག་གི་དགྱེས་པ་ན་ཐམས་ཅད་ཀྱི་


DTG017_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་མཁའ་འགྲོ་ཀུན་དངོས་སེམས་དཔའ་བདེ་བ་མཆོག་ལ་རྟག་ཏུ་གནས་སོ་ཞེས་སྦྱར་རོ། །ཡང་ན་ཁམས་དང་ཕྱག་རྒྱ་དང་འབྲས་བུ་བསྡུས་པའི་ཡན་ལག་རྣམ་པར་ཐར་པ་དང་དགའ་བ་དང་སྐད་ཅིག་དབང་ལ་སོགས་པ་རུ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་མཁའ་འགྲོ་ཀུན་དངོས་སེམས་དཔའ་མཆོག་ཏུ་བདེ་བས་རྟག་ཏུ་བཞུགས་སོ་ཞེས་སྦྱར་རོ། །ཅི་ལྷ་གཞན་ཁྱད་པར་ཅན་བྱེད་པ་ཡིན་ནམ་ཞེས་དོགས་པ་སྤང་བར་བྱ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ངེས་པར་གཟུང་བའོ། །རང་བྱུང་ནི་བཅོམ་ལྡན་འདས་རང་ཉིད་དེ་གཞན་ལས་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང༌། སེམས་ཅན་ཀུན་ལ་གང་གི་སེམས། །བརྟན་པའི་ཕྱིར་ན་སེམས་པར་བརྗོད། །བསམ་གཏན་ལ་ནི་ཡི་དམ་གྱིས། །བརྟན་པར་གྱུར་པས་རྡོ་རྗེའོ། །སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས། །ཡང་ན་རྡོ་རྗེ་སེམས་དཔའ་འགྱུར། །དེ་ཡང་ཁ་ཅིག་གང་ཡང་མ་བྱས་པས་ན་རང་བྱུང་དུ་བརྗོད་དོ། །བཅོམ་ལྡན་འདས་ནི་སྐལ་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་རམ། བདུད་བཞི་འཇོམས་པ་ཉིད་ཀྱི་ཕྱིར་རམ། མ་ལུས་པའི་ཉོན་མོངས་པ་འཇོམས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ནོ། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་དྲུག་པོ་འདི་དང་ཡང་དག་པར་ལྡན་པས་བཅོམ་ལྡན་དུ་བརྗོད་དེ། །འདི་ལ་དེ་ཡོད་པས་བཅོམ་ལྡན་ནོ། །ཡང་ན་ནི། བྷ་ཡི་རྣམ་པ་བྷ་གར་བརྗོད། །ག་ནི་ནམ་མཁའི་ཡི་གེ་སྟེ། གཉིས་པོ་ཡང་ནི་མཉམ་སྦྱོར་བས། །ཤེས་རབ་ཐབས་དང་བཅོམ་ལྡན་ནོ། །ཞེས་བྱ་བའམ། དེ་ཡོད་པས་ན་བཅོམ་ལྡན་ནོ། །ཡང་ན་བྷ་ག་ལ་གནས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། །འདི་ལ་དཔའ་བོ་ཉིད་ནི་དཔའ་བོ་སྟེ། དཔའ་བ་ཉིད་དང་ལྡན་པས་གཞན་དང་ལྡན་པ་རྣམ་པར་བཅད་པའི་དོན་ཏོ། །གཞན་དང་ལྡན་པ་རྣམ་པར་ཅོད་པན་ནི་སྲོད་སྒྲུབ་ཁོ་ན་གཞུ་འཛིན་པ་ལྟ་བུའོ། །ཡང་ན་དཔའ་བོ་ཉི་ཤུ་རྩ་བཞིའི་བདག་


DTG017_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱིར་གཞན་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་དྲ་བའི་སྡོམ་བཅོམ་ལྡན་འདས་ཞེས་བྱ་བའོ། །ཡང་ན་མཁའ་འགྲོ་མའི་རྒྱུད་མཐོ་བར་གྱུར་པ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །ད་ནི་བསྐྱེད་པའི་རིམ་པ་ལ་སོགས་པ་སྒྲུབ་པ་ལ་ཡང་ཕྱིན་ཅི་ལོག་དགག་པའི་དོན་དུ་འཁོར་ལོ་གསུམ་ལ་སོགས་པ་དང་ལྡན་པའི་བཅོམ་ལྡན་འདས་དེའི་བསྐྱེད་པའི་རིམ་པ་ལ་སོགས་པའི་གོ་རིམས་ལ་སོགས་པ་སྟོན་པ་ནི། །སྲིད་པ་སྒྲ་ཚུལ་ལས་ངེས་འབྱུང༌། །ཞེས་བྱ་བ་ལ་སོགས་པ་ནས། རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ཡང་བླ་མའི་མན་ངག་ལས་ཀྱིས་མདོར་བསྡུས་ཏེ་བརྗོད་པར་བྱ་སྟེ། དེ་ལ་འདིའི་རིམ་པ་ནི་དང་པོ་རེ་ཞིག་ཡིད་དང་མཐུན་པའི་གནས་སུ་བདུད་རྩི་ལྔའི་རི་ལུ་ཁར་བཅུག་པའི་སྔགས་པས་ཕྱོགས་བཅུ་མངོན་དུ་བྱས་ཏེ། ཤིན་ཏུ་འཇིགས་པའི་དུར་ཁྲོད་བརྒྱད་དུ་སྤྲུལ་ཏེ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་བཱཾ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་ཤར་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །ཧཱུཾ་ལས་རྡོ་རྗེའི་རང་བཞིན་གྱི་ས་གཞིར་བྱིན་གྱིས་བརླབས་ལ། དེའི་འོད་ཀྱི་སྣང་བ་ལས་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་དང༌། ཕུར་བུ་དང་ཐོབ་བ་བསམས་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾ་ཕའྚ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏ་སརྦ་བིགྷྞཱཾ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ལས་ཕུར་བུས་བཏབ་ཅིང་བརྡུང་ངོ༌། །དེ་ནས་རང་གི་སྙིང་གར་ཀཾ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པའོ། །དེའི་སྟོང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ལས་ཧཱུཾ་སྣ་ཚོགས་པའི་འདོ་ཟེར་འཕྲོ་བ་རྣམ་པར་བསམས་ཏེ། དེ་ནས་མདུན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་པ་བལྟས་ལ། ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེའི་རྗེས་ལ་སེམས་


DTG017_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་དཔལ་ཧེ་རུ་ཀ་ཡིན་ནོ་ཞེས་ལན་གསུམ་དུ་བརྗོད་ལ། ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་གོ་རིམས་བཞིན་དུ་སྤྱི་བོ་དང་མགྲིན་པ་དང་སྙིང་གར་བསམས་ལ། །ཧེ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །རུ་ནི་ཆོས་ཐམས་ཅད་རྣམ་པར་རྟོག་པ་དང་བྲལ་བའོ། །ཀ་ནི་ཆོས་ཐམས་ཅད་གང་དུ་ཡང་མི་གནས་པའོ་ཞེས་རང་གི་བདག་ཉིད་དང་དེ་བཞིན་དུ་ཕྱི་རོལ་གྱི་བརྟན་པ་དང་གཡོ་བའི་དོན་ཀུན་ནས་སྣང་བ་མེད་པར་བྱས་ལ། །སྔོན་གྱི་སྨོན་ལམ་གྱི་དབང་ལས། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་ནམ་མཁའི་ཕྱོགས་སུ་སྟེང་དང་བར་དང་འོག་ཏུ་གོ་རིམས་བཞིན་དུ་ཉེ་བར་དམིགས་ལ། ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་ངོ༌། །དེ་ལས་བྱུང་བའི་དེའི་རྣམ་པ་ཅན་གྱི་འོད་ཟེར་གྱིས་སེམས་ཅན་མ་ལུས་པའི་དོན་བྱེད་པ་ལ་གནས་ཤིང་ཁམས་གསུམ་ཁྱབ་པར་བྱས་ཏེ། ནམ་མཁའ་ལ་སྒྲའི་ངོ་བོ་ཉིད་ཀྱིས་ཆོས་སྟོན་ཅིང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་གསལ་བར་བྱས་ཤིང་དག་པར་བྱས་ནས་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་བླངས་ཏེ། མཁའ་སྤྱོད་དང་ས་སྤྱོད་དང་ས་འོག་ན་གནས་པའི་རང་བཞིན་ཡི་གེ་གསུམ་དུ་གཞག་པར་བྱའོ། །དེ་ནས་ཨོཾ་ཨཱཿ་ལ་ཨཱཿ་ཧཱུཾ་ལ་རིམ་པ་བཞིན་དུ་གཞུག་པར་བྱ་སྟེ། དེ་ནས་དེ་བཞིན་དུ་འོད་ཟེར་གྱིས་རྡོ་རྗེ་རྩེ་གཅིག་ཏུ་བྱས་ལ་ཡང་གཞུག་པར་བྱ་སྟེ། རྡོ་རྗེའི་རྭ་ཡང་རྡོ་རྗེའི་རྭ་ལའོ། །རྡོ་རྗེའི་ལྟེ་བ་ལ་ཡང་སྟེ་བ་ལའོ། །ཨུ་ཡང་ཧ་ལའོ། །ཧ་ཡང་མགོ་བོ་ལའོ། །མགོ་བོ་ཡང་ཟླ་ཕྱེད་ལའོ། །ཟླ་ཕྱེད་ཀྱང་ཐིག་ལེ་ལའོ། །ཐིག་ལེ་ཡང་ནཱ་ད་ཙམ་དུ་གཞུག་པར་བྱའོ། །ནཱ་ད་ཙམ་ཡང་མི་དམིགས་པར་གཞག་པར་བྱའོ། །སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པར་བྱ་བའི་དོན་དུ་ཡ་དང་ར་དང་བ་དང་ལ་ལས་རླུང་དང་མེ་དང་སའི་དཀྱིལ་འཁོར་ལ་སོགས་པ་བསྐྱེད་ལ། དེའི་སྟེང་དུ་ཀཾ་ལས་པདྨའི་སྣོད་དུ་རུས་སྦལ་ལམ་ཐོད་པའོ། །དེའི་སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལྕོག་བརྒྱད་ཀྱིས་མཛེས་པའོ། །དེའི་སྟེང་དུ་ཨ་ལས་སྣ་ཚོགས་ཀྱི་རྡོ་རྗེའོ། །དེའི་སྟེང་དུ་ཁ་དོག་བཞི་པའི་པདྨ་འདབ་མ་


DTG017_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའོ། །དེའི་ལྟེ་བ་ལ་རཾ་ལས་ཉི་མའི་དཀྱིལ་འཁོར་རོ། །དེ་ལ་བཀོད་པའི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་དཀར་ཞིང་དམར་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ་ནམ་མཁའི་ཕྱོགས་ནས་གོ་རིམས་བཞིན་དུ་ནཱ་ད་ཙམ་ལས་ཧཱུཾ་དུ་བྱས་ལ། གོང་དུ་བསྟན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་བཅུ་གཉིས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཉིད་ཀྱིས་ལྷ་མོ་དང་མཉམ་པར་འཁྱུད་པའོ། །ཕྱག་གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་ཁྲག་འཛག་པ་གྱོན་ཞིང་བསྣམས་པའོ། །གཡས་ཕྱོགས་ཀྱི་ཕྱག་བཞིས་རྩེ་གསུམ་དང་བེ་ཏ་ལ་དང་དགྲ་སྟ་དང་རྡེའུ་ཆུང་ངོ༌། །གཡོན་གྱི་ཕྱག་བཞིས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་ཐོད་པ་དང་ཞགས་པ་དང་ཚངས་པའི་མགོ་བོ་བསྣམས་པའོ། །ཞལ་བཞི་ཞལ་དང་པོ་དང་ལུས་ཐམས་ཅད་ནི་སྤྲིན་ནག་གི་འོད་ལྟ་བུའོ། །གཡོན་པ་དང་རྒྱབ་དང་གཡས་པ་ནི་ལྗང་གུ་དང་དམར་པོ་དང་སེར་པོའོ། །དབྱངས་དང་གསལ་བྱེད་ཐམས་ཅད་ནི་མཆེ་བ་བཞི་དང་ཚེམས་ཀྱིས་བསྒྲིགས་པ་དང་ཁྲག་འཛག་པ་དང་ཁ་ཆུ་འཛག་པ་དང་ལྡན་པའི་འཇིགས་པའི་ཞལ་ལོ། །སྤྱི་བོར་ནོར་བུ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །རལ་པའི་ཅོད་པན་གྱིས་བརྒྱན་པ་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་གཡོན་དུ་ཟླ་ཕྱེད་དབུ་ལ་བྱས་པ། ཐོད་པ་ནི་ཕྲེང་བ་རྩེ་གསུམ་དང་དར་དབྱངས་བཅིངས་པ་རྣ་བའི་དར་དབྱངས་དང་རྡོ་རྗེའི་ཕྲེང་བ་གནས་ཇི་ལྟ་བར་བརྒྱན་པ། སྤྱན་བཅུ་གཉིས་དམར་ཞིང་གཡོ་བ། །སྣ་ཚོགས་ཀྱི་དཔུང་རྒྱན་གྱིས་བརྒྱན་ཅིང༌། །སྟག་གི་པགས་པའི་ཤམ་ཐབས་ཅན། པ་སྤུ་རྒྱས་པའི་ཕྲེང་བས་བསྐོར་བའི་ལུས། །མགོ་བོའི་ཕྲེང་བས་རྐེད་པ་ལ་བརྒྱན་ཅིང་སྐེ་རགས་གཡེར་ཀའི་སྒྲ་དང་ལྡན་པ། ཞབས་གཡས་བརྐྱང་བས་འབྱུང་བོའི་བདག་པོ་དང་དཀར་མོ་མནན་པ། ཉི་མའི་གསན་དང་ཉི་མའི་རྒྱབ་རྟེན་གྱི་རྒྱན་གྱིས་བརྒྱན་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ། དུར་ཁྲོད་ཀྱི་རྒྱན་བརྒྱད་


DTG017_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྒྱན་པའོ། །གཞན་ཡང་རྡོ་རྗེ་ཕག་མོ་ཕྱག་གཉིས་པ་མགུལ་ནས་འཁྱུད་པའི་ཕྱག་མིའི་ཁྲག་དང་རྒྱུ་མས་གང་བས་གཉིས་ཀའི་ཁ་རུ་བབ་པར་བྱེད་པ་ནི་གཡོན་པའི་ཕྱོགས། །གཡས་པས་གདུག་པ་ཅན་ཐམས་ཅད་ལ་ཕྱོགས་སུ་བསྡིགས་པའི་སྡིགས་མཛུབ་དང་རྡོ་རྗེའོ། །ཞལ་གཅིག་པ་མདོག་དམར་བ་ཐལ་བ་དང་བྲལ་བའི་ཕྱག་རྒྱ་ལྔས་བརྒྱན་པ་སྤྱན་གསུམ་པ་སྐྲ་གྲོལ་བ་གཅེར་བུ་དུམ་བུས་བརྒྱན་པའི་སྐེ་རགས་ཅན་གཡས་པའི་བྱིན་པས་གཡོན་པའི་བརླ་ལ་མཉམ་པར་དཀྲིས་པ། །བདག་པོ་དང་བདེ་བ་ཆེན་པོ་སྙིང་རྗེའི་བདག་ཉིད་དོ། །ཕག་གི་ཞལ་བཅོམ་ལྡན་འདས་ཀྱི་མདོག་ཅན་ནམ། ཡང་ན་ཕག་གི་ཞལ་མདོག་དམར་བའོ། །ཡང་ན་ནི་མདོག་དཀར་བ་ཡང་བསམ་པར་བྱ་སྟེ། དེ་ལྟར་ཡང་བ་ལྟ་ཞིང་རྡོ་རྗེ་ཕག་མོ་ནི། དེ་ཡི་མདོག་དང་མཚོན་ཆ་འཆང༌། །ཞེས་གསུངས་སོ། །གཞན་ཐམས་ཅད་ནི་དཔལ་ཧེ་རུ་ཀ་བཞིན་ནོ། །དེ་ལྟར་བདེ་མཆོག་གི་གཟུགས་སུ་བདག་ཉིད་བསྒོམས་ནས། །དེའི་རྗེས་སུ་གོ་ཆ་གཉིས་ཀྱིས་བགོ་བར་བྱ་སྟེ། ཨོཾ་ཧ་རྡོ་རྗེ་སེམས་དཔའ་ནི་སྙིང་གར་རོ། །ན་མ་ཧི་རྣམ་པར་སྣང་མཛད་ནི་མགོ་ལའོ། །སྭཱ་ཧཱ་ཧཱུ་པདྨ་གར་དབང་ནི་སྤྱི་གཙུག་ཏུའོ། །བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀ་ནི་ཕྲག་པ་གཉིས་ལའོ། །ཧཱུཾ་ཧཱུཾ་ཧོཿ་རྡོ་རྗེ་ཉི་མ་མིག་གཉིས་ལའོ། །ཕཊ་ཧཾ་རྟ་མགྲིན་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །ཨོཾ་བཾ་རྡོ་རྗེ་ཕག་མོ་ནི་ལྟེ་བར་རོ། །ཧཾ་ཡོཾ་གཤིན་རྗེ་མོ་ནི་སྙིང་གར་རོ། །ཧྲིཾ་མོཾ་རྨོངས་བྱེད་མ་ནི་ཁ་ལའོ། །ཧྲིཾ་ཧྲཱིཾ་སྐྱོད་བྱེད་མ་ནི་མགོ་ལའོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་ནི་སྤྱི་གཙུག་ཏུའོ། །ཕཊ་ཕཊ་རབ་ཏུ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །མཁའ་འགྲོ་དེ་བཞིན་ལཱ་མ་དང༌། །དུ་མ་སྐྱེས་མ་དང་གཟུགས་ཅན་མ། །སྔོ་དང་ལྗང་དང་དེ་བཞིན་དམར། །དཀར་བ་འདབ་མ་རྣམས་སུ་དགོད། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །གཡོན་ཀུན་ཁ་ཊྭཱཾ་ག་ཐོད་པ། །གཡས་ན་རྡེའུ་ཆུང་རོ་ལངས་སོ། །གཡས་བརྐྱང་རོ་ཡི་སྟེང་ན་གནས། །ལྷག་མ་རྡོ་རྗེ་ཕག་མོ་མཚུངས། །མཚམས་བཞི་རུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་དོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་མདོག་


DTG017_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་རྡོ་རྗེའི་ཕྲེང་བས་བརྒྱན་པ་སྟེ། དེ་ལ་ཤར་གྱི་རྩིབས་པུལླཱི་ར་མ་ལ་ཡར་ནི་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ། །བྱང་དུ་ཛཱ་ལནྡྷ་རར་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མའོ། །ནུབ་ཕྱོགས་སུ་ཨོ་ཌི་ཡ་ནར་ཀེང་རུས་དང་འོད་དང་ལྡན་མའོ། །ལྷོ་ཕྱོགས་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །མེ་རུ་གོ་དཱ་བ་རི་ལྷའི་དགྲ་དང་དཔའ་བོའི་བློ་མའོ། །བདེན་བྲལ་དུ་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མའོ། །རླུང་དུ་དེ་བཱི་ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །དབང་ལྡན་དུ་མཱ་ལ་ཝར་རྡོ་རྗེའི་ལུས་དང་ཤིང་གྲིབ་མའོ། །གཉིས་པ་གསུང་གི་འཁོར་ལོ་དམར་པོ་པདྨའི་ཕྲེང་བས་མཉམ་པར་བསྐོར་བ་སྟེ། དེའི་ཤར་གྱི་རྩིབས་ལ་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ཨེ་རཱ་བ་ཏཱིའོ། །བྱང་ཕྱོགས་སུ་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ཕྱོགས་སུ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །ལྷོ་ཕྱོགས་སུ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །མེ་རུ་ཀ་ལིངྒར་རབ་ཏུ་བཟང་པོ་དང་སྔོ་བསངས་མའོ། །བདེན་བྲལ་དུ་ལམྦཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །རླུང་དུ་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །དབང་ལྡན་དུ་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མའོ། །གསུམ་པ་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པ་སྟེ། དེའི་ཤར་གྱི་རྩིབས་ལ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བྱང་ཕྱོགས་སུ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །ནུབ་ཕྱོགས་སུ་སཽ་རཱཥྚར་རྟ་མགྲིན་དང་ཆང་འཚོང་མའོ། །ལྷོ་ཕྱོགས་སུ་གསེར་གླིང་དུ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །མེ་རུ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བདེན་བྲལ་དུ་སིནྡྷུར་པདྨ་གར་དབང་དང་སྟོབས་ཆེན་མའོ། །རླུང་དུ་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །དབང་ལྡན་དུ་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཆེན་པོ་རྣམས་ནི་ཞལ་གཅིག་པ་ཕྱག་བཞི་པ་རལ་པའི་དབུ་རྒྱན་ལ་དར་དཔྱངས་ཀྱིས་


DTG017_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། འཁྱུད་པའི་ཕྱག་གཉིས་ལ་རྡོ་རྗེ་དང་དྲིལ་བུའོ། །གཡོན་པ་དང་གཡས་ཀྱི་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་རྡེའུ་ཆུང་ངོ༌། །ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པ། །གཡས་བརྐྱང་བའི་ཞབས་ཀྱིས་རོལ་གནས་པ། ལྷག་མ་ནི་དཔལ་ཧེ་རུ་ཀ་དང་མཚུངས་སོ། །དེ་བཞིན་དུ་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་གཡོན་པ་དང་གཡས་ན་ཐོད་པ་དང་རོ་ལངས་ཏེ། ལྷག་མ་ནི་རྡོ་རྗེ་ཕག་མོ་དང་མཚུངས་སོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་དང༌། མི་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ། །ཁྭ་གདོང་དང་འུག་གདོང་དང་ཕག་གདོང་དང་ཁྱི་གདོང་དང་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་ནི། ཕྱག་དང་ཞབས་དང་མདོག་དང་མཚན་མ་དང་ཕྱག་རྒྱ་དང་གདན་དང་དབྱིབས་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པ་དང་མཚུངས་སོ། །ཁྭ་གདོང་མ་ལ་སོགས་པ་ནི་ཇི་ལྟར་བརྗོད་པའི་གདོང་དུ་འདུག་པ་ནི་ཁྱད་པར་རོ། །གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ནི་མདོག་གཉིས་གཉིས་སུ་བརྟག་པར་བྱ་བ་ནི་མཆོག་གོ །ཡང་ན་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་བཅུ་གཉིས་དང་དཔའ་བོ་ཉི་ཤུ་རྩ་བཞི་ནི་ཕྱག་གཉིས་པ་སྟེ། དེ་ལ་མཁའ་འགྲོ་མ་ལ་སོགས་པ་གཡོན་པ་དང་གཡས་པ་ན་ཁ་ཊྭཱཾ་ག་དང་རྡེའུ་ཆུང་ངམ། ཐོད་པ་དང་རོ་ལངས་སོ། །དཔའ་བོའི་གཡས་དང་ཅིག་ཤོས་ན་རྡོ་རྗེ་དྲིལ་བུའོ། །ཡང་ན་ཁ་ཊྭཱཾ་ག་དང་རྡེའུ་ཆུང་ངོ༌། །ཐུགས་ཀྱི་རྡོ་རེའི་མཐུ་ལས་བྱུང་བའི་ཕྱིར། འཁོར་ལོ་གསུམ་ནི་མདོག་སྔོན་པོར་བརྟག་པར་བྱའོ་ཞེས་ཁ་ཅིག་ཟེར་རོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷའི་རྣལ་འབྱོར་དུ་སྦྱར་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཚོས་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་དུ་མ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་ནོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །


DTG017_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨེ་རཱ་ཝ་ཏཱིའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ཤྱཱ་མ་དེ་བཱིའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁ་ག་ནའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧིའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་བྱ་རོག་གི་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱིའི་གདོང་ཅན་མའོ། །ཡང་དག་པའི་དྲན་པ་ནི་ཕག་གི་གདོང་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ །དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པར་བྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་འཇོམས་པ་ནི་གཤིན་རྗེ་མཆེ་བ་མའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མ་ཞེས་བྱའོ། །ས་བཅུ་རྣམ་པར་དག་པ་ཡི། །གནས་སོགས་རིམ་པའི་རྣལ་འབྱོར་གྱིས། །ལུས་ཀྱི་དཀྱིལ་འཁོར་མཆོག་གྱུར་པར། །དེ་ནས་ཡང་དག་བཤད་པར་བྱ། །པུ་


DTG017_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཕུ་ནི་པུལླཱི་ར་མ་ལ་ཡ་སྟེ་མགོ་བོར་ནི་རབ་ཏུ་གཏུམ་མོའོ། །ཛཱ་ནི་ཛཱ་ལནྡྷ་ར་ནི་སྤྱི་གཙུག་ཏུ་སྟེ་གཏུམ་པའི་མིག་ཅན་མའོ། །ཨོ་ནི་ཨོ་ཌི་ཡ་ན་སྟེ་རྣ་བ་གཡས་པར་ནི་འོད་ལྡན་མའོ། །ཨ་ནི་ཨརྦུ་ད་སྟེ་མགོ་རུ་ནི་སྣ་ཆེན་མའོ། །བཞི་པོ་འདི་ནི་གནས་ཏེ་ས་དང་པོ་རབ་ཏུ་དགའ་བའོ། །གོ་ནི་གོ་དཱ་བ་རཱི་སྟེ་རྣ་བ་གཡོན་པར་ནི་དཔའ་བོའི་བློ་མའོ། །རཱ་ནི་རཱ་མེ་ཤྭ་ར་སྟེ། སྨིན་མའི་དབུས་སུ་ནི་མིའུ་ཐུང་མའོ། །དེ་ནི་དེ་བཱི་ཀོ་ཊི་སྟེ་མིག་ཏུ་ནི་ལང་ཀའི་དབང་ཕྱུག་མའོ། །མཱ་ནི་མཱ་ལ་བ་སྟེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ། །བཞི་པོ་འདི་ནི་ཉེ་བའི་གནས་ཏེ་དྲི་མ་མེད་པའོ། །དེ་བཞིན་དུ་ཐུགས་ཀྱི་འཁོར་ལོ་ནི་མཁའ་ལ་སྤྱོད་པའོ། །ཀཱ་ནི་ཀཱ་མ་རཱུ་པ་སྟེ་མཆན་ཁུང་གཉིས་སུ་ཨེ་རཱ་བ་ཏཱིའོ། །ཨོ་ནི་ཨོ་ཏྲེ་སྟེ་ནུ་མ་གཉིས་ལ་འཇིགས་བྱེད་ཆེན་མོའོ། །ཞིང་གཉིས་པོ་འདི་ནི་འོད་བྱེད་མར་ཤེས་པར་བྱའོ། །ཏྲི་ནི་ཏྲི་ཤ་ཀུ་ནི་སྟེ་ལྟེ་བར་ནི་རླུང་གི་ཤུགས་ཅན་མའོ། །ཀོ་ནི་ཀོ་ས་ལ་སྟེ་སྣ་རྩེར་ནི་ཆང་འཐུང་མའོ། །ཉེ་བའི་ཞིང་ཉིས་པོ་འདི་ནི་འོད་འཕྲོ་བའོ། །ཀ་ནི་ཀ་ལིངྒ་ཁར་ནི་ལྷ་མོ་སྔོ་བསངས་མའོ། །ལ་ནི་ལམྦཱ་ཀ་སྟེ་མགྲིན་པའི་ཕྱོགས་སུ་ནི་ཤིན་ཏུ་བཟང་མོའོ། །འདུན་ས་གཉིས་པོ་ནི་འདི་ནི་སྤྱང་དཀའ་བའོ། །ཀཱ་ནི་ཀཱ་ཉྩི་སྟེ་སྙིང་གར་ནི་རྟ་རྣ་མའོ། །ཧི་ནི་ཧི་མཱ་ལ་ཡ་སྟེ་མདོམས་སུ་ནི་ཁྭ་གདོང་མའོ། །ཉེ་བའི་འདུན་ས་འདི་གཉིས་ནི་མངོན་དུ་བྱེད་པ་སྟེ། གསུང་གི་འཁོར་ལོ་ནི་ས་ལ་སྤྱོད་པའོ། །པྲེ་ནི་པྲེ་ཏ་པུ་རི་སྟེ་མཚན་མ་ལ་ནི་འཁོར་ལོའི་ཤུགས་ཅན་མའོ། །གྲྀ་ནི་གྲྀ་ཧ་དེ་བ་སྟེ་གསང་བར་དུ་མ་སྐྱེས་མའོ། །འདི་གཉིས་ནི་རིང་དུ་སོང་བའོ། །སཽ་ནི་སཽ་རཱཥྚ་སྟེ་བརླ་གཉིས་ལ་ནི་ཆང་འཚོང་མའོ། །སུ་ནི་སུ་ཝརྞ་དྭཱི་པ་སྟེ་བྱིན་པ་གཉིས་ལ་ནི་འཁོར་ལོའི་གོ་ཆ་མའོ། །ཉེ་བའི་འདུ་བ་གཉིས་པོ་འདི་ནི་མི་གཡོ་བའོ། །ན་ནི་ན་ག་ར་སྟེ་སོར་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ། །སི་ནི་སིནྡྷུ་སྟེ་རྐང་བའི་བོལ་ལ་ནི་སྟོབས་ཆེན་མའོ། །དུར་ཁྲོད་གཉིས་ནི་ལེགས་པའི་བློ་གྲོས་སོ། །མ་ནི་མ་རུ་སྟེ་མཐེབ་ཆེན་གཉིས་ལ་ནི་འཁོར་ལོས་སྒྱུར་མའོ། །ཀུ་ནི་ཀུ་ལུ་ཏཱ་སྟེ་པུས་མོ་གཉིས་ལ་ནི་བརྩོན་འགྲུས་ཆེན་མོའོ། །


DTG017_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་དུར་ཁྲོད་འདི་གཉིས་ནི་ཆོས་ཀྱི་སྤྲིན་ནོ། །སྐུའི་འཁོར་ལོ་ནི་ས་འོག་ན་གནས་པའོ། །ད་ནི་དཔའ་བོའི་ཡན་ལག་རྣམ་པར་དག་པ་ལ་སོགས་པ་བརྗོད་པར་བྱ་སྟེ། སོ་དང་སེན་མོ་ནི་ཐོད་པའི་དུམ་བུའོ། །སྐྲ་དང་སྤུ་ནི་ཀེང་རུས་ཆེན་པོའོ། །པགས་པ་དང་དྲི་མ་ནི་ཀེང་རུས་སོ། །ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ། །ཆུ་རྒྱུས་ནི་དཔའ་བོ་ལྷ་དགྲའོ། །རུས་པ་ནི་འོད་དཔག་མེད་དོ། །མཆིན་པ་ནི་རྡོ་རྗེ་འོང་ངོ༌། །སྙིང་ལ་རྡོ་རྗེ་ལུས་སོ། །མཆན་ཁུང་གཉིས་ལ་རྡོ་རྗེ་མྱུ་གུའོ། །མཁྲིས་པ་ལ་ནི་རྡོ་རྗེ་རལ་པ་ཅན་ནོ། །གློ་བ་ལ་ནི་དཔའ་བོ་ཆེན་པོའོ། །རྒྱུ་མ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང༌། གཉེ་མ་ལ་ནི་རབ་ཏུ་བཟང་པོའོ། །བཤང་བ་ལ་ནི་འཇིགས་བྱེད་ཆེན་པོའོ། །མཚམས་ཀྱི་མཐའ་ལ་ནི་མིག་མི་བཟང་ངོ༌། །ལུད་པ་ལ་ནི་སྟོབས་པོ་ཆེའོ། །རྣག་ལ་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ལ་ནི་རྟ་མགྲིན་ནོ། །རྡུལ་ལ་ནི་ནམ་མཁའི་སྙིང་པོའོ། །རྐང་པ་ལ་ནི་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མཆི་མ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །མཆིལ་མ་ལ་ནི་རྣམ་པར་སྣང་མཛད་དོ། །སྣབས་ལ་ནི་རྡོ་རྗེ་སེམས་དཔའོ། །གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཚོར་བ་ལ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ལ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པ་ལ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་དཔལ་ཧེ་རུ་ཀའོ། །མིག་དག་ལ་གཏི་མུག་རྡོ་རྗེའོ། །རྣ་བ་དག་ལ་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ཕྲག་མདོག་རྡོ་རྗེའོ། །ལྕེ་ལ་འདོད་ཆགས་རྡོ་རྗེའོ། །ལུས་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བར་བྱེད་པའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །ནམ་མཁའི་ཁམས་ལ་ནི་པདྨའི་དྲ་བ་ཅན་ནོ། །རྩ་བའི་སྔགས་ལ་སོགས་པ་གང༌། །ཚངས་པའི་སྐུད་པ་སོགས་སུ་བརྟག །དཔའ་བོ་ཉི་ཤུ་རྩ་བཞི་ནི། །ལུས་ཀྱི་ཁམས་ནི་རྣམ་པར་སྤུལ་། །དཔའ་བོའི་གོ་ཆ་དྲུག་གིས་ནི། །ཕྱག་རྒྱས་ལུས་ལ་རྣམ་པར་བརྒྱན། །རྡོ་རྗེ་ཕག་མོའོ་སྔགས་ཀྱིས་ནི། །མགུལ་བར་


DTG017_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་དོ་དག་གིས་བརྒྱན། །ལྷ་ཡི་སྙིང་པོའི་སྔགས་ཀྱིས་ནི། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །རྣ་བ་དག་ལ་རྣ་ཆས་མཛེས། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། །པགས་པའི་གོས་ནི་འཛིན་པའི་མཆོག །རྣལ་འབྱོར་མ་དྲུག་སྔགས་ཀྱིས་ནི། །སྐེ་རགས་བྱས་པས་རྣམ་པར་བརྒྱན། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མས། །སྔགས་ཀྱི་བཏུང་བའི་ཐོད་པའོ། །རྣམ་པར་སྣང་མཛད་སྔགས་གང་ཡིན། །ཐོད་པའི་ཕྲེང་བས་དབུ་ལ་བྱས། །ཞེས་བྱའོ། །ད་ནི་སངས་རྒྱས་ལ་སོགས་པ་ཐམས་ཅད་མདུན་དུ་བསམས་ལ་དེ་ལ་ཡང་དག་པར་མཆོད་དེ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་པ་ལས་ཡང་རྣལ་འབྱོར་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཁྲུས་གསོལ་ལྟར། །དེ་བཞིན་གཤེགས་པ་ཁྱེད་ཀྱིས་བདག །ལྷ་ཡི་ཆུ་ཡིས་དབང་བསྐུར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཡི་གེ་གསུམ་གྱི་ངོ་བོ་ཉིད། །ས་འོག་ས་སྟེང་ས་བླ་གསུམ། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པར་རྣལ་འབྱོར་བདག །སྐད་ཅིག་རྣམ་པས་ཕྱག་རྒྱ་ལྡན། །ཆོས་རྣམས་ཀུན་ནི་སྐད་ཅིག་གིས། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །ཨོཾ་ཨཱཿ་ཧཱུཾ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩི་ཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། སྐད་ཅིག་གིས་སྨོན་པའི་སྔགས་ཀྱིས་སྐད་ཅིག་གིས་བདག་ཉིད་བྱིན་གྱིས་བརླབས་ལ། གོ་ཆ་གཉིས་པར་ཤེས་བྱས་ལ། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དམ་ཚིག་འཁོར་ལོར་རབ་གཞུང་བྱ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་རབ་སྦྱར་ལ། །དེ་ནི་དཔྲལ་བའི་དབུས་སུ་རབ་གཞག་ལ། །རིམ་དང་རིམ་ལས་བཟློག་པས་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕཻཾ་གྱི་སྒྲ་སྒྲོགས་ཤིང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་དགུག་གོ །ཨོཾ་ཡོ་ག་


DTG017_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བྱ་བས་སྐད་ཅིག་རྣམ་པར་སྨོན་པའི་སྔགས་བརྗོད་ཅིང༌། སྔགས་ཀུན་གྱི་སྙིང་གར་ཕྱག་རྒྱ་སྦྱིན་པ་ནི། གཡོན་པ་དང་གཡས་པའི་ལག་པ་གཉིས་བསྐོར་བའི་མཁའ་འགྲོ་མའི་བདེ་བ་དམ་པ་ཞེས་བྱའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱ་ཀཱལྤ་ཨགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ། མཧཱ་དྷཱུ་མྦྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿ་ཧྲཿ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨནྟྲ་མཱ་ལ་ཨ་བ་ལཾ་བི་ནི། གྲིཧྣ་གྲིཧྣ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཱཾ་སརྤ་ཝཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཊྚྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ། ཧཾ་ཧཱཾ། ཧིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ་ཕཊ། བསྡུས་ནས་དཔལ་ཧེ་རུ་ཀའི་རིག་པའི་རྒྱལ་པོའི་རྩ་བའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱལྤ་ཨགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཏཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾ་ཥྚྲཱ། ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱའ་ཏ་ཤཱུ་ལ་ཁ་ཊྲཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷཱུ་མྦྲཱནྡྷ་ཀཱ་ར་ཝ་པུཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷཱ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱ་ཀཱ་ཝྤཱགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ། བ་ར་ཤུ་པ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷཱུ་མྦྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཐ་དད་དང་བསྡུས་པའི་དཔལ་ཧེ་རུ་ཀའི་མཆོད་པའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་ཀ་པཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་ཀ་ཊ་དཾཥྚྲཱ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་ཝཻ་རི་ཎ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྲཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་


DTG017_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏཱ་བྷཱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པྲ་བྷཱ་ཨ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷཱུ་མྦྲཱནྡྷ་ཀཱ་ར་ཝ་པུཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དེ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཾ་ཀུ་རི་ག་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ཝྤཱགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཛ་ཊི་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཱི་ར་ཧུཾ་ཧཱུཾ་ཕཊ། ཨོཾ་དཾ་ཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱུཾ་ཀཱ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྲཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷ་དྲ་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱཾ་པ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བྷི་ར་བཱ་ཡ་ཧུཾ་ཧཱུཾ་ཕ། ཨོཾ་མ་ཧཱ་དྷཱུམྦྲ་ཨནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་རུ་པཱཀྵ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་ར་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧ་ཀཱ་ཝ་ཨགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་རཏྣ་བཛྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲཱྀ་ཝ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཱ་ཤ་གརྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྲཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་པདྨ་ན་རྟེ་ཤྭ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱཾ་པ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཻ་རོ་ཙ་ན་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷཱུམྦྲ་ཨནྡྷ་ཀཱ་ར་ཝ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭ་ཧུཾ་ཧཱུཾ་ཕཊ། བྱེ་བྲག་ཏུ་དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱ་ཀཱ་ཝ་ཨགྣི་སནྣི་བྷཱ་ཡ། ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྲཱཾ་ག་དྷཱ་རི་ཎི། བྱཱ་གྷྲཱ་ཛི་ན་ཨམྦ་ར་དྷ་ར་ཡ། མ་ཧཱ་དྷཱུམྦྲ་ཨནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་ཀ་པཱ་ལི། མ་ཧཱ་ཀཾ་ཀ་ལ་བི་ཀ་ཊ་དཥྚྲཱ་ཊ་སུ་རཱ་བཻ་རི་ཎ་ཨ་མི་ཏཱ་བྷཱ་བཛྲ་པྲ་བྷ་བཛྲ་དེ་ཧ་ཨཾ་ཀུ་རི་ཀ་བཛྲ་ཛ་ཊི་མ་ཧཱ་བཱི་ར་བཛྲ་ཧཱུཾ་ཀཱ་ར་སུ་བྷ་དྲ་མ་ཧཱ་བྷཻ་ར་བ་བི་རུ་པཱ་ཀྵ་མ་ཧཱ་པ་ལ་རཏྣ་བཛྲ་ཧ་ཡ་གྲཱྀ་ཝ་ཨཱ་ཀཱ་ཤ་གརྦྷ་ཤྲཱི་བཛྲ་ཧེ་རུ་ཀ་པདྨ་ན་རྟེ་ཤྭ་ར་བཻ་རོ་ཙ་ན་བཛྲ་ས་ཏྭ་ཧུཾ་ཧཱུཾ་ཕཊ། དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོ་བདུས་པའོ། །ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜ་ཨཀྵཱ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་


DTG017_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཿ་ཧྲཿ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་གི་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མ་ཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕའྚ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨེ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བྷཻ་ར་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལ་ཨ་བ་ལམྦི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་རཱ་བྷཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲི་ཧྣ་གྲི་ཧྣ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་ཝཱ་ཏ་རྫ་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཊྚྷྱ་ཨཱ་ཀ་ཊྚྷྱ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧིཾ་ཧིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཽཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཝརྨྨི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཱི་ཪྻེ་ཧུཾ་ཧཱུཾ་ཕཊ། དཔའ་བོ་དང་དཔའ་མོའི་སྙིང་པོའོ། །ཉེ་བའི་སྙིང་པོ་ཐ་དད་དུ་བྱས་པའོ། །ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿ་ཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་སུ་རུ་དྷི་ར་ཨནྟྲ་མ་ལ་ཨ་བམྦི་ནི། གྲི་ཧྣ་གྲི་ཧྣ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ་སརྤཾ་ཝཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཊྚྷྱ་ཨཱ་ཀཊྚྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ།ལ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ། ཙཎྜ་ཨཀྵཱི། པྲ་བྷཱ་ཝ་ཏི། མ་ཧཱ་ནཱ་སེ། བཱི་ར་མ་ཏཱི། ཁརྦ་རཱི། ལཾ་ཀེ་ཤྭ་རཱི། དྲུ་མ་ཙྪཱ་ཡེ། ཨེ་རཱ་བ་ཏཱི། མ་ཧཱ་བྷེ་ར་ཝཱི། བཱ་ཡུ་བེ་གེ །སུ་ར་བྷ་ཀྵཱི། ཤྱཱ་མ་དེ་བཱི་ཡེ། ཧ་ཡ་ཀརྞྞེ། ཁ་གཱ་ན་ནེ། ཙཀྲ་བེ་གེ །ཁཎྜ་རོ་ཧི། ཤཽཎྜི་ཎི། ཙཀྲ་ཝརྨྨི་ཎཱི། སུ་བཱི་རི། མ་ཧཱ་བ་ལེ། ཙཀྲ་ཝརྟི་ནཱི། མ་ཧཱ་བཱིཪྻེ་ཧུཾ་ཧཱུཾ་ཕཊ། དཔའ་མོའི་སྱིང་པོ་དང༌། ཉེ་བའི་སྙིང་པོ་བསྡུས་པའོ། །


DTG017_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། སོ་སོ་དང་བསྡུས་པའི་སངས་རྒྱས་མཁའ་འགྲོ་མའི་སྙིང་པོའོ། ཨོཾ་ཊཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱ་ཧུཾ་ཧཱུཾ་ཐཊ། ཨོཾ་ཤྭ་ནཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀཱ་ར་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚྲཱི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཊཱ་ཀི་ནཱི། ལཱ་མེ། ཁཎྜ་རོ་ཧི། རཱུ་པི་ཎཱི། ཀཱ་ཀཱ་སྱ། ཨུ་ལཱུ་ཀཱ་སྱ། ཤྭ་ནཱ་སྱ། སུ་ཀཱ་ར་སྱ། ཡ་མ་དཱ་དྷཱི། ཡ་མ་དཱུ་ཏི། ཡ་མ་དཾ་ཥྚྲི་ཎཱི་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་སོ་སོ་དང་བསྡུས་པའི་སྙིང་པོའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཊཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿ་ཧ་ཧ་ཧུཾ་ཧཱུཾ་ཕཊ། དཔལ་ཧེ་རུ་ཀའི་ས་སོའི་དང་བསྡུས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་བཻ་རོ་ཙ་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་སྭཱ་ཧཱ་ཧུཾ་ཧཱུཾ་ཕཊ། ཨོཾ་པདྨ་ནརྟེ་ཤྭ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་བཽ་ཥ་ཊ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧཱུཾ་ཧོཿ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཱ་ཤ་གརྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲཱྀ་ཝ་ཧུཾ་ཧཱུཾ་ཕཊ། དཔའ་བོ་དྲུག་གི་གོ་ཆ་སོ་སོར་བྱས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཨོཾ་ཧ་ན་མ་ཧི་སྭཱ་ཧཱ་ཧུ་བཽ་ཥ་ཊ་ཧེ་ཧུཾ་ཧཱུཾ་ཧོཿ་ཕཊ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭ་བཻ་རོ་ཙ་ན་པདྨ་ནརྟེ་ཤྭ་ར་ཤྲཱི་བཛྲ་ཧེ་རུ་ཀ་ཨཱ་ཀཱ་ཤ་གརྦྷ་ཧ་ཡ་གྲཱྀ་ཝ་ཧུཾ་ཧཱུཾ་ཕཊ། གོ་ཆའི་སྙིང་པོ་དང༌། ཉེ་བའི་སྙིང་པོ་བསྡུས་པའོ། །ཨོཾ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཡོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲི་མོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མོ་ཧ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲེཾ་ཧྲཱིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སཾ་ཙ་ལ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ན་ཏྲཱ་ས་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜི་ཀེ་ཧུཾ་ཧཱུཾ་ཕཊ། དཔའ་བོའི་གོ་ཆ་དྲུག་གི་སོ་སོར་བྱས་པའི་སྙིང་པོ་དང་ཉེ་བའི་སྙིང་པའོ། །ཨོཾ་ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲཱིཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡ་མི་ནི་མོ་ཧ་ནི་སཾ་ཙ་ལ་ནི་སན་ཏྲཱ་ས་ནི་ཙཎྜ་ཀི་ཧུཾ་ཧཱུཾ་ཕཊ། དཔའ་བོ་དྲུག་གི་བསྡུས་པའི་སྙོང་པོ་དང༌། ཉེ་བའི་སྙིང་པོའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧུཾ་


DTG017_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཨོཾ་གྲྀཧྣ་པ་ཡ་གྲིཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧུཾ་ཧཱུཾ་ཕཊ། བསྡུས་པའི་ཕྱོགས་བཅིང་བ་དང་རྫ་རྔའི་ཕྱོགས་གཅིངས་པའི་སྔགས་སོ། །ཨོཾ་ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧཱ་ཧཱ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། དཔལ་ཧེ་རུ་ཀ་དང་རྣལ་འབྱོར་མའི་བཞད་པ་རྣམ་པ་བརྒྱད་ཀྱི་སྔགས་སོ། །ཨོཾ་ཧ་ཧི་ཧོ་ཧ་ཧུཾ་ཧཱུཾ་ཕཊ། རྣམ་པ་ལྔའི་སྔགས་ཏེ་དཔལ་ཧེ་རུ་ཀའི་སྙིང་པོ་དང་འདྲའོ། །དེ་ནས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བས་དཀྲིས་པའི་གཞོམ་དུ་མེད་པ་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་གནས་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ། །དེའི་རྗེས་སུ་ཕྱག་རྒྱ་དང་སྔགས་ཀྱི་མཆོད་པ་བྱས་ལ། མཐེབ་ཆེན་དང་མཛུབ་མོ་དང་གུང་མོ་སྲིན་ལག་དང་ཆུང་དུ་དང་སེན་མོ་དང་ལག་པའི་མཐིལ་དང་རྒྱབ་ཏུ་དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་གོ་ཆ་དང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བསྒོམས་ལ། དེ་ནས་རྡོ་རྗེ་སེམས་དཔའ་དང་དཔལ་ཧེ་རུ་ཀ་གཉིས་ཀྱི་གོ་ཆས་མཚན་ཉིད་དང་ལྡན་པའི་ཕྲེང་བ་གཟུང་ལ། །གོ་ཆ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། །ཁྲོ་བོའི་ཚིག་གམ་རྡོ་རྗེ་ཚིག་གིས་ཇི་ལྟར་འདོད་པར་སྔགས་བཟླས་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་མུཿ་ཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨཱ་རལླི་ཧོཿ་ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་དྲི་ཤྱ་ཧོཿ་རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ་མཚན་ཕྱེད་ན་གཏོར་མ་སྦྱིན་པར་བྱ་བ་སྟེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨ་ད་ཨ་པ་སྨཱ་ར་བཛྲ་ཊཱ་ཀ་ཧཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ། གྲྀཧྣ་གྲྀཧྣ་ས་མ་ཡ། རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རྟ་ཡ་སཚུ་ཁཾ་བི་ཤུདྡྷ་ཡ་ས་ཧ་ཡི་ཀཱ་བྷ་ཝནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལུས་རྟག་པར་བྱེད་པའི་ཆོ་གས་བདག་ཉིད་ཚིམ་པར་བྱས་ལ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ལྟར་བདག་ཉིད་རྣམ་བསམས་ནས། །ཚང་ངམ་སྔགས་ཀྱིས་བསྲུང་བར་བྱ། །ཚངས་པར་སྤྱོད་པ་རྟག་གྱུར་ནས། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །དེ་ལྟར་རྣམ་བསམས་རྣལ་འབྱོར་བདག །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག །བློ་ལྡན་


DTG017_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཆེན་པོས་སྤྱོད། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །ལ་ལར་སྨྱོན་པ་བཞིན་དུ་སྤྱོད། །རྣམ་པར་མི་རྟོག་བདག་ཉིད་སེམས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །ཅེས་བྱ་བ་འདི་ནི་ཕྱི་དང་ནང་དུ་འབྲེལ་བའི་རིམ་པའོ། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་བ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་རྣམ་པར་བསྒོམ། །ཡི་གེ་གོ་འཕང་མཆོག་གྱུར་པ། །དེ་ཡི་དབུས་ན་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ཡི་ལུས་ལས་འདས་པ་སྟེ། སེམས་ཅན་ཉིད་ཀྱང་མི་བསྒོམ་མོ། །བསམ་གྱིས་མི་ཁྱབ་དེ་སེམས་པའི། །སེམས་ཉིད་ཀྱང་ནི་མི་རྟོག་གོ །དེ་ལ་སེམས་ཤིང་བསམ་བྱས་ན། །དེ་རྗེས་གཟུངས་ནི་ཐོབ་པར་འགྱུར། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །མཚན་མོ་ཤེས་རབ་མ་རུ་བརྗོད། །སྤྲུལ་པ་ལས་བྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པའོ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པའོ། །རུ་ནི་ཚོགས་དང་སྟོང་པ་སྟེ། །ཀ་ནི་གང་དུ་འང་མི་གནས་པའོ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པའོ། །འདིར་ཁྱད་པར་ཡོད་པ་རྣམས་ནི་མ་བྲིས་ཏེ། བླ་མ་ལ་མི་ལྟོས་པ་དང་གདམས་ངག་ཆེན་པོ་བསྲུང་བའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་སྔོན་དུ་སོང་བས་བླ་མ་མཉེས་པར་བྱས་ལ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྗེས་སུ་འབྲང་བར་རྟོགས་པར་བྱའོ། །ལས་ཡེ་འབྱུང་ཞེས་བྱ་བ་དཔལ་བདེ་མཆོག་འཁོར་ལོའི་རྒྱུད་འདིར་ནི་དེ་ཇི་ལྟར་གསུངས་པ། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་སྟོན་ཏེ། རྣམ་ཤེས་ཀྱི་སྦྱོར་བ་ཡང་དེ་བཞིན་དུ་ཉོན་ཅིག་ཅེས་སྦྱོར་རོ། །དེ་ལ་ཁྱད་པར་ཇི་ལྟ་བུ། །ཞེས་པ་ལ། སྲིད་པ་སྒྲ་ཚུལ་ལས་ངེས་འབྱུང༌། །ཞེས་གསུངས་ཏེ། ངེས་པར་འབྱུང་བ་ནི་ཁྱད་པར་ཅན་གྱི་ངོ་བོ་ཉིད་དུ་བྱུང་བ་སྟེ། གང་ལས་ཤེ་ན། དེའི་གཟུགས་ལས་མར་མེ་འབར་བ་ལྟ་བུའི་བྱང་ཆུབ་ཀྱི་


DTG017_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྒྱུན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ་སྲིད་པ་ནས་བྱའོ། །གཞན་ཡང་ཁྱད་པར་ཅི་ལྟ་བུ། །ཞེས་པ་ལ། ཙནྡན་ལ་སོགས་པ་སྤྱོད་པའི་སྤྱོད་ཡུལ་ཞེས་བྱའོ། །ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ། ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་གསུངས་ཏེ། ཐུགས་དང་གསུང་དང་སྐུའི་འཁོར་ལོར་ཡང་དག་པར་གནས་པ་ཞེས་བྱའོ། །ཡང་ཅི་ལྟར་གྱུར་པ་ཞེས་པ་ལ། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཞེས་གསུངས་ཏེ། ལྷ་དང་མི་དང་ཀླུ་རྣམས་ཀྱི་སྡུག་བསྔལ་གྱིས་ཐོབ་པར་བྱ་བ་ཞེས་པའི་དོན་དུ། གཞན་ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ། ཤེས་རབ་ཐབས་ཀྱི་སྦྱོར་ཅི་བཞིན། །དེ་བཞིན་སྔགས་བཟླས་བསམ་རྫོགས་ལྡན། །ཞེས་གསུངས་ཏེ་རྣལ་འབྱོར་མའི་སྦྱོར་བ་འདུས་པ་ལས་སྔགས་དང་ལྷ་དང་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་གོམས་པར་བྱའོ་ཞེས་སྦྱར་རོ། །ཡང་ན་སྲིད་པ་ཞེས་བྱ་བ་ལ་སོགས་པ། ཁྱད་པར་ཅན་གྱི་ངོ་བོ་ཉིད་ཀྱིས་བྱུང་བ་ནི། མར་མེ་འབར་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་རང་བཞིན་ལས་སྲིད་ཅིང་ཙནྡན་ལ་སོགས་པ་སྤྱོད་པའི་སྤྱོད་ཡུལ་ལྷ་དང་མི་དང་ཀླུ་ལ་སོགས་པས་སྡུག་བསྔལ་གྱིས་ཐོབ་པར་བྱ་སྟེ། ཐུགས་དང་གསུང་དང་སྐུའི་འཁོར་ལོ་ཡང་དག་པར་གནས་པའི་རྣལ་འབྱོར་མའི་སྦྱོར་བ་འདུས་པ་ལས་སྔགས་དང་ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་ལ་སོགས་པ་གོམས་པ་དང་འབྲེལ་བ་དཔལ་འཁོར་ལོ་བདེ་མཆོག་འདིར་ཇི་ལྟ་བ་བཞིན་དུ་གནས་པའི་ཡང་དག་པའི་བྱང་ཆུབ་ཀྱི་ཡེ་ཤེས་དང༌། རྣམ་པར་ཤེས་པའི་སྦྱོར་བ་ཉིད་ཀྱང་དེ་བཞིན་དུ་ཉོན་ཅིག་ཅེས་སྦྱར་བར་བྱའོ། །ཡང་ན་སྲིད་པ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ཞེས་པ་ནི་ནཱ་དའི་ངོ་བོ་ཉིད་ཀྱི་སྒྲས་ནི་ཐུན་མོང་ལས་ལྷག་པར་བྱེད་པ་སྟེ་ལྔ་པའི་སྒྲ་རུ་སྟོན་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་སྲིད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནམ་མཁའི་ཕྱོགས་ན་གནས་པ་ལས་འབྱུང་ངོ་ཞེས་བྱའོ། །གང་གི་ཕྱིར་ངེས་པར་འབྱུང་ཞེས་པ་ལས། །མང་པོའི་ཚིག་གིས་བདག་ཉིད་ནཱ་ད་


DTG017_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་ངེས་པར་འབྱུང་ཞེས་བྱ་བར་ཤེས་པར་བྱ་བའི་དོན་ཏོ། །ཅི་ལྟ་བུར་གྱུར་པ་ནི་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། དམ་ཚིག་ནི་རྣམ་པ་གཉིས་ཏེ་བསྲུང་བར་བྱ་བ་དང༌། བཟའ་བར་བྱ་བའོ། །དེ་གཉིས་ཀྱི་སྤྱོད་པ་ནི་དེ་ལ་འཇུག་ཅིང་སྤྱོད་ཅེས་བྱ་བའི་དོན་ཏོ། །དེ་གཉིས་སྤྱོད་ཅིང་ཡུལ་དུ་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་བརྗོད་དོ། །ཡང་ན་ནི་དམ་ཚིག་ནི་ལྷ་མོ་རྣམས་སོ། །དེའི་སྤྱོད་པ་ནི་སྤྱོད་ཡུལ་ཏེ་དཔའ་བོ་ཞེས་བྱའོ། །གང་ཡིན་པ་དེ་ལྟར་རྒྱུད་དེར་གསུངས་པའི་ཆོ་གའི་ཡེ་ཤེས་ཉོན་ཅིག་ཅེས་སྦྱར་རོ། །ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་བྱ་བ་ནི་བརྗོད་པའི་དོན་དེ་ཉིད་དོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཞེས་པ་ནི་ས་འོག་དང་ས་སྟེང་དང་ས་བླ་རྣམས་གང་ཡིན་པའི་འཇིག་རྟེན་དུ་དཔའ་བོ་དང་སློབ་དཔོན་ལ་སོགས་པ་རྣམས་རྙེད་པར་དཀའ་བའོ། །ཡང་ནི་འཇིག་རྟེན་གསུམ་དུ་འཁོར་ལོ་གསུམ་ལ་གནས་པའི་ལྷ་མོ་རྣམས་རྙེད་པར་དཀའ་བའོ། །དཔའ་བོ་དང་དཔའ་མོ་རྣམས་དང་ཆོ་གའི་ཡེ་ཤེས་ཀྱང་རྙེད་པར་དཀའོ་ཞེས་སྦྱར་རོ། །དེ་ལ་འདིའི་དགོངས་པ་ནི་སློབ་དཔོན་དང་རྣལ་འབྱོར་དང་རྣལ་འབྱོར་མ་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དཔའ་མོ་ལ་སོགས་པའི་ལྷ་རྣམས་འཇིག་རྟེན་གསུམ་ན་གནས་པ་ལས་གཞན་དུ་དཔལ་བདེ་མཆོག་འཁོར་ལོ་གཙོ་བོ་སྡུག་བསྔལ་གྱིས་རྙེད་པའི་ཆོ་གའི་ཡེ་ཤེས་འདི་ཉིད་དཔལ་བདེ་མཆོག་འཁོར་ལོར་དེ་བཞིན་དུ་ཉོན་ཅིག་ཅེས་བྱ་བའི་བར་རོ། །ཤེས་རབ་ཐབས་ཀྱི་སྦྱོར་ཅི་བཞིན། །ཞེས་པ་ནི་ཐབས་ནི་རྡོ་རྗེའོ། །ཤེས་རབ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་ཀུན་ནོ། །སྦྱོར་བ་ནི་བཅོམ་ལྡན་འདས་ལ་སོགས་པ་དཔའ་བོ་ཀུན་དེ་རྣམས་ཀྱི་ཡང་དག་པར་སྦྱོར་བ་གང་ཡིན་པ་དེ་ནི་ཆོ་གའི་ཡེ་ཤེས་ནི་དེ་བཞིན་ནོ། །ཅི་བཞིན་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་སྔགས་ཀྱི་བཟླས་པ་དང་བསམ་གཏན་དང་ལྡན་པ་དེ་བཞིན་ཞེས་བྱ་བའི་དོན་ཏོ། །སྦྱོར་ཉིད་ཅེས་པ་ནི་གཅིག་ཏུ་དེ་ལྟར་གྱུར་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་སྦྱོར་བ་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་དུ་ཇི་ལྟར་གསུངས་པ་དེ་ཐམས་ཅད་འདིར་ཡང་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །


DTG017_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕྱིར་རྙེད་པར་དཀའ་བ་ཞེས་བརྗོད་དོ། །སོགས་པའི་སྒྲས་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ཕྱི་རོལ་གྱི་སྨན་ལ་སོགས་པ་ཉེ་བར་མཁོ་བ་ལ་སོགས་པ་བསྡུས་པའོ། །སྦྱོར་བའི་སྒྲས་ནི་དབང་དུ་བྱ་བ་ལ་སོགས་པ་ལྷག་པར་བྱེད་པའི་སོ་སོར་སྦྱོར་བ་ཡང་བསྟན་པར་བྱ་བ་ཡིན་ནོ། །ད་ནི་བསྲུབ་བ་དང་སྲུང་བར་བྱེད་པའི་མཐར་འབབ་པའི་གནས་སྐབས་སུ་མཆོད་པའི་ཆོ་ག་ནི་དབུགས་འབྱིན་པར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་མར་གྱུར་པས་ན་བར་མ་ཞེས་བྱ་བ་སྟེ་བཅོམ་ལྡན་འདས་མའི་པདྨ་ཞེས་བརྗོད་དོ། །དེ་ལ་མཆོག་ཏུ་གྱུར་པའི་དབུགས་འབྱིན་པ་ནི་ལྗགས་ཀྱིས་བཀུག་པའོ། །དེས་ཅིར་འགྱུར་ཞེ་ན། དྲིའི་ཆུ་དང་བཅས་པ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དང་བཅས་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བར་མ་ཞེས་བྱ་བ་ལ་སོགས་པ་ལ་དབུས་སུ་གྱུར་པས་ན་བར་མ་སྟེ་བཅོམ་ལྡན་འདས་མའི་པདྨ་ཞེས་བརྗོད་དོ། །དེ་ཉིད་ནི་མཆོག་སྟེ་དེ་ལ་དབུགས་ཞེས་པའི་དོན་ཏོ། །ཡང་ན་ནི་བར་མ་ཞེས་བྱ་བའི་དོན་གཞན་དུ་སྟོན་ཏེ། ལྷག་མ་ནི་བསྟན་པའི་དོན་ཉིད་དོ། །རྣལ་འབྱོར་དུས་ནི་ཁྱད་པར་དུ། །ཞེས་པ་ནི། འབབ་པའི་མཐའི་དུས་ས། །ཁྱད་པར་དུ་ཞེས་པ་ནི། རྡོ་རྗེ་དང་པདྨ་བསྐྱོད་པའི་ཁྱད་པར་དེ་ཡིས་ཞེས་པའི་བར་རོ། །རིགས་ལྡན་ཞེས་པ་ནི་རྒྱུད་ཀྱི་དམ་ཚིག་བརྡ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོའི་ངོ་བོ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་ལ་མཆོད་པ་ནི་མཆོད་པར་བྱ་སྟེ། ཇི་ལྟར་སེམས་དགའ་བ་དེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་ཞེས་པ་ནི་ཅི་སྲིད་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཕོ་ཉ་ལྷན་ཅིག་སྐྱེས་པའི་དངོས་གྲུབ་མཆོག་དང༌། འབྲིང་དང་ཐ་མ་དེ་ཡིད་ནང་དུ་ཆུད་པས་འདོད་པའི་དོན་གྱི་དངོས་གྲུབ་བསྒོམ་པར་བྱའོ། །དེ་ལ་འདིའི་དོན་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོའི་ངོ་བོ་ཉིད་ལས་ཀྱི་ཕྱག་རྒྱ་རྣམས་འཁོར་ལོ་གསུམ་ལ་གནས་པ་དེ་ཀུན་ཡིད་ནང་དུ་ཆུད་པ་ནི་དེ་ཀུན་ཐུགས་དགྱེས་པའི་བསམ་པས་དངོས་གྲུབ་ཏུ་བྱེད་ཅེས་བྱའོ། །རང་རྫས་ཐིག་ལེས་སངས་རྒྱས་དང༌། །ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་བསྟན་པའི་ལས་ཀྱི་ཕྱག་རྒྱ་ལ་འདོད་ཆགས་ཆེན་པོའི་ཐིག་ལེས་


DTG017_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འབའ་ཞིག་ནི་མ་ཡིན་ཏེ། ལྷ་སུམ་ཅུ་རྩ་བདུན་རྣམས་དང་ཕུང་པོ་ལྔའི་སངས་རྒྱས་ཀྱི་རང་བཞིན་དང་སྐྱེ་མཆེད་དྲུག་བྱང་ཆུབ་སེམས་དཔའི་རང་བཞིན་བསྒོམ་པར་བྱའོ་ཞེས་བྱ་བའོ། །དེ་ལ་འདིའི་དགོངས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀར་བྱས་ནས་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོའི་ངོ་བོ་ཉིད་ལ་བསྒོམ་པར་བྱ་བ་ནི་དེའི་སྦྱོར་བ་ལ་སྙོམས་པར་ཞུགས་ནས། དེའི་ས་བོན་ཀུན་དང་བ་བནྡུ་ཀའི་གཟུགས་ཀྱིས་གསང་པ་སྟེ། དེ་ལྟར་གསང་བའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱའོ་ཞེས་བྱ་བའོ། །མཐོང་བ་དང་ནི་ཞེས་པ་ནི་ཇི་སྙེད་གཟུང་བའི་ཁྱད་པར་གཞན་ནི་བསྙེན་བཀུར་གཞན་མི་དགོས་ཏེ་མཐོང་བ་འམ་རེག་པ་འམ་ཐོས་པ་འམ་དྲན་པས་ཀྱང་ངོ༌། །དེ་ལྟར་ཁྱད་པར་ཅན་གྱི་རྣལ་འབྱོར་པས། སྡེག་པ་ཀུན་ལས་སེམས་ཅན་གྲོལ། །ཞེས་བྱའོ། །དེ་ལྟར་འདི་ལ་ཐེ་ཚོམ་མེད་ཅེས་པ་ནི། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་ཉིད་ཅེས་བྱ་བར་བརྗོད་དོ། །ཡང་ན་དེ་ལྟ་བུ་ཁྱད་པར་ཅན་གྱི་ལས་ཀྱི་ཕྱག་རྒྱ་ཡེ་ཤེས་ཕྱག་རྒྱའི་ངོ་བོ་ཉིད་རྡོ་རྗེ་ཕག་མོ་གཟུང་བའི་བྱེ་བྲག་ཡོངས་སུ་སྤངས་ཏེ། མཐོང་བ་དང་རེག་པ་ཐོས་པ་འམ་དྲན་པས་ཀྱང་རྣལ་འབྱོར་བ་འམ་སེམས་ཅན་གྱི་བྱེ་བྲག་གཞན་ཡང་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །འདི་ལྟར་དེ་ལ་ཐེ་ཚོམ་མེད། །ཅེས་པའི་བར་ལྷག་མ་ནི་སོང་བའི་དོན་ཉིད་དོ། །རྣལ་འབྱོར་བ་ཉིད་ཅེས་པ་ལ་སོགས་པ་ནི་གོ་སླའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། འགྲུབ་པ་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པ་གསང་བའི་སྔགས་ཀྱིས་བཟླས་པ་དང༌། བསམ་གཏན་དང༌། ཕྱི་དང༌། གསང་བ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ལ་གོམས་པས་ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་གཉིས་ནས་བྱ་བའི་དོན་ཏོ། །ཡང་ན་ནི་གཞུང་གཞན་ཏེ་དམ་ཚིག་ཅེས་པ་ནི། དམ་ཚིག་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཁྱད་པར་ཅན་ནམ། དམ་ཚིག་ལག་གདུབ་ལ་སོགས་པའི་ཁྱད་པར་རྟག་ཏུ་བསྐྱང་ངོ་ཞེས་བྱ་བའི་དོན་ཏོ། །སྲུང་བ་ནི་གདུག་པ་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཙནད་ན་ལ་སོགས་པའི་ཐ་སྙད་དོ། །དམ་ཚིག་སྒྲ་ནི་བསྲུང་བར་བྱ་བའི་རིགས་


DTG017_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཁ་ཅིག་ཏུ་བཞད་གང་དུ་གྱུར་པའི་ཕྱིར་རོ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །ཞེས་པ་ནི་ཐམས་ཅད་དུ་སྔགས་དང་ལྷ་ལ་གོམས་པའི་ཡིད་ཀྱིས་སྒྲུབ་པ་པོ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དང༌། དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པ་ནི་དམ་ཚིག་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མ་ལུས་པའི་ཡུལ་ལ་གང་གི་ཕྱིར་དེ་རྣམས་རྣལ་འབྱོར་པ་དང་རྣལ་འབྱོར་མས་སྔགས་དང་དཀྱིལ་འཁོར་འཁོར་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཙམ་ཡང་གཞན་ལ་ཡང་རིག་པར་མི་བྱའོ་ཞེས་བྱ་བའོ། །ཡང་ན་དེ་དང་འབྲེལ་པའི་དམ་ཚིག་སྒྲུབ་པ་པོས་དེ་ཡང་རིག་པར་བྱས་ན་དངོས་གྲུབ་ཀུན་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་བདུད་རྩི་རྣམ་པ་ལྔ་སྟོན་ཏེ། སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲང་རྩི་ནི་ག་པུར། དམར་ནི་རང་བྱུང་གི་མེ་ཏོག་གོ །ག་པུར་དང་བཅས་པ་ནི་སཱ་ལི་དང་བཅས་པའོ། །ཡང་ཁྲག་དང༌། གླ་རྩི་དང༌། ཙནྡན་ནི་བཞི་མཉམ་དང༌། དམར་ནི་ཙནྡན་དང༌། ཙནྡན་དམར་པོ་དང་ཡང་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །ཚོགས་ཀྱི་ནང་ཞེས་པ་ནི་འཁོར་ལོ་གསུམ་གྱི་དབུས་སོ། །ཡང་ན་ནི་རྣལ་འབྱོར་ཅིག་འཛིན་པའི་དམ་ཚིག་པ་ཚོགས་པའི་ནང་དུ་རབ་ཏུ་གནས་ཤིང་རྗེས་སུ་གནས་ཞེས་བྱ་བའི་དོན་ཏོ། །ནིའི་སྒྲ་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པའོ། །ཐམས་ཅད་རྡོ་རྗེ་མཚན་མ་ནི་སངས་རྒྱས་བཅོམ་ལྡན་འདས་དེའི་རྟགས་ནི་དེའི་མཚན་མ་སྟེ། ཡང་དམ་ཚིག་གི་སྒྲས་པདྨའི་སྣོད་དོ། །དུང་ཆེན་པོ་ཇི་སྲིད་དུ་འཛིན་པ་ཞེས་པ་ནི་རྡོ་རྗེ་ཀུན་མཚན་མཚན་མ་འཛིན་ཏེ། །འདིས་ནི་བདུད་རྩི་ལྔའི་ཁྱད་པར་རོ། །རྡོ་རྗེ་མཐེ་བོང་སྲིན་ལག་སྦྱར། །གོ་ཆ་ལ་སོགས་པ་བཀོད་པས་མི་ཕྱེད་པའི་གཡོན་པའི་ལག་པའི་མཐེ་བོང་དང་སྲིན་ལག་གཉིས་ཀྱིས་བཅད་པ་ནི་ལོངས་སྤྱོད་པར་བྱའོ། །ཡང་ན་གཞུང་ནི་གཞན་ཏེ། རྣལ་འབྱོར་རིག་པས་ཞེས་པ་ནི་རྟག་ཏུ་སྔགས་དང་ལྷའི་རྣལ་འབྱོར་འཆང་བའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །ཞི་བའི་བཏུང་བ་བཞིན་ཞེས་བྱ་བའི་དོན་ནི་ཞི་བའི་བཏུང་བ་ནི་ཆང་གི་བཏུང་བ་བཞིན་དུ་དེ་ཉིད་ཚིག་ཏུ་བརྗོད་པར་རིགས་ཏེ། འོན་ཀྱང་བྲམ་ཟེ་རྣམས་


DTG017_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད་སྦྱིན་བྱེད་པའི་དུས་སུ་ཤིན་ཏུ་དག་བྱེད་དུ་གྱུར་བའི་བཏུང་བའི་ཁྱད་པར་ཅན་དུ་བྲམ་ཟེ་རྣམས་ཀྱིས་འཛིན་ཏེ་དེ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིའི་དགོངས་པ་ནི་གྲངས་ལ་འདས་ཤིང་དོན་མང་བ་ཉིད་ཀྱི་ཕྱིར་རོ། །ཞི་བའི་བཏུང་བ་དང་འདྲ་བར་བྱས་ནས་ཇི་ལྟར་ནུས་པར་བདུད་རྩི་རྣམ་པ་ལྔ་དང་དམ་ཚིག་གི་རྫེས་ལ་སོགས་པ་ཁྱད་པར་གཞན་ང་རྒྱལ་སྐྱེས་པས་སྨོད་པ་ལ་སོགས་པ་ཡོངས་སུ་སྤངས་ཏེ། བདུད་རྩིའི་བཏུང་བ་ལྟ་བུར་ཡོངས་སུ་བརྟགས་ན་རྟག་པའི་དངོས་གྲུབ་འཐོབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདི་ཡིས་ཀྱང་ཐོབ་པོ། །མཆོད་བཞི་ཞེས་པ་ལ། མཆོད་བཞི་ནི་ཕྱི་དང་གསང་བ་དང༌། ཡིད་ཀྱི་རང་བཞིན་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཡང་ན་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་བཞི་ནི་མཆོད་པ་བཞིའོ། །དེ་བཞིན་རྣལ་འབྱོར་མ་ཞེས་པ་དང༌། དབང་ཉིད་སྙོམས་པར་འཇུག་པའི་ཞེས་པ་ནི། །དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་ལས་བྱ་བའི་ཁྱད་པར་རམ། །དཔའ་བོ་ཞེས་པ་དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་རྣམས་དང་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དེ་བཞིན་དུ་བདེ་བའི་ཚིག་གོ །དེ་ཉིད་འཛིན་ནི་ཐབས་དང་ཐབས་ལས་བྱུང་བའི་རྣལ་འབྱོར་འཆང་བའོ། །ཡང་ན་ནི་དེ་ཉིད་ནི་གཞན་མ་ཡིན་པ་ཉིད་དམ། འཁོར་ལོ་གསུམ་ལ་གནས་པ་དང་ལྷན་ཅིག་ཏུ་རོ་གཅིག་པ་འཆང་བའོ། །ལྷ་དང་མིའི་བདེ་བ་བསྡུས་ལ་གཅིག་ཏུ་བྱས་པས་ནི་རྡོ་རྗེ་ནི་བཅོམ་ལྡན་འདས་ཏེ། དེ་འཛིན་པ་ནི་རྡོ་རྗེ་འཆང་གི་རྣལ་འབྱོར་བའོ། །བཅུ་དྲུག་ཆར་ཡང་མི་ཕོད་དེ། །ཞེས་པ་ནི། དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པ་ནི་བཅུ་དྲུག་གི་ཆའི་གཅིག་ཆ་ཙམ་ཡང་རྣལ་འབྱོར་གཞན་འཆང་བས་མི་ཕོད་མི་ཐོབ་པ་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ནི་རྡོ་རྗེའི་ཆ་ཞེས་བྱ་བའི་གཞུང་གཞན་ཡང་ཡོད་དེ་དོན་དེ་ཉིད་དོ། །ལྷག་མ་ནི་གསལ་བར་བྱས་པའི་ཕྱིར་རོ། །རི་སུལ་ཚང་ཚིང་ཕུག་རྣམས་སམ། །ཞེས་པ་ནི་རིའི་ཕུག་ལ་སོགས་པའི་ཕྱོགས་སུའོ། །ཆུ་བོ་ཆེན་པོའི་ངོགས་དག་ཏུ། །ཞེས་པ་ནི་རྒྱ་མཚོ་ཆེན་པོའི་འགྲམ་ལ་སོགས་པའོ། །གདོད་ནས་གྲུབ་


DTG017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུར་ཁྲོད་དུ། །ཞེས་པ་ནི། །ཅིག་ནས་གཅིག་ཏུ་མཆོག་ཏུ་རབ་ཏུ་གྲགས་པའི་དུར་ཁྲོད་དུའོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ནི། འདིར་དེ་ལྟ་བུ་ལ་སོགས་པའི་གནས་སུ་འོག་ནས་འབྱུང་བ་འདི་ཉིད་ཀྱི་དཔལ་བདེ་མཆོག་འཁོར་ལོ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔལ་ཧེ་རུ་ཀའི་མངོན་པར་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ནི་རྫོགས་སོ་ཞེས་བྱ་བའི་དོན་ཏེ། དཔལ་ཧེ་རུ་ཀ་བརྗོད་པར་བྱ་བའི་བརྗོད་པར་བྱེད་པའི་གཞུང་གི་ཚོགས་ལས་དཀྱིལ་འཁོར་ལ་འཇུག་པའི་ལེའུའི་འགྲེལ་པ་སྟེ་དང་པོའོ།། །།

ལེའུ་གཉིས་པ། འཁོར་ལོ་མཆོད་པའི་ཆོ་གའི་འགྲེལ་པ།


DTG017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྒྱུད་ལ་ཟློས་པའི་སྐྱོན་མེད་པའི་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་ཡང་སྟོན་ཏོ། །བར་འདི་ན་བྷ་བ་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོད་དེ་ལོགས་ན་ཡོད་དོ། །ཡང་ན་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུས་ན་དཀྱིལ་འཁོར་བྱེད་པའི་གནས་ཉེ་བར་དམིགས་པ་ནས་བཟུང་ནས། བླ་མ་ལ་མཆོད་པ་དང་བསྙེན་བཀུར་བྱ་བའི་བར་དཀྱིལ་འཁོར་དང་དབང་བསྐུར་བ་ནི་ལེའུའི་དོན་ཏོ་ཞེས་གསུངས་སོ། །དེ་ལ་ཞེས་པ་ནི་རི་སུལ་དང་ཚང་ཚིང་ལ་སོགས་པའི་གནས་རྣམས་སུའོ། །ཆུ་དང་ལྕི་བ་ཞེས་པ་ནི་ཆུ་རུ་གཏོགས་པའི་ལྕི་བ་ནི་ཆུ་དང་ལྕི་བ་སྟེ། དེ་ཡིས་དཀྱིལ་འཁོར་གྱིས་གཞི་བྱུག་པར་བྱའོ་ཞེས་སྦྱར་རོ། །དུར་ཁྲོད་དང་ཆུའི་ངོགས་དང་དགོན་པ་དང་རི་སུལ་དང་རྫིང་བུའི་ངོགས་དང་གདུང་ཡོད་པའི་མཆོད་རྟེན་དང་ཤིང་གཅིག་གི་དྲུང་དང་ཚོང་དུས་དང་གྲོང་ཁྱེར་དང་ཚོང་དུས་ཀྱི་རྣམ་པའི་ཁང་པ་དང་གར་དང་གླུ་རྟག་ཏུ་བྱེད་པའི་གནས་དང་ཡང་ན་ནི་གནས་དང་ཉེ་བའི་གནས་དང༌། ཞིང་དང་ཉེ་བའི་ཞིང་དང༌། འདུན་ས་དང་ཉེ་བའི་འདུན་ས་དང༌། འདུ་བ་དང་ཉེ་བའི་འདུ་བ་དང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་ས་བཅུར་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང༌། །ཞེས་པ་བརྟན་པའི་རི་སུལ་དང་ཚང་ཚིང་ལ་སོགས་པ་རྣམས་གང་དུ་དཀྱིལ་འཁོར་བྲི་བ་དེར་དུར་ཁྲོད་ཆེན་པོའི་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རོ་བསྲེགས་སོལ་བ་ཞེས་བྱ་བ་ལ་སོགས་པ་ལ། རྡུལ་ཚོན་འདུ་བྱ་བ་སྟོན་པ་སྟེ། ལྷག་མ་ནི་གོ་སླའོ། །སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། །ཞེས་པ་ནི། སློབ་དཔོན་མཚན་ཉིད་


DTG017_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ་དང་ཉེ་བར་ལྡན་པ་ཞེས་པའི་དོན་ཏོ། །ཡང་དག་ཤེས་ཤིང་ཞེས་པ་ནི། ཡང་དག་པ་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་བློ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་ནུས་པ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་པ་ཞེས་པ་ནི་རྒྱུད་མ་ལུས་པའི་དོན་རིག་པའོ། །ཡང་ན་ནི་བསྡུ་བས་ཚིག་གི་དོན་གཅིག་ཉིད་དེ། ཡང་དག་པ་མ་ལུས་པའི་དེ་ཉིད་ཤེས་པ་སྟེ། ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའི་མ་ལུས་པའི་དེ་ཉིད་ཀྱི་དོན་དེ་ཡིས་ཤེས་པ་ལ་ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ནི་རྡོ་རྗེ་དང་པདྨ་དང་བསྐྱོད་པ་དང་ཡང་དག་པར་ལྡན་པས་གསང་བའི་དབང་སྟེར་བར་ནུས་པ་ཞེས་བྱ་བའི་དོན་ཏོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཞེས་པ་ནི། སྔོན་དུ་བསྙེན་པ་མང་དུ་སོང་བའོ། །ཁྲོ་བ་མེད་པ་ཞེས་པ་ནི་ཁྲོ་བ་ལ་སོགས་པ་ཡང་དག་པར་སྤངས་པ་ཞེས་བྱ་བའི་དོན་ཏོ། །གཙང་ཞིང་ཞེས་པ་ནི་འོག་ནས་འབྱུང་བའི་གཙང་སྦྲ་ཡོངས་སུ་སྐྱོང་བ་པོ་ཞེས་པའི་དོན་ཏོ། །མཁས་པ་ནི་སྙོམ་ལས་མེད་པའོ། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །ཞེས་པ་ནི་ཐབས་དང་ཤེས་རབ་ལ་སོགས་པ་ཡང་དག་པའི་དམ་པའི་ཆོས་ཀྱི་ངོ་བོ་ཉིད་དེ་ཉིད་ཀྱི་ཡེ་ཤེས་ཏེ། དེའི་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་འགྲོ་བ་ནི་སྐད་ཅིག་ལ་མངོན་དུ་བྱེད་ཅེས་པའི་དོན་ཏོ། །ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཡན་ལག་ཏུ་བྱས་པའི་རྟགས་བསྡུས་པ་གང་ཡིན་པས་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བའི་རིག་པས་ཕྱག་རྒྱ་ཆེན་པོ་སྟོན་ཏེ། ལྷག་མ་ནི་གོ་སླའོ། །དུམ་གཅིག་སྤྱི་བོར་བརྒྱན་པ་དང༌། །ཞེས་པ་ནི། འདིས་ནི་དཔྲལ་བའི་སྟེང་གི་ཐོད་པའི་ཕྲེང་བ་བཏགས་པའོ། །ཡང་ན་ནི་དུམ་བུ་མང་པོའི་པདྨའི་སྣོད་ཀྱང་བསྟན་ནོ། །རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ལ་སོགས་པ་ལུགས་ལས་བཟློག་པ་དང་ལུགས་སུ་འབྱུང་བའི་སྦྱོར་བས་བསྟན་པ་བླ་མའི་མན་ངག་གིས་གོ་རིམས་བཞིན་དུ་བློ་དང་ལྡན་པས་ཡོངས་སུ་རྫོགས་པར་བཤད་པར་བྱའོ། །རུས་པའི་ཕྲེང་བ་རྣམ་པར་འཕྱང༌། །ཞེས་བྱ་བ་འདིས་ནི་རུས་པའི་ཕྲེང་བ་ནི་བརྒྱ་ཕྱེད་པའི་ཐོད་པའི་ཕྲེང་བས་ཡི་གེ་ལྔ་བཅུའི་ངོ་བོ་ཉིད་འཕྱང་བ་སྟེ་ཐོད་པའི་ཕྲེང་བ་ཞེས་པའི་དོན་ཏོ། །ཁ་ཊྭཱཾ་ག་ནི་ལག་ན་གནས། །ཞེས་པ་ནི་ཁ་ཊྭཱཾ་


DTG017_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལག་ན་གནས་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། དེ་ཉིད་ཀྱི་ཕྱིར། །བདག་ཉིད་ཧེ་རུ་ཀར་བྱས་ནས། །ཞེས་བརྗོད་དོ། །དཔལ་ཧེ་རུ་ཀ་དྲན་པར་བྱ། །ཞེས་པ་ནི། དཀྱིལ་འཁོར་ལ་བཀོད་པའི་དཔལ་ཧེ་རུ་ཀའི་གཟུགས་ཉིད་ལ་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། འཁོར་ལོ་འདི་ཡི་སྙིང་གར་དགོང༌། །ཅེས་གསུངས་སོ། །འཁོར་ལོ་ཞེས་པ་ནི་དམ་པའི་ཆོས་ཀྱི་དོན་ལ་སོགས་པའི་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་འཁོར་ལོ་བྲི་བར་བྱ་བ་སྟེ། འཁོར་ལོ་འདི་ཡིས་བྲི་བར་བྱ་བའམ་འཁོར་ལོ་འདི་ནི་འཁོར་ལོ་སྟེ། དཔལ་ཧེ་རུ་ཀ་དང་བཅས་པའི་འོག་ནས་འབྱུང་བའི་དཀྱིལ་འཁོར་སྙིང་གའི་དབུས་སུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་བདག་ཉིད་གོ་བགོས་ནས། །ར་བ་རྣམས་ནི་ཕྱོགས་སུ་དགོད། །ཅེས་པ་ལ། རང་གི་ལུས་ལ་གོ་བགོ་བར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་དམ་ཚིག་བརྗོད་པའི་རྗེས་སུ་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་གི་ར་བ་དགོད་པར་བྱའོ། །གཞལ་ཡས་ཁང་ལ་སོགས་པ་ཡོངས་སུ་རྫོགས་པའི་དུས་སུ་རྡོ་རྗེའི་ར་བ་དང་པདྨའི་ར་བ་དང༌། འཁོར་ལོའི་ར་བ་དགོད་པར་བྱའོ་ཞེས་དགོངས་སོ། །དེ་ལྟར་བདག་ཉིད་གོ་བགོས་ནས། །འོག་ཏུ་མཚོན་ཆ་དགོད་པར་བྱ། །ཞེས་པ་ནི་འོག་གི་མཐར་ཐུག་པར་རྡོ་རྗེའི་ས་གཞི་བརྟག་པར་བྱའོ་ཞེས་པའི་དོན་ཏོ། །འཁོར་ལོ་བདག་ཉིད་མཚོན་ཆ་རྣམས། །སྟེང་དུ་མདའི་དྲ་བ་ཞེས་པ་ནི། མདའི་དྲ་བ་ནི་རྡོ་རྗེའི་གུར་སྟེང་དུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །ཡང་བདག་ཉིད་ཅེས་པ་ནི། ཡེ་ཤེས་སེམས་དཔའ་འཇུག་པའི་དུས་སུ་གཞལ་ཡས་ཁང་གི་ནང་དུ་བྱས་ནས་ར་བ་ལ་སོགས་པ་ཉེ་བར་བརྟག་པར་བྱའོ་ཞེས་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་སྔགས་པས་དཀྱིལ་འཁོར་འདྲི་བ་ལ་འཇིགས་པ་མེད་པར་བསྟན་ཏོ། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། །ཞེས་པ་ལ། ལེགས་པར་བསླབས་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང་བཅས་པ་ཞེས་པའི་དོན་ཏོ། །བྲི་བར་བྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ཐིག་སྐུད་སྟོན་ཏེ། ལྷག་མ་ནི་གོ་སླའོ། །མདངས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་རྒྱས་པར་བྱེད་དེ། མདངས་


DTG017_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟི་བརྗིད་དེ་རབ་ཏུ་འབར་བ་ཞེས་པའི་དོན་ཏོ། །ལྷག་མ་ནི་ཇི་ལྟ་བའི་དོན་ཉིད་དོ། །སྨིན་མ་བཟང་པོ་རྡོ་རྗེ་འབྱེས། །ཞེས་པ་ནི་རྡོ་རྗེ་ལྟ་བུར་ཡང་དག་བྱེ་བའི་ཐུན་མོང་དུ་སྨིན་མ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ལྟ་བུའི་སྨིན་མ་འབྱེས་ཞེས་པའི་དོན་ཏོ། །ཡང་ན་ནི་དཔྲལ་བའི་སྟེང་དུ་རྡོ་རྗེའི་ཕྲེང་བའི་མཐར་སྨིན་མ་ཡོད་པ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་རྟོགས་སླ་ཞིང་གསུངས་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལ་འཁྱུད་པ་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་རྡོ་རྗེ་ཕག་མོ་ཤིན་ཏུ་མི་བཟད་པར་གསལ་བར་བྱེད་དོ། །རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས། །ཞེས་པ་ནི། ཁ་ཅིག་ན་རེ་དབང་ཕྱུག་ཆེན་པོ་ལ་མངོན་པར་ཕྱོགས་པའོ་ཟེར་ཏེ་དེ་ནི་འདིར་རྗེས་སུ་མཐུན་པ་མ་ཡིན་ཏེ་གནས་སྐབས་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཕག་མོའི་ཕྱག་རྒྱ་ཆེན་པོ་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལ་འདིའི་དོན་ནི་འཇིགས་བྱེད་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། དེ་ལ་མངོན་དུ་ཕྱོགས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱིས་འཁྱུད་པའོ། །ལའི་སྒྲས་ནི་དེ་ཉིད་ཀྱི་དོན་ངེས་པར་གཟུང་བའོ། །ལྷག་མ་ནི་གོ་སླའོ། །དེ་ལ་བུམ་པ་ཞེས་བྱ་བ་ལ་སོགས་པས། བུམ་པའི་མཚན་ཉིད་ཕྱོགས་གཅིག་ཉེ་བར་མཚོན་པ་ཙམ་སྟོན་ཏེ། ནག་པོ་མེད་པ་དང་ལྟོ་བ་ཆེ་ཞིང་འཕྱང་བ་དང་སྐེ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །མུ་ཏིག་ཅེས་བྱ་བ་ལ་སོགས་པ་ནི་རིན་པོ་ཆེ་སྣ་ལྔ་སྟོན་པའོ། །ཟངས་མ་ཞེས་པ་ནི་བུམ་པ་ལ་སོགས་པའི་ཁྱད་པར་རོ། །ལྷག་མ་ནི་གོ་སླའོ། །མ་རྙེད་ན་བུམ་པ་དགུའོ། །རྙེད་ན་བུམ་པ་ཉི་ཤུ་རྩ་ལྔ་དང་ལའམ་ལ་སོགས་པའི་བུམ་པ་བཞི་དང་ཁྭ་གདོང་མ་ལ་སོགས་པའི་བུམ་པ་བརྒྱད་དང་ལས་ཐམས་ཅད་པ་དང་རྣམ་པར་རྒྱལ་བའི་བུམ་པའོ། །ཡང་ན་བསྡུས་ན་ནི་བཞི་བཅུ་ཐམ་པ་ཡིན་ནོ། །ལྷག་མ་ནི་གསལ་ལོ། །བརྒྱན་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། །ཇི་ལྟར་རྙེད་པའི་རིན་པོ་ཆེས་དཀྱིལ་འཁོར་ལ་ཇི་ལྟར་མཛེས་པར་དགྲམ་པར་བྱའོ་ཞེས་འདིའི་དོན་ཏོ། །གྲོང་མཆོག་ཡིད་འོང་མཆོད་གནས་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཅེས་པ་ནི་གོ་སླའོ། །བདག་ཉིད་ཀུན་ནས་སྒོ་ཡིས་ནི། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། །ཅེས་པ་ནི་


DTG017_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་གཙང་བར་བྱས་པའི་དྲི་དང་བཅས་པ་གཏོར་བ་སྟེ། རྡོ་རྗེའི་ཆུས་ཡང་དག་པར་གཏོར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀུན་ནས་སྒོ་ཡིས་ནི། །ཞེས་བྱ་བ་ཁྱད་པར་དུ་བྱེད་དེ། །དཔལ་ཧེ་རུ་ཀའི་བདག་ཉིད་གང་ཡིན་པའི་བཅོམ་ལྡན་འདས་ཀྱི་ཞལ་བཞི་ཉིད་ཡིན་པའི་ཕྱིར་རོ། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་བྱ་བ་ནི་དོན་ཅི་ལྟ་བ་དེ་ཉིད་དོ། །ཡང་ན་རྣམ་པ་སྣ་ཚོགས་པའི་བདག་ཉིད་ཀྱི་ཁྱད་པར་དུ་བརྗོད་དོ། །གཞན་ན་སྒྲོན་མ་ལྔ་གང་ཡིན་པས་རྔ་མོ་དང་རྟ་ལ་སོགས་པའི་ཤ་ཡང་གཟུང་བ་ཉིད་ཀྱི་ཕྱིར་རོ། །ནམ་མཁའི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད། །ཅེས་པ་ནི་ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་ཐམས་ཅད་དགོད་པར་བྱ་བ་སྟེ། སེམས་ནི་ནམ་མཁའ་ལ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་དུ་དགོད་པར་བྱ། ཞེས་པ་ནི་ཐམས་ཅད་དུ་དཀྱིལ་འཁོར་ལ་ཐམས་ཅད་ཀྱིས་སམ། ས་སྟེང་གི་འཁོར་ལོ་གང་བ་དེ་ལ་སྤྱོད་པ་ཡང་དགོད་པར་བྱ་བ་སྟེ། གསུང་གི་འཁོར་ལོ་ནི་དབུས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་ས་འོག་མཁའ་འགྲོ་མ། །དེ་ནི་ས་འོག་རྣམས་སུ་དགོད། །ཅེས་པ་ནི་ས་འོག་ན་གནས་པ་ཡང་སྟོབས་ཀྱིས་སྐུའི་འཁོར་ལོ་དགོད་པར་བྱ་ཞེས་རྟོགས་པར་བྱའོ། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །ཞེས་པ་ནི་ཁྲ་གདོང་མ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་དགོད་པར་བསྟན་པའོ། །དྲི་དང་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པ་རྣམ་པ་ལྔའི་ཆོ་ག་སྟོན་ཏོ། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང༌། །ཞེས་པ་ནི་སྔོན་དུ་བསྟན་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་མཆོད་པ་རྣམ་པ་ལྔའི་ཁ་བསྐང་བའི་དོན་དུ་གསུངས་པའོ། །མཆོད་བྱ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་ཀྱི་ཕྱིར་མ་བཤད་པ་ཡིན་ནོ། །རབ་མཉམ་གཞག་ཅེས་པ་ནི་ཐམས་ཅད་དུ་མཆོད་པའི་ཆོ་ག་རྣམ་པར་དག་པ་རྡོ་རྗེ་ཡིན་ནོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་གཉིས་པའི་འགྲེལ་པའོ།། །།

ལེའུ་གསུམ་པ། ཕན་ཡོན་དང་དབང་བསྐུར་བའི་ཆོ་གའི་འགྲེལ་པ།


DTG017_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་མངོན་དུ་བསྟན་པ་ཉིད་ཀྱི་ཕྱིར་གོ་སླའོ། །དང་པོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་ནི་རིགས་གཅིག་ཏུ་བསྟན་པས་དཀྱིལ་འཁོར་དང་ཉེ་བའི་སློབ་དཔོན་རྣམས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཅི་ནུས་པས་ནི་ཞེས་བྱ་བ་ལ་སོགས་པས་ནི་བླ་མའི་མཆོད་པ་སྟོན་པའོ། །དྲིལ་དབྱངས་ཞེས་བྱ་བྱ་བ་ལ་སོགས་པས་ནི་སློབ་དཔོན་གཙོ་བོའི་བྱ་བ་བརྗོད་པའོ། །རྔ་བརྡུང་ཞེས་བྱ་བ་ལ་སོགས་པས་ནི་རྡེའུ་ཆུང་ལ་སོགས་པ་བརྡུང་བའི་ཆོ་ག་བསྟན་ཏོ། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །ཞེས་བྱ་བ་ལ་སོགས་པ་ནས་བསྟན་པར་བྱ་ཞེས་པའི་བར་གྱིས་དེ་ནས་རྒྱུད་གཞན་ལས་རབ་ཏུ་གྲགས་པའི་ཆོ་གས་དབང་ཐམས་ཅད་རྫོགས་པར་བྱ་སྟེ། གསང་བའི་དབང་གི་ཆོ་ག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ནས་སློབ་དཔོན་ལེགས་པར་ནི། །ཞེས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱས་ལ། དེ་ཡང་རྡོ་རྗེ་ཕག་མོ་རྣལ་འབྱོར་དུ་སྤྲུལ་ཏེ། གོ་ཆ་ཆེན་པོ་ལ་སོགས་པས་གོ་བགོས་ལ་སློབ་མ་རྣམས་ཀྱང་དེ་བཞིན་དུ་བྱའོ། །མཉམ་པར་གཞག་སྟེ་ཕྱག་རྒྱ་མཆོད། །ཅེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་སྟོན་ཏོ། ཕྱག་རྒྱ་ནི་ཕྱི་རོལ་གྱི་ཡན་ལག་ཅན་ཏེ་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་ཤིང༌། བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་གིས་དམ་ཚིག་དང་ལྡན་པ་ཞེས་པའི་དོན་ཏོ། །དེ་ནས་ཉི་མ་གཉིས་པ་ལ་ཡང་དཀྱིལ་འཁོར་མཆོད་ཅིང་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ་དཀྱིལ་འཁོར་དང་ཉེ་བའམ། །ཡོལ་བས་བར་བཅད་པར་ཤིང་ཁྲི་ལ་སོགས་པ་ལེགས་པའི་སྟན་ལ་རབ་ཏུ་བཞག་སྟེ། གསང་བའི་དབང་བརྩམ་པར་བྱའོ། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་ལ་ཐིག་ལེ་བྱ་བ་ཡིན། །ཞེས་པ་ནི་གང་གི་ཚེ་སྔོན་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་ཕྱི་རོལ་གྱི་ཡན་ལག་མེ་ཏོག་དང་ལྡན་པར་གྱུར་པ་ཡིན་ན། དེའི་ཚེ་དེ་དང་ལྷན་ཅིག་ཏུ་རྗེས་སུ་ཆགས་པའི་རིམ་པས་ཇི་ལྟར་དགའ་བར་འགྱུར་བ་དེ་ལྟར་རྡོ་རྗེ་དང་པདྨ་བསྐྱོད་པ་ལ་སོགས་པའི་བྱ་བ་སྦྱོར་ཐབས་ཀྱི་གནས་སྐབས་སུ་སློབ་མའི་གདོང་བཅིངས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་བརྗོད་ཅིང༌། །མགོ་བོ་དང་དཔྲལ་བ་དང༌། མིག་གཉིས་དང༌། ཁ་དང༌། མགྲིན་པ་དང༌། སྙིང་ག་སྟེ་


DTG017_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བདུན་དུ་རྡོ་རྗེ་དང་པདྨ་ལས་བྱུང་བའི་དབང་བསྐུར་བ་སྦྱིན་ནོ། །སློབ་མས་ཀྱང་ཁ་རུ་བྱིན་པ་དེ་བདུད་རྩི་བཞིན་དུ་མྱང་བར་བྱའོ། །དེ་ནས་གདོང་ཕྱེ་དཀྱིལ་འཁོར་བསྟན། །གང་གི་ལྷ་ཡི་གནས་གང་ཡིན། ཞེས་པ་ནི་གསང་བའི་དབང་གི་གནས་དེ་དང་དེ་བསྟན་པར་བྱའོ། །དབང་བསྐུར་བའི་དུས་སུ་ཕྱི་རོལ་གྱི་ཡན་ལག་ཅན་བསྟན་པར་བྱ་བ་ནི་དོན་དམ་པའི་དོན་ཏོ། །ཡང་དག་ཅེས་པ་ནི་རྟོག་པ་མེད་པའི་སེམས་སོ། །དེ་ནས་སློབ་མས་ཀྱང་ཡང་དེ་བཞིན་དུ་བརྩམ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ནས་སློབ་དཔོན་མཉམ་གཞག་ལ། །རབ་ཏུ་གདུང་པ་བྱས་ནས་ནི། །གཡོན་ནས་བརྩམས་པའི་རིམ་པ་ཡིས། །དེ་ལ་བསྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཅི་བཞིན་ཆོ་གས་ཕྱག་བྱའོ། །ཞེས་པ་ནི་ཇི་ལྟར་བླ་མས་སློབ་མ་ལ་གསང་བའི་དབང་བྱིན་པ་དེ་ལྟ་བུའི་ཆོ་གས་བརྩམས་ཏེ། སློབ་མས་བླ་མ་ལ་ཕྱག་བྱས་ནས་དེ་ཉིད་དང་ལྷན་ཅིག་ཏུ་ཞེས་དགོངས་སོ། །ལྷག་མ་ནི་གོ་སླའོ། །རྩེས་དང་བལྟ་བ་ཞེས་བྱ་བས་ནི་གསང་བའི་དབང་བསྟན་ཏོ། །ལག་བཅངས་འཁྱུད་དང་ཞེས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་ཏོ། །གཉིས་གཉིས་སྤྲོད་ཅེས་བྱ་བས་ནི་དབང་བཞི་པ་ལ་གསལ་བར་བྱས་པའོ། །སློབ་དཔོན་གྱི་དབང་ངམ། ཡང་ན་ནི་བུམ་པའི་དབང་དང༌། དབང་གཞན་གྱི་ཁྱད་པར་ཡང་བསྟན་པའོ། །འདི་རྣམས་ཀྱི་དོན་བདག་གིས་བཤད་པ་ནི་བླ་མའི་མན་ངག་དྲན་པར་བྱ་བའི་དོན་དུ་དབང་བསྐུར་བ་ལེགས་པར་རྟོགས་པར་བྱས་པའོ། །བཤད་དང་མ་བཤད་གང་ཅིའང་རུང༌། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། །ཞེས་པ་ནི་ཐབས་གཞན་གྱིས་མ་བཤད་ཅིང་མ་བསྟན་ཏེ། མཆོག་དང་འབྲིང་དང་ཐ་མའི་སློབ་མ་ལ་སོགས་པའི་ངོ་བོ་ཉིད་ལ་བཤད་ཅིང་བསྟན་པ་གང་ཅུང་ཟད་ཡིན་པ་དེ་ཡང་ཐམས་ཅད་དཔལ་ཧེ་རུ་ཀ་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་གྱི་ངོ་བོ་ཉིད་ཀྱི་ཕྱིར། །དཔལ་ཧེ་རུ་ཀ་ལ་རྣམ་པར་གནས་ཞེས་པའི་དོན་ཏོ། །དེ་ལྟར་ཡང༌། དངོས་པོ་ཀུན་གྱི་ས་བོན་དེ། །དངོས་གྲུབ་ཀུན་གྱི་མཆོག་གི་དོན། །སངས་རྒྱས་ཀུན་གྱི་ཆེད་བྱེད་གནས། །བདེ་བ་ཅན་དུ་མངོན་པར་བརྗོད། །ཅེས་གསུངས་སོ། །འདིས་ནི་ལྷན་


DTG017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པ་དོན་དམ་པའི་ས་བོན་གྱི་ངོ་བོ་ཉིད་མཆོག་དང་འབྲིང་དང་ཐ་མའི་དངོས་གྲུབ་ལ་སོགས་པ་ལ་རོལ་བའི་ངོ་བོ་ཉིད་ཀྱི་ཕྱིར་གྱི་དོན་ཏོ། །ཡང་ན་ནི། བཤད་དང་མ་བཤད་གང་ཅིའང་རུང༌། དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་ཕྱག་རྒྱ་འཆང་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོ་རུ་བརྗོད་དེ། དེའི་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་ཡང་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་ལ་ཡང་གནས་པ་ཉིད་ཀྱི་ཕྱིར། བཤད་པ་དང་མ་བཤད་པ་གང་ཅུང་ཟད་དེ་ཐམས་ཅད་དཔལ་ཧེ་རུ་ཀ་ལ་རྣམ་པར་གནས་སོ་ཞེས་པའི་དོན་ཏོ། །དེ་ལྟར་དེའི་ངོ་བོ་ཉིད་འཆང་བའི་རྣལ་འབྱོར་དང་རྣལ་འབྱོར་མ་བལྟ་བར་བྱ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཕན་ཡོན་དབང་བསྐུར་བའི་ཆོ་གའི་ལེའུ་གསུམ་པའི་འགྲེལ་པའོ།། །།

ལེའུ་བཞི་པ། དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ཆོ་གའི་འགྲེལ་པ།


DTG017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །དེ་ནས་ཞེས་པ་ནི་དེའི་ཕྱིར་ཏེ་རྒྱུའི་དོན་ནམ། རྗེས་ཐོགས་ཏེ་མཁའ་འགྲོ་མ་ས་ལ་རྣམ་པར་རོལ་པ་སྟེ། ས་སྟེང་དང་ས་བླ་དང་ས་འོག་གསུམ་ཁྱབ་པ་སྟེ་འཁོར་ལོ་གསུམ་ལ་གནས་པའི་དོན་ཏོ། །མཁའ་འགྲོ་མ་ལ་སོགས་པ་སོ་སོའི་མིང་ནི་བརྩོན་ཆེན་མ་ཞེས་བྱ་བ་ལ་སོགས་པས་སྟོན་ཅིང་གསལ་པོར་བྱེད་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་འདི་དག་སྔོན་ཉིད་ནས་གྲུབ་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཞེས་བརྗོད་དོ། །རང་མིང་བརྗོད་པའི་སྔགས་ལ་ནི། །ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་ཉི་ཤུ་རྩ་བཞི་དང༌། དཔའ་བོ་རྣམས་དང༌། མཁའ་འགྲོ་མ་ལ་སོགས་པ་བཞི་དང༌། ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་རང་གི་མིང་བརྗོད་པའི་མགོ་བོར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བས་སྔགས་དྲུག་ཅུར་འགྱུར་རོ། །དེ་ལྟར་ཡང༌། ཨོཾ་ནི་ཐམས་ཅད་གསལ་བྱེད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་མཆོག་གཙོ་འདི་མཐོང་ན། །གཞན་དག་སྙིང་པོ་མེད་རྩྭར་མཚུངས། །ཞེས་པ་ནི་འདིར་དཔལ་ཧེ་རུ་ཀའི་རྣལ་འབྱོར་མཆོག་ཏུ་བལྟ་སྟེ། གཞན་ནི་རྩྭ་དང་འདྲའོ། །རྩྭ་དང་འདྲ་བ་སྟེ། སྙིང་པོ་མེད་ཅེས་བྱ་བའི་དོན་ཏོ། །


DTG017_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གསོལ་ཞེས་བྱ་བ་ལ་སོགས་པ་གཅིག་ཏུ་ནུས་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པའི་མཐུ་སྟོན་ཏོ། །དམ་པའི་ཆོས་ཀྱི་དོན་ལ་སོགས་པའི་རྗེས་སུ་འབྲང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གྲུབ་པ་གསོལ་བའི་ཕྱིར་འདོད་པ་ཐམས་ཅད་བྱེད་པ་སྟེ། མངོན་པར་འདོད་པའི་དོན་སྟེར་བར་ནུས་སོ་ཞེས་པའི་དོན་ཏོ། །དཔའ་བོ་ཉིད་འགྱུར་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དང་འདྲ་བར་གཞན་གནོན་པར་འགྱུར་རོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་པ་ནི། དཀྱིལ་འཁོར་གྱི་ཁང་པར་བྲིས་པའི་དཀྱིལ་འཁོར་མཐོང་ནས་དབང་བསྐུར་བའི་ཆོ་ག་ཡོངས་སུ་རྫོགས་པ་ཙམ་གྱིས་ཇི་ལྟར་གསུངས་པ་འདིའི་ཡོན་ཏན་ནི་གྲུབ་པའི་རྣལ་འབྱོར་པར་འགྱུར་རོ། །དེ་ཤེས་རྟག་ཏུ་སྒོམ་པ་ནི། ཞེས་པ་ནི་སྒོམ་པ་དང་བཟླས་པ་དང་ལྡན་ན་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །དེ་ལ་ཆེ་བའི་བདག་ཉིད་རབ་ཏུ་བསྟན་པའི་ཕྱིར་དེ་ཤེས་ཤིང་རྟག་ཏུ་བསྒོམས་པས་དངོས་གྲུབ་ཀྱི་འབྲས་བུར་སྟོན་པ་ནི། དངོས་གྲུབ་དེ་བཞིན་གཤེགས་པ་གསུངས། །ཞེས་པ་ལ། །སངས་རྒྱས་བཅོམ་ལྡན་འདས་ཕྱིན་ཅི་མ་ལོག་པའི་དོན་སྟོན་པའི་ཕྱིར་ཚད་མའི་སྐྱེས་བུ་ཉིད་དུ་སྟོན་ཏོ། །འདི་ཉིད་ཀྱི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པས་ཨོཾ་ཐམས་ཅད་གསལ་བར་བྱེད་པ་འདི་སྔོན་ནས་ངེས་པར་གྲུབ་པ་སྟེ། སྔགས་དང་ལྷ་ཉིད་དབྱེར་མེད་པའི་རིགས་པས་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་རང་གི་མིང་བརྗོད་པའི་སྔགས་ཨོཾ་དང་པོ་དང་ཧཱུཾ་དང་ཕཊ་མཐར་སྦྱར་བ་སྟེ་སྔགས་དྲུག་ཅུ་པོ་འདིས་འདོད་པ་ཐམས་ཅད་འགྲུབ་པས་གྲུབ་གསོལ་འདོད་པ་ཐམས་ཅད་སྟེར་བ་སྟེ། ཇི་ལྟར་མངོན་པར་འདོད་པའི་མཆོག་གང་གི་ཕྱིར་སྟེར་བ་ཉིད་ཀྱིས་རྣལ་འབྱོར་མཆོག་ཏུ་ཤེས་པར་བྱས་ལ་འདི་ཉིད་དུ་བལྟ་བའོ། །དེའི་ཕྱིར་གཞན་སྙིང་པོ་མེད་པའི་རྩྭ་དང་མཚུངས་ཏེ་གཞན་དུ་ན་རྩྭ་དང་མཚུངས་པ་སྟེ། སྙིང་པོ་མེད་པས་རོ་མེད་ཅེས་བྱ་བའི་དོན་ཏོ། །དཔའ་བོ་ཉིད་གྱུར་ཞེས་བྱ་བ་ལ་སོགས་པ་འདིས་ནི་དཀྱིལ་འཁོར་ཁང་པར་དཀྱིལ་འཁོར་བྲིས་པ་མཐོང་ཞིང་དབང་སྔོན་དུ་སོང་བས་དཀྱིལ་འཁོར་གྱི་ཁང་པར་དཀྱིལ་འཁོར་བྲི་བའི་སྔགས་པ་མཆོག་ཏུ་བལྟ་བའམ་ཤེས་པར་བྱ་སྟེ། འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དང་འདྲ་


DTG017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཞན་གནོན་པའམ། འདོད་པའི་དོན་ཀུན་སྦྱིན་པ་སྟེ། ཇི་ལྟར་མངོན་པར་འདོད་པའི་དོན་སྟེར་བར་ནུས་པའོ། །གྲུབ་པ་ནི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པར་འགྱུར་བའོ། །ཡང་བཟླས་པ་དང་བསམ་གཏན་ལ་སོགས་པ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ལྷག་མ་ནི་བརྗོད་པའི་དོན་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ཆོ་གའི་ལེའུ་བཞི་པའི་འགྲེལ་པའོ།། །།

ལེའུ་ལྔ་པ། རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་འགྲེལ་པ།


DTG017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །དེ་ནས་ནི་སོང་བའི་དོན་ཉིད་དོ། །མི་རིགས་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་ཏེ། ཞི་བ་ནི་དགེ་བའི་དོན་ཏོ། །ཐམས་ཅད་ཆོས་འབྱུང་ནི་མ་ལུས་པའི་ཆོས་སྐྱེད་པར་བྱེད་པའོ། །སྣ་ཚོགས་ནི་འགྲོ་བའི་ངོ་བོ་ཉིད་དོ། །སྣ་ཚོགས་པའི་རིམ་པས་ལྟེ་བ་ལ་བྲི་བ་ནི་གསེར་གྱིས་བྲི་བའོ། །ཆོས་ཀུན་གཅིག་ཏུ་བསྡུས་པ་ནི་རང་གི་རྒྱུད་དུ་བསྡུས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་སྔགས་ནི་སྔགས་པ་རྣལ་འབྱོར་པས་ཕྱིས་བྲི་པར་བྱའོ། །འདི་ཡང་སྔོན་གྱི་ལེའུའི་དོན་ཉིད་དོ་ཞེས་པའི་དོན་ཏོ། །ཡང་ན་མི་ཤིགས་ནི་ཨོཾ་དང་པོ་ཧཱུཾ་ཧཱུཾ་ཕཊ་མཐར་སྦྱར་བའི་ཨཱ་ལི་དང་ཀཱ་ལིའི་སྔགས་ནི་དགེ་བའོ། །ཐམས་ཅད་ཆོས་འབྱུང་ནི་སྣ་ཚོགས་ལྟེ་བ་ལ་ཆོ་གས་སྔགས་པས་བྲི་བ་སྟེ། དེས་ཆོས་ཀུན་གཅིག་ཏུ་བསྡུས་པའོ། །དེའི་རྗེས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ཡི་གེའི་ཚིག་བཏུ་བར་བྱའོ་ཞེས་པའི་དོན་ནམ། །ཡང་ན་ཨོཾ་ཉིད་ཀྱིས་མི་ཤིགས་པ་ལ་སོགས་པ་ཁྱད་པར་དུ་བྱེད་དེ། ཐམས་ཅད་ཀྱི་དོན་ནི་དེ་ཉིད་དོ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ་ཞེས་པ་ལ་སོགས་པ་ལ། དེ་ནས་གཞན་ཡང་སྔགས་ཀྱི་ཡི་གེའི་ཚིག་ཡིན་པ་འདིས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་བཏུ་བའི་ཆོ་ག་སྟོན་ཏེ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་གསུངས་སོ། །དབྱངས་དང་གསལ་བྱེད་ངག་མཉམ་པ་ནི་འདྲ་བའོ། །སྡེ་ཚན་ལ་ཐིམ་པར་བྱ་བ་ནི་སྡེ་དེར་རིལ་པོར་བྱས་པའོ། །བཞི་བཞི་རུ་ནི་ཞེས་བྱ་བ་ལ་ནི་བཞི་དང་བཞི་རུ་ཤེས་པར་བྱ་བའོ། །ཐུབ་པ་ནི་སྡེ་ཚན་བདུན་དུ་གང་གྱུར་པ་དེ་ལྟར་བྱས་


DTG017_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོ་བཟློག་པ་དང་གོ་རིམས་ཀྱིས་སྔགས་ཀྱི་ཡི་གེའི་ཚིག་བརྒྱད་ཡང་རྒྱས་པར་བྱ་བ་ནི་བཏུ་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། །དེ་ནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་གསུངས་ཏེ། འདིར་འདིའི་དགོངས་པ་ནི་དང་པོར་སྔགས་ཀྱི་ཚིག་བཞི་བཞིར་ཤེས་པར་བྱས་ལ། སྡེ་ཚན་བདུན་དང་འབྲེལ་བའི་གསལ་བྱེད་ཀྱི་ཡི་གེ་སྡེ་ཚན་བདུན་ཡོངས་སུ་གྱུར་པ་ལས་བཏུས་ལ་ཕྱིས་ནི་དབྱངས་ཀྱི་ཡི་གེ་ཁྱད་པར་དུ་དེ་ཉིད་དུ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་དཔའ་བོ་བཏུ་བར་བྱ། །ཞེས་བྱ་བ་ལ་སོགས་པས་ནི་བསྟན་བྱ་དང་སྟོན་པ་པོ་དག་སྐུ་གཅིག་ཉིད་ཀྱི་ཕྱིར་རོ། །དཔའ་བོའི་སྒྲས་ནི་སྔགས་མངོན་པར་བརྗོད་དེ། དེ་ཉིད་ཀྱི་སྔགས་བཏུ་བར་བྱའོ་ཞེས་པའི་དོན་ཏོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་པ་ནི་སྔགས་དེ་ཉིད་ཀྱི་མཐུ་བསྟན་པའོ། །བཞི་པའི་ལྔ་པ་གང་ཡིན་དང༌། །ཞེས་པ་ནི་ནའོ། །ལྔ་པ་ཡི་ཡང་ལྔ་པ་ནི་མའོ། །ལྔ་པ་ཡི་ནི་བཞི་པ་དང་ནི་བྷའོ། །དང་པོའི་གསུམ་པ་གང་ཡིན་ནི་གའོ། །དེ་བཞིན་ཉི་ཤུ་རྩ་དགུ་པ་ནི་ཝའོ། །བཞི་པའི་དང་པོ་གང་ཡིན་དང་ནི་ཏའོ། །མཐར་གནས་པ་ཡི་བཞི་པ་དང་ནི་ཝའོ། །དེ་ཉིད་ཀྱིས་ནི་གནས་པ་དང་ནི་རའོ། །སུམ་ཅུ་པ་ནི་ཡང་དག་བླང་ནི་ཤའོ། །ཉི་ཤུ་རྩ་དྲུག་པ་ཉིད་དང་ནི་ཡའོ། །དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་དང་ནི་མའོ། །དེ་ནས་སུམ་ཅུ་རྩ་གསུམ་པ་ནི་ཧའོ། །དང་པོའི་དང་པོ་ཉིད་དག་དང་ནི་ཀའོ། །མཐར་གནས་པ་ཡི་གསུམ་པ་ནི་ལའོ། །དང་པོ་ཡི་ནི་གསུམ་པ་ཉིད་ནི་གའོ། །སུམ་ཅུ་རྩ་གཉིས་ཡང་དེ་བཞིན་ནི་སའོ། །བཞི་པ་ཡི་ནི་ལྔ་པ་ནི་ནའོ། །ལྔ་པའི་བཞི་པ་ནི་གྷའོ། །མཐར་གནས་རྣམས་ཀྱི་དང་པོ་ནི་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་གང་ཡིན་པ་དང་ནི་ཊའོ། །ལྔ་པ་ཡི་ཡང་ལྔ་པ་དང་ནི་མའོ། །དང་པོའི་དང་པོ་དང་ནི་ཀའོ། །དེ་བཞིན་བཅུ་གཅིག་པ་ཉིད་དང་ནི་ཊའོ། །དེ་བཞིན་མཁས་པས་བཅུ་དྲུག་པ་ནི་ཏའོ། །གསུམ་པའི་དང་པོ་གང་ཡིན་དང་ནི་ཊའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བཞི་པའི་གསུམ་པ་གང་ཡིན་པ་ནི་དའོ། །དྲོད་རྣམས་ཀྱི་ནི་གཉིས་པ་ནི་ཥའོ། །དང་པོའི་དང་པོ་ནི་ཀའོ། །དེ་བཞིན་


DTG017_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །ལྔ་པ་ཡི་ཡང་བཞི་པ་ནི་བྷའོ། །དེ་བཞིན་སུམ་ཅུ་རྩ་གཅིག་པ་ནི་ཥའོ། །ལྔ་པ་ཡི་ཡང་བཞི་པ་ནི་བྷའོ། །དེ་བཞིན་སུམ་ཅུ་རྩ་གཅིག་པ་ནི་ཥའོ། །ལྔ་པ་ཡི་ཡང་བཞི་པ་ནི་བྷའོ། །གཉིས་པ་ཡི་ཡང་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་ནི་བྷའོ། །དྲོད་རྣམས་ཀྱི་ནི་གསུམ་པ་ནི་སའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །མཐར་གནས་ཀྱི་ནི་དང་པོ་ཉིད་ནི་ཡའོ། །ཡང་ནི་ཉི་ཤུ་རྩ་གཅིག་ནི་པའོ། །མཐར་གནས་པ་ཡི་གཉིས་པ་ནི་རའོ། །ཡང་ནི་སུམ་ཅུ་པ་དེ་བཞིན་ནི་ཤའོ། །ལྔ་པ་གང་ཡིན་དང་པོ་ཞེས་པ་ནི་པའོ། །ཨུཥྨ་རྣམས་ཀྱི་དང་པོ་ཉིད་ནི་ཤའོ། །དེ་བཞིན་ཡི་གེ་དྱ་ཉིད་དང་ནི་དྱའོ། །བཞི་པའི་དང་པོ་གང་ཡིན་དང་ནི་ཏའོ། །དྲོད་རྣམས་ཀྱི་ནི་དང་པོ་ནི་ཤའོ། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་གང་ཡིན་པ་དེ་ནི་ཁའོ། །གསུམ་པའི་དང་པོ་ཉིད་དག་ནི་ཊའོ། །དང་པོའི་གསུམ་པ་གང་ཡིན་དང་ནི་གའོ། །བཞི་པ་ཡི་ཡང་བཞི་པ་ནི་དྷའོ། །མཐར་གནས་རྣམས་ཀྱི་གཉིས་པ་ནི་རའོ། །གསུམ་པ་ཡི་ཡང་ལྔ་པ་ནི་ཎའོ། །ཡི་གེ་བྱཱ་ནི་དཔའ་བོར་བརྗོད། །ཅེས་པ་ནི་རང་གི་གཟུགས་བརྗོད་པའོ། །དང་པོ་ཡི་ཡང་བཞི་པ་ནི་གྷའོ། །དེ་བཞིན་བརྒྱད་པ་ཉིད་དག་ནི་ཛའོ། །བཞི་པའི་ལྔ་པ་གང་ཡིན་ནོ་ནའོ། །ལྔ་པ་ཡི་ཡང་ལྔ་པ་ནི་མའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །བཞི་པ་ཡི་ནི་བཞི་པ་ནི་དྷའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ཉི་ཤུ་རྩ་ལྔ་ཡང་དག་གང་ནི་མའོ། །སུམ་ཅུ་རྩ་གསུམ་ཉིད་དག་དང་ནི་ཧའོ། །བཞི་པའི་བཞི་པ་ནི་དྷའོ། །ལྔ་པ་ཡི་ནི་ལྔ་པ་ནི་མའོ། །བཞི་པའི་ལྔ་པ་ནི་ནའོ། །དང་པོ་ཡི་ཡང་དང་པོའི་གའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །མཐར་གནས་པ་ཡི་བཞི་པ་ནི་ཝའོ། །དེ་བཞིན་ཉི་ཤུ་རྩ་གཅིག་པ་ནི་བའོ། །དྲོད་རྣམས་ཀྱི་ནི་གཉིས་པ་ནི་ཥའོ། །དེ་བཞིན་ཉི་ཤུ་དྲུག་པ་ནི་ཡའོ། །ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྰྲ་ས་ཡ། ཀཥོ་བྷ་ཡ་ཀཥོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿ་ཧྲཿ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀཥ་བྷ་ཀཥ། བ་ས་རུ་དྷི་ར་ཨནྟྲ་མཱ་ལ་ཨ་བ་ལམྦི་ནི། གྲི་ཧྣ་གྲི་ཧྣ། སཔྟ་པཱ་ཏཱ་


DTG017_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་ཝཱ། ཏརྫ་ཡ་ཏ་རྫ་ཡ། ཨཱ་ཀདྷྜྱ་ཨཱ་ཀདྷཡ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀཥྨཱཾ་ཀཥྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་ནི་སྔགས་ཀྱི་ཡི་གེ་རྣམས་སམ། །ཡང་ན་སྔགས་དང་ལྷའི་གཟུགས་དག་གཅིག་པའི་ཕྱིར། །རིག་པ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་རྣམས་ཏེ། དེའི་རྒྱལ་པོ་ནི་རིག་པའི་རྒྱལ་པོ་སྟེ། དཔལ་ཧེ་རུ་ཀ་དཔའ་བོ་དེའི་སྔགས་ཏེ། སྙན་གསན་ཉིད་ཀྱི་དོན་ཏོ། །གལ་ཏེ་འོན་ཀྱང་རིག་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་དེ་རྣམས་ཀྱི་རྒྱལ་པོ་ནི་དཔའ་བོ་གང་ཡིན་པ་སྟེ། དེ་རིགས་གཅིག་པ་ཉིད་ཀྱིས་རིག་པའི་རྒྱལ་པོའི་སྔགས་ནི་འདི་སྟེ་སྦས་ནས་འདིར་གསུངས་པའོ། །ཐམས་ཅད་ཉིད་དུ་ཧེ་རུ་ཀ་མ་ཡིན་ཞིང་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་བཅོ་བརྒྱད་འབའ་ཞིག་གི་ནི་མ་ཡིན་ནོ། །གལ་ཏེ་འདི་རྣམས་ལས་གཞན་དུ་སྙིང་པོ་དང་ཉེ་བའི་སྙིང་པོ་གསལ་བར་བྱས་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཆེན་པོར་མགོ་རྩོམ་པའི་ལེའུ་ཉིད་དུ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ལེའུར་ཤེས་པར་བྱས་ལ། དཔལ་ཧེ་རུ་ཀའི་སྔགས་ནི་གཞན་སྙིང་པོ་མེད་པའི་རྩྭ་དང་མཚུངས་པ་ལས་འདི་སྟོན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ནི་དཔལ་ཧེ་རུ་ཀ་ལྷ་ཉིད་རིག་པའི་རྒྱལ་པོ་སྟེ། ལེའུ་བདུན་པ་ལས་གསུངས་པ་ཤེས་པར་བྱས་ལ། དཔལ་ལྡན་ཁྲག་འཐུང་གསང་སྔགས་ནི། །མི་ཤེས་ཞེས་བྱ་བ་ལེའུ་དགུ་པར་གསལ་བར་བྱས་པའི་ཕྱིར་རོ། །ཧེ་རུ་ཀ་ཡི་སྔགས་ཤེས་ན། །གསང་སྔགས་ཐམས་ཅད་ཡོངས་དོར་བའོ། །ཞེས་ལེའུ་ཉི་ཤུ་རྩ་དྲུག་པ་ལས་གསུངས་པ་ཉིད་ཀྱི་ཕྱིར་དང༌། ཡང་ན་ནི། དེ་ནས་དོན་ཀུན་འདོད་པ་ཡིས། །བརྒྱ་རྩ་བརྒྱད་པོ་སྦྱར་བྱ་སྟེ། ཞེས་ལེའུ་ཉི་ཤུ་རྩ་ལྔ་པ་ལས་གསུངས་པའི་ཕྱིར་དང༌། ཡང་ན་ནི་ལེའུ་ལྔ་པ་འདི་ཉིད་ལས། ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱ་ཀཱ་ཝཱ་གནི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾ་ཥྟའ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དཡཱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷཱ་ཛི་གྷཱ་ཛི་ནཱ་མྦ་ར་དྷཱ་རཱ་ཡ། མ་ཧཱ་དྷུ་མབྲཱནྡྷ་ཀཱ་ར་ཝ་པུ་


DTG017_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཥཱ་ཡ། ཞེས་གསུངས་པ་ཉིད་ཀྱི་ཕྱིར་ཡང་དཔལ་ཧེ་རུ་ཀ་བཅོམ་ལྡན་འདས་ཉིད་ཀྱི་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། དཔའ་བོ་དང་དཔའ་མོ་འབའ་ཞིག་ནི་མ་ཡིན་ཏེ། གལ་ཏེ་དེ་ལྟ་ན་ཡང་འགལ་བའི་ཕྱིར་རོ། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་ལེའུ་སུམ་ཅུ་རྩ་བདུན་པ་ལས་གསུངས་པའི་ཕྱིར་རོ། །ཡང་ན་འདིར་སྔགས་གཅིག་གསལ་བར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ལེའུ་ཉི་ཤུ་རྩ་ལྔ་པར་གསུངས་པ་ནི་འདི་ཡིན་ནོ་ཞེ་ན། འདིར་དེ་ལན་ནི་ཐུག་པ་མེད་པའི་རྩོད་པར་འགྱུར་རོ། །རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་བཅོ་བརྒྱད་རྣམས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོར་ཐལ་བའི་རྩོད་པ་ཡང་ལེའུ་བརྒྱད་པ་ལས་རྡོ་རྗེ་ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དངོས་སུ་སྟོན་པའི་ཕྱིར་རོ། །གཤིན་རྗེ་མོ་ལ་སོགས་པའི་གཟུགས་ཀྱིས་མཁའ་འགྲོ་མ་ལ་སོགས་པའི་སྙིང་པོ་གང་ཡིན་པ་ཡང་སྔོན་དུ་བསྟན་པའི་ལེའུ་བཞི་པའི་རྗེས་སུ་འབྲངས་ཏེ་གསུངས་པ་འམ། །ཡང་ན་ནི་ཉེ་བའི་སྙིང་པོར་གསུངས་སོ། །ཡང་ན་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་ལས་ཚོགས་གང་ཡིན་པ་ལེའུ་བཞི་བཅུ་རྩ་བདུན་པ་ལས་སྟོན་པའི་ཕྱིར་རོ། །དེ་ལྟར་སྔོན་གྱི་རྗེས་སུ་འབྲངས་ཏེ་ཉེ་བའི་སྙིང་པོ་གང་ཡིན་པར་ཡང་རབ་ཏུ་གནས་སོ་ཞེས་བྱ་བ་ནི་བདེན་པའོ། །གལ་ཏེ་དེ་ལྟར་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་བརྗོད་པའི་དགོད་པ་ལ་སོགས་པ་སྔོན་གྱི་ལེའུ་རྣལ་འབྱོར་མ་གཙོ་བོར་བྱས་པ་འམ། །དཔའ་བོ་ཉིད་དུ་ཡང་བསྟན་པའི་ཕྱིར་རྒྱུད་འདིར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལྡན་པ་ཉིད་ཀྱིས། །གཅིག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་སུ་གནས་པ་དེས་སྔོན་བཞིན་དུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཉེ་བའི་སྙིང་པོའི་སྔགས་རྣམས་ནི་གཅིག་ཉིད་དོ། །འདི་ནི་དཔའ་བོ་རྣམས་ཀྱི་སྙིང་པོའི་སྔགས་ཀྱང་གཅིག་ཉིད། ཡང་ན་དཔའ་བོ་རྣམས་ཀྱི་སྙིང་པོའི་སྔགས་ཀྱང་གཅིག་ཉིད་དོ་ཞེས་པ་ནི་རིགས་པ་མ་ཡིན་ནོ། །ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཞེས་བྱ་བ་ལ་སོགས་པ་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་ནི་རིགས་པ་མ་ཡིན་ཏེ་དོན་གྱི་རྗེས་སུ་འབྲང་བར་བྱ་བའི་ངོ་བོ་ཉིད་ཀྱི་རྒྱུད་ནི་སྒྲ་དང་སྒྲ་མ་ཡིན་


DTG017_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། བདེན་ཏེ་འོན་ཀྱང་ལེའུ་བརྒྱད་པ་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོར་འདུས་ཤིང་སྦྱོར་བ་ཡང་སོ་སོའི་ངོ་བོ་ཉིད་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བསྟན་པའོ། །ལེའུ་སྔོན་མར་ཡང་དཔའ་བོ་རྣལ་འབྱོར་མ་རྣམས་དང་བདེ་མཆོག་གི་རྣལ་འབྱོར་གྱིས་ཀྱང་བདེ་མཆོག་མ་ཡིན་པའི་ངོ་བོ་ཉིད་ཀྱིས་ཉེ་བའི་སྙིང་པོ་གསུངས་པའོ། །ལེའུ་འདིར་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱང་གཉིས་སུ་མེད་པའི་སྦྱོར་བས་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྙིང་པོའི་སྔགས་བརྗོད་པའོ། །དེ་ལྟར་ཐ་སྙད་དུ་གཙོ་བོ་རྗེས་སུ་འབྲང་བའི་རིགས་པས་སོ། །དེ་ལ་རེ་ཞིག་འདི་ཐམས་ཅད་དཔའ་བོ་དང་དཔའ་མོ་རྩ་བཞིའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཉིད་དུ་འོན་ཀྱང་ཇི་ལྟར་སྟོན་ནོ་ཞེས་རྩོད་ན་དོན་ཕྱོགས་སྔ་མའི་རྗེས་སུ་སྔོན་དུ་བསྟན་པའི་ལེའུ་བཞི་པར་དཔའ་བོ་དང་རྣལ་འབྱོར་མ་རྣམས་རིགས་གསལ་བར་བྱ་བའི་ངོ་བོ་ཉིད་ཀྱིས་ལྷ་རྣམས་ཀྱི་མིང་གི་མཚན་མ་དང་བཅས་པར་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་གསལ་བར་བྱས་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་དཔའ་བོ་དང་དཔའ་མོའི་ལྷ་རྣམས་མིང་གི་བརྡར་བྱས་པ་མེད་པའི་སྙིང་པོའི་སྔགས་རྣམས་སྙིང་པོ་ཉིད་དུ་གསལ་བར་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཛཱ་ལནྡྷ་རའི་ཞབས་ཀྱིས་ཀྱང་ཐམས་ཅད་དུ་སྒྲུབ་པ་ལ་སྙིང་པོའི་སྔགས་རྣམས་ཀྱང་ངོ༌། །གཞན་དུ་ནི་འདིར་ལྷ་རྣམས་ཀྱི་སྙིང་པོའི་སྔགས་ནི་འདིའོ་ཞེས་ངེས་པར་བྱ་བར་མི་ནུས་ཏེ། སྙིང་པོའི་སྔགས་ཀྱིས་མིང་བརྡར་བྱས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་སྙིང་པོའི་སྔགས་ལ་ཉེ་བ་ཉིད་ཀྱི་ཕྱིར་ཉེ་བའི་སྙིང་པོའི་སྔགས་སུ་བསྒྲུབས་པས་ལན་དུ་སྨྲ་བ་ལ་ཕུལ་དུ་ཕྱུང་བའི་ལན་སྟོན་པ་ནི་ལྷ་རྣམས་བརྡར་བྱས་པ་དང་བྲལ་བའི་རིགས་གསལ་བའི་ངོ་བོ་ཉིད་ཀྱིས་ལྷ་རྣམས་མིང་གི་མཚན་མ་དང་བཅས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཕུལ་དུ་བྱུང་བའི་ངོ་བོ་ཉིད་ཀྱིས་དེ་ཡོངས་སུ་སྤོང་བའི་རྩོད་པ་སྨྲ་བ་རྣམས་ནི་རིགས་པ་མ་ཡིན་ཏེ། ལེའུ་དྲུག་པ་ལས་གསལ་བའི་ངོ་བོ་ཉིད་ཀྱིས་དཔའ་བོ་དྲུག་མཉམ་པར་སྦྱོར་བའི་ཡི་གེ་


DTG017_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེར་ཡང་དག་པར་བསྟན་པའི་ཕྱིར་རོ། །གལ་ཏེ་ཡང་ན་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་དཔའ་བོ་དྲུག་གི་གོ་ཆ་ལ་སོགས་པ་གསུངས་པ་ཉིད་ཀྱི་ཕྱིར་ཡང་ངོ༌། །གོ་ཆའི་སྔགས་ཉེ་བའི་སྙིང་པོར་ཐལ་བར་འགྱུར་བའི་ཕྱིར་དང༌། དེར་ཐལ་བས་སྙིང་པོ་མེད་པར་འགྱུར་རོ། །དེ་ལ་ལན་བརྗོད་པ་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་འདིར་དེ་ཉིད་ལེའུ་འདི་ཉིད་དུ། །ཨོཾ་ན་མ་སྭཱ་ཧཱ་བཽ་ཥ་ཊ། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །ཞེས་དངོས་སུ་སྙིང་པོའི་ངོ་བོ་ཉིད་གང་ཡིན་པ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ལེའུ་བརྒྱད་པ་ཉིད་ལས་གོ་ཆའི་སྔགས་ཀྱི་ཚིག་ནི་ཉེ་བའི་སྙིང་པོ་ཉིད་དོ། །བཾ་དང་ཡོཾ་དང་མོཾ་དང་ཧྲཱིཾ་དང༌། ཧཱུཾ་དང་ཕཊ་མཐར་ཡང་དག་བརྗོད། །རྣལ་འབྱོར་མ་དྲུག་རབ་ཏུ་གྲགས། །ཞེས་བསྟན་པའི་ཕྱིར་རོ། །འདི་ཡང་གོ་ཆའི་སྔགས་ཀྱི་ཚིག་ནི་སྙིང་པོའི་སྔགས་ཉིད་དུ་གྲུབ་བོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལས་ཕྱིན་ཅི་ལོག་ཏུ་རྣལ་འབྱོར་མ་དྲུག་གི་སྙིང་པོའི་སྔགས་བཏུ་བ་ལ་སོགས་པ་སྙིང་པོ་གང་ཡིན་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་རིགས་གཅིག་པ་ཉིད་ཀྱིས་ལེའུ་བཞི་བཅུ་རྩ་བརྒྱད་པ་ལས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་ན། སྔགས་འདི་བཀླགས་པས་གྲུབ་པ་སྟེ། ལས་རྣམས་ཀུན་བྱེད་དགེ་བ་ཡིན། །མཁའ་འགྲོ་རྣལ་འབྱོར་མ་རྣམས་དང༌། །ཁཎྜ་རོ་ཧ་ལཱ་མ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །སྔགས་ནི་འདི་ཉིད་ཡིན་པར་བཤད། །ཅེས་རིགས་གཅིག་ཏུ་བཤད་པའི་ངོ་བོ་ཉིད་ཀྱིས་གསལ་བར་བསྟན་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ལེའུ་སུམ་ཅུ་རྩ་བརྒྱད་པ་ལས། དེ་ནས་ཡང་དག་བཤད་བྱ་བ། །མཁའ་འགྲོ་ཀུན་སྙིང་དགེ་བ་ཡི། །སྙིང་པོ་རྣལ་འབྱོར་མ་ཀུན་གྱི། །ཞེས་རབ་ཏུ་གྲུབ་པ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ཉིད་དུ་རབ་ཏུ་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་ལེའུ་བརྒྱད་པ་ལས། གསལ་པོའི་ངོ་བོ་ཉིད་དུ་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་ཀྱི་ཚིག་ངེས་པར་ཉེ་བའི་སྙིང་པོ་གང་ཡིན་པ་ཐོབ་པ་ལས་རིག་པའི་རྒྱལ་པོའི་སྙིང་པོ་ཡིན་པ་དགག་པའི་དོན་དུའོ། །


DTG017_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཡང་ན་ཉུང་བ་དང་མང་བའི་ཡི་གེ་ལ་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་ཏུ་ངེས་པས་ཡི་གེ་མང་པོའི་དོན་ཉིད་ཀྱིས་དེ་སྙིང་པོ་ཉིད་དུ་ཐམས་ཅད་མ་འཐོབ་པ་ལས་ཉེ་བའི་སྙིང་པོ་འཐོབ་པར་འགྱུར་བའམ། །རིག་པའི་རྒྱལ་པོའི་སྙིང་པོ་ཞེས་བྱ་བའི་ཆོ་གའི་དོན་དུའོ། །ཡང་ན་ནི་ཡི་གེ་མང་པོའི་སྔགས་ཀྱི་ཚིག་ཀྱང་སྙིང་པོར་འགྱུར་བས། རིག་པའི་རྒྱལ་པོ་ཡང་བསྒྲུབ་པར་བྱ་བའི་དོན་དུའོ། །ཨེ་མ་འདིར་སྙིང་པོའི་སྔགས་ཀྱི་ཁྱད་པར་གྱི་མཐུ་བསྟན་པའི་དོན་དུ་རིག་པའི་རྒྱལ་པོ་སྙིང་པོ་ཞེས་བྱའོ། །གང་ཉེ་བའི་སྙིང་པོ་དང་སྙིང་པོའི་སྔགས་དག་ངོ་བོ་ཉིད་དུ་མཚུངས་པར་བསྒྲུབ་པར་བྱ་བའི་དོན་དུ་རིག་པའི་རྒྱལ་པོའི་སྙིང་པོ་ཉིད་དུ་ཐམས་ཅད་དུ་བྱའོ། །གལ་ཏེ་རེ་ཞིག་འདི་ཐམས་ཅད་འདིར་བསྡུས་པས་མཆོད་པ་དང་བསྙེན་བཀུར་སྔོན་དུ་སོང་བ་ལས་ཧེ་རུ་ཀ་དཔའ་བོ་དང་རྣལ་འབྱོར་མའི་སྙིང་པོ་གསལ་བར་བསྟན་པ་ཡིན་ནོ་ཞེ་ན། དཔལ་ལྡན་ཁྲག་འཐུང་སྔགས་ཤེས་ན། །ཞེས་བྱ་བ་ལ་སོགས་པ་ཡང་མི་མཐུན་པ་དང་འདི་ཐམས་ཅད་ཉིད་མཐུན་པ་མ་ཡིན་ནོ། །དཔལ་ཧེ་རུ་ཀ་ཉེ་བར་མཚོན་པ་སྟེ། དེ་རེ་ཞིག་ཞོག་གིས་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དང་དཔའ་མོ་བཞི་བཅུ་རྩ་བརྒྱད་དང་མཁའ་འགྲོ་མ་བཅོ་བརྒྱད་གང་ཡང་ཐ་དད་པའི་གཟུགས་ཀྱིས་འདིར་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བསྟན་པའོ། །གལ་ཏེ་དེ་ལྟར་ཡང་མཆོད་པ་དང་བསྙེན་བཀུར་སྔོན་དུ་འགྲོ་བ་ལས་རྩ་བའི་སྔགས་འདི་བསྡུས་པས། དེའི་ཡང་རྩ་བའི་སྔགས་ཉིད་ཡན་ལག་དང་ཉིད་ལག་ཐམས་ཅད་ཅིའི་ཕྱིར་ཡིན་ཞེ་ན། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བཅོམ་ལྡན་འདས་ལ་འདི་ཉིད་ཀྱི་ཕྱིར་བརྗོད་པའོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་དེ་ཡང་འཁོར་ལོ་གསུམ་པ་ལ་སོགས་པ་ལ་གནས་པའི་ཕྱིར་བཅོམ་ལྡན་འདས་ལས་གཞན་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་དྲ་བའི་སྡོམ་བཅོམ་ལྡན་འདས་སོ། །འདི་ཉིད་ཀྱི་ཕྱིར་རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་བསྟན་བྱ་དང་སྟོན་པ་པོ་དག་དབྱེར་མེད་པའི་ཕྱིར་རོ། །དེ་མ་ལུས་པས་ཁྱད་པར་དུ་བྱེད་དོ། །དེས་ཁྱད་པར་ཅན་གྱི་སྔགས་སུ་གྲུབ་ཅིང་གནས་སོ། །གོང་དུ་ཡང་གསུངས་ཏེ།


DTG017_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པ་འདིས་འཁོར་ལོ་གསུམ་ལ་སོགས་པ་ལ་གནས་པ་ཉིད་ཀྱི་ཕྱིར་དེས་ནི་ཁྱད་པར་ཅན་གྱི་རྩ་བའི་སྔགས་སུ་རིགས་ཏེ། འདིར་ཡང༌། དེ་ཉིད་གསང་སྔགས་ཐམས་ཅད་ཡོངས་བསྒྲུབ་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །སྔགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སྔགས་ཐམས་ཅད་དོ། །དེ་རྣམས་ཀྱི་སྒྲུབ་པ་ནི་དགུའི་ངོ་བོ་ཉིད་ཀྱི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གཞུང་གཞན་ལས། སྒྲུབ་པ་ཐམས་ཅད་སྤངས་པའོ། །ཞེས་ཏེ། བརྗོད་པ་ཙམ་གྱིས་འགྲུབ་པ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་ལེའུ་ལྔ་པའི་འགྲེལ་པའོ།། །།

ལེའུ་དྲུག་པ། དཔའ་བོ་དརྒུ་གི་གོ་ཆའི་སྔགས་བཏུ་བའི་ཆོ་གའི་འགྲེལ་པ།


DTG017_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གཞན་ནི་གོ་སླའོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། ཡི་གེ་ཉི་ཤུ་རྩ་གཉིས་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྙིང་པོ་གསང་བའོ། །ཡི་གེ་བདུན་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྙིང་པོ་དང་ཉེ་བས་ན་ཉེ་བའི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །འདིའི་དགོངས་པ་ནི་ཐ་དད་དུ་དཔལ་ཧེ་རུ་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོ་འདི་ཡིན་ནོ། །ཡང་ན་ཐ་དད་ཉིད་ཀྱིས་གང་ཡང་ལྷ་དྲུག་ཅུ་རྩ་དྲུག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བསྟན་པའོ། །དེ་ལྟར་ཡང་བསྡུ་ན་སྔགས་དང་ལྷ་རྣམས་ཀྱི་ཁྱད་པར་དུ་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གཙོ་བོ་ཉིད་ཡིན་པའི་ཕྱིར་ན་མ་ལུས་པའི་སྙིང་པོ་དང་ཉེ་བའི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །ཡ་ཚོགས་ཞེས་བྱ་བ་ལ་སོགས་པས་གོ་ཆར་གྱུར་པའི་སྙིང་པོར་བརྗོད་དེ། ཡ་ཚོགས་བརྒྱད་པའི་ས་བོན་ནི་ཧའོ། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཞེས་པ་ནི་མ་ནིང་སྤང་བའི་གུག་སྐྱེད་བཅུ་གཉིས་ཀྱི་མཛེས་པར་བྱ་བ་སྟེ། ལྷའི་ས་བོན་དགོད་པར་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ་ཞེས་བྱའོ། །ཡི་གེ་བར་མ་དོར་བྱས་ཏེ། །ཞེས་པ་ནི་གཉིས་པ་དང་བཞི་པ་དང་དྲུག་པ་དང་བརྒྱད་པ་དང་བཅུ་པ་དང་བཅུ་གཉིས་པ་དོར་བའོ། །ཡན་ལག་དྲུག་ནི་ཧེ་རུ་ཀ །ཞེས་པ་ནི་དཔའ་བོ་དང་རྣལ་འབྱོར་མ་གཟུགས་གཅིག་གི་ཕྱིར་ཧེ་རུ་ཀའི་ཡན་ལག་དྲུག་ནི་སྙིང་ག་ལ་སོགས་པའི་ཞེས་པའི་


DTG017_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །འདི་ཉིད་ཀྱི་ཕྱིར། དེ་ལྟར་རང་གི་བདག་ཉིད་ནི། དཔའ་བོ་ཀུན་དང་མཉམ་སྦྱོར་བའོ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་གསུངས་སོ། །དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཞེས་པ་ནི་རྟེན་དང་བརྟེན་པ་དབྱེར་མེད་པས་བཏགས་པ་འམ་དོན་དམ་པར་དཔའ་བོ་དྲུག་དང་ཡང་དག་པར་སྦྱོར་བ་ཉིད་དོ། །ཡང་ན། དཔའ་བོ་དྲུག་དང་ཡང་དག་སྦྱོར། །ཞེས་པའི་གཞུང་གཞན་ནི། དཔའ་བོ་དྲུག་རྣམས་དང་མཉམ་པར་སྦྱོར་བ་ནི་འདུ་བའི་ཁྱད་པར་གང་ཡིན་པ་དེ་ནི་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་ཞེས་བྱའོ། །དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་འདི་རྣམས་ནི་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་སྟེ། ཨོཾ་ལ་སོགས་པའི་ཡི་གེ་རེ་རེ་ཡང་དག་པར་གནས་པའོ། །དངོས་སུ་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་པ་དང་སྔོན་དུ་དཔའ་བོ་དྲུག་སྟེ། ཨོཾ་དང་ན་མ་དང་སྭཱ་ཧཱ། བཽ་ཥ་ཊ་དང་ཧཱུཾ་ཧཱུཾ་དང༌། ཕཊ་ཀྱི་ས་བོན་དགོད་པར་བྱ། །ཞེས་པའི་དོན་ཏོ། །དེ་ལྟར་ཡང༌། ཨོཾ་ན་མ་སྭཱ་ཧཱ་བཽ་ཥ་ཊ། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །ཞེས་གསུངས་སོ། །ཨོཾ་ལ་སོགས་པ་ཡང་དག་ལྡན་པའི་སྙིང་པོ་ལས་གཞན་དུ་དཔའ་བོའི་སྒྲིན་མང་པོའི་དོན་ནམ་སྔོན་གྱི་རྗེས་སུ་འཇུག་པའོ། །དེས་ནི་སོ་སོ་དང་བསྡུས་པའི་དཔའ་བོ་དྲུག་གི་གོ་ཆའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་སྒྲུབ་པ་པོས་ཤེས་པར་བྱ་བའི་དོན་ཏོ། །ལྷག་མ་ནི་སྒྲུབ་ཐབས་ཀྱི་རིམ་པས་གོ་བར་བྱའོ། །འདིར་དགོངས་པ་ནི་སྙིང་ག་དང་མགོ་དང་སྤྱི་གཙུག་དང་ཕྲག་པ་གཉིས་དང་མིག་གཉིས་དང་ཡན་ལག་ཀུན་ལ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྣམས་སུ་སྔགས་ཡོངས་སུ་གྱུར་པ་ལས་དཔའ་བོ་དྲུག་འབའ་ཞིག་གམ། སྔགས་བསྒོམ་པར་བྱའོ། །འདིར་ཁྱད་པར་ནི་འདི་ཡོད་དེ། །སྙིང་ག་དང་མགོ་བོ་དང་སྤྱི་གཙུག་དང་ཕྲག་པ་གཉིས་དང་མིག་གཉིས་དང་ལྟེ་བ་དང་ཁ་ཡོངས་སུ་སྤངས་ཏེ། རྣ་བ་གཡས་པ་དང་རྣ་བ་གཡོན་པ་དང༌། སྨིན་མའི་དབུས་དང༌། མཆན་ཁུང་གཉིས་དང༌། ནུ་མ་གཉིས་དང༌། སྔ་རྩེ་དང༌། མགྲིན་པ་དང༌། རྡོ་རྗེ་གནས་ཀྱི་སྟེང་དང་མཚན་མ་དང༌། གསང་བ་དང༌། བརླ་གཉིས་དང༌། བྱིན་པ་གཉིས་དང༌། ཡན་ལག་


DTG017_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བསྲུང་བའི་གཟུགས་ཀྱི་རྟ་མགྲིན་ནམ། དེའི་སྔགས་བསྒོམ་པར་བྱའོ་ཞེས་བྱའོ། །དེ་མ་ཡིན་ན་ནི་གཏུམ་མོ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆ་ཉིད་དུ་བྱའོ། །འདིར་གདམས་ངག་ལས་དཔྲལ་བའི་མཐར་ཐུག་པ་ནི་ཡན་ལག་ཐམས་ཅད་ལ་བརྗོད་དོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལས་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ཆོ་གའི་ལེའུ་དྲུག་པའི་འགྲེལ་པའོ།། །།

ལེའུ་བདུན་པ། སྔགས་བཏུ་བའི་འགྲེལ་པ།


DTG017_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དབྱངས་ཡིག་བཅུ་གསུམ་པ། །ཡི་གེ་གཉིས་པར་ཡང་དག་སྦྱར། །ཞེས་པ་ནི་སྔོན་དུ་བཏུས་པའི་རྩ་བའི་སྔགས་ཀྱི་ཚིག་གི་གསལ་བྱེད་ཀྱི་ཡི་གེ་གཉིས་པ་ལ། དེ་ལྟར་དབྱངས་ཡིག་ཨོཾ་དང་སྦྱར་རོ་ཞེས་པའི་དོན་ཏོ། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། །ཡིག་གེ་དྲུག་པ་བརྒྱན་པར་བྱ། །ཞེས་པ་ནི་དེ་ལྟར་ཡི་གེ་དྲུག་པ་ལས་ཨེས་བརྒྱན་པའོ། །དབྱངས་ཀྱི་བདུན་པ་ཉིད་ཀྱང་ནི། །ཡི་གེ་བཞི་པར་ཡང་དག་སྦྱར། །ཞེས་པ་ནི་ཡི་གེ་བདུན་པ་ལ་ཨཱིས་བརྒྱན་པའོ། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པས་ཡི་གེ་བརྒྱད་པ་སྦྱར། །ཞེས་པ་ནི་ཡི་གེ་བརྒྱད་པ་ལ་ཨེས་བརྒྱན་པའོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ་པས་བརྒྱན་པར་བྱ། །ཞེས་པ་ནི་དགུ་པ་ལ་ཨཱས་བརྒྱན་པའོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར། །ཞེས་པ་ནི། བཅུ་གཉིས་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་ཉི་ཤུ་གཅིག་པ་གཟུང༌། །མཁས་པ་ཡིས་ནི་བཅུ་བཞི་པ། །ཡི་གེ་གཉིས་པར་ཡང་དག་ལྡན། །ཞེས་པ་ནི་བཅུ་བཞི་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་ཉི་ཤུ་པ་དང་ལྡན། །དབྱངས་ཀྱི་ཡི་གེ་གསུམ་པ་ཉིད། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །ཞེས་པ་ནི་བཅོ་ལྔ་པ་ལ་ཨཱིས་བརྒྱན་པའོ། །དབྱངས་ཡིག་བཅོ་ལྔར་ཡང་དག་ལྡན། །ཡི་གེ་བཅུ་དྲུག་མཛེས་པར་བྱ། །ཞེས་པ་ནི་བཅུ་དྲུག་པ་ལ་ཨཾ་གིས་བརྒྱན་པའོ། །དབྱངས་ཡིག་གསུམ་དང་ལྡན་པ་ཡི། །ཡི་གེ་བཅུ་བདུན་པ་རུ་འདོད། །ཅེས་པ་ནི། བཅུ་བདུན་པ་ལ་ཨཱིས་བརྒྱན་པའོ། །དབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་བཅོ་བརྒྱད་པ་རུ་སྦྱར། །ཞེས་པ་ནི་བཅོ་བརྒྱད་པ་ལ་ཨཱས་


DTG017_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའོ། །དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར་སྦྱར། །ཞེས་པ་ནི་ཉི་ཤུ་གཅིག་པ་ལ་ཨཱས་བརྒྱན་པའོ། །དབྱངས་ཡིག་གི་ནི་ལྔ་པ་ཉིད། །ཡི་གེ་ཉི་ཤུ་གསུམ་པར་སྦྱར། །ཞེས་པ་ནི་ཉི་ཤུ་གསུམ་པ་ལ་ཨུས་བརྒྱན་པའོ། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར། །ཞེས་པ་ནི་ཉི་ཤུ་བཞི་པ་ལ་ཨོས་བརྒྱན་པའོ། །སྡེ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར། །ཞེས་པ་ནི་ཡི་གེ་ཉི་ཤུ་ལྔ་པའི་འོག་གི་ཆ་ལ་ཀ་བླངས་ཏེ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པའི། །ཡི་གེ་ཉི་ཤུ་དྲུག་པར་སྦྱར། །ཞེས་པ་ནི་ཉི་ཤུ་དྲུག་པ་ལ་ཨཱས་བརྒྱན་པའོ། །ཉི་ཤུ་བརྒྱད་པ་ཉིད་དག་ནི། །ཡི་གེ་བཅོ་ལྔ་པར་སྦྱར་བྱ། །ཞེས་པ་ནི་ཡི་གེ་ཉི་ཤུ་རྩ་བརྒྱད་པ་ལ་ཨཾ་གིས་བརྒྱན་པའོ། །གསུམ་པའི་དང་པོར་ཡང་དག་ལྡན། །འོག་གི་ཆ་ནི་མེ་དང་བཅས། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཡི་གེ་ཉི་ཤུ་རྩ་དགུར་འགྱུར། །ཞེས་པ་ནི་ཡི་གེ་ཉི་ཤུ་རྩ་དགུའི་འོག་གི་ཆ་ལ་གོ་རིམས་བཞིན་དུ་ཊ་ལས་ས་ར་སྦྱར་བ་དེ་ལ་ཨཱ་གདགས་ཞེས་པའི་དོན་ཏོ། །ཡི་གེ་སུམ་ཅུ་རྩ་གཅིག་ལ། །དབྱངས་ཡིག་གཉིས་པར་ཡང་དག་སྦྱར། །ཞེས་པ་ནི་སུམ་ཅུ་རྩ་གཅིག་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་སུམ་ཅུ་རྩ་གཉིས་པ། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །ཞེས་པ་ནི། སུམ་ཅུ་གཉིས་པ་ཨོས་བརྒྱན་པའོ། །ཡི་གེ་སུམ་ཅུ་རྩ་གསུམ་པ། །ཉི་མར་ཡང་དག་ལྡན་པར་བྱ། །ཞེས་པ་ནི་ཡི་གེ་སུམ་ཅུ་རྩ་གསུམ་པ་ལ་རས་བརྒྱན་ཞེས་པའི་དོན་ཏོ། །ཕྱི་མོ་བཞི་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞིར་ལྡན་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །ཞེས་པ་ནི་སུམ་ཅུ་བཞི་པ་ལ་ཨཱིས་བརྒྱན་པའོ། །ཕྱི་མོ་ལྔ་པ་ཉིད་དག་ནི། །སུམ་ཅུ་བདུན་པར་ཡང་དག་ལྡན། །མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན། །ཞེས་པ་ནི་སུམ་ཅུ་བདུན་པ་ལ་ཨུས་བརྒྱན་པའོ། །སུམ་ཅུ་བརྒྱད་པ་ཉིད་དག་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཅེས་པ་ནི་སུམ་ཅུ་བརྒྱད་པ་ལ་ཨཱས་བརྒྱན་པའོ། །བཞི་བཅུ་རྩ་གཉིས་པ་ཉིད་ནི། །མེ་


DTG017_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོག་ཏུ་བསྒྲུབ་པར་བྱ། །ཞེས་པ་ནི་བཞི་བཅུ་རྩ་གཉིས་པ་ལ་འོག་གི་ཆར་གདགས་པའོ། །བཞི་བཅུ་གསུམ་པ་ཉིད་དག་ནི། །དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། །ཞེས་པ་ནི་བཞི་བཅུ་གསུམ་པ་ལ་ཨུས་བརྒྱན་པའོ། །ཡི་གེ་བཞི་བཅུ་ལྔ་པ་ནི། །དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། །ཞེས་པ་ནི་བཞི་བཅུ་ལྔ་པ་ལ་ཨཱས་བརྒྱན་པའོ། །དབྱངས་ཡིག་ལྔ་པ་ཉིད་དག་ཀྱང༌། །བཞི་བཅུ་དྲུག་པར་ཡང་དག་ལྡན། །དཔའ་བོ་ཐམས་ཅད་རབ་མཆོག་ཡིན། །ཞེས་པ་ནི་བཞི་བཅུ་དྲུག་པ་ལ་ཨུས་བརྒྱན་པའོ། །བཞི་བཅུ་རྩ་བདུན་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་འདོད། །ཞེས་པ་ནི་བཞི་བཅུ་རྩ་བདུན་པ་ལ་ཨཱས་བརྒྱན་པའོ། །དེ་བཞིན་ལྔ་བཅུ་རྩ་གཅིག་པ། །དབྱངས་ཡིག་ལྔ་པ་ཉིད་དག་གིས། །མཛེས་པ་མཆོག་ནི་ཡིན་པར་འདོད། །ཅེས་པ་ནི་ལྔ་བཅུ་རྩ་གཅིག་པ་ལ་ཨུས་བརྒྱན་པའོ། །ལྔ་བཅུ་རྩ་གཉིས་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་བྱེད་པ། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཅེས་པ་ནི་ལྔ་བཅུ་རྩ་གཉིས་པ་ལ་ཨཱས་བརྒྱན་པའོ། །དེ་བཞིན་ལྔ་བཅུ་རྩ་གསུམ་པ། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །ཞེས་པ་ནི་ལྔ་བཅུ་རྩ་གསུམ་པ་ལ་ཨོས་བརྒྱན་པའོ། །ཡི་གེ་ལྔ་བཅུ་རྩ་བཞི་བླང༌། །ལྔ་བཅུ་རྩ་དྲུག་ཡི་གེ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་བརྒྱན། །དགྲ་རྣམས་ངེས་པར་གསོད་བྱེད་ཡིན། །ཞེས་པ་ནི་ཡི་གེ་ལྔ་བཅུ་རྩ་བཞི་བཏུས་པ་ནི་རྒྱུད་ལ་ཟློས་པའི་སྐྱོན་མེད་པའི་ཕྱིར་རོ། །ལྔ་བཅུ་རྩ་དྲུག་པ་ལ་ཨུས་བརྒྱན་པའོ། །ཨནྟ་སྠཱ་ཡི་བཞི་པ་དང༌། །དབྱངས་ཡིག་གཉིས་པར་སྦྱར་བར་བྱ། །ཞེས་པ་ནི་ལྔ་བཅུ་རྩ་དྲུག་པ་ལ་ཨཱས་བརྒྱན་པའོ། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཡི་གེ་ལྔ་བཅུ་རྩ་དགུར་འགྱུར། །ཞེས་པ་ནི་ལྔ་བཅུ་རྩ་དགུ་པ་ལ་ཨུས་བརྒྱན་པའོ། །ཡི་གེ་དྲུག་ཅུ་རྩ་གཅིག་ནི། །དབྱངས་ཡིག་གཉིས་པ་དག་ཀྱང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། །ཅེས་པ་ནི། དྲུག་ཅུ་རྩ་གཅིག་པ་ལ་ཨཱས་བརྒྱན་པའོ། །དེ་བཞིན་དྲུག་ཅུ་རྩ་གཉིས་པ། །དབྱངས་ཡིག་བཞི་པར་སྦྱར་བ་ནི། །མཁའ་


DTG017_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་ཡི་མཆོག་ཏུ་འདོད། །ཅེས་པ་ནི་དྲུག་ཅུ་རྩ་གཉིས་པ་ལ་ཨཱིས་བརྒྱན་པའོ། །ཡི་གེ་དྲུག་ཅུ་རྩ་གསུམ་པ། །དབྱངས་ཡིག་བཅུ་གཅིག་དག་དང་ལྡན། །མཛེས་པ་ཡི་གེ་ཀུན་མཆོག་ཡིན། །ཞེས་པ་ནི་དྲུག་ཅུ་རྩ་གསུམ་པ་ལ་ཨེས་བརྒྱན་པའོ། །དྲུག་ཅུ་རྩ་ལྔ་པ་ཉིད་ནི། །རྡོ་རྗེ་སེམས་དཔས་ཕྱེ་བ་དག །གྲུབ་སྦྱིན་ཐར་པ་སྦྱིན་ཆེན་པོ། །ཞེས་པ་ནི་དྲུག་ཅུ་རྩ་ལྔ་པ་ལ་རས་བརྒྱན་པའོ། །ཡི་གེ་དྲུག་ཅུ་རྩ་དྲུག་པ། །དབྱངས་ཡིག་གསུམ་པ་དང་སྦྱར་བ། །བྱ་བ་ཀུན་ལ་གྲུབ་བཞིན་པར། །དེ་ལྟར་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ནི་དྲུག་ཅུ་རྩ་དྲུག་པ་ལ་ཨཱིས་བརྒྱན་པའོ། །ཡི་གེ་དྲུག་ཅུ་རྩ་བདུན་པ། །ཡི་གེ་གཉིས་པར་ཡང་དག་ལྡན། །རྣལ་འབྱོར་མ་ཡི་དགོས་པ་ཀུན། །འདི་ཉིད་བྱེད་པར་ཐེ་ཚོམ་མེད། །ཅེས་པ་ནི་དྲུག་ཅུ་རྩ་བདུན་པ་ལ་ཨས་བརྒྱན་པའོ། །དྲུག་ཅུ་བརྒྱད་པ་ཉིད་དག་ལ། །འདིར་ནི་ཡི་གེ་བ་སྦྱར་བ། །འོག་གི་ཆར་ནི་བརྟག་པར་བྱ། །དྲུག་ཅུ་རྩ་བརྒྱད་པ་ལ་བ་སྦྱར་བའོ། །ཡི་གེ་བདུན་ཅུ་རྩ་གཅིག་པ། །ཡི་གེ་གཉིས་པར་ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཅེས་པ་ནི་བདུན་ཅུ་རྩ་གཅིག་པ་ལ་ཨཱས་བརྒྱན་པའོ། །བདུན་ཅུ་རྩ་བཞི་པ་ཉིད་ནི། །དབྱངས་ཡིག་གཉིས་པར་སྦྱར་བ་ནི། །གདོད་ནས་གྲུབ་པ་ཡིན་པར་ནི། །དེ་བཞིན་གཤེགས་པའི་ཞལ་ནས་གསུངས། །ཞེས་པ་ནི་བདུན་ཅུ་རྩ་བཞི་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་བདུན་ཅུ་རྩ་ལྔ་ཉིད། །མ་མོ་དྲུག་པ་དང་ལྡན་པ། །འདི་ནི་རྣལ་འབྱོར་མཆོག་ཡིན་ཏེ། །དགོས་པ་ཀུན་ལ་དམ་པ་ཡིན། །ཞེས་པ་ནི་བདུན་ཅུ་རྩ་ལྔ་པ་ལ་ཨཱུས་བརྒྱན་པའོ། །བདུན་ཅུ་རྩ་དྲུག་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཞིང༌། །འོག་ཏུ་མེ་དང་ལྡན་པ་ལས། །དེ་ལ་ཡི་གེ་བ་སྦྱར་བ། །གཞན་དག་མཛེས་པ་ཡོད་མ་ཡིན། །ཞེས་པ་ནི་བདུན་ཅུ་རྩ་དྲུག་པ་ལ་ཨཱ་དང་ར་དང་བས་བརྒྱན་པའོ། །ཡི་གེ་བདུན་ཅུ་རྩ་བདུན་པ། །དེ་བཞིན་དྷ་དང་སྦྱར་བར་བྱ། །མཁའ་འགྲོ་མ་ཡི་མཛེས་པར་འདོད། །ཅེས་པ་ནི། །བདུན་ཅུ་རྩ་བདུན་པ་ལ་དྷ་སྦྱར་བའོ། །བདུན་ཅུ་རྩ་བརྒྱད་པ་ཉིད་


DTG017_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །ཅེས་པ་ནི་བདུན་ཅུ་རྩ་བརྒྱད་པ་ལ་ཨཱ་ས་བརྒྱན་པའོ། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ། །བཞི་པའི་མཐའ་ཡིས་རྣམ་པར་དབྱེ། །གདོད་ནས་གྲུབ་པ་འདི་ཡིན་ཏེ། །དངོས་གྲུབ་ཀུན་ལ་འཇུག་བྱེད་པའོ། །ཞེས་པ་ནི། བརྒྱད་ཅུ་རྩ་གཅིག་པ་ལ་ཨུས་བརྒྱན་པའོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཞེས་པ་ནི་བརྒྱད་ཅུ་རྩ་གཉིས་པ་ལ་ཨཱ་སྦྱར་བའོ། །འདི་ནི་རྩ་བའི་སྔགས་སུ་ཞེས་བྱ་བ་ལ་སོགས་པ་ལ། །རྩ་བ་ནི་གཙོ་བོ་སྟེ་སྦས་པའི་སྔགས་སོ། །ཁྱད་པར་དུ་རྩ་བའི་སྔགས་ལ་གནས་པས། །བི་དུ་སྐད་ཀྱི་དབྱིངས་ལས་དོན་མང་བའི་ཕྱིར་མཆོག་ཏུ་བྱེད་པས་ན་གཙོ་བོ་སྟེ་དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་རྣམས་ཞེས་པའི་དོན་ཏོ། །ཁྱད་པར་ཅི་ལྟ་བུ་ཞེས་པ་ལ། །གནས་པ་ཡིན་ཞིང་དངོས་གྲུབ་ཐམས་ཅད་ཀྱི་གཞི་སྟེ་དཔལ་ཁྲག་འཐུང་ལ་སོགས་དཔའ་བོ་ཞེས་བྱའོ། །ཡང་ཇི་ལྟ་བུའི་དངོས་གྲུབ་ཀྱི་ཁྱད་དུ་གྱུར་བ་ཞེས་པ་ལ། མཁའ་འགྲོ་མ་ཡི་སྙིང་འཇོམས་ཡིན། །ཞེས་གསུངས་ཏེ། འདི་བརྗོད་པ་ཙམ་གྱིས་མཁའ་འགྲོ་མ་ཀུན་འཇིགས་པར་བྱེད་ཅིང་དེ་དང་སྙོམས་པར་འཇུག་པའོ། །གང་གི་ཕྱིར་མཁའ་འགྲོ་མའི་སྙིང་འཇོམས་པས་དཔལ་ཧེ་རུ་ཀ་ལྷ་ཉིད་བརྗོད་པས་གྲུབ་པ་སྟེ་དཔལ་ཧེ་རུ་ཀ་རོལ་པ་ལ་སོགས་པའི་གཟུགས་རིག་པའི་རྒྱལ་པོའི་སྔགས་བརྗོད་པས་གྲུབ་པ་དོན་ཡོད་པ་བཟླས་པ་ཙམ་གྱིས་དངོས་གྲུབ་སྦྱིན་ཞེས་པའི་དོན་ཏོ། །ཨོཾ་ནི་དང་པོར་སྦྱར་བར་བྱ། །ཧཱུཾ་ཧཱུཾ་ཕཊ་ནི་མཐར་སྦྱར་བ། །ཞེས་པ་ནི་ཤིན་ཏུ་རྫོགས་པའི་འབྲས་བུ་སྟེ། ཨོཾ་དང་པོ་ཧཱུཾ་ཧཱུཾ་ཕཊ་མཐར་སྦྱར་བ་ནི་ཕྲེང་བའི་སྔགས་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྔགས་བཏུ་བའི་ལེའུ་བདུན་པའི་འགྲེལ་པའོ།། །།

ལེའུ་བརྒྱད་པ། ཕྱིན་ཅི་ལོག་གི་རྣལ་འབྱོར་མ་དྲུག་གིས་བསྡུ་བའི་ཆོ་གའི་འགྲེལ་པ།


DTG017_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་གོ་སླའོ། །རང་གི་བདག་ཉིད་ཀྱི། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྔོམ། །ཞེས་པ་ནི་དཔལ་ཧེ་རུ་ཀའི་བདག་ཉིད་ཀྱི་ཡང་སྙིང་དང་ཉེ་བའི་སྙིང་པོའི་སྔགས་འཁོར་ལོ་གསུམ་ལ་སོགས་པ་ལ་རྣམ་པར་


DTG017_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་རང་བཞིན་ཞེས་པའི་དོན་ཏོ། །སྭཱ་ཧཱ་ལ་སོགས་པས་གོ་རིམས་བཟློག་ནས་བསྟན་པའི་སྙིང་པོ་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པ་འདི་དང༌། གོ་རིམས་ནི་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ་ཞེས་བྱའོ། །རིག་པའི་རྒྱལ་པོའི་སྙིང་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་འདིས་ནི་སྔགས་ཀྱི་བདག་ཉིད་ཆེ་བར་བསྟན་ནོ་ཞེས་པའི་དོན་ཏོ། །ཕཊ་ལ་སོགས་པ་ཡང་དེ་བཞིན་དུ་གོ་རིམས་བཟློག་པ་ནི། ཨོཾ་ཧྲཱཾ་ཧྲཱཾ་ཕཊ་ཅེས་བྱའོ། །ཡི་གེ་པཾ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲེཾ་ཉིད་དང༌། །ཧཱུཾ་དང་ཕཊ་ཅེས་བཤད་པ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་གྲགས། །ཞེས་པ་ནི། རྟེན་དང་བརྟེན་པའི་ངོ་བོ་ཉིད་དམ་དོན་དམ་པར་རོ། །བོཾ་དང་ཡོཾ་དང་མོཾ་དང་ཧྲེཾ་དང་ཧཱུཾ་དང་ཕཊ་མཐའ་སྟེ་མཐའ་ཉིད་དུ་མཉམ་པར་བརྗོད་པ་གང་ཡིན་པ་ཨོཾ་ལ་སོགས་པ་ཡི་གེ་དྲུག་པ་སྟེ། སྙིང་པོའི་སྔགས་དང་ལྷ་དག་དབྱེར་མེད་པ་ལ་ཉེ་བར་བཏགས་ཏེ། རྣལ་འབྱོར་མ་ནི་དྲུག་ཏུ་བསྟན། །ཞེས་པའི་དོན་ཏོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་འདིར་ཉེ་བའི་སྙིང་པོ་གང་ཡིན་པ་དངོས་སུ་བསྟན་པའོ། །ཡང་ན་སྔོན་གྱི་རྗེས་སུ་འབྲང་བས་རྣལ་འབྱོར་མ་དྲུག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་ཏུ་གཟུང་བའོ། །ཡང་གཟུགས་དགོད་པ་ནི་སྒྲུབ་ཐབས་ལས་གསུངས་པའི་རིམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཡི་རིག་པ་ཆེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་པ་འདིས་ནི་སྔགས་ཀྱི་ཆེ་བའི་བདག་ཉིད་བསྟན་པའོ། །ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ །ས་ཡི་དཀྱིལ་འཁོར་མཆོག་ཏུ་བརྗོད། །ཅེས་པ་ནི་སྔགས་རྒྱུད་རྣམས་ནས་རིན་པོ་ཆེ་བཞི་སྟེ། སྔགས་བཞི་ལ་རིན་པོ་ཆེ་བཞི་ཞེས་བྱའོ། །སོགས་པས་ནི་ཅི་ལྟ་བ་ཉིད་ཀྱི་དོན་དུ་གཟུང་ངོ༌། །དེ་ནས་འདིའི་དོན་ནི་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཕྲེང་བའི་སྔགས་ཉིད་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་རྣམས་སམ། དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་


DTG017_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོ། །སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་ཚིག་རྐང་བཞི་ཡིན་པའམ། ཕྱོགས་བཅིང་བའི་སྔགས་ཀྱི་ཚིག་རྐང་བཞི་ཡིན་པར་བསྟན་པའོ། །སྔགས་ནི་ཚིག་རྐང་བཞི་འབྱོར་བའི་ཕྱིར་རོ། །ཧ་ལྔ་ཡང་དཔལ་ཧེ་རུ་ཀའི་སྙིང་པོ་དང་འདྲ་བ་ཉིད་ཀྱི་ཕྱིར་ཅི་ལྟ་བའི་སྒྲའི་རྐྱེན་བསྟན་པ་ལས་དོན་དམ་གྱི་སྟོབས་ཀྱིས་དཔགས་ལ་གོ་བར་བྱའོ་ཞེས་པའི་དོན་ཏོ། །ཁྱད་པར་རིག་པའི་རྒྱལ་པོ་དང་རྩ་བའི་སྔགས་ནི་བཞི་བཞིའི་ཚིག་ནི་རིན་པོ་ཆེར་གྱུར་བ་གང་ཡིན་པ་ནི་རྣལ་འབྱོར་བའི་གང་འདོད་པ་དེ་ཐམས་ཅད་བྱེད་དོ། །འདི་ཉིད་ཀྱི་ཕྱིར་དགའ་བ་སྐྱེད་པས་རིན་པོ་ཆེའི་ངོ་བོ་ཉིད་ཀྱི་སྔགས་ཏེ། ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལྟ་བུ་འདིས་འདོད་པའི་དོན་སྦྱིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། རིག་པའི་རྒྱལ་པོའི་ལས་ཀྱི་མཆོག །ཅེས་བྱ་སྟེ། དེའི་སྟོབས་ཀྱིས་རིག་པའི་རྒྱལ་པོ་ཞེས་བརྗོད་དོ། །ཕྲེང་བའི་སྔགས་སུ་མངོན་པར་བརྗོད་པ་ལ་རྩ་བའི་སྔགས་སོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལས་ཕྱིན་ཅི་ལོག་གི་རྣལ་འབྱོར་མ་དྲུག་གིས་བསྡུ་བའི་ཆོ་གའི་ལེའུ་བརྒྱན་པའི་འགྲེལ་པའོ།། །།

ལེའུ་དགུ་པ། རྩ་བའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ནི་གོ་སླའོ། །བཤད་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེ་ཅི་ཞེས་པ་ལ་ལས་ཀྱི་ཚོགས་སྣ་ཚོགས་པའི་མཐུ་ལ་སོགས་པ་དང༌། མཆོག་ཏུ་གྱུར་བའི་གཙོ་བོའི་རྩ་བའི་སྔགས་དང༌། རིག་པའི་རྒྱལ་པོའི་སྔགས་ཅི་ལྟ་བ་བཞིན་དུ་ཅི་ལྟ་བའི་ངོ་བོ་ཉིད་ཀྱི་སྔོན་དུ་འགྲོ་བས་རིམ་པ་བཞིན་དུ་ཞེས་པའི་དོན་ཏོ། །འཇིག་རྟེན་གསུམ་ཞེས་པ་ནི་གོ་སླའོ། །སྐྱེ་གནས་ཐམས་ཅད་ཅེས་པ་ནི། ཡང་དངོས་གྲུབ་ཀྱི་ཚིག་ནི་རྒྱུད་ཐམས་ཅད་དུ་ཟློས་པའི་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ། །སྤྲིན་རྣམས་འཐོར་བར་བྱེད་ཅེས་པ་ནི་དང་པོ་ནི་དོན་ཇི་ལྟ་བ་ཉིད་དུ་གཟུང་ངོ༌། །དེའི་རྗེས་སུ་འདིའི་དོན་ནི་རྡོ་རྗེ་པདྨ་མཉམ་པར་སྦྱོར་བའི་གནས་སྐབས་སུ་མཁའ་འགྲོ་མ་རྣམས་དབང་དུ་བྱེད་པའོ། །ཆར་འབེབས་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་འབེབས་པར་བྱེད་པའོ། །ཟློག་པར་བྱེད་པ་ནི་གནས་པར་བྱེད་པའོ། །རྒྱ་


DTG017_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐེམས་པར་བྱེད་པ་ནི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཡན་ལག་གིས་གནས་པ་ནི་དེ་སྐེམས་པ་སྟེ་ཞི་བའི་གནས་སྐབས་སུ་བྱེད་པའོ། །ཆུ་བོ་རྒྱུན་ཕྱོགས་ལས་བཟློག་ནས་འབབ་པར་སྟོན་པ་ནི་བྱང་ཆུབ་ཀྱི་སེམས་འགོག་པའོ། །དབང་པོ་ཟློག་པར་བྱེད་པ་ནི་ཁྲོས་པ་བརྒྱུད་པའི་དབང་པོ་འཆིང་བར་བྱེད་པའོ། །ས་གཡོ་བར་བྱེད་པ་ཞེས་པ་ནི། སེམས་ཅན་ཆེ་བ་ལས་ཀྱང་ཆེ་བར་གྱུར་པ་སྐྱོད་པར་བྱེད་པའོ། །ཤིང་ལས་འཇོགས་ཏེ་གང་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་པ་ནི་རིག་པ་ནི་སྡོང་པོ་སྟེ་དེ་ཡོད་པས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྔགས་ཐམས་ཅད་ཀྱི་ནུས་པ་འཕྲོག་པར་བྱེད་པ་ནི་འཇིག་རྟེན་གསུམ་ན་གང་ཅུང་ཟད་གནས་པའི་གསང་བར་བརྗོད་པ་དེ་ཐམས་ཅད་འཁྲུལ་འཁོར་ལ་ཞོན་ནས་དེ་ལྟར་བརྗོད་པའོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ་ཞེས་པ་ནི་རིག་པ་འཛིན་པ་ལ་སོགས་པ་ཐམས་ཅད་དང་འབྲེལ་པ་གང་ཡིན་པ་དེ་ཐམས་ཅད་འཕྲོག་པ་སྟེ་ལེན་པའོ། །ཁྲག་འདྲེན་པར་བྱེད་པ་ཞེས་པ་ནི་བསྲུང་བ་མང་པོ་དང་ལྡན་པའི་རྒྱལ་པོ་དང་འབྲེལ་བ་ཡིན་ཡང་འགུགས་པའོ། །སླར་གཏོང་བར་བྱེད་པ་ནི་རང་གནས་སུ་འཇོག་པའོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ་ཞེས་པ་ནི་མ་ལུས་པའི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་རང་གི་ཐབས་དང་ཤེས་རབ་དང་ལྡན་པ་ལས་དེའི་རྣམ་པ་ཅན་གྱིས་མ་ལུས་པའི་ནམ་མཁའ་ཁྱབ་པར་སྔགས་དང་ལྷ་སྤྲོ་བའོ། །འདོད་ན་སྣང་བར་བྱེད་ཅིང་འདོད་ན་མི་སྣང་བར་བྱེད་དོ་ཞེས་པ་ནི། ལྷ་མོ་རྣམས་ཇི་ལྟར་འདོད་པ་ཞེས་པའི་དོན་ཏོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་པ་ནི། ཁང་བཟངས་ནི་པདྨ་སྟེ་སངས་རྒྱས་ཐམས་ཅད་མཉམ་པ་བསྟན་པའི་ཕྱིར་རོ། །སྡོང་པོ་ནི་རྡོ་རྗེ་སྟེ་རྡོ་རྗེ་ནི་སྐྱེས་བུ་ཉིད་ཀྱི་ཕྱིར་རོ། །རྩེ་མོ་ནི་ལྷ་མོ་རྣམས་ཀྱི་པདྨའི་ཟེ་འབྲུ་སྟེ། ཐ་མ་དང་འབྲིང་དང་རབ་རྣམས་ལ་འདོད་པས་རྡོ་རྗེ་པདྨ་གཉིས་བསྐྱོད་པས་ལྟོས་པ་མེད་པས་བརྡུང་ཞེས་པའི་དོན་ཏོ། །དུག་བདུད་རྩིར་བྱེད་དོ་ཞེས་པ་ནི་དུག་བདུད་རྩི་དང་འདྲ་བར་བསྟན་ནོ་ཞེས་པའི་དོན་ཏོ། །བདུད་རྩི་ཡང་དུག་ཏུ་བྱེད་དོ་ཞེས་པ་ནི་བདུད་རྩི་དང་འདྲ་བའི་ཡུལ་


DTG017_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུ་ག་བཞིན་དུ་སྤྱོད་པའོ། །ཤིན་ཏུ་ཆགས་པར་མི་བྱེད་ཅེས་པའི་དོན་ཏོ། །ཟླ་བ་ཆུར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་འོ་མ་བཞིན་དུ་འཐུང་བར་བྱེད་དོ། །ཆུ་ཟླ་བར་བྱེད་དོ་ཞེས་པ་ནི་ཆུ་ཟླ་བ་དང་འདྲ་བར་སློང་བ་སྟེ། དེ་བཞིན་དུ་ཟླ་བའི་བཏུང་བ་བཞིན་དུ་མྱོང་བར་བྱེད་ཅེས་པའི་དོན་ཏོ། །དྲི་ཐམས་ཅད་འཕྲོག་པར་བྱེད་དོ་ཞེས་པ་ནི། །བདུད་རྩི་རྣམ་པ་ལྔའི་དྲི་འཕྲོག་པའོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ་ཞེས་པ་ནི་དེའི་དྲི་གཞན་བྲམ་ཟེ་ལ་སོགས་པའི་ཟས་ལ་འཕོ་བར་བྱེད་དོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་ལེགས་པར་བསྟན་པའི་དོན་གསལ་བར་བྱེད་པ་ནི་ནམ་མཁའ་ལྡིང་གི་གདོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལྡིང་གི་རྒྱལ་པོའི་གདོང་བཞིན་དུ་འགྲོ་བ་འབྱིན་པར་བྱེད་ཅེས་པ་ནི། ནམ་མཁའ་ལ་འགྲོ་འདོད་པའི་བྱ་ཁྱུང་ནི་གཤོག་པ་གཉིས་སྐྱོང་བར་བྱེད་དོ། །གང་ཇི་ལྟ་བུ་ཞི་བའི་འདུས་པ་ལ་བུད་མེད་རྣམས་དང་གང་མཉམ་པར་སྦྱོར་བ་ནི་ཁམས་བྱང་ཆུབ་ཀྱི་སེམས་བླངས་ཏེ་ལྷ་མོའི་ཞལ་དུ་སྦྱིན་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་གཞུང་གཞན་ཏེ་གདོང་གཙོ་བོར་གྱུར་པ་ནི་བྱ་ཁྱུང་གི་གདོང་སྟེ་བྱ་རྣམས་ལས་བྱ་ཁྱུང་གི་གདོང་གཙོ་བོར་གྱུར་བའི་ཕྱིར་རོ། །དེས་ཁྱད་པར་ཅན་གྱི་ཆོ་གས་འགྲོ་བ་རྟོགས་པར་གནས་པར་བྱེད་པ་ནི་གནས་པ་སྟེ། ཇི་ལྟར་འགྲོ་འདོད་པའི་བྱ་ཁྱུང་གཤོག་པ་གཉིས་སྐྱོང་བར་བྱེད་དོ། །དེ་ལྟ་བུར་ཞི་བའི་འདུས་པ་ལྷ་མོ་རྣམས་དང་གང་མཉམ་པར་སྤྱོད་ཅིང་གདོང་གིས་སྦྲང་རྩི་བླངས་ནས་ལྷ་མོའི་ཁ་རུ་སྟེར་རོ་ཞེས་པའི་དོན་ཏོ། །མིའི་མཆོག་ཅེས་པ་ནི་མི་གང་དེ་ལྟར་སྤྱོད་པ་ནི་དེ་འཇིག་རྟེན་གསུམ་གྱི་གཙོ་བོ་ཞེས་པའི་དོན་ཏོ། །འདིས་ནི་བྱ་ཁྱུང་གི་གདོང་དང་འགྲོ་བ་འབྱིན་པས་ཞེས་པའི་གཞུང་གཞན་ནི་གོ་སླའོ། །དེའི་ལག་པའི་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་འཕྲོག་པར་མི་ནུས་ཞེས་པ་ནི། དེ་ལྟར་གྱུར་བའི་རྣལ་འབྱོར་པ་འདོད་ཅིང་སྤྲུལ་པ་ལ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་དགག་པར་མི་ནུས་ཞེས་པའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནས་གཟུང་སྟེ་དོན་ཇི་ལྟ་བ་དེ་ལྟར་ཕུལ་དུ་བྱུང་བ་ཉིད་དུ་ཉེ་བར་གནས་པའི་ཕྱིར་རོ། །དུར་ཁྲོད་ཀྱི་སོལ་བ་ཞེས་པའི་དོན་


DTG017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གདམས་ངག་བརྗོད་པར་བྱ་སྟེ། བ་རུ་རའི་སྡོང་བོའི་ལྷོ་ཕྱོགས་ཀྱི་ཡལ་ག་གཏུམ་མོའི་སྟ་རེ་ལ་སོགས་པས་བཅད་ནས་ནག་པོའི་ཕྱོགས་ཀྱི་ཚེས་བཅུ་བཞིའི་ནུབ་མོ་དུར་ཁྲོད་དུ་བསྲེགས་ལ་བོང་བུའི་ཆུས་མེ་བསད་ལ། །དེའི་སོལ་པ་དང་ཐལ་བར་བྱས་ལ། གང་དེ་ལྟར་མཆོག་ཏུ་ཁྱད་པར་ཅན་གྱི་སོལ་བས་ཕྱིས་ཀྱི་དུས་སུ་རྒྱུད་ལས་གསུངས་པའི་ཆོ་ག་བྱས་ན་དེའི་འབྲས་བུ་བཟློག་པར་མི་ནུས་སོ། །ཨ་ཏི་མུག་ཏའི་ལྕུག་མ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདིའི་མན་ངག་གི་སྔགས་འབུམ་ཕྲག་གཅིག་བཟླས་པའི་སྔགས་པས་ཟླ་བ་གཟས་གཟུང་བའི་དུས་སུ་ཨ་ཏི་མུག་ཏའི་རྩ་བར་ཁྲི་བཅས་ལ་དེའི་སྟེང་དུ་བསྡད་ལ་བསྲུང་པ་ལ་སོགས་པ་དམིགས་ལ་གཞོན་ནུ་མས་བཀའ་བའི་སྐུད་པ་དམར་པོ་བྱས་ལ། ནུབ་ཕྱོགས་ཀྱི་ཆར་སོན་པའི་ཡལ་ག་དེ་ལ་སྐུད་པས་དཀྲིས་ཏེ། ཕྱོགས་གཅིག་ཏུ་སྐྲ་གྲོལ་བའི་སྔགས་པས་གཟས་གཟུང་བ་ནས་བརྩམས་ཏེ་བཏང་གི་བར་དུ་དེའི་ཡལ་ག་ལག་པ་གཡོན་པས་གཟུང་ལ་རྒྱུན་ཆད་པར་བཟླས་པར་བྱའོ། །ཕྱིས་ཀྱི་དུས་སུ་མཚོན་ཆས་བཅད་ལ་ཇི་ལྟར་གསུངས་པའི་ཆོ་ག་བཞིན་བྱ་སྟེ། རྩེ་མོ་དང་རྩ་བས་ཉེ་བར་མཚོན་པ་སྟེ། རྩེ་མོས་ནི་འོང་བའོ། །རྩ་བས་ནི་ཕྱིར་འགྲོ་བའོ། །ལྷག་མས་ནི་སོང་བའི་དོན་ཉིད་དོ། །ཟས་སྐོམ་ལ་སོགས་རོ་ཡིས་ནི། །ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོ་རྙེད་པར་སླ་བ་ཐམས་ཅད་བརྗོད་པའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྩ་བའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་དགུ་བའི་འགྲེལ་པའོ།། །།

ལེའུ་བཅུ་པ། སྐུ་གསུམ་དང་གྲུབ་པའི་སྙིང་པོའི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཞེས་བྱ་བ་ལ་སོགས་པས་ནི་སྲུབ་པོ་པོའི་སྐུ་གསུམ་གྱི་རྣམ་གཞག་སྟོན་ཏེ། དེ་ལ་འདིའི་མན་ངག་ནི་ཧཱུཾ་གཅིག་ལས་རྫོགས་པའི་འཁོར་ལོ་གསུམ་ལ་སོགས་པར་གནས་པའི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །མང་པོ་ཀུན་ལུས་ལ་གཅིག་ཏུ་བསྡུས་ཏེ་གོ་ཆ་ཐམས་ཅད་ལ་སོགས་པས་གོ་བགོས་ནས་བཟླས་པའི་གནས་སྐབས་ཐམས་ཅད་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་སུ་སྙིང་གར་པདྨ་དང་ཟླ་བ་ལ་ཨཱ་ལི་དང་ཀཱ་ལི་སྤྲོ་བ་དང་བསྡུ་བ་


DTG017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་གནས་སྐབས་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །རིམ་དང་རིམ་མིན་མ་ཡིན་པས། །ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང༌། །སྤྲུལ་པ་ཐོབ་པར་འདོན་མི་ཟ། །ཞེས་བྱ་བ་འདིས་ནི་ལྷག་མ་རྣམས་གོ་སླའོ། །གསང་སྔགས་འདིའི་ཞེས་བྱ་བ་ལ་སོགས་པ་ལ། གསང་སྔགས་འདི་ནི་རྩ་བའི་ཉེ་བའི་སྙིང་པོའི་སྔགས་སོ། །སྙིང་པོ་ནི་སྙིང་པོའི་གསང་སྔགས་ཏེ། དེ་ཡང་སྙིང་པོ་ལས་ཀྱང་སྙིང་པོའི་ལས་ཀྱི་ཆོ་ག་ཞེས་པའི་དོན་ཏོ། །སྙིང་པོ་གསང་བའི་སྔགས་ཀྱི་སྒྲུབ་པ་པོ་ནི་དཔལ་ཧེ་རུ་ཀ་ཉིད་སྒྲུབ་པ་པོ་ཉིད་ཅིག་བཤད་པར་བྱ་བ་སྟེ། ད་རྡོ་རྗེ་ཕག་མོས་སམ། གསང་བའི་སྒྲུབ་པ་པོ་ཡང་ད་ཉིད་ཡིན་གྱི་ཞེས་སྦྱར་རོ། །ལྷག་མ་ནི་ཅི་ལྟ་བའི་དོན་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྐུ་གསུམ་དང་གྲུབ་པའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་བཅུ་པའི་འགྲེལ་བའོ།། །།

ལེའུ་བཅུ་གཅིག་པ། སྐྱེ་བ་བདུན་པའི་མཚན་ཉིད་ཆོ་གའི་འགྲེལ་པ།


DTG017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་རབ་བཤད་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདེན་པར་སྨྲ་བ་དང་ཡུན་རིང་པོར་མིག་མི་འཛུམས་པ་ཞེས་པ་ནི། ཁ་ཅིག་མིག་ཡུན་རིང་པོར་གདངས་པ་ལ་ཟེར་ཏེ། གཞན་ནི་མྱུར་དུ་འཛུམས་པ་ལ་འདོད་དོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྐྱེ་བ་བདུན་པའི་མཚན་ཉིད་ཆོ་གའི་ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།

ལེའུ་བཅུ་གཉིས་པ། ཉེ་བའཻ་སྙིང་པོའི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉེ་བའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྕགས་གསུམ་ཞེས་པ་ནི་གསེར་དང་དངུལ་དང་ཟངས་མའོ། །མིའི་ཐོད་པ་ཤ་མེད་པར་བྱས་ལ་ཞེས་པ་ནི་མིའི་ཐོད་པ་ལ་སོགས་པ་དྲི་མ་མེད་པ་བླངས་པ་གང་ཡིན་པ་དེ་ལྟར་བྱས་ལ་སྔོན་དུ་བསྙེན་པ་བྱས་ལ་སྔགས་པས་སྐད་ཅིག་གིས་རྡོ་རྗེ་དྲག་པོའི་རྣལ་འབྱོར་དང་ལྡན་པས་ཧཱུཾ་བརྗོད་པ་གཉིས་ཀྱིས་རང་སྣ་བུག་གཡས་པའི་ནང་ནས་དུམ་སྐྱེས་མཚོན་ཆ་ཐོགས་པ་ཕྱུང་ལ་གང་གི་མིང་བྱས་པའི་གནས་ལྔ་སྟེ། བཤང་ལམ་དང་རྡོ་རྗེ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་མགོ་བོར་ཕུག་ནས་ཁྲག་གི་རྒྱུན་གྱིས་ཐོད་པ་ཡོངས་སུ་གང་བར་བསྒོམ་ཞིང་སྡིགས་མཛུབ་ཀྱི་རྩེ་མོས་མཉེས་ན་ཁྲག་འགུགས་པའོ། །ཡང་དགོངས་པའི་དོན་དུ་སྐྱེ་བོ་ལ་གཡོན་པས་


DTG017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་ཞི་བའི་ངོ་བོ་ཉིད་ཀྱིས་མཉེས་ཤིང་བསྒྲུབ་བྱ་དེ་ཉིད་མཉེས་ཤིང་བསྒྲུབ་བྱ་དེ་ཉིད་ཀྱི་ལུས་ཡོངས་སུ་གང་བར་བསྒོམས་ན་སོས་པར་འགྱུར་རོ་ཞེས་པ་ནི་གདམས་ངག་གོ །མངོན་པར་བསྔགས་ལ་ཞེས་པ་ནི་གསལ་ལོ། །འོ་མའམ་ཆང་གིས་ཐོད་པ་བཀང་བས་ཞི་བར་འགྱུར་རོ། །གི་ཝང་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་ཚོགས་ཀྱི་ཁྱད་པར་གསུངས་པ་ཐམས་ཅད་ནི་དོན་ཅི་ལྟ་བ་ཉིད་དེ། རྣལ་འབྱོར་པ་སྐྱེས་པས་སོ། །གལ་ཏེ་ནུས་པ་སྐྱེས་པ་མ་ཡིན་ན་དེའི་ཆེ་ཡི་གེའི་གྲངས་ཀྱི་འབུམ་བཟླས་ལ་ཐམས་ཅད་ཀྱི་ཆོ་ག་བྱའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།

ལེའུ་བཅུ་གསུམ་པ། གོ་ཆའི་སྔགས་ཀྱི་སྦྱོར་བའི་ཆོ་གའི་འགྲེལ་པ།


DTG017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གོ་ཆའི་ལས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་ལ། གོ་ཆ་རིགས་གཅིག་ཏུ་བསྟན་པས་དཔའ་བོ་དང་རྣལ་འབྱོར་མ་ཀུན་ཟིན་ཡང་མདོར་བསྡུས་ནས་འདི་རུ་དེ་གོ་ཆའི་སྔགས་ཀྱི་ཚིག་གི་ལས་ཀྱི་ཚོགས་ཡིན་པ་ནི་འདིར་རིགས་པའོ། །རྣལ་འབྱོར་མ་དྲུག་གི་ལས་ནི་ཚིག་སྒྲུབ་པ་དང་དགུག་པའི་ཆོ་གའི་ལེའུར་རྣལ་འབྱོར་དྲུག་གི་གོ་ཆའི་ཚིག་གི་ལས་ཀྱི་ཚོགས་འོག་ནས་སྟོན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དཔའ་བོ་དྲུག་གི་གོ་ཆའི་སྙིང་པོའི་ཚིག་གི་ལས་ཚོགས་ནི་འདི་ཡིན་ནོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གསལ་བ་ཉིད་དོ། །སྐར་མ་རྒྱལ་གྱི་སྦྱོར་བ་ཞེས་པ་ནི། །རྒྱལ་གསུམ་གཟུང་ངོ་ཞེས་པའི་དོན་ཏོ། །གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་གོ་ཆའི་སྔགས་ཀྱི་སྦྱོར་བའི་ཆོ་ག་ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།

ལེའུ་བཅུ་བཞི་པ། བོང་བའི་རྣལ་འབྱོར་གྱིས་དཔལ་ཧེ་རུ་ཀར་བྱེད་པའི་ཆོ་གའི་འགྲེལ་པ།


DTG017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དེ་ནི་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རང་གི་ཁྲག་ལ་ལན་གསུམ་བཟླས། །དེ་འདིར་ཡང་ནི་ཁ་རུ་གཞུག །ཅེས་བྱའོ། །ཕྱི་རོལ་མ་ལུས་པའི་རྣལ་འབྱོར་མ་ལ་སོགས་པ་མངོན་པར་འདོད་པའི་རྣལ་འབྱོར་དམིགས་ནས་ཕྱུགས་ལ་བལྟ་བར་བྱ་སྟེ། དེ་ལྟར་ཡང་བོང་བུའི་རྣལ་འབྱོར་ལྷག་པར་དབང་བར་བསྟན་ཏེ། དེ་ལ་འདིའི་གདམས་ངག་གི་རིམ་པ་ནི་ཇི་ལྟར་དབང་གི་དོན་གྱི་དཀྱིལ་འཁོར་བཞིན་དུ་ཕྱི་རོལ་ཁོར་ཡུག་ཆེན་པོའི་བར་བྲིའོ། །དེ་ལ་པདྨ་འདབ་མ་བརྒྱད་པའི་གེ་སར་གྱི་


DTG017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཨཱ་ལི་ཀཱ་ལིས་བསྐོར་བའི་ཧཱུཾ་ངོ༌། །ཕྱོགས་བཞིའི་འདབ་མ་ལ་གཉིས་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །མཚམས་བཞིའི་འདབ་མ་ལ་ཐོད་པ་ཁྲག་གིས་གང་བ་བཞིའོ། །རྩིབས་ཉི་ཤུ་རྩ་བཞི་རྣམས་སུ་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སོ། །རྩ་བའི་ཐིག་ནང་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་སོ། །རྩ་བའི་ཐིག་གི་སྟེང་གི་སྒོ་བཞིའི་ནང་དུ་གནོད་མཛེས་ཀྱི་སྔགས་གོ་རིམས་ཇི་ལྟ་བ་བཞིན་དུ་ཚིག་བཞིའོ། །ར་བ་གཉིས་ལ་ནི་རྩ་བའི་སྔགས་སོ། །ར་བའི་ཕྱི་རོལ་དང་སྒོའི་སྟེང་དང་སྒོ་ཁྱུང་བརྒྱད་དང་མཚམས་རྣམས་སུ་གཉིས་ཀའི་གོ་ཆའི་སྔགས་སོ། །ཁོར་ཡུག་ལ་ནི་བཅོམ་ལྡན་འདས་མའི་རྩ་བའི་སྔགས་སོ། །དེ་བཞིན་དུ་དཔའ་བོ་འོད་ཟེར་གྱི་རྣམ་པས་པུལླཱི་ར་མ་ལ་ཡ་ལ་སོགས་པའི་གོ་ཆ་ཆེན་པོའི་ས་བོན་གྱིས་བསྐོར་བའོ། །འཁོར་ལོ་དེའི་དབུས་སུ་སཱ་ལུ་ཁུར་བའི་རང་བཞིན་གྱི་བོང་བུའི་གཟུགས་བྱས་ལ་བཞག་སྟེ། དེ་ཡང་རྒྱ་སྐྱེགས་དང་མར་ནག་གིས་བྱུགས་ལ་ཁ་ནས་ཁྲག་འཛག་པའི་བོང་བུའི་རྣལ་འབྱོར་དུ་དམིགས་ལ་གྲྭ་བཞིར་མར་མེ་སྦར་ཏེ་མངོན་པར་འདོད་པའི་སྔགས་ཀྱིས་འདིས་སྔོན་བཞིན་དུ་བྱས་ལ་ཡི་དམ་ལ་དགའ་བས་སྔགས་བཟླས་ན་གང་དང་གང་དུ་ཡང་གྱུར་བའི་རང་བཞིན་དེ་དང་དེ་མཐོང་བ་ནི་གདམས་ངག་གོ །དེའི་གཏོར་མ་ཞེས་པ་ནི་བཟའ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བོང་བུའི་རྣལ་འབྱོར་གྱིས་དཔལ་ཧེ་རུ་ཀར་བྱེད་པའི་ཆོ་གའི་ལེའུ་བཅུ་བཞི་པའི་འགྲེལ་པའོ།། །།

ལེའུ་བཅོ་ལྔ་པ། ཡི་གེའི་བརྡའི་ཆོ་གའི་འགྲེལ་པ།


DTG017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྡོམ་པ་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་འདིས་ནི་ཡི་གེའི་བརྡ་སྟོན་ཏེ། དེ་ཡང་ཇི་ལྟ་བ་ཉིད་དེ་འོན་ཀྱང་ཌི་ཏ་ཞེས་བྱ་བ་ལ་སོགས་པས་མངོན་པར་བརྗོད་པ་ནི་གནས་སྐབས་ཀྱི་ཚིག་ཏུ་ཤེས་པར་བྱའོ། །ལཱ་མ་ཡང་དེ་བཞིན་ཞེས་པ་ནི་ལཱ་མའི་རིགས་སུ་གྱུར་པ་ནི་ང་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་གཞན་ལ་ཡང་ངོ༌། །བྱིན་པ་གཉིས་ཞེས་པ་ནི་ཁྱེད་དང་ལྷན་ཅིག་ཏུ་སྦྱོར་བར་འདོད་པའོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡི་གེའི་བརྡའི་ཆོ་གའི་ལེའུ་བཅོ་ལྔ་པའི་འགྲེལ་པའོ།། །།

ལེའུ་བཅུ་དྲུག་པ། རྣལ་འབྱོར་བདུན་གྱི་མཚན་ཉིད་བརྟག་པའི་འགྲེལ་པ།


DTG017_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ནི་གོ་སླའོ། །བཟའ་དང་བཟའ་མིན་ཞེས་བྱ་བ་ལ་སོགས་པ་ནི་འཆད་པར་འགྱུར་བའི་ངོ་བོ་ཉིད་ཡིན་པས་གོ་སླའོ། །བཟའ་དང་བཟའ་མིན་རབ་སྦྱིན་བྱ། །ཞེས་པ་ནི། རང་གི་དམ་ཚིག་དང་གཞན་གྱི་དམ་ཚིག་མི་སྤྱད་པར་ལྷ་མོ་རྣམས་ཀྱི་འདོད་པ་ལ་འཇུག་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཀྱི་དོན་ཡང་གསལ་བར་བྱ་བའི་ཕྱིར་གསུངས་ཏེ། མཆོག་གི་ཕུལ་དུ་བྱུང་བའི་དམ་ཚིག་ནི་མཆོག་གིས་ཏེ་མཆོག་གི་དམ་ཚིག་འདི་ལ་གནས་པའོ། །མཆོག་གི་དམ་ཚིག་ལ་གནས་པ་འདི་ཉིད་ཀྱི་ཕྱིར་ཡིད་ཤེས་པར་བྱེད་པ་ཡིད་དང་རྗེས་སུ་མཐུན་པ་ལ་བཟའ་བྱ་དང་བཟའ་བྱ་མ་ཡིན་པ་རབ་ཏུ་སྦྱིན་ནོ་ཞེས་བྱའོ། །དེ་ཉིད་ཀྱིས་རྗེས་སུ་མཐུན་པར་གསལ་བར་བྱས་པའོ། །ཡང་ན་གཞན་གྱི་རྗོད་བྱེད་དེ། །དེ་ཡི་བརྗོད་བྱ་སྟོན་པའོ། །དེ་ནས་བཟའ་དང་བཟའ་མིན་པ། །མདོར་བསྡུས་ནས་ནི་རབ་བཤད་བྱ། །ཞེས་བྱ་བ་ལ་སོགས་པའི་མཆོག་གི་དམ་ཚིག་ནི་རྣལ་འབྱོར་གྱི་རྗེས་སུ་མཐུན་པར་གནས་པའོ། །བཟའ་བྱ་དང་བཟའ་བྱ་མ་ཡིན་པའི་རང་གི་དམ་ཚིག་དང་གཞན་གྱི་དམ་ཚིག་གི་བཟའ་བ་བཟའ་བས་ཡིད་ཆེས་པར་བྱེད་ཅིང་ཡིད་དང་རྗེས་སུ་མཐུན་པའི་བཟའ་བས་སྙན་གྲགས་ཆེན་པོ་བསྐྱེད་པའི་ཕྱིར་རབ་ཏུ་སྦྱིན་པ་ལ་འཇུག་པར་བྱའོ། །དེ་ཡིས་བསྡུས་པ་སྟེ་མདོར་བསྡུས་པ་ཕུལ་དུ་བྱུང་བ་བརྗོད་པར་བྱའོ་ཞེས་སྦྱར་རོ། །ཁ་དོག་ཁྱད་པར་གསང་བ་གང༌། །ཞེས་བྱ་བ་ལ་སོགས་པ་གང་རང་དང་གཞན་གྱི་དམ་ཚིག་ལ་སོགས་པ་མཚོན་ཅིང་སྟོན་ཏེ་འདི་ཐམས་ཅད་ནི་གོ་སླའོ། །དེའི་རིགས་ལས་བྱུང་ཞེས་པ་ནི། བདེ་བར་གཤེགས་པའི་བསྟན་པ་དང་རབ་ཏུ་འབྲེལ་ཞེས་པའི་དོན་ཏོ། །དྲག་པོ་རྗེས་སུ་འགྲོ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རིགས་ལས་ཡང་དག་པར་བྱུང་ཞེས་པའི་དོན་ཏོ། །དཔའ་མོའི་བློ་མ་ནི་དཔའ་བོ་ལྷ་དགྲ་ལ་འཁྱུད་པ་སྟེ་རྡོ་རྗེའི་རིགས་ལས་བྱུང་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་རིགས་རྗེས་སུ་འགྲོ། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་ཞེས་པའི་དོན་ཏོ། །ཡང་དེ་བཞིན་དུ། དེ་ལྟར་བདུན་པོ་ངས་བཤད་དོ། །ཞེས་བྱ་བ་ལ་སོགས་པ་དེ་སྒྲུབ་པ་པོའི་རྣལ་འབྱོར་པས་


DTG017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཆེན་པོའི་རིག་པའི་ཡི་གེ་དང་ཁ་དོག་ཀྱང་དྲུག་ཡིན་ནོ། །རིགས་ཆེན་པོ་སྒྲུབ་པ་པོ་རིག་པའི་ལྷ་མོ་དང་ལྷན་ཅིག་ཏུ་གྱུར་པ་དེ་ལྟར་ཡི་གེའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་ཉམས་པ་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཁ་དོག་དྲུག་ཏུ་འགྱུར་ཞེས་པ་ནི་རྣམ་པ་དྲུག་ཡིན་ཞེས་པའི་དོན་ཏོ། །ཡང་ན་བརྗོད་པར་གྱུར་པ་གཞན་ཡིན་ན་ནི་གསལ་བའི་དོན་ཏོ། །ཕྱག་རྒྱ་འཆིང་བ་ལ་སོགས་པས་ཡོངས་སུ་གསལ་བ་ཉིད་ཀྱི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་བདུན་གྱི་མཚན་ཉིད་བརྟག་པའི་ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།

ལེའུ་བཅུ་བདུན་པ། མཁའ་འགྲོ་མ་རྣམས་ཀྱི་གཟུགས་ཡོངས་སུ་བརྗེ་བ་དང་མཚན་མའི་གོ་ཆའི་ཆོ་གའི་འགྲེལ་པ།


DTG017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་ལ་རྙེད་པར་དཀའ་བ་ནི་རྣལ་འབྱོར་མ་སྟེ། འཁོར་ལོ་གསུམ་ལ་གནས་པའི་རྣལ་འབྱོར་དང་དེ་བཞིན་དུ་དེའི་རིགས་ལས་བྱུང་བའི་གཟུགས་ཅན་མ་ཡང་བདུད་རྩི་རྣམ་པ་ལྔ་ལས་བྱུང་བའི་ཕྱིར་བདུད་རྩི་ལྔ་ལ་གོམས་ན་རྙེད་པར་སླའོ་ཞེས་པའི་དོན་ཏོ། །དེ་གང་ཞེས་པ་ལ་མཁའ་འགྲོ་མ་ཞེས་གསུངས་ཏེ། མཁའ་འགྲོ་མ་ལ་སོགས་པ་བདུན་དང་གཟུགས་ཅན་མ་ལ་སོགས་པ་བདུན་རིམ་དང་རིམ་མ་ཡིན་པས་མ་ལུས་པའི་ངོ་བོ་གཅིག་གི་ངོ་བོ་ཉིད་གང་ཡིན་པས་མཚན་མ་བསྟན་པ་གང་གིས་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་འགྲུབ་པར་འགྱུར་བའོ། །གང་ཅུང་ཟད་མ་བརྗོད་པ་དེ་བརྗོད་པར་བྱ་སྟེ་བྷ་ལིང་ཀེ་ཞེས་པ་ནི་བྷ་ལིང་ཀེ་བྱིས་པ་དང་བཅས་ཤིང་སྐྲ་གྲོལ་བ་ལ་སོགས་པ་རང་གི་མཚན་ཉིད་གསལ་བར་བྱེད་ཅེས་པའི་དོན་ཏོ། །ཨེ་ཧི་ཀའི་ལྷ་མོ་ཞེས་པ་ནི་འདི་སྔགས་ཀྱི་རྣམ་པས་སེམས་ཤིན་ཏུ་རྣམ་པར་གཡེངས་པའི་ངོ་བོ་ཉིད་ཀྱིས་རོལ་ཞེས་དགོངས་སོ། །ཕྱིས་ནི་ཁྱད་པར་གྱི་བསྡུ་བས། །གཤིན་རྗེ་ཨེ་ཧི་ཀི་ལྷ་མོ། །མཁའ་འགྲོ་རྨོངས་བྱེད་འཇིགས་བྱེད་མ། །ལཱ་མ་སྐྲག་བྱེད་ཡོངས་བསྒྱུར་མ། །ཕྱིར་མི་ལྡོག་དང་དུམ་སྐྱེས་མ། །འདོད་མ་འོ་བྱེད་བྷ་ལིང་བཅས། །ཕག་མོ་ཀུན་སྤྱོད་གཟུགས་མ་དང༌། །གཟུགས་ཅན་འོ་བྱེད་གཏུམ་ཁྱད་པར། །དུམ་སྐྱེས་ཉིད་དང་ཙཎྜི་ཀ །མཚན་ཉིད་འདི་དག་གཅིག་པའི་དོན། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་མ་རྣམས་ཀྱི་གཟུགས་ཡོངས་སུ་བརྗེ་བ་དང་མཚན་མའི་གོ་ཆའི་ཆོ་གའི་ལེའུ་བཅུ་བདུན་པའི་འགྲེལ་པའོ།། །།

ལེའུ་བཅོ་བརྒྱད་པ། མཁའ་འགྲོ་རྣམས་ཀྱི་མདོག་དང་མཚན་ཉིད་དང་རྟགས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་བཤད་བྱ་བ་ལ་སོགས་པ་འདིས་འདིར་མཚན་ཉིད་ཀྱི་ཁྱད་པར་སྟོན་ཏེ། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་མ་རྣམས་ནི་སྒྲུབ་པ་པོའི་བསྒྲུབ་བྱ་ཡིན་ནོ་ཞེས་པའི་དོན་ཏོ། །གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་རྣམས་ཀྱི་མདོག་དང་མཚན་ཉིད་དང་རྟགས་ཀྱི་ཆོ་གའི་ལེའུ་བཅུ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་བཅུ་དགུ་པ། མཁའ་འགྲོ་རྣམས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པའི་ཆོ་གའི་འགྲེལ་པ།


DTG017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་འདིས་ལཱ་མའི་རིགས་ལས་བྱུང་བ་འབའ་ཞིག་གི་བུད་མེད་རྣམས་ཀྱི་མཚན་ཉིད་སྟོན་པའོ། །གཞན་ནི་གོ་སླའོ། །རིལ་བ་སྤྱི་བླུགས་དག་ལ་མཆོད། །ཅེས་པ་ནི། རིལ་བ་སྤྱི་བླུགས་ཀྱི་རྣམ་པར་ལག་པས་བསྟན་ཞེས་པའི་དོན་ཏོ། །གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་རྣམས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པའི་ཆོ་གའི་ལེའུ་བཅུ་དགུ་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་པ། རྣལ་འབྱོར་ཀུན་གྱི་ལག་པའི་ཕྱག་རྒྱ་བརྡར་བྱས་པའི་ཆོ་གའི་འགྲེལ་པ།


DTG017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་བཤད་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གིས་སྤུན་དང་སྲིང་མོ་རུ། །ཞེས་པ་ནི་རང་གི་དམ་ཚིག་ཅན་དང་རང་གི་དམ་ཚིག་ཅན་མའི་རྣམ་པར་ཤེས་པའི་དོན་ཏོ། །གསོང་པོར་སྨྲ་བ་ནི་ཕྱག་འཚལ་བའོ། །གསོང་པོར་སྨྲ་བའི་ལན་ནི་ལན་དུ་ཕྱག་འཚལ་ཞེས་པའི་དོན་ཏོ། །གང་ཞིག་མཁའ་ལྡིང་སྟོན་པ་ནི། །ཞེས་པ་ནི་འཁོར་ལོའི་རྣམ་པས་གཤོག་པ་གཉིས་དཔུང་པ་གཉིས་ཀྱིས་སོ་སོར་སྟོན་ཞེས་པའི་དོན་ཏོ། །དེ་ལ་པཊྚི་ས་བསྟན་བྱ། །ཞེས་པ་ནི་གོས་འཆིང་བའི་ཚུལ་གྱིས་དཔྲལ་བའི་མཐའ་རུ་ལག་པ་གཉིས་དེ་ལ་བསྟན་ནོ་ཞེས་དགོངས་པའོ། །དཀྱིལ་འཁོར་ཞེས་པ་ནི་དམ་ཚིག་པ་རྣམས་འདུ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་ཀུན་གྱི་ལག་པའི་ཕྱག་རྒྱ་བརྡར་བྱས་པའི་ཆོ་གའི་ལེའུ་ཉི་ཤུ་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་རྩ་གཅིག་པ། ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་བསྟན་པ་ལ་སོགས་པའི་འགྲེལ་པ།


DTG017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡན་ལག་ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་ནས་བསྟན་པར་བྱ་ཞེས་བྱ་བའི་བར་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་བསྟན་པ་ལ་སོགས་པའི་ལེའུ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་རྩ་སྒཉིས་པ། ཁྱད་པར་གྱི་མཚན་ཉིད་ཅན་གྱི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་འགྲེལ་པ།


DTG017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཇི་ལྟ་བའི་དོན་ཉིད་དོ། །ལེགས་པར་འོངས་ཞེས་པ་ནི་སྟོན་པའོ། །ལེགས་འོངས་ས་ལེན་ནི་ལན་དུ་སྟོན་པ་ཞེས་པའི་དོན་ཏོ། །གསང་བ་པ་ཞེས་པ་ནི་གསང་བའི་རྣལ་འབྱོར་མ་ཞེས་དགོངས་སོ། །བསྟན་པར་བྱ་བ་ནི་སྡིགས་མཛུབ་ཏུ་མངོན་པར་བརྗོད་པས་པཊྚི་ས་བསྟན་པར་བྱ་སྟེ། དེ་བཞིན་དུ་དཔྲལ་བའི་རྩ་བར་གོས་འཆིང་བ་ལྟ་བུའི་ལག་པ་གཉིས་སྟོན་པའོ། །ཡང་དེར་རྩེ་གསུམ་རབ་ཏུ་སྟོན་པ་ཞེས་པའི་དོན་ཏོ། །མཚམས་ཀྱི་མཐའ་ཞེས་པ་ནི་མགོའི་དབུས་སུ་གཏོགས་པའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་ཕྱག་རྒྱའི་ལེའུ་ཉི་ཤུ་རྩ་གཉིས་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་གསུམ་པ། མཁའ་འགྲོ་མའི་མཚན་མ་དང་ཕྱག་རྒྱའི་མཚན་ཉིད་ཀྱི་འགྲེལ་པ།


DTG017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཁའ་འགྲོ་མ་རྣམས་ཀྱི་ཁྱད་པར་གྱི་བརྡ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྗེས་ཆགས་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་ཆགས་པའི་དམ་ཚིག་ཅན་མ་གང་ཡིན་བསྒྲུབ་པ་པོའི་ཕྱི་རོལ་གྱི་ཡན་ལག་གི་ལྷ་མོ་ནི། དངོས་པོ་ཐམས་ཅད་ཀྱིས་བརྩེ་བ་མཆོག་གི་དབང་དུ་གྱུར་པའི་སྐྱེས་བུ་ཆེན་པོ་སྣ་ཚོགས་པའི་དཔའ་བོའི་སེམས་ཅན་རྣལ་འབྱོར་པ་ཉིད་ཀྱི་ས་གཞི་སྟེ་མ་ལུས་པ་དེའི་ལོངས་སྤྱོད་དུ་འགྱུར་བའོ། །རྒྱལ་པོ་གཞན་མེད་པར་ས་གཞི་ནི་གཞིར་བྱའོ། །རྣལ་འབྱོར་མ་ཡི་སྡོམ་པ་མཆོད། །ཅེས་པ་ནི་རྣལ་འབྱོར་མ་རང་གིས་སྔགས་ཐམས་ཅད་ལེགས་པར་བསླབས་པའི་ལས་ཀྱི་ཕྱག་རྒྱ་སྟེ་ལྷ་མོ་དེ་གཞི་ཉིད་དུ་བྱས་ལ་སྡོམ་པ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ། །མཆོད་ནི་མཆོད་པར་བྱ་ཞེས་པའི་དོན་ཏོ། །གོ་བཟློག་པའི་ལྟ་བ་ནི་ཞེས་པ་ནི་གོ་སླའོ། །རྒྱལ་མཚན་མདུང་འདྲ་རྟག་ཏུ་འབྱུང༌། །ཞེས་པ་ནི་རྒྱལ་མཚན་ནི་རྟགས་ཏེ་དེ་ལ་རང་གི་ནུས་པ་དང་ལྡན་པ་ནི་བསྡུ་བའོ། །ཁ་སྦྱོར་མེ་ལོང་ཡིན་ཞེས་བྱ། །ཞེས་བྱ་བ་ནི་རྒྱུན་མི་འཆད་པར་མེ་ལོང་ལ་བལྟ་བ་དེ་ཡིས་རྒྱལ་མཚན་གྱི་ནུས་པ་ཤེས་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་མའི་མཚན་མ་དང་


DTG017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་མཚན་ཉིད་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་རྩ་བཞི་པ། རྣམ་པ་བཞིའི་མཚན་ཉིད་ཅན་གྱི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་འགྲེལ་པ།


DTG017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་བཤད་བྱ་བ་ལ་སོགས་པ་ནི་རྟོགས་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་རྣམ་པ་བཞིའི་མཚན་ཉིད་ཅན་གྱི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བཞི་པའི་འགྲེལ་བ་བརྗོད་པའི་དོན་ཏོ།། །།

ལེའུ་ཉི་ཤུ་རྩ་ལྔ་པ། རྩ་བའི་སྔགས་མ་ལུས་པ་སྦས་པའི་ཆོ་གའི་འགྲེལ་པ།


DTG017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པའི་དོན་བརྗོད་ནས་དོན་ཀུན་འདོད་པའི་ཞེས་པ་ནི་དོན་ཡང་ཡིན་ལ་ཀུན་ཡང་ཡིན་པས་དོན་ཀུན་ཏེ་དེ་ལ་འདོད་པ་ནི་མངོན་པར་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ་ཞེས་པའི་དོན་ཏོ། །འདོད་པའི་དོན་ཀུན་ཉིད་ལ་འདོད་པ་ནི་དེ་ལ་མངོན་པར་འདོད་པ་བསྐྱེད་པ་ཉིད་ཀྱི་ཕྱིར་འདོད་པའི་དོན་ཀུན་དེ་ཉིད་གང་ཡིན་པ་ནི་བཅོམ་ལྡན་འདས་ཏེ་འདོད་པའི་དོན་ཀུན་ནོ་ཞེས་པའི་དོན་ཏོ། །སྦ་བྱིན་སྦ་བར་བྱ་བ་སྟེ། སྔགས་བསྡུས་པའི་སྒོ་ནས་བརྒྱད་བརྒྱད་ཀྱི་ཚིག་གི་སྔགས་དང་སྔགས་ཀྱི་ཚིག་གི་ཁྱད་པར་སྦྱར་ཞིང་བྱས་པའོ། །མོས་པ་དམན་པའི་སེམས་ཅན་ནི་དངོས་པོ་ཀུན་ལ་ལྷག་པར་མོས་པ་གང་ཡིན་པའི་སེམས་ཅན་དེ་ནི་དེ་བཞིན་ཏེ། དེ་ལ་མུ་སྟེགས་ངན་པའི་དོན་གྱི་ལམ་གྱི་ཁྱད་པར་གང་ཡིན་པ་དེ་ནི་མུ་སྟེགས་ངན་པ་རྣམས་ཀྱིས་མི་ཤེས་པས་སྨོད་པའི་སེམས་གང་ཡིན་པ་དེ་ནི་དེ་བཞིན་དུ་བརྗོད་ཅེས་པའི་དོན་ཏོ། །གལ་ཏེ་ཁྱད་པར་ཉིད་ཀྱིས་ཇི་ལྟ་བུའི་དོན་དུ་བསྟན་ཏེ། དེའི་ཕྱིར་རྩ་བ་ལ་སྨོད་པ་བསྲུང་བའི་དོན་དུ་འབད་པར་བྱའོ། །དེ་ལ་སྔགས་འདི་རྣམས་གསལ་པོར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བསྒོམ་པར་བྱའོ། །སྔོན་གྱི་ཕྱེད་དང་ཕྱིས་ཀྱི་ཕྱེད་ཀྱང་དཔའ་བོ་དང་རྣལ་འབྱོར་མས་བསྒོམ་མོ་ཞེས་པའི་དོན་ཏོ། །དཔའ་བོ་ཡང་ཡིན་ལ་རྣལ་འབྱོར་མ་ཡང་ཡིན་པས་དཔའ་བོ་དང་རྣལ་འབྱོར་མའི་ངོ་བོ་ཉིད་དེ། དཔའ་བོ་དང་རྣལ་འབྱོར་མ་ཉིད་དེས་གསུངས་པའི་སྔགས་འདི་གསལ་པོར་བྱས་སོ་ཞེས་པ་ནི་མི་མཐུན་པ་མ་ཡིན་ཟེར་ཏེ་ཁ་ཅིག་ཏུ་ཡང་མཐུན་པ་ཉིད་ཀྱི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྩ་བའི་སྔགས་མ་ལུས་པ་སྦས་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་ལྔ་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་རྩ་དྲུག་པ། སློབ་མ་བརྟག་པའི་སྡོམ་པའི་ཆོ་གའི་འགྲེལ་པ།


DTG017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་རིམ་དང་རིམ་བཟློག་པ། །ཞེས་པ་ནི་ཡི་དམ་རིམ་པ་དང་རིམ་པ་མ་ཡིན་


DTG017_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕོ་ཉ་རྣམས་ཡང་དག་པར་གནས་པ་སྔོན་བརྩོན་ཆེན་མ་ལ་སོགས་པ་རིམ་པ་མ་ཡིན་པར་བསྟན་པ་དེ་རིམ་པ་བཞིན་དུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། འོག་དང་སྟེང་དུ་རྟག་ཏུ་སྟེར། །ཞེས་བྱ་སྟེ། འོག་ཏུ་རྣམ་པར་གནས་པ་སྟེང་དུ་བཀོད་པ་དེས་བདག་གི་ཕོ་ཉ་མོ་ཀུན་འགྲོ་སྟེ་དངོས་གྲུབ་སྦྱིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཕོ་ཉ་མོ་དེ་ཀུན་གྲུབ་སྟེར། །ཞེས་པ་ནི་མཐོང་བ་དང་རེག་པས་ཕ་ཉ་མོས་དངོས་གྲུབ་ཀུན་སྟེར་བར་འགྱུར་རོ། །བསྒྲུབས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། །ཙུམྦ་ན་དང་རྟག་པར་འཁྱུད། །རྣལ་འབྱོར་གནས་ནི་ཁྱད་པར་ཉིད། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་པ་ནི་འདིའི་དོན་ནི་ཞིང་དང་ཉེ་བའི་ཞིང་ལ་སོགས་པར་རྣལ་འབྱོར་གྱི་གནས་དེ་ལ་རྣམ་པར་གནས་པའི་ཕོ་ཉ་ནི་དངོས་གྲུབ་སྟེར་ཏེ། ཙུམྦ་ན་དང་འཁྱུད་པ་གཉིས་པོའི་རྣམ་པའི་ཁྱད་པར་འདིས་ཞེས་པའི་དོན་ཏོ། །ཀུན་ལ་སྦྱིན་བྱའི་ཞེས་པ་ནི་དམ་ཚིག་ཅན་མ་མཐོང་ནས་བཟའ་བ་དང་སྟོན་མོ་དང་ཙཱ་རུ་དང་བརྡ་ལ་སོགས་པ་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །མ་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་དང་སྔགས་བསླབས་པར་གྱུར་ན་དེའི་ཚེ་སྔགས་ལ་སོགས་པ་ཉེ་དུ་ཡིན་པར་མི་སྤྱད་ཅིང་སྦྱིན་པར་བྱ་ཞེས་པའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་སྔགས་བྱིན་པ་དེ་ནི་རུང་བ་ཡིན་ཏེ་གཞན་དུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དམ་ཚིག་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པས་གང་གི་ཚེ་སྤྱད་པར་བྱ་བ་དེ་སྟོན་པའོ། །སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་པའམ་བུད་མེད་རྣལ་འབྱོར་མས་མཐོང་ན་གཡོན་གྱི་ཆ་རུ་བྱས་ནས་འགྲོ་བའོ། །རིང་ཡང་ཤེས་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རིང་ཡང་ཁྱིམ་མ་མ་ཞིང་དུ་གཡོན་པའི་སྤྱོད་པས་བྱ་ཞེས་པའི་དོན་ཏོ། །ཧེ་རུ་ཀ་ལས་སྦྱར་གཞན་མེད། །ཅེས་པ་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལས་མཆོག་ཏུ་གྱུར་པའི་རྣལ་འབྱོར་གཞན་མེད་ཅེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་བྱ་སྟེ། དེའི་རྣལ་འབྱོར་འཆང་བའི་སློབ་དཔོན་ནི་རྣལ་འབྱོར་མ་ཀུན་གྱི་


DTG017_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གནས་ཞེས་བྱ་བའི་དོན་ཏོ། །རྒྱུད་འདི་རུ་ནི་སྒྲུབ་པ་པོ་ལེགས་པར་གྱུར་པ་ཉིད་ཡིན་ནོ་ཞེས་པ་ནི་གོ་སླའོ། །ཁྭ་གདོང་ལ་སོགས་འདི་དག་ནི། །མོས་དང་དད་པ་འཕེལ་བྱེད་པ། །ཞེས་པ་ནི་དངོས་གྲུབ་རྣམས་ཀྱི་རྒྱུན་ནི་བརྒྱད་པོ་འདི་ཡིན་ནོ་ཞེས་པའི་དོན་ཏོ། །དང་པོ་ནི་སྔོན་དུ་བསྟན་པའི་གཡོན་པ་ལ་སོགས་པའི་དམ་ཚིག་སྐྱོང་པའོ། །ལྷ་གཞན་དག་དང་ཀུན་སྦྱོར་བའི། །འདོད་ལ་ཆགས་པར་གྱུར་བ་ནི། །ཞེས་པ་ནི་འདོད་པ་ནི་རྣམ་པར་རྟོག་པས་འདོད་ཅིང་ཡིད་ལ་འདོད་པ་སྟེ་ལྷ་གཞན་ལ་ཡང་དག་པར་སྦྱོར་བར་བྱེད་པའོ། །ཆགས་པ་ནི་ཆགས་ཞེས་པའི་དོན་ཏོ། །འདིའི་ཕྱིར་གཞན་གྱི་རྣལ་འབྱོར་སྤང་བར་བྱ་བ་ནི་གཉིས་པའོ། །རྨད་དུ་བྱུང་བའི་རང་དང་གཞན་གྱི་ཆ་སྤང་བ་ནི་གསུམ་པའོ། །ཐོགས་པ་མེད་པ་ཞེས་པ་ནི་གང་གིས་ཀྱང་གཞོམ་དུ་མི་ནུས་པ་སྟེ་བཞི་པའོ། །དམ་ཚིག་སྤྱད་པ་སྤྱོད་པ་དང༌། །ཞེས་པ་ནི་དམ་ཚིག་ནི་ལྷ་མོ་སྟེ་དེ་ལ་སྤྱོད་པ་ནི་འདོད་པ་སྟེ་དེ་ལ་སེམས་ཀྱི་བྱ་བས་གང་དམ་ཚིག་ལ་སྤྱོད་པ་ནི་ལྔ་པའོ། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཞེས་པ་ནི་རྡོ་རྗེ་དང་པདྨ་བསྲུབས་པའི་དུས་སུ་དབང་ཕུག་དང་བྲལ་བ་ཉིད་དུ་མི་བྱའོ། །དེ་ཇི་ལྟ་བུ་སྙམ་ན་དབང་ཕྱུག་ཉིད་དུ་བྱའི་ཞེས་པའི་དོན་ཏོ། །འདི་ནི་དྲུག་པའོ། །ཚངས་པར་སྤྱོད་པ་དེ་ལྟ་བུ་འཆང་བའི་བྱང་ཆུབ་ཀྱི་སེམས་ལེན་པའི་དུས་སུ་ཚངས་པ་ཉིད་དུ་སྤྱད་དོ་ཞེས་པའི་དོན་ཏོ། །འདི་ནི་བདུན་པའོ། །ཁྲོ་མེད་རྒྱུན་གྱིས་ཀུན་དུ་སྤྱོད། །ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ལེན་པའི་དུས་སུ་བཙོག་པའི་འདུ་ཤེས་མི་བྱ་བ་སྟེ་བརྒྱད་དོ། །དམ་ཚིག་གི་སྤྱོད་པ་མཆོག་ཕུལ་དུ་བྱུང་བ་ལ་གནས་པར་བྱ་བ་སྟེ། སྒྲུབ་བ་པ་ནི་ཞེས་བྱ་བར་སྦྱར་རོ། །གཞུང་གཞན་ལ་ཡང་ལྷག་མའི་བློ་དོན་ནི་འདི་ཉིད་དོ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །ཞེས་པ་ནི་གསང་བའི་འདི་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་དུ་མངོན་པར་འབྲེལ་པ་སྟེ་ཡང་དག་པའི་སྔགས་ཀྱི་དོན་དུ་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར། རྒྱུ་མེད་པར་ནི་སྨད་མི་བྱ། །ཞེས་གསུངས་ཏེ་རྒྱུ་ནི་ཚད་མ་སྟེ་དེས་སྨད་པར་མི་བྱ་ཞེས་པའི་དོན་ཏོ། །ཡང་ཅི་བྱ་ཞེས་པ་ལ། དད་པ་ཉིད་ཀྱིས་བླང་བྱ་ཡིན། །ཞེས་གསུངས་ཏེ། མིག་དང་ལག་པས་མ་ཡིན་ཞེས་པ་འདི་


DTG017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དོན་སྟོན་ཏོ། །བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། །ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་གི་ལྷ་མོ་ལ་མཆོད་པའི་དུས་སུ་ལྷའི་རྣལ་འབྱོར་དང་ལྡན་པས་བྱ་ཞེས་པའི་དོན་ཏོ། །ཡང་ན་སྔགས་དང་རྒྱུད་ལེགས་པར་བསླབས་པ་གལ་ཏེ་མ་རྙེད་ན་གཞན་ཡང་ལྷའི་རང་བཞིན་དུ་བྱས་ལ་མཆོད་པར་བྱའོ། །ཕོ་ཉ་མོ་རྣམས་ཡང་དག་གནས། །ཞེས་པ་ནི་དེ་ལྟར་དེའི་དུས་སུ་བློ་དང་ལྡན་པའི་རྣལ་འབྱོར་པ་ལ་ཕོ་ཉ་ཐམས་ཅད་རབ་ཏུ་དགའ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །མཉེས་བྱེད་རྣམ་པར་དག་པ་དང༌། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་པ་ནི་ཡོན་ཏན་དང་ལྡན་པའི་རྣལ་འབྱོར་པའི་མི་ནི་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། མཉེས་བྱེད་ཅེས་པ་ནི་ནུས་པ་མ་སྐྱེས་པའོ། །རྣམ་པར་དག་པ་ནི་ནུས་པ་སྐྱེས་པའོ། །གསལ་བྱེད་ཅེས་པ་ནི་དབུས་མར་གསལ་བ་སྟེ། །ནུས་པ་ཅུང་ཟད་སྐྱེས་ཤིང་བསྟན་བཅོས་ཀྱི་དོན་རིག་པའོ། །ཡང་ན་མཉེས་བྱེད་ཅེས་པ་ནི་སྔགས་དང་རྣལ་འབྱོར་ལ་གོམས་ཤིང་ལྷ་མཉེས་པ་བྱེད་པའོ། །ཡོན་ཏན་དང་ལྡན་པའི་མི་བསྟན་བཅོས་ཀྱི་དོན་རིག་པ་ནི་གསལ་བྱེད་དེ། །སྒྲོན་མ་དང་འདྲ་བས་སེམས་ཅན་གྱི་དོན་གྱི་བྱ་བ་ནུས་པའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སློབ་མ་བརྟག་པའི་སྡོམ་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་དྲུག་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་རྩ་བདུན་པ། སྤྱོད་པའི་བརྟུལ་ཞུགས་དང་མཆོད་པའི་ཆོ་གའི་འགྲེལ་པ།


DTG017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་གོ་སླའོ། །རྣལ་འབྱོར་བརྟུལ་ཞུགས་དཔའ་བོ་ཡི། །རྣལ་འབྱོར་མ་ཀུན་སྒྲུབ་བྱེད་པ། །མཚན་ཉིད་ཁྱད་པར་ཤེས་བྱས་ནས། །མྱུར་དུ་དངོས་གྲུབ་རབ་འཇུག་བྱེད། །ཅེས་པ་ནི་སྒྲུབ་པ་པོ་སྤྱོད་པའི་བརྟུལ་ཞུགས་ཀྱི་དཔའ་བོས་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་ཀྱི་ཁྱད་པར་ཤེས་པར་བྱས་ནས་རྣལ་འབྱོར་མ་རྣམས་ལས་མྱུར་དུ་དངོས་གྲུབ་འཐོབ་པོ་ཞེས་པའི་དོན་ཏོ། །ཡུལ་དང་ཡུལ་དུ་དེ་རབ་སང་། །ཕོ་ཉའི་གཟུགས་སུ་མཚོན་པ་ཡིན། །ཞེས་པ་ནི་དེ་ལྟར་རྣལ་འབྱོར་པ་རྣམ་པ་གསུམ་གྱིས་གཟུགས་དང་མཚན་ཉིད་ཕུན་སུམ་ཚོགས་པའི་ཕོ་ཉ་ཡུལ་དང་ཡུལ་དུ་རྣམ་པར་མཐོང་ཞེས་པའི་དོན་ཏོ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང༌། །ཞེས་པ་ནི་ཕོ་ཉ་དང་རལ་


DTG017_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གྲིའི་སོ་གཉིས་མཐུན་པས་མཉེས་པར་དཀའ་ཞེས་པའི་དོན་ཏོ། །དག་བྱེད་ཅེས་བྱ་བ་ལ་སོགས་པ་ལ་དག་པར་བྱེད་ཅིང་བསོད་ནམས་འཕེལ་ནས་སྒྲུབ་པ་པོས་དངོས་གྲུབ་འཐོབ་སྟེ། དབྱེར་མེད་པ་ཐོབ་ནས་མངོན་པར་འདོད་པའི་དངོས་གྲུབ་འཐོབ་ཅེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པ་ལ་སོགས་པར་བརྗོད་པ་ལས་གྲོལ་བའོ། །སྒྲུབ་པ་གཉིས་ཞེས་པ་ནི་སྒྲུབ་པ་པོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གྲུབ་ཅེས་པའི་དོན་ཏོ། །གཉིས་ཀྱི་ཆོ་ག་ལ་སྤྱོད་པ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །ཞེས་པ་ནི་གཅིག་པུ་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལྷག་པར་སྟོན་པའོ། །གཞུང་གཞན་ཡང་འདིའི་དོན་ཏོ། །ཡང་ན་ཁ་ཅིག་དངོས་གྲུབ་ལ་སྤྱོད་བཞིན་པས་དེ་གཅིག་ཉིད་ཁོ་ནའི་རྣལ་འབྱོར་མཆོག་སྟེ། དེའི་ཕོ་ཉའི་རྣལ་འབྱོར་མ་དེས་རབ་ཏུ་བསྐུལ་བ་སྟེ། དངོས་གྲུབ་སྒྲུབ་པར་རྩོམ་ཞེས་སྦྱར་རོ། །བླ་མ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བ་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཅེས་པ་ནི་བླ་མ་བརྒྱུད་པའི་རིམ་པས་སྲོག་གིས་དབང་བསྐུར་ཞིང་གང་གི་ཚེ་ལེགས་པར་སྦྱར་བར་གྱུར་པ་ཡིན་པ་དེའི་ཚེ་རྣལ་འབྱོར་པའི་ངེས་པར་ཕོ་ཉ་ཡང་དག་བརྗོད་ཅེས་པའི་དོན་ཏོ། །ཕྱག་རྒྱ་ལེགས་སྦྱོར་ངང་ཚུལ་དང༌། །ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་དང་ཡང་དག་པར་སྦྱོར་བའི་ངང་ཚུལ་ཅན་ཞེས་པའི་དོན་ཏོ། །ཡང་དག་རྫོགས་ཞེས་པ་ནི་གལ་ཏེ་ཡོངས་སུ་རྫོགས་པར་གྱུར་པའོ། །ཡེ་ཤེས་རྒྱུ་སྐྱེས་ཞེས་པ་ནི། ཡེ་ཤེས་ཕུལ་དུ་བྱུང་བའི་བར་གྱི་རྒྱུ་ནི་བྱེད་པ་སྟེ་དཔལ་རྡོ་རྗེ་དྲག་པོ་དེ་ལས་སྐྱེས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ནང་པར་ལངས་ནི་མཐའ་རུ་དམ་ཚིག་ལས་ལངས་ཏེ། སེམས་ཀྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་གཟུགས་ཀྱི་བྱ་བ་ཀུན་བྱས་ཏེ་ལུས་པོ་དཔའ་བོ་དྲུག་གི་གོ་ཆས་གོ་བགོས་ལ། ལུས་ལ་ཤིན་ཏུ་མཚོན་ཆ་ནི། །ལུས་ལ་གནས་པར་ཀུན་གྱིས་སྤྱད། །ཅེས་པ་ནི་ལུས་ཐམས་ཅད་མཚོན་ཆའི་དྲ་བས་རབ་ཏུ་ཁྱབ་པར་བྱའོ་ཞེས་པའི་དོན་ཏོ། །དག་བྱེད་བྱས་པའི་ལུས་དང་ནི། །རྟག་ཏུ་སྔགས་ནི་བརྗོད་


DTG017_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཞེས་པ་ནི་རྟག་ཏུ་སྲུང་བའི་ཆོ་ག་ཉིད་སྔགས་པ་ཉིད་ཀྱིས་བྱ་སྟེ། དེ་ནས་སྔགས་བརྗོད་པར་བྱའོ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང༌། །ཞེས་པ་ནི་རྣལ་འབྱོར་ཏིང་ངེ་འཛིན་གྱི་གནས་ཀྱི་ཡན་ལག་བསྟན་པ་དེ་བཞིན་དུ་གོ་ཆ་ཡང་བྱའོ་ཞེས་པའི་དོན་ཏོ། །མཚོན་ཆ་རྣམས་ནི་བགོམ་མི་བྱ། །ཞེས་པ་ནི། དེ་ལྟར་ཇི་ལྟར་བརྗོད་པའི་གོ་ཆ་ལ་སོགས་པ་ལས་འདའ་བར་མི་བྱའོ་ཞེས་པའི་དོན་ཏོ། །ཡང་ན་མཚོན་ནི་གོས་དང་འདྲ་བའི་ཕོ་ཉ་ལ་བགོམ་པར་མི་བྱའོ། །ཡང་ན་མཚོན་ཆ་ནི་རང་དང་གཞན་གྱི་མཚན་མ་ལ་མི་བགོམ་པའོ། །དམ་ཚིག་དང་ལྡན་པའི་མི་ལ་དུས་ཐམས་ཅད་དུ་ཁྲོ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །མངོན་པར་བརྩོན་ལས་འདའ་མི་བྱ། །ཞེས་པ་ནི་རྒྱུད་འདི་ལ་མངོན་པར་བརྩོན་པ་ལས་འདའ་བར་མི་བྱའོ་ཞེས་པའི་དོན་ཏོ། །དེ་དང་ལྷན་ཅིག་བདེ་བ་བྱ། །ཞེས་པ་ནི་དམ་ཚིག་དང་ལྡན་མ་རྣམས་དང་ཇི་ལྟར་འོས་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ན་བདེ་བའི་ཐབས་ཀྱིས་ཕྱག་རྒྱ་ཆེན་པོའམ་དངོས་ཀྱི་ཐབས་སུ་བྱའོ་ཞེས་པའི་དོན་ཏོ། །དེའི་དོན་དུ་ཞི་བ་བྱས་ལ་མངོན་པར་རྟོགས་པའི་རྣལ་འབྱོར་དང་ལྡན་པས་ཡང་ཉིན་དང་མཚན་མོ་ཐུན་བཞི་རུ་བྱའོ་ཞེས་དགོངས་སོ། །དམ་ཚིག་སྤྱད་པ་ཞེས་པ་ནི་དམ་ཚིག་ནི་ལྷ་མོ་སྟེ་དེ་ལ་སྤྱོད་པའོ། །ཡང་ན་དམ་ཚིག་གི་སྤྱོད་པ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །དེ་ནས་འཁྲུལ་བའི་བྱ་བ་ལས་གྲོལ་ཏེ་ངེས་པ་ཉིད་དུ་འཁྲུལ་བ་ལས་རྣལ་འབྱོར་པའི་བྱ་བ་ལས་གྲོལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་ཐར་པར་འགྱུར་རོ་ཞེས་པའི་དོན་ཏོ། །མཚན་མ་རྟག་པར་ནམ་མཁའི་གོས། །ཞེས་པའི་དོན་ནི་འདི་ཉིད་དེ། གནག་དང་དམར་བར་རྟག་གྱུར་བྱ། །ཞེས་པ་སྟེ། ནུབ་མོར་སྤྱོད་བཞིན་པ་ཡིན་ནོ་ཞེས་དགོངས་སོ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །ཞེས་པ་ནི་པགས་པའི་གོས་བགོས་པ་ཡིན་ནོ་ཞེས་པའི་དོན་ཏོ། །བདེ་བ་ནི་གཡོན་མར་བརྗོད་དེ་དཔའ་བོའི་གཞིའོ། །བདེ་ཐོབ་ནི་དགའ་བའི་བདེ་བ་བྱའོ་ཞེས་དགོངས་སོ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་གཙང༌། །ཞེས་པ་ནི་མཆོད་


DTG017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐོགས་པ་ལ་སོགས་པ་ཐོས་པ་དང་དྲན་པས་བྱས་པའི་གཙང་སྦྲ་ནི་ཡོངས་སུ་སྤངས་ཏེ། དཔལ་ཧེ་རུ་ཀའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཙང་སྦྲ་ལ་སྤྱད་དོ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ལྔ་ཞེས་པ་ནི་མགུལ་རྒྱན་དང་ལག་གདུབ་དང་སྤྱི་བོའི་ནོར་བུ་དང་རྣ་རྒྱན་དང་ཚངས་པའི་སྐུད་པས་ཐམས་ཅད་དུ་བརྒྱན་པ་ཡིན་ནོ་ཞེས་པའི་དོན་ཏོ། །རིགས་དང་རིགས་མིན་ངོར་མི་བལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤང༌། །ཞེས་པ་ནི། རིགས་དང་རིགས་མ་ཡིན་པ་དག་གི་སྒོ་ནས་དཔྱད་ཅིང་དེ་ལ་སྨོད་པ་ཡོངས་སུ་སྤང་ངོ་ཞེས་པའི་དོན་ཏོ། །རལ་པ་བཅིངས་པ་ལ་སོགས་པ་འཇིག་རྟེན་པའི་སྤྱོད་པ་སྤང་བར་བྱའོ་ཞེས་པའི་དོན་ཏོ། །ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྤྱོད་པའི་བརྟུལ་ཞུགས་དང་མཆོད་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བདུན་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་རྩ་བརྒྱད་པ། ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་དང་རིགས་གཅིག་པའི་ཆོ་གའི་འགྲེལ་པ།


DTG017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དང་བཅས་ཉིད་རྣམ་དག་ཡོད། །ཅེས་པ་ནི་མངོན་པར་བརྗོད་པའི་མཆོད་པ་དང་ལྟན་ཅིག་ཏུ་གནས་པ་ནི་དེ་ལ་མཆོད་པ་སྟེ། བླ་ན་མེད་པ་མཆོག་གི་མཆོད་པ་བྱས་པའི་དོན་ཉིད་ཀྱི་ཕྱིར་རྒྱས་པར་ཡོད་དོ། །ཡང་ན་དེ་ནས་མཆོད་པ་རྣམ་དག་བདག་ཅེས་པ་གཞུང་གཞན་གྱི་དོན་ཏེ། མྱ་ངན་འདས་པར་ངེས་འགྲོ་ཉིད། །ཅེས་པ་ནི་མྱ་ངན་ལས་འདས་པར་ངེས་པར་འགྲོ་བ་ནི་མཆོག་གི་བདེ་བའི་གནས་སྐབས་ཀྱི་དགའ་བ་ཞེས་པའི་དོན་ཏོ། །དཔའ་བོ་བཟང་པོ་ཡོན་ཏན་ཡོངས་སུ་རྫོགས་པ་ལ་མཆོད་པར་བྱའོ། །ཡང་དེ་ཉིད་ཀྱིས་བདག་ཉིད་སངས་རྒྱས་ཐམས་ཅད་ལ་སོགས་པ་ལ་མཆོད་པའི་རྣལ་འབྱོར་པས་ཞེས་པའི་དོན་ཏོ། །འདིས་ནི་མཆོད་པ་འདི་ཡིས་བདག་ཉིད་མཆོད་པས་རྣལ་འབྱོར་པ་དེས་ཕྱི་དང་གསང་བ་དང་དི་ཁོ་ན་ཉིད་ཀྱི་མཆོད་པས་དཔའ་བོ་རྣམས་དང་རྣལ་འབྱོར་མ་བརྟན་པ་ལ་སོགས་པ་གཡོ་བ་དང་དོན་ཐམས་ཅད་མཆོད་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྤུན་དང་སྡུག་པ་མཆོད་པ་དང༌། །ཞེས་པ་ནི་དཀྱིལ་འཁོར་གཅིག་པར་རབ་ཏུ་ཞུགས་པ་གང་ཡིན་པ་ཐུན་མོང་གི་རྣལ་འབྱོར་ལ་སྤྱོད་པ་སྟེ་དེ་ཉིད་དང་ལྷན་


DTG017_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་ཟླ་བའི་འདུས་པ་ལ་ཡང་དག་པར་གནས་སོ། །ཟླ་བའི་བཏུང་བ་ལ་སོགས་པའི་དམ་ཚིག་མི་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་འབྱུང་བྱ། །སྔགས་དང་དེ་བཞིན་ཕྱག་རྒྱ་དང༌། །ཡེ་ཤེས་དེར་ནི་བསྟན་མི་བྱ། །ཞེས་པ་ནི། །གལ་ཏེ་འཇིག་རྟེན་འདིའི་སྤུན་དང་བུ་ལ་སོགས་པ་ཉིད་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་རྒྱུད་ལས་གསུངས་པ་ཉིད་བསྟན་པར་མི་བྱའོ་ཞེས་པའི་དོན་ཏོ། །ལྷད་འཇུག་ཅིང་ཐམས་ཅད་ལ་སྨོད་པ་མ་ཡིན་པ་དང་ཙཱ་རུའི་བཟའ་བ་དང་བཏུང་བ་རྣམ་པ་སྣ་ཚོགས་པ་དམ་ཚིག་གི་སྤྱོད་པ་རྟག་ཏུ་བྱའོ། །གདུག་པ་ཅན་ཐམས་ཅད་མནན་ཅིང་སྨད་ནས་ཙཱ་རུའི་བཟའ་བ་དང་བཏུང་བ་དག་བྱེད་ཀྱི་དམ་ཚིག་སྤྱད་པར་བྱ་ཞིང་རྟག་ཏུ་སྤྱད་ཅེས་པའི་དོན་ཏོ། །འདིས་ཙཱ་རུའི་བཟའ་བས་དམ་ཚིག་གི་སྤྱོད་པ་བྱས་པ་ཡིན་ཏེ་དེས་དག་པར་བྱས་པའི་རྣལ་འབྱོར་པ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་གཞུང་གཞན་དུ་གང་ཡིན་པའི་དོན་དེ་ཉིད་ཅེས་པའི་དོན་ཏོ། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །ཞེས་པ་ནི་གོ་སླའོ། །ཕོ་ཉ་མོ་ཞེ་ན་རྟག་ཐར་པ། །ཞེས་པ་ནི། །བདེ་བ་བྱེད་པའི་གནས་སྐབས་སུ་ཕྱི་རོལ་གྱི་ཡན་ལག་ལ་གོ་ཆ་ཀུན་ལ་སོགས་པས་གོ་བགོ་བར་བྱའོ་ཞེས་པའི་དོན་ཏོ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །ཞེས་པ་ནི་གང་ཡང་ཤིན་ཏུ་ལེགས་པར་བསླབས་ཤིང་སྐལ་བ་དང་ལྡན་པའི་བཟང་པོའི་ཡན་ལག་དེར་འདུས་བྱས་ལ་ལོངས་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །སྐྱེ་གནས་དམན་ལ་མི་གནས་ལ། །བསྙེན་བསྐུར་ཉིད་ནི་བྱ་བ་མིན། །ཞེས་པ་ལ། སྐྱེ་གནས་དམན་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་མི་གཟུང་བའོ། །འོན་ཀྱང་མཆོག་གི་རྣལ་འབྱོར་གྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལ་གུས་པར་མི་བྱའོ། །ཡང་ན་སྐྱེ་གནས་དམན་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་ལྔ་ལས་བྱུང་བ་དེ་བཞིན་གཤེགས་པའི་བརྡའི་ཚིག་གི་རྣམ་པར་གནས་པའི་ཕྱི་རོལ་གྱི་ཡན་ལག་སྐྱེ་གནས་དམན་པ་དེ་ལ་མ་རིག་པས་བརྟགས་པས་ཆེ་བ་ཉིད་ཀྱི་ཕྱིར་དེ་ལ་གུས་


DTG017_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱའོ་ཞེས་པའི་དོན་ཏོ། །འདིས་ནི་ཕྱི་རོལ་གྱི་ཡན་ལག་རིགས་དང་ལྡན་པའམ་རིགས་ངན་པ་ཡང་གལ་ཏེ་ཕོ་ཉའི་མཚན་ཉིད་ཕུན་སུམ་ཚོགས་པར་མ་གྱུར་ན་དེ་སྐྱེ་གནས་དམན་པ་ཞེས་བརྗོད་དེ། དེ་ལ་གུས་པར་མི་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །མཆོག་དང་ཐ་མ་ལྷན་ཅིག་འགུགས། །ཞེས་པ་ནི་ཟླ་བ་འགུགས་པའི་ཆོ་ག་ལ་རྣམ་པར་རྟོག་པ་མི་བྱའོ། །དེ་ལྟར་རྫས་ནི་ངེས་པ་ཡིན། །ཞེས་པ་ནི་དོན་དམ་པ་ཉིད་དུ་ངེས་པ་ཞེས་པའི་དོན་ཏོ། །གཡོན་ནས་སྤྱོད་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བའི་དོན་ཉིད་དོ། །སྒྲུབ་པ་པོ་ནི་ཆེད་དུ་བྱེད། །ཅེས་པ་ནི་དམ་ཚིག་གི་སྤྱོད་པས་གཅིག་ཏུ་ཙཱ་རུའི་བཟའ་བ་ལ་གཅིག་ཏུ་བྱེད་པའི་སྔགས་པ་མྱུར་དུ་དངོས་གྲུབ་འཐོབ་ཅེས་པའི་དོན་ཏོ། །ལྷག་མ་ནི་ཇི་ལྟ་བའི་དོན་ཉིད་དོ། །བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པ་གང་ཞིག་བསྟེན་པ་ལ་མང་དུ་གནོད་པའི་སེམས་ཅན་དེ་རྣམས་ཉམས་པར་བྱ་བའི་དོན་དུ་ཉེ་བར་བསྟན་པའོ། །དེ་ལ་འདིའི་རིམ་པ་ནི་སྦྱིན་སྲེག་ཏུ་བྱས་པའི་ཆོ་གས་ཐབ་ཁུང་གྲུ་གསུམ་བྱས་ལ་མི་བཟད་པའི་སྦྱིན་སྲེག་ལ་ཉེ་བར་མཁོ་བའི་རྫས་དེ་རུ་གསུངས་པའི་ཆོ་གས་ཚ་བའི་མར་ལ་སོགས་པས་མེ་རབ་ཏུ་སྦར་ལ་དུམ་སྐྱེས་མ་གཡས་པའི་སྣ་བུག་ནས་རབ་ཏུ་བཅུག་སྟེ་བཤང་བའི་ལམ་ནས་ཕྱིར་ཕྱུང་བར་བསམས་ལ། དེ་ཡིས་རྡོ་རྗེ་ལྕགས་ཀྱུ་དང་གྲི་གུག་གཟུང་སྟེ་གཅེར་བུར་གྱུར་པ་སེམས་འཁྲུགས་པར་གྱུར་བའི་བསྒྲུབ་བྱ་བཀུག་སྟེ་དེ་ཉིད་དུ་དུམ་བུ་དུམ་བུར་བྱས་པར་བསམས་ལ། ཕྱུགས་ཀྱི་ཤ་ལ་སོགས་པ་ཇི་ལྟར་གསུངས་པའི་ཤ་རྙེད་པ་བསྒྲུབ་བྱའི་ཤའོ་ཞེས་རྣམ་པར་བསམས་ལ་ཁྲོ་བ་དང་བཅས་པའི་ང་རྒྱལ་གྱིས་ཆེ་གེ་མོ་སོད་ཅིག་ཅེས་རྩ་བའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །སྣ་ཚོགས་ཞེས་པས་ནི་རྨ་བྱའམ་ཁྱིམ་བྱ་གཟུང་བའོ། །དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རང་བཞིན་སྔགས་དང་རྒྱུད་ལེགས་པར་བསླབས་པའི་ཕྱི་རོལ་གྱི་ཡན་ལག་དང་ལྡན་པ་ནི་བཅས་པ་གང་ཡིན་པ་སྟེ་དེ་ལ་


DTG017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མོ་བྱེད་པའི་དཔའ་བོ་ནི་རབ་ཏུ་བསྔགས་པ་ཡིན་ནོ་ཞེས་དགོངས་སོ། །མྱ་ངན་འདས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཞེས་དགོངས་པའོ། །ལྷག་མ་ནི་གོ་སླའོ། །དེ་ལ་ཕོ་ཉའི་ལྷ་མོ་མཆོག་ཏུ་ཕུལ་དུ་བྱུང་བ་ལ་བརྩོན་པ་ནི་སྙོམ་ལས་མེད་པ་དང་ལྷན་ཅིག་ཏུ་ལྡན་པ་སྟེ་འདོད་ཆགས་དང་བྲལ་བའི་ཡིད་དེ་ལྟར་གྱུར་བའི་ལྷ་མོ་ཡིན་པ་ནི་དངོས་གྲུབ་རུང་བ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །མ་ཆགས་དགའ་བས་ཡང་དག་སྦྱོར། །ཞེས་པ་ནི་རང་བཞིན་གྱི་གཟུགས་ཀྱིས་དགའ་བའི་སྦྱོར་བ་དམིགས་པར་མི་བྱའོ་ཞེས་པའི་དོན་ཏོ། །གཞུང་གཞན་ཡང་དོན་གཞན་མ་ཡིན་ནོ། །རྣལ་འབྱོར་ཏིང་ངེ་འཛིན་གྱི་ཟས་ཟ་བར་བྱ་སྟེ་དེ་དག་གི་ཆར་འབྱེད་པ་ནི་སྣོད་མ་ཡིན་པའོ། །ཡང་ན་ནི་རྣལ་འབྱོར་སྡོམ་པའི་རྫས་དང་ཡང་དག་པར་ལྡན་པ་དག་ལ་ཆར་མི་བྱའོ་ཞེས་པའོ།། །ཕྱི་རོལ་ཁྱད་པར་ལ་ཆགས་པ། །ཞེས་པ་ལ་རྣལ་འབྱོར་གྱི་དོན་ཉིད་ཕོ་ཉའི་དོན་ཏོ། །འདིའི་ཕྱིར་གསུངས་པ་ནོར་སྦྱིན་མཚུངས་ཞེས་པ་ནི་བླ་མའི་མན་ངག་ལ་དགའ་ཞིང་ཞེས་བྱ་བ་སྟེ། བླ་མ་བརྒྱུད་པའི་རིམ་པ་ཉམས་པར་མི་བྱེད་པ་དེའི་དོན་དུ་ནོར་སྦྱིན་དང་མཚུངས་ཞེས་བྱའོ། །དེ་ལྟར་ཇི་ལྟ་བའི་དོན་ལ་སྤྱོད་ན་དཔལ་ཧེ་རུ་ཀ་དང་མཚུངས་པ་ཡིན་ནོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་དང་རིགས་གཅིག་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་དགུ་པ། ཕོ་ཉའི་མཚན་ཉིད་དང་ནུས་པའི་གནས་སྐབས་ཆོ་གའི་འགྲེལ་པ།


DTG017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །སྤུན་ནམ་ཕ་ནི་དཔལ་ཧེ་རུ་ཀ་བདག་པོ་ཉིད་དུ་སྐད་ཅིག་གིས་མཐོང་སྟེ། བདག་པོ་ཉིད་སྐད་ཅིག་གིས་མཐོང་ངོ་ཞེས་པའི་དོན་ཏོ། །ལྕེ་སྦོམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་དངོས་གྲུབ་རྣམས་ཀྱི་སྤྱིའི་ཐུན་མོང་གི་རྒྱུ་ཡིན་ནོ་ཞེས་པའི་དོན་ཏོ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་མོ་སོགས་གོ་འཕང་བཅས། །ཞེས་པ་ནི་རྒྱུན་མི་འཆད་པར་རྣལ་འབྱོར་ལ་གོམས་ཤིང་ཕོ་ཉ་དང་ཡང་དག་པར་ལྡན་པའོ། །སོགས་པའི་སྒྲས་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་སྡོམ་པ་ལ་གནས་པའི་སྔགས་པའོ། །དེ་ནས་བསྟན་པ་གཙོར་བྱས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྤྱོད་དང་གྲོལ་བའི་འབྲས་བུ་སྟེར་


DTG017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ལྷག་མ་ནི་གོ་སླའོ། །ཤིན་ཏུ་སྦྱོར་བས་རྟོགས་པར་བྱ། །ཞེས་པ་ནི། བསམ་གཏན་ལ་ཉེ་བར་དམིགས་པའི་རྣལ་འབྱོར་བ་བདག་ཉིད་ཐམས་ཅད་ཀྱིས་དྲོད་ཀྱི་བྱ་བ་ཉེ་བར་མཚོན་པ་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་ལ་དོན་གོ་བར་བྱའོ། །ཡང་ན་དྲོད་ཀྱི་བྱ་བ་མངོན་པར་བརྩོན་པ་ནི་མཆོག་གོ །གང་ཞིག་སྡང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཕོ་ཉའི་མཚན་ཉིད་དང་ནུས་པའི་གནས་སྐབས་ཆོ་གའི་ལེའུ་ཉི་ཤུ་རྩ་དགུ་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་པ། རྫ་རྔ་བཅིངས་པའི་སྔགས་བཏུ་བའི་འགྲེལ་པ།


DTG017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླ་བས་གནོད་མཛེས་ཀྱི་སྔགས་བཏུ་བའོ། །དེ་ནས་རྫ་རྔ་བཅིང་བྱས་ཏེ། །ཞེས་པ་ནི་རྫ་རྔའི་རྣམ་པ་རེ་མིག་བཞི་བཅུ་རྩ་དགུ་དང་ལྡན་པ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རེ་མིག་ལས་ནི་གསུམ་པ་བླང༌། །ཞེས་པ་ནི་ལྟེ་བའི་རེ་མིག་བཞི་ལ་ལྟོས་ནས་བརྗོད་པ་སྟེ། །དེ་ཡང་དྲོད་རྣམས་ཀྱི་གསུམ་པས་ཏེ་འདི་ཉིད་ཀྱི་ཕྱིར། རིམ་བཞིན་འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ནི། རེ་མིག་སུམ་ཅུ་གཉིས་པ་བླང༌། །ལྔ་པ་ཡིས་ནི་ཁྱད་པར་བྱ། །ཞེས་པའི་གཞུང་གཞན་གྱིས་ཀྱང་ཀ་ནས་གཟུང་སྟེ་ས་ཉིད་གཟུང་བའོ། །ལྔ་པ་ཡིས་ནི་ཞེས་པ་ནི་དང་པོའི་དབྱངས་ཀྱི་རེ་མིག་གི་ཨུ་ཞེས་སྦྱར་རོ། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང༌། །ཞེས་པ་ནི། ཀ་ནས་བརྩམས་ཏེ་མ་གཟུང་བའོ། །ཉི་ཤུ་རྩ་བཞི་པ་ཡིས་ཕྱ། །ཞེས་པ་ནི་དེ་ཉིད་ཀྱི་ཨ་ནས་གོ་རིམས་མ་ཡིན་པར་བྷ་སྟེ། དབྱེ་བ་ནི་འོག་གི་ཆ་དང་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ། རེའུ་མིག་སུམ་ཅུ་དྲུག་པ་བླང༌། ཞེས་པ་ནི་ཨ་ནས་བརྩམས་ཏེ་ན་གཟུང་བའོ། །གསུམ་པ་ཡིས་ནི་ཞེས་པ་ནི་དེ་བཞིན་དུ་ཨིའོ། །སུམ་ཅུ་གཉིས་པ་ནི་ཞེས་པ་ནི་སའོ། །རེ་མིག་ལྔ་པ་ཞེས་པ་ནི་ཨུའོ། །ཉི་ཤུ་རྩ་ལྔ་པ་ཞེས་པ་ནི་མའོ། །ཉི་ཤུ་བཞི་པ་ཞེས་པ་ནི་བྷའོ། །དེ་བཞིན་སུམ་ཅུ་གསུམ་པ་ནི་ཧའོ། །རེའུ་མིག་བཅོ་ལྔ་པ་ཡིས་མཆོད་ནི་ཨཾ་གིས་བརྒྱན་པའོ། །ལྔ་པ་ཞེས་པ་ནི་ཨུའོ། །རེའུ་མིག་ཉི་ཤུ་རྩ་གཉིས་པ། །ཞེས་པ་ནི་ཕའོ། །རེ་མིག་ཉི་ཤུ་རྩ་བདུན་པ། །ཞེས་པ་ནི་ཊྰྸོ། །སྔགས་འདི་ནི་དང་པོའི་ཚིག་


DTG017_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་ངོ༌། །རེ་མིག་བཅུ་དགུ་བ་ཞེས་པ་ནི་གའོ། །མེ་ཡི་བུ་ཞེས་པ་ནི་རའོ། །རེ་མིག་གསུམ་པ་ཞེས་པ་ནི་ཨིའོ། །ཡ་ཚན་བརྒྱད་པའི་ས་བོན་ནི་ཧའོ། །ཡང་ན་ནི་ཡ་ཚན་ཞེས་པ་ཧའི་མིང་ངོ༌། །རེ་མིག་སུམ་ཅུ་རྩ་དྲུག་ལྡན། །ཞེས་པ་ནི་ནའོ། །སླར་ཡང་ཡི་གེ་དེ་དག་ཉིད། །ཅེས་པ་ནི་གོ་སླའོ། །རེ་མིག་ཐམས་ཅད་ཀྱི་བདག་པོ་ཉིད་དུ་གྱུར་པའི་ཕྱིར་རང་འབྱུང་ཞེས་པ་ནི་ཧའོ། །རེ་མིག་ལས་ནི་ལྔ་པར་སྦྱར། །ཞེས་པ་ནི་ཨུའོ། །སྤྱི་བོར་ཐིག་ལེ་ཡང་དག་བརྒྱན། །ཞེས་པ་ནི་ཨཾ་ངོ༌། །དོན་ཀུན་སྒྲུབ་བྱེད་བྱ་བ་ཡི། །ཚིག་ནི་གཉིས་པ་ཡིན་པར་བཤད། །རེ་མིག་བཅུ་དགུ་པ་ཉིད་ལ། །ཞེས་པ་ནི་གའོ། །ཉི་ཤུ་རྩ་བདུན་པ་ཡིས་དབྱེ། །ཞེས་པ་ནི་རའོ། །གསུམ་པ་དག་དང་ཡང་དག་ལྡན། །ཞེས་པ་ནི་ཨིའོ། །སུམ་ཅུ་གསུམ་པ་ལེགས་བླངས་ཏེ། །ཞེས་པ་ནི་ཧའོ། །རེ་མིག་གི་ནི་གཉིས་པར་སྦྱར། །ཞེས་པ་ནི་ཨཱའོ། །ཉི་ཤུ་པ་དང་ཡང་དག་ལྡན། །ཞེས་པ་ནི་ནའོ། །དེ་བཞིན་ཉི་ཤུ་གཅིག་པ་ཉིད། །ཅེས་པ་ནི་པའོ། །དེ་བཞིན་ཉི་ཤུ་དྲུག་དང་ལྡན་པ་ནི་ཡའོ། །ལན་གཉིས་བཟླས་པའི་ཚིག་ཏུ་ནི། །ཞེས་པ་ནི་གོ་སླའོ། །དེ་ནས་གོ་རིམས་བཟློག་པས་གཟུང༌། །རེ་མིག་ལས་ནི་དང་པོ་ཉིད། །ཅེས་པ་ནི་ཧའོ། །བཞི་པའི་མཐའ་དང་ཡང་དག་ལྡན། །ཞེས་པ་ནི་ཨུའོ། །དེ་བཞིན་བཅོ་ལྔ་པ་དང་ཡང་དག་ལྡན། །ཞེས་པ་ནི་ཨཾ་ངོ༌། །ཆོས་དོན་འདོད་དང་ཐར་པ་ཡི། །ཚིག་ནི་གསུམ་པ་ཡིན་པར་བཤད། །རེ་མིག་གཉིས་པའི་ས་བོན་དང༌། ཞེས་པ་ནི་ཨཱའོ། །རེ་མིག་སུམ་ཅུ་དྲུག་པ་ཉིད། །ཅེས་པ་ནི་ཎའོ། །དེ་བཞིན་ཉི་ཤུ་དྲུག་པ་དང༌། །ཞེས་པ་ནི་ཡའོ། །སུམ་ཅུ་གསུམ་པ་ཡང་དག་ལྡན། །ཞེས་པ་ནི་ཧའོ། །རེ་མིག་བཅུ་གསུམ་པ་ཡིས་ལྡན། །ཞེས་པ་ནི་ཨོའོ། །རེ་མིག་ལས་ནི་བཅུ་པ་ཉིད། །གོ་རིམས་བཟློག་པས་སྒྲུབ་པོས་བླང༌། །ཞེས་པ་ནི་བྷའོ། །རེ་མིག་ལས་ནི་བཅུ་དགུ་པ། །ཞེས་པ་ནི་གའོ། །དེ་བཞིན་དུ། །རེ་མིག་ཉི་ཤུ་གསུམ་པ་ལ། །ཞེས་པ་ནི་བའོ། །གཉིས་པ་ཡིས་ནི་ཡང་དག་ལྡན། །ཞེས་པ་ནི་ཨའོ། །སྟེང་དུ་ཐིག་ལེས་བརྒྱན་པར་བྱ། །ཞེས་པ་ནི་ཨཾ་


DTG017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །དེ་ནས་ཆུ་ཡི་ས་བོན་གཟུང༌། །ཞེས་པ་ནི་བའོ། །བརྒྱད་པ་ཡང་ནི་དེ་བཞིན་ཏེ། །ཞེས་པ་ནི་ཛའོ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཞེས་པ་ནི་རའོ། །ཡི་གེ་ཧཱུཾ་གིས་མཐའ་རུ་སྦྱར། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །ཞེས་པ་ནི་སྔགས་ཀྱི་ཚིག་རྐང་པ་བཞི་བརྗོད་པས། མ་སྨོས་པའི་ཁྲོ་བོའི་རྒྱལ་པོ་བཞི་ཡང་གཟུང་བའོ། །སྐུ་བརྒྱད་དང་ནི་བཅས་པ་རུ། །ཞེས་པ་ནི། ཁྲོ་བོའི་རྒྱལ་པོ་བརྒྱད་དང་ཡང་དག་པར་ལྡན་པའི་སྔགས་ཞེས་པའི་དོན་ཏོ། །ཡང་ན་རྣམ་པར་སྣང་མཛད་ལ་སོགས་པ་དང༌། ཡང་ན་བརྒྱད་ཀྱི་སྒྲས་ཁྭ་གདོང་ལ་སོགས་པ་གཟུང་བའོ། །འདི་ནི་རྙེད་པ་ཙམ་གྱིས་ནི། །བརྟག་མི་དགོས་པར་འཆིང་བར་འགྱུར། །ཞེས་པ་ནི། །སྔགས་འདིས་སྐྱེ་གནས་ཀྱིས་ཡང་དག་པར་བསྡུས་པ་སྟེ་འཆིང་བར་བྱེད་པ་སྟེ། ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྫ་རྔ་བཅིངས་པའི་སྔགས་བཏུ་བའི་ལེའུ་སུམ་ཅུ་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་གཅིག་པ། བཟའ་བ་དང་སྦྱིན་སྲེག་དང་གཏོར་མའི་བྱ་བ་ལ་ལག་པའི་བརྡའི་ཆོ་གའི་འགྲེལ་པ།


DTG017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་གོ་སླའོ། །ཤ་ཆེན་ཞེས་པ་ནི་གཟི་བརྗིད་ཆེན་པོས་སྔོན་བཞིན་དུ་སྦྱིན་སྲེག་བྱས་ན་ཇི་ལྟ་བར་འགྱུར་བའོ། །དེ་ལྟ་བུ་མ་ཡིན་པ་ཁྱི་དང་ཕག་པའི་ཤས་ཀྱང་སྦྱིན་སྲེག་བྱས་ན་འཇིགས་བྱེད་མི་བཟད་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ། །ལྷག་མ་ནི་གོ་སླའོ། །དུང་དང་ཞེས་བྱ་བ་ལ་སོགས་པ་ལ། དུང་དང་ཉ་ཕྱིས་མུ་ཏིག་སྟེ། །གསུམ་ཆར་རྒྱུ་ལས་བྱུང་བ་ཡིན་ན། །ཞེས་པ་ནི་གསུམ་གྱི་རྒྱུ་ཡང་ཤ་ཡིན་པར་དབྱེར་མེད་པའོ། །ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། །ཞེས་པ་ནི་དཔལ་ཧེ་རུ་ཀ་དང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཐོད་པ་བསྔགས་པར་བྱེད་པའོ། །ཐོད་པའི་སྣོད་སྒྲུབ་པར་བྱེད་དེ། །དུང་དང་ཉ་ཕྱིས་དང་མུ་ཏིག་རྣམ་པ་གསུམ་པོ་འདི་རྒྱུ་ལས་བྱུང་བར་གྱུར་པ་རྣམས་ཀྱིས་ཆོས་ཀྱི་ཡེ་ཤེས་ཀྱི་ལུས་ཐོག་མ་དང་བར་དང་ཐ་མ་དང་བྲལ་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་དང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཐོད་པ་དང་དུང་ཆེན་པོ་ལ་སོགས་པའི་མཚན་མར་གསལ་བར་བྱེད་ཅིང་སྒྲུབ་པར་བྱེད་ཅེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། དཔའ་བོ་ཐོད་པའི་ཕྲེང་བ་འཆང༌། །


DTG017_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཕྱེད་པའི་རྒྱན་དུ་བྱས། །ཞེས་གསུངས་སོ། །དཔའ་བོ་དཔའ་འབྱུང་ཡིན་པར་བཤད། །ཅེས་པ་ནི་དཔའ་བོ་ཐོད་པའི་དུམ་བུ་ནས་རྡོ་རྗེ་སེམས་དཔའི་བར་གྱི་དཔའ་བོ་རྣམས་ཐུགས་ཀྱི་རྡོ་རྗེ་ལས་བྱུང་བར་བཤད་ཅིང་བསྟན་ཞེས་པའི་དོན་ཏོ། །བརྡ་ནི་ལྔ་པོ་བསྟན་པ་དག །ཅེས་པ་ནི་འདིར་བརྡའི་སྒྲས་ནི་དབྱེར་མེད་པ་ལ་བརྟགས་པ་སྟེ། །རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་བསྟན་པ་སྟེ། །རལ་པའི་དབུ་རྒྱན་གྱིས་བརྒྱན་པ་ལ་བརྒྱན་པ་ལ་ཐོད་པ་རྣམས་པ་ལྔ་རུ་ལྷ་མོ་ལྔ་པ་བལྟ་ཞིང་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །སྒྲུབ་པ་པོ་ཡིས་ལག་གཡོན་གྱིས། །ཞེས་པ་ནི་གང་ཅུང་ཟད་དམ་ཚིག་གི་བཟའ་བ་དང་སྟོན་མོ་ཤ་ལ་སོགས་པ་ཡང་རང་གང་གི་དམ་ཚིག་པས་སྦྱིན་བཞིན་པ་བླང་བར་བྱ་བས་དེའི་ཕྱིར་སྒྲུབ་པ་པོ་ལག་པ་གཡོན་པས་བྱ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་མཐེ་བོར་བཞུགས། །ཞེས་བྱ་བ་ལ་སོགས་པས་ལག་པའི་མཆོད་པ་སྟོན་ཏེ། མཐེ་བོ་སྟེ་མཐེབ་ཆེན་ལ་རྡོ་རྗེ་སེམས་དཔའ་གནས་པའོ་ཞེས་བྱ་བ་ནི་ཀུན་ལ་སྦྱང་རོ། །མཛུབ་མོ་ནི་སྡིགས་མཛུབ་སྟེ་རྣམ་པར་སྣང་མཛད་དོ། །སྦོམ་པོ་ནི་གུང་མོ་སྟེ་པདྨ་གར་གྱི་དབང་ཕྱུག་གོ །མིང་མེད་ནི་སྲིན་ལག་སྟེ་དཔའ་བོ་ནི་ཧེ་རུ་ཀའོ། །ཐ་མ་ནི་མཐེའུ་ཆུང་སྟེ་ཐ་མ་ཞེས་པས་དེ་ཉིད་ཁྱད་པར་དུ་བྱེད་དེ་དེ་ལ་ནམ་མཁའི་སྙིང་པོ་སྟེ་རྡོ་རྗེ་ཉི་མའོ། །སེན་མོའི་ངོས་ལ་ཞེས་པ་ནི་སོར་མོ་ཐམས་ཅད་ཀྱི་སེན་མོའི་ངོས་ལ་གནས་པ་ནི་རྟ་མགྲིན་ནོ། །འདི་དག་དཔའ་བོ་ཐམས་ཅད་ཀྱི། །གཡོན་པ་ལས་བྱུང་རྒྱུ་ཡིན་ནོ། །ཞེས་པ་ནི་འདི་རྣམས་ཀྱི་རྒྱུ་དང་རྟེན་ནི་ལག་པ་གཡོན་པའོ། །ལག་མཐིལ་དུ་ཁ་དོག་བཞི་པའི་པདྨ་འདབ་མ་ལྔ་པ་བསམས་ཏེ། ཟེ་འབྲུ་ལ་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོའོ། །མདུན་དུ་གཤིན་རྗེ་མའོ། །བྱང་དུ་རྨོངས་བྱེད་མའོ། །གཡས་སུ་སྐྲོད་བྱེད་མའོ། །སྐྲག་བྱེད་མ་དང་གཏུམ་མོ་ནི་སྙོམས་པར་འཇུག་པར་འདོད་པའོ་ཞེས་པའོ། །མཚུངས་པར་བདག་ཉིད་འཁོར་ལོ་སྡོམ་པ་མཚན་མ་དང་མདོག་འདྲ་བ་གཉིས་པོ་ནུབ་དང་དབང་ལྡན་གྱི་མཚམས་དག་ཏུ་སྐྲག་བྱེད་མ་དང་གཏུམ་མོའོ། །འདྲ་བར་བསྒོམ་ཞེས་པའི་དོན་ཏོ། །རྒྱབ་


DTG017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ངེས་པར་བྱ་ཞེས་པ་ནི་གཞན་ན་རེ་ལག་མཐིལ་དུ་ས་བོན་སྔགས་སམ་རྡོ་རྗེ་ཕག་མོ་དེ་འདིས་བསྟན་ནས་དེ་ལྟར་ཡང་ལག་པའི་ཕྱིར་རོལ་དུ། མེ་ལོང་གི་ནང་དུ་གཟུགས་བརྙན་མཐོང་བའི་གཟུགས་བཞིན་དུ་ངེས་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ན། རྒྱབ་ཏུ་མཁའ་འགྲོ་མ་ཀུན་ནི། །ལག་པར་བཀོད་པ་དེ་ཉིད་དོ། །ཞེས་པ་ནི་གཞན་གྱིས་ཏེ། འདི་ཉིད་ཀྱི་ཕྱིར། མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །ཞེས་གསུངས་སོ། །དེ་ལྟར་ཆོ་གའི་བྱ་བ་འདིས་མཛའ་བ་ཐམས་ཅད་འདུས་པ་ན་རྣལ་འབྱོར་པས་སྔགས་བཟླ་ཞིང་དཔའ་བོ་མཆོག་གིས་བརྡ་རྣམ་པ་ལྔ་བསྟན་པར་བྱའོ། །སྒྲུབ་པ་པོས་ཡང་ལྔ་གཟུང་བ་དེ་ནི་ལག་པའི་མཆོད་པའི་གནས་སྐབས་ཀྱི་བརྡ་རྣམ་པ་ལྔ་སྟེ། དྲི་ཆེན་དང་ནི་དྲི་ཆུ་ལ་སོགས་པ་ལྔ་གཟུང་བའོ། །སྤྱན་མ་ལ་སོགས་པ་གཟུང་པས་གཟུགས་ཅན་མ་ལ་སོགས་པ་བཞི་གཟུང་བའོ། །ཙུ་མྦི་ཀ་ནི་རྡོ་རྗེ་ཕག་མོའོ། །དེ་བཞིན་ཕ་རོལ་ཕྱིན་པ་ཉིད་ནི་སྟོང་པ་ཉིད་ནམ་མཁའ་རང་བཞིན་ཞེས་བྱ་སྟེ། དེ་ཡིས་ཁྱད་པར་དུ་བྱེད་པ་ནི་གོ་སླའོ། །དཔའ་བོས་བརྡའ་དང་བརྡའ་བྱའོ། །ཞེས་པ་ནི་ལག་པའི་མཆོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་རྣལ་འབྱོར་མ་དྲུག་གི་རྣམ་པས་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དུང་ཆེན་པོ་དང་ལེགས་པའི་རྫས་ལ་སོགས་པས་དཔའ་བོ་དང་དཔལ་ཧེ་རུ་ཀ་ལ་བརྡ་བྱ་བ་སྟེ། །མཆོད་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཙཱ་རུ་སྤྱད་པར་བྱ། །ཞེས་པ་ནི་མཆོག་བཟའ་བར་བྱ་བའོ། །དེ་ལྟར་བྱས་པས་དཔའ་བོ་ཀུན་དང་རྣལ་འབྱོར་མ་ཀུན་ཡང་དག་པར་སྦྱོར་བའི་དྲ་བའི་སྡོམ་པར་འགྱུར་ཞེས་པའི་དོན་ནམ། དེ་ལྟར་གཞུང་གཞན་ཡང་ངོ༌། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བཟའ་བ་དང་སྦྱིན་སྲེག་དང་གཏོར་མའི་བྱ་བ་ལ་ལག་པའི་བརྡའི་ཆོ་གའི་ལེའུ་སུམ་ཅུ་རྩ་གཅིག་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་གཉིས་པ། བྱོལ་སོང་ཕྱུགས་དང་རོ་ལངས་སྒྲུབ་པ་དང་བསྐྱེད་པའི་རིམ་པའི་ཆོ་གའི་འགྲེལ་པ།


DTG017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཞེས་པ་ནི་གོ་སླའོ། །ཕྱུགས་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོས་སྔོན་དུ་བསྟན་པའི་ཆོ་གས་ཕྱུགས་དགུག་པར་བྱའོ་ཞེས་པའི་དོན་ཏོ། །ཕྱུགས་གང་ཞེས་པ་ལ། སྡེར་མོ་ནི་བྱི་ལ་དང་རི་བོང་ལ་སོགས་པའོ། །ལྔ་ནི་རུས་སྦལ་དང་རྔ་མོ་དང་ཁྱི་དང་ཅེ་སྦྱང་དང་རྟ་དང་


DTG017_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྟེ། དེ་ལྟར་ཕྱུགས་སྡེར་མོ་ཅན་གྱི་རིགས་ཏེ། མི་ལ་སོགས་པ་ཇི་བཞིན་ནོ། །འདིས་ནི་ཕྱུགས་འདི་རྣམས་དངོས་གྲུབ་སྒྲུབ་པའི་ཡན་ལག་ཏུ་དངོས་གྲུབ་བཅུ་རྣམས་ཀྱི་ཐུན་མོང་ཉིད་དང་གཞན་གྱི་ཡང་འདི་དག་སྟོབས་དང་ལྡན་ཞེས་པའི་དོན་ཏོ། །རིགས་རྣམས་ལ་ནི་རིགས་ཅན་ཕྱུགས། །ཞེས་པ་ནི་རིགས་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱི་ནང་ནས་བསྔགས་པའི་ཕྱུགས་ཞེས་པ་ནི་དཔའ་བོ་མང་པོ་ལས་ཕུལ་དུ་བྱུང་བའི་དཔའ་བོ་དེ་ནི་ཕྱུགས་ཏེ་ཧེ་རུ་ཀར་བྱེད་པས་ཁྱད་པར་དུ་བསྟན་པ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །བྱོལ་སོང་རྣམས་ལས་རུས་སྦལ་རྒྱལ། །ཞེས་པ་ནི་བྱོལ་སོང་གི་སྐྱེ་གནས་ལས་གྱུར་པའི་རུས་སྦལ་ནི་བྱོལ་སོང་གི་ཕྱུགས་ཞེས་བྱ་སྟེ། བྱོལ་སོང་གི་ཕྱུགས་ནི་ནོར་བུ་ཡོད་པའི་སྦྲུལ་གྱི་རང་བཞིན་ནོ། །ལྷ་རྣམས་ཀྱི་གདོང་འགུལ་བ་ནི་སྔགས་ལ་སོགས་པའི་གཙོ་བོ་རྣམས་ཀྱི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་རྣམས་འགུལ་བར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་ཕྱུགས་ལྔ་པོ་རྣམས་ཀྱི་སྒྲོལ་མས་ཕྱི་དང་ནང་གི་སྦྱིན་སྲེག་གིས་ཚངས་པ་ལ་སོགས་པ་དབང་ཕྱུག་གི་བར་རྣམས་གཙོ་བོར་གྱུར་པ་དཔལ་ཧེ་རུ་ཀ་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་པས་མདོར་བསྡུས་ནས་ངེས་པར་དབང་དུ་བྱ་བ་བསྒྲུབ་པར་བྱ་བ་འགྲུབ་ཅེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །བྱ་རོག་ལ་སོགས་པ་ཆུའི་སྟེང་ན་འགྲོ་བའི་བར་གྱི་བྱའི་ཁྱད་པར་གྱིས་བཟའ་བ་དང་སྦྱིན་སྲེག་དང་གཏོར་མ་བྱའོ་ཞེས་སྦྱར་རོ། །འདིས་ནི་དངོས་གྲུབ་ཏུ་འགྱུར་ཏེ་འདོད་པའི་གཟུགས་འཛིན་པ་ལ་ཐེ་ཚོམ་མེད་དོ་ཞེས་པའི་དོན་ཏོ། །ད་ནི་ཡི་དགས་ཆེན་པོ་སྒྲུབ་པའི་ཐབས་སྟོན་ཏེ། ནག་པོ་ཞེས་བྱ་བ་ལ་སོགས་པས་དང་པོ་རེ་ཞིག་གནོད་མཛེས་ཀྱི་སྔགས་སམ་རྩ་བའི་སྔགས་ཀྱིས་བསྙེན་པ་བྱས་ཏེ་མཚན་མ་རྙེད་པའི་སྔགས་པས་མ་གོད་ཅིང་མ་ཉམས་པའི་རོ་འདུས་བྱས་ལ་དུར་ཁྲོད་དུ་ཁྱེར་ལ་ནམ་ཕྱེད་ན་ཁྱི་ནག་པོའི་འོ་མ་དང་ནག་པོ་དང་རྒྱ་བོའི་ཤ་དང༌། ནག་པོའི་ཕྱོགས་ལ་སྟོབས་པོ་ཆེས་འབྲས་ནག་པོ་དང་ལྡན་པས་སྦྱིན་སྲེག་བྱའོ། །འཛེམ་པ་མེད་པར་རོ་ཡི་ཁར། །ཞེས་པ་ནི་གང་ཡང་དངོས་སུ་ལྷའི་རྣལ་འབྱོར་བྱས་པའི་སྔགས་


DTG017_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང༌། །ར་བ་ལ་སོགས་པ་གསུམ་དང་གུར་དང་གོ་ཆ་ཆེན་པོ་ལ་སོགས་པ་སྲུང་བའི་ཆོ་ག་བྱས་ཤིང་བསྲུངས་པས་དོགས་པར་མི་འགྱུར་རོ། །དེ་ལྟ་ན་ཡང་དབྱེར་མི་ཕྱེད་པ་དང་ཚར་གཅོད་པའི་ཕྱིར་རྡོ་རྗེའི་ར་བ་ལ་སོགས་པ་བསྲུང་བའི་འཁོར་ལོ་བྱས་ཏེ་ཤིན་ཏུ་ལུས་བརྟན་པར་བྱ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཡང་ན་ཡི་དྭགས་ཆེན་པོའི་གདོང་འགྱུར་བའི་མཆེ་བ་ལ་སོགས་པས་ཆེར་འཇིགས་པར་བྱེད་པའི་གཟུགས་མཐོང་ཡང་འཇིགས་པར་མི་བྱེད་དོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །ཞེས་པ་ནི་འོག་དང་སྟེང་དང་དབུས་སུ་གནས་པ་ལ་སོགས་པའི་འཁོར་ལོ་ལ་གནས་པའི་ཕོ་ཉ་གྲུབ་པའི་རྣལ་འབྱོར་མ་རྣམས་གང་གིས་མཐོང་བ་ཉིད་ཀྱིས་དངོས་གྲུབ་ཀུན་དུ་འགྱུར་རོ། །དེ་རྣམས་ཀྱིས་རང་གི་གནས་སུ་ཁྱེར་ཞིང་འགྲོ་བའམ། །ཐབས་སྟོན་ནོ་ཞེས་པའི་དོན་ཏོ། །ལྕི་བའི་ཐལ་བཞེས་པ་ནི་ཐལ་བའི་ཁྱད་པར་རོ། །མོག་བོ་སྐམ་ཞེས་པ་ནི་དུམ་བུ་མེད་པའི་མིའི་མགོ་སྐམ་པོ་བླངས་ནས་བདེ་བ་ཆེན་པོ་བྱེད་དོ། །རུས་སྦལ་ནི་ཐོད་པའོ། །ཕྱག་བཞི་པ་དང་ཞེས་བྱ་བ་ལ་སོགས་པ་འདིས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་སྟོན་པའོ། །འདི་ཐམས་ཅད་ནི་སྒྲུབ་པའི་ཐབས་སུ་སྔོན་དུ་རྒྱས་པར་བྱས་པའི་དོན་ཉིད་དོ། །རྡོ་རྗེ་ཕག་མོ་དེ་ཡི་ནི། སྐུ་མདོག་མཚོན་ཆ་འཆང་ཞེས་པ་ནི་དེའི་མདོག་གང་ཡིན་པ་དེ་ནི་དེའི་མདོག་སྟེ། །དེའི་མདོག་དང་མཚོན་ཆ་འཆང་བཞེས་བྱའོ། །གང་གི་ཕྱིར་ཁྱ་པར་གྱི་བསྡུ་བའོ། །ཕྱག་རྒྱ་ཡིས་ནི་ལུས་ལ་བརྒྱན། །ཞེས་པ་ནི་ཕྱག་རྒྱ་ལྔ་ལ་སོགས་པས་སྐུ་ལ་བརྒྱན་ཞེས་པའི་དོན་ཏོ། །ཡི་དགས་ཆེན་པོ་གདན་དུ་བྱས། །ཞེས་པ་ནི་འབྱུང་པོའི་བདག་པོ་མནན་པའོ། །སྔགས་ཀྱི་ལྷ་ནི་ཤེས་ནས་བསྒོམ། ཞེས་པ་ནི་རྣལ་འབྱོར་ཆེན་པོ་དམིགས་པ་དང་ལྡན་པ་དང༌། ཕྲེང་བའི་སྔགས་མ་གཏོགས་པར་ཞེས་པའི་དོན་ཏོ། །ཡང་ན་གཞུང་གཞན་ཏེ། དེ་ཐམས་ཅད་གོ་སླ་བའི་དོན་ཏོ། །ལྷག་མ་ནི་རྟོགས་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བྱོལ་སོང་ཕྱུགས་དང་རོ་ལོངས་སྒྲུབ་པ་དང་བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་གཉིས་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་གསུམ་པ། གསང་བའི་མཆོད་པ་དང་བསྙེན་བཀུར་གྱི་ཆོ་གའི་འགྲེལ་པ།


DTG017_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །མེད་པར་གྱུར་ཀྱང་ལྔ་པོ་ནི། །བཟའ་བ་ཉིད་དུ་བྱ་བ་ཡིན། །ཞེས་པ་ནི་གལ་ཏེ་བདུད་རྩི་རྣམ་པ་ལྔ་མ་རྙེད་ན་གང་ཅུང་ཟད་བཟའ་བདེ་ཐམས་ཅད་བདུད་རྩི་ལྔ་ཉིད་དུ་བརྟགས་ལ་བཟའོ་ཞེས་དགོངས་སོ། །ནུབ་མོ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་ནས་ཕོ་ཉ་རབ་སྦྱིན་ཞིང༌། །རང་གིས་འཁྱུད་ཅིང་མགོར་བྱས་ལ། །དཔའ་བོ་གཉིས་མེད་མཆོད་པར་བྱ། །ཞེས་བྱ་བ་ནི་ཕོ་ཉ་ཞེས་བྱ་ཞི་ཕོ་ཉའི་མཚན་ཉིད་ཕུན་སུམ་ཚོགས་པ་ལ་འཁྱུད་པར་བྱ་སྟེ། སློབ་མས་གཡོན་པའི་བརླའི་དབུས་སུ་མགོ་བོ་བྱས་ལ། དཔའ་བོ་གཉིས་མེད་མཆོད་པ་སྟེ། ཧེ་རུ་ཀ་གཉིས་མེད་དུ་མཆོད་པའོ། །དེའི་ཕྱིར་ཡང་སྦྱིན་པར་བྱའོ་ཞེས་སྦྱར་རོ། །མའམ་ཡང་ན་སྲིང་མོའམ། །ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་ནས་སྔགས་ནི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་བ་ཡོད་པར་དུ། །ཞེས་པ་ནི། གྲངས་མེད་པ་སྟེ་བསྐལ་པ་དང་ལྡན་པ་དང༌། བསྐལ་པའི་མཐར་ཇི་སྙེད་དུ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་རྣམས་ཀྱི་སྟན་ཉིད་དང༌། །ཞེས་པ་ནི་ཕྱག་རྒྱའི་ལྷ་མོའོ། །གཞུང་གཞན་ནི་གོ་སླའོ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ཞེས་པ་ནི་ཐ་མལ་པའི་གཟུགས་མ་ཡིན་པས་གླུ་དང་གར་དང་བརྡུང་བ་ལ་སོགས་པ་སྒྲུབ་པ་པོས་རབ་ཏུ་སྦྱར་བར་ཤེས་པར་བྱའོ། །དེ་སྲིད་འཁོར་བཞེས་པ་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་དང་པོར་འགྲུབ། །སྐྱེས་བུ་རྣལ་འབྱོར་རྒྱུད་རྣམས་སུ། །དེ་བཞིན་རབ་ཏུ་འབད་པ་ཡིས། །ཀུན་ནས་དང་བར་མཆོད་པར་བྱ། །ཞེས་པ་ནི་དང་པོར་གྲུབ་པ་ནི་དངོས་གྲུབ་སྒྲུབ་པར་རབ་ཏུ་གྲགས་པ་རིན་པོ་ཆེའི་རིགས་སུ་གྱུར་པ་ལས་བྱུང་བའི་ཕྱག་རྒྱ་ཇི་ལྟར་རྣལ་འབྱོར་གྱི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པ་རྣམས་སུ་སྐྱེས་བུ་རྣལ་འབྱོར་པས་དབེན་པ་ཡིད་དུ་འོང་བའི་སའི་ཕྱོགས་སུ་འབད་པས་མཆོད་པར་བྱའོ། །དེ་བཞིན་ནི་ཡང་གི་དོན་ཏོ། འདི་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་གསུངས་པ། དང་པོར་གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཕུན་སུམ་ཚོགས་པའི་མ་འམ་སྲིང་མོ་ལ་སོགས་པ་བླངས་ལ་ཚོགས་ཐམས་ཅད་བསྡུས་པའི་ས་བཅུ་ལ་སོགས་པ་


DTG017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་ཞིང་དགའ་བར་དཔལ་འཁོར་ལོ་སྡོམ་པ་འདི་ཉིད་ཀྱི་དཀྱིལ་འཁོར་བྱིས་ལ་རང་གི་རིགས་ཀྱི་ལྷའི་གཟུགས་སུ་བདག་ཉིད་བསམས་ལ་ཉི་མ་ནུབ་པའི་དུས་ནས་བཟུང་སྟེ། མ་ལུས་པའི་ནུབ་མོའི་བར་དུ་རབ་ཏུ་འབད་པས་དེ་བཞིན་དུ་མཆོད་པར་བྱ་ཞེས་པའི་དོན་ཏོ། །ཐར་འདོད་བརྟན་པའི་དཔའ་བོས་སྤྱད། །ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཀུན་དུ་དང་བ་བནྡུ་ཀའི་གཟུགས་ཀྱི་ཁྱད་པར་གྱི་དམ་ཚིག་སྤྱད་པར་བྱ་ཞེས་པའི་དོན་ཏོ། །གཞུང་གཞན་ཡང་འདིའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་གསང་བའི་མཆོད་པ་དང་བསྙེན་བཀུར་གྱི་ཆོ་གའི་ལེའུ་སུམ་ཅུ་རྩ་གསུམ་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་བཞི་པ། གཉིས་སུ་མེད་པའི་ཕོ་ཉ་དང་སྦྱིན་སྲེག་དང་དགུག་པའི་ཆོ་གའི་འགྲེལ་པ།


DTG017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ནི་གོ་སླའོ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨའི་ལྟེ་བར་མཆོག་རབ་སྦྱར། །ཞེས་པ་ནི་ཆ་ནི་ཡན་ལག་དང་ཉིད་ལག་སྟེ། དེ་ཡང་ཐུན་མོང་མ་ཡིན་པ་ཞེས་བྱ་སྟེ། ཆ་དེ་ལ་དཔའ་བོའི་རིགས་ལ་ལྟོས་ནས་གཅིག་གི་ཚིག་ཏུ་བསྟན་པའོ། །མཆོག་ནི་འབད་པས་གསང་བའི་གནས་སོ། །གཞུང་གཞན་ནི་གོ་སླའོ། །ཨ་ཝ་དྷཱུ་ཏཱི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་གཞག །ཅེས་པ་ནི་དཔྲལ་བར་རྡོ་རྗེ་ཕྲེང་བའི་འོད་ལས་ཨ་ཝ་དྷཱུ་ཏཱི་ལས་ཡོངས་སུ་རྫོགས་པའི་གནས་ནི་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་མི་བཟད་པའི་སྤྱན་མིག་དབུས་ཏེ་སྨིན་མའི་དབུས་དཔྲལ་བའི་སྟེང་དུ་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །དཔའ་བོ་འཆོལ་བ་ཞེས་བྱ་བ་ལ་སོགས་པས་ལས་ཐམས་ཅད་པའི་སྦྱིན་སྲེག་སྟོན་ཏེ། དཔའ་བོ་དཔལ་ཧེ་རུ་ཀ་འཆོལ་བར་བྱས་ཏེ་ཆགས་ཤིང་ཁྲོ་བའི་གནས་སྐབས་སུ་གང་ཅུང་ཟད་དམ་ཚིག་ལ་སོགས་པ་དེ་ཐམས་ཅད་སྲེག་བླུགས་བྱས་ལ་སྦྱིན་སྲེག་བྱ་ཞེས་པའི་དོན་ཏོ། །གཞུང་གཞན་ནི་གོ་སླའོ། །ཡང་ན་དང་པོ་རེ་ཞིག་ཁྲོ་བའི་ང་རྒྱལ་དང་བཅས་པའི་བདག་ཉིད་ཇི་ལྟར་རྙེད་པའི་ཤས་ཚིམ་པར་བྱས་ལ། དེ་ནས་གཞན་གྱི་དམ་ཚིག་གི་ཞེས་དགོངས་སོ། །ཕྱུགས་ཀྱི་ཤ་དང་ཁྲག་བཅས་པས། །འབད་པས་བསྲེག་བྱ་ལྔ་དག་བྱ། །ཞེས་པ་ནི་ཕྱུགས་ཀྱི་ཤ་ཁྲག་ལ་སྤགས་ལ་མྱུར་དུ་སྦྱིན་སྲེག་ལྔ་བྱས་ནས་ངེས་པ་ཉིད་དུ་ཞེས་པའི་དོན་


DTG017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །ལྷག་མ་ནི་གོ་སླའོ། །དེ་ནས་འབར་ཕྲེང་རྒྱ་མཚོ་ནི། །ཞེས་པ་ནི། རབ་ཏུ་གྱུར་པའི་མེ་འབར་བ་ལ་བསྲེག་བྱའི་ཤིང་ལ་སོགས་པ་གོ་རིམས་ཇི་བཞིན་དུ་ལས་དང་རྗེས་སུ་མཐུན་པས་མེ་ལ་དབུལ་ལོ་ཞེས་པའི་དོན་ཏོ། །དེ་ལྟར་མེ་ལྷའི་ཞལ་དུ་སྦྱིན་སྲེག་བྱས་ནས་འཁོར་ལོ་གསུམ་དང་ལྡན་པའི་ལྷ་རྣམས་ལ་སྦྱིན་སྲེག་བྱ་བའི་ཆོ་ག་སྟོན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་སྒོ་ཡི་འཁོར་ལོ་བལྟ། །ཞེས་པ་ནི་ཐབ་ཁུང་གི་ནང་དུ་ཇི་ལྟ་བ་བཞིན་དུ་འཁོར་ལོ་གསུམ་གྱི་གཞལ་ཡས་ཁང་པ་དང་ར་བ་ལ་སོགས་པ་དང་བཅས་པ་རང་མདོག་ཕྱག་དང་ཕྱག་རྒྱ་ལ་སོགས་པ་དང་ལྡན་པ་བསམ་པར་བྱ་བ་སྟེ། དེའི་ཕྱོགས་གཅིག་སྟོན་པར་འདོད་ནས་གསུངས་པ་ནི། ཞལ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། དུམ་སྐྱེས་མ་ནི་ཕྱི་རོལ་སྦྱིན། །ཞེས་པ་ནི་རྒྱབ་ཀྱི་འདབ་མ་ལ་གནས་པའི་དུམ་སྐྱེས་མ་དེ་བཞིན་དུ་བཞག་ལ་ལས་དང་རྗེས་སུ་མཐུན་པའི་གཟུགས་ཀྱིས་རང་གི་ལུས་ལས་ཕྱིར་ཕྱུང་སྟེ། གཞན་དུམ་སྐྱེས་མ་ཕྱི་རོལ་དུ་སྦྱར་བ་སྟེ། ལས་ཐམས་ཅད་བསྒྲུབ་པར་བྱ་བའི་དོན་གྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། རང་གི་ལུས་ལས་ཁྱད་པར་བསྟན། འཁོར་ལོ་དབུས་སུ་བལྟ་བར་བྱ། །ཞེས་གསུངས་སོ། །འདིས་ནི། འཁོར་ལོ་རྣམ་པ་ཇི་བཞིན་བྱ། །ཞེས་པ་ནི་ཐབ་ཁུང་འདི་ནི་འཁོར་ལོ་གསུམ་གྱི་རྣམ་པར་བྱའོ། །ཇི་བཞིན་ནི་ཞི་བ་ལ་སོགས་པའི་ཆོ་གའི་གོ་རིམས་ཞེས་བྱའོ། །རིག་པའི་རྒྱ་མཚོ་ཞེས་པ་ནི་རིག་པའི་རྒྱ་མཚོའི་རྒྱུད་ཆེན་པོར་དཔའ་བོས་ཡོངས་སུ་བསྡུས་ནས་ཇི་ལྟར་བཤད་པའོ། །ཉན་པ་པོ་གསལ་བར་བྱ་ཞེས་པའི་དོན་ཏོ། །ཡང་ན་ནི་རིག་པའི་རྒྱ་མཚོ་ལས་གང་ཡོངས་སུ་བཤད་པ་དེ་འདིར་མདོར་བསྡུས་ནས་བྱས་པ་སྟེ། དེར་ནི་རྒྱས་པ་ཞེས་བྱ་བར་དགོངས་སོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་གཉིས་སུ་མེད་པའི་ཕོ་ཉ་དང་སྦྱིན་སྲེག་དང་དགུག་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་བཞི་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་ལྔ་པ། གཉིས་སུ་མེད་པའི་ལས་དང་དུས་མ་ཡིན་པར་འཆི་བའི་འཆི་བདག་བསླུ་བའི་ཆོ་གའི་འགྲེལ་པ།


DTG017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བའི་གོ་རིམས་དང་རྗེས་སུ་མཐུན་པའི་སྔགས་ཀྱི་བཟླས་པ་དང་བསམ་གཏན་གྱི་ཆོ་ག་སྟོན་ཏེ། གཉིས་མེད་ཀྱི་སྦྱོར་བ་


DTG017_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་མཆོད་པ་སྟེ། མཆོད་པ་གཉིས་མེད་ཀྱི་སྦྱོར་བ་དེའི་བདག་ཉིད་ཀྱི་སེམས་གང་ཡིན་པ་དེ་ནི་དེ་བཞིན་ཏེ། དེས་སོ་སོའི་ལས་སྣ་ཚོགས་པའི་ལས་རྣམས་ལ་སྦྱར་ཞིང་ངེས་པར་ལྡན་ཞིང་ཡོད་པ་ནི་ཇི་ལྟ་བའི་གོ་རིམས་མཚོན་ཅིང་ལས་མཆོག་གཙོ་བོར་འགྱུར་རོ་ཞེས་པའི་དོན་ཏོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཕྱེ་བ་ནི་ལས་ཀྱི་མཐའ་གང་ཡིན་པར་ཕྱིན་དངོས་གྲུབ་བྱེད་པའི་ལས་སུ་འགྱུར་བའོ། །ལ་དོག་ཕོ་ཉ་ལ་སོགས་པ་ནི། དེ་རྣམས་ཀྱི་ཁ་དོག་དེ་ནི་སྔགས་སོ། །མདའི་ཤུགས་བཞིན་ཡོངས་སུ་འཁོར་བ་ནི་གོ་རིམས་བཞིན་དུ་འཁོར་བ་ཞེས་བྱ་བའི་དོན་ཏོ། །ཕན་ཚུན་སྦྱར་བའི་སྔགས་ནི་ཞེས་པ་ནི་གང་གི་ཚེ་གདུག་པའི་ཆོ་ག་ཡིན་པ་དེའི་ཚེ་ལེགས་པར་བསྒྲིལ་བའི་ཐག་པ་དང་འདྲ་བར་ཕན་ཚུལ་ཡོངས་སུ་བྱས་པ་ནི་དུས་གཅིག་ཏུ་གཉིས་ཀའི་ཞལ་ནས་ཕྱིར་བྱུང་ཞིང་ཟོ་ཆུན་འཁོར་བའི་རྣམ་པར་བསམ་པར་བྱ་སྟེ་དཔའ་བོས་ཞེས་བྱའོ། །སྔགས་ཀྱི་ཡི་གེ་ནི། འཇུག་པ་ཡིས་ནི་ཕྱེ་བ་ཉིད། །ཅེས་པ་ནི་ཞི་བའི་ཆོ་ག་ལ་སྔགས་ཀྱི་ཡི་གེ་ཞལ་གྱི་ནང་དུ་ཞུགས་ཏེ། ལྕགས་སྒྲོག་གི་ཕྲེང་བའི་གཟུགས་རྡོ་རྗེའི་ལམ་ནས་ཕྱིར་ཕྱུང་སྟེ། ཡང་པདྨའི་ལམ་ནས་ལྷ་མོའི་ལྟོ་བར་ཞུགས་ཏེ། དེ་ནས་ལྷ་མོའི་ཞལ་ནས་རང་གི་ཞལ་གྱི་རིམ་པ་ཞེས་བྱའོ། །གདུག་པའི་ཆོ་ག་ལ་ནི་རང་གི་ཞལ་ལྷ་མོའི་ཞལ་གྱི་རིམ་པས་སོ་ཞེས་བྱ་བ་ནི་ཁྱད་པར་རོ། །ཞི་བ་ལ་ནི་ལྷོད་པ་སྟེ། ཞི་བ་ལ་ས་བོན་གྱི་ཕྲེང་བ་ལྷོད་ཅིང་དྲག་ཅིང་རྩུབ་པ་མ་ཡིན་པའི་ཡི་གེའི་ཕྲེང་བ་ཅན་ཕན་ཚུན་དུ་དཀྲིས་པ་ཞེས་པའི་དོན་ཏོ། །ཧཱུཾ་ནི་མཐའ་རུ་གནས་པ་ཡིན། །ཞེས་པའི་དོན་ནི་དང་པོ་དང་ཐ་མ་དང་བར་དུ་ཧཱུཾ་གིས་འགོག་པ་ནི་གདུག་པའི་སྔགས་ལ་འདི་ཉིད་བརྗོད་པས་བསྒྲུབ་བྱ་འགོག་པར་འགྱུར་རོ། །གོམ་པ་གཅིག་ཀྱང་མི་འགྲོ་ཞེས་པའི་གཞུང་གཞན་ཡང་འདི་ཉིད་ཀྱི་དོན་ཏོ། །ཁ་སྦྱར་སྦྱར་བར་གྱུར་པ་དང༌། །ཞེས་པ་ནི་ལུང་བསྟན་པ་ལ་སོགས་པའི་སྔགས་བསྟན་པའི་རིམ་པས་ཨོཾ་དང་པོ་དང་ཨོཾ་ཐ་མ་ནི་ཨོཾ་ལྷ་སྦྱིན་སྭཱ་ཧཱ་ཨོཾ་ཞེས་པའི་དོན་ཏོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་ཆེ་བ་ཉིད་དང་ནི། ཞེས་པ་ནི་ཁ་སྦྱར་ནི་ལས་ཐམས་ཅད་པ་ཉིད་ཀྱི་ཕྱིར་རོ། །གང་གི་


DTG017_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གདུག་པའི་ལས་དང་ལྡན་ན་དེའི་ཚེ་རྡོ་རྗེ་ཞེས་པ་ནི་ཧཱུཾ་གིས་དབྱེ་བར་བྱའོ། །དེ་བཞིན་སྒྲོ་ཡི་ཆུན་པོས་བསྐོར། །ཞེས་པ་ནི་དེ་བཞིན་དུ་བར་ཆད་མེད་པར་བཟླ་བར་བྱའོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང༌། །ཞེས་པ་ནི་གང་གི་ཚེ་དགུག་པར་མངོན་པར་འདོད་པ་དེའི་ཚེ། ལོ་མ་བཀོད་པ་ལྟ་བུ་སྔགས་དང་སྤེལ་ཏེ་ལྕགས་ཀྱུ་གཟུང་བའི་དུམ་སྐྱེས་མས་དགུག་པར་བྱའོ་ཞེས་པའི་དོན་ཏོ། །གཏུན་ཤིང་གིས་ནི་དཀྲུག་པ་དང༌། །ཞེས་པ་ནི་གང་གི་ཚེ་དཔུང་ལ་སོགས་པ་མངོན་པར་དཀྲུག་པར་འདོད་པ་དེའི་ཚེ་དུམ་སྐྱེས་མ་གཏུན་ཤིང་ལག་པར་གཟུང་བས་དཔུང་ཐམས་ཅད་དཀྲུག་པར་བྱའོ། །རྡོ་རྗེ་ཁ་ཡིས་བཟའ་བར་བཤད། །ཅེས་པ་ནི། རྡོ་རྗེ་གཟུང་བ་ལ་ཆེ་གེ་མོ་ཟོ་ཤིག་ཅེས་བྱས་ན་གདུག་པའི་ཆོ་ག་ལ་ནི་ཟ་བར་འགྱུར་རོ། །དབུག་ཅིང་འདར་ལ་མདར་སྦྱར་བྱ། །ཞེས་པའོ། །དུམ་སྐྱེས་མ་མདའ་ལག་ན་ཐོགས་པར་དབུག་པར་བྱ་ཞིང་འདར་བར་ཡང་ངོ༌། །འཆི་བདག་བསླུ་བ་ནི་འཆི་བའི་དུས་སུ་དུམ་སྐྱེས་མ་ལག་པ་གཡོན་པར་ཁ་ཊྭཱཾ་ག་གཟུང་བས་འཆི་བ་ལས་རྒྱལ་བར་བྱའོ། །མཚོན་ཆའི་ཁྱད་པར་འདི་ཐམས་ཅད་ཀྱིས་དུམ་སྐྱེས་མ་ཁྱད་པར་དུ་བྱས་པའོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཐོད་པར་མཆོད་ཡོན་སྦྱིན་པའོ། །ཞལ་དུ་མཚོན་ཆ་ངེས་པར་སྤྱར། །ཞེས་པ་ནི་སྔགས་ཀྱི་ཡི་གེའི་ཕྲེང་བའི་སྔགས་བཞིན་དུ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །གཞུང་གཞན་དུ་ཡོད་པ་ནི་དོན་ཡང་གཞན་ཏེ་གོ་སླ་བ་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་གཉིས་སུ་མེད་པའི་ལས་དང་དུས་མ་ཡིན་པར་འཆི་བའི་འཆི་བདག་བསླུ་བའི་ཆོ་གའི་ལེའུ་སུམ་ཅུ་རྩ་ལྔ་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་དྲུག་པ། དེ་ཁོ་ན་ཉིད་ཀྱི་མཆོ་དཔ་ཕུལ་དུ་བྱུང་བའི་ཆོ་གའི་འགྲེལ་པ།


DTG017_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཞེས་པ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ནི་མཆོད་པ་ཆེན་པོ་སྟེ། སྔགས་ཀྱི་མཆོད་པར་གྲགས་ཤིན་བསྟན་པའོ། །འདིས་ནི་མྱུར་དུ་དངོས་གྲུབ་ཀྱི་རྒྱུ་ཉིད་དོ་མཆོག་སྟེར་བའོ། །འདིས་ནི་ཕྱག་རྒྱའི་མཆོད་པ་ལ་ཐེ་ཚོམ་མེད་ཅིང་སོམ་ཉི་མི་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་རྟོགས་སླ་བར་བརྗོད་དོ། །མཚན་གཉིས་ལ་ནི་སྔགས་སྦྱར་བ། །མཁའ་འགྲོ་དཔའ་བོ་གཉིས་མེད་པ། །བློ་ལྡན་མཁའ་འགྲོ་མ་དང་སྦྱོར། །ཞེས་བྱ་བ་ལ་སོགས་པ་ནི་


DTG017_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱག་རྒྱ་རེངས་པར་བྱེད་པའི་ལས་སོ། །གཞན་གྱི་ཕྱག་རྒྱ་རེངས་པ་དང་ཁ་ན་མཐོ་བ་མེད་པའི་ཟས་ལས་བརྩམ་པར་བྱ་སྟེ། སྔགས་པས་མཁའ་འགྲོ་མ་སྦྱོར་བ། །སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ། །ཞེས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་སྔགས་ཀྱིས་དེ་བཞིན་དུ་ཆོ་ག་བྱའོ། །དཔའ་བོ་མཆོད་པའི་ཆོ་ག་ཤེས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །ཞེས་པ་ནི་འདིར་གསུངས་པའི་ཆོ་གས་དཔའ་བོ་ཆོ་གས་དཔའ་བོ་མཆོད་པ་བྱས་ལ་ཕྱིས་ནི་ལས་ཡང་དག་པར་བརྩམ་པར་བྱའོ། །རྣམ་དབྱེ་དང་དགའ་སྔགས་པ་ནི། །ཕྱིན་ཅི་མ་ལོག་ངེས་པར་སྦྱར། །ཞེས་པ་ནི་དེ་ལ་ལས་དང་རྗེས་སུ་མཐུན་པས་ཐ་དད་བར་བྱས་པ་ཉིད་ཀྱི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ལས་དང་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། །ཚར་གཅོད་པ་དང་ཞེས་གསུངས་སོ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་བའི་ལམ་དུ་སྦྱར་བར་བྱ། །ཞེས་པ་ནི་དེ་ཉིད་ལས་ཀྱི་ཚོགས་རྣམས་དབྱེ་བས་ཕྱེ་བ་ནི་ཐ་དད་དུ་བྱས་ནས་སྔགས་རྩ་བའི་ལམ་སྟེ། རྡོ་རྗེ་དང་པདྨའི་ལམ་དུ་སྦྱར་བ་ནི་ལྡན་པར་བསྟན་ནོ་ཞེས་སྦྱར་རོ། །སྦྱོར་བ་འདི་ཡི་དོན་རྣམས་ལ། །འདི་ཡིས་རབ་ཏུ་བསྒྲུབ་བྱ་སྟེ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པའང་མྱུར་དུ་སྒྲུབ། །ཅེས་པ་ནི་རྣལ་འབྱོར་གྱི་དོན་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དོན་དུ་གང་རབ་ཏུ་སྒྲུབ་པ་ཕུལ་དུ་བྱུང་བར་བསྟན་པའི་སྒྲུབ་ཐབས་འདིས་ནི་དེ་ལ་ལྷ་དང་ལྷ་མ་ཡིན་དང་མི་ཡང་ཚར་གཅད་པ་དང་རྗེས་སུ་གཟུང་པའི་ངོ་བོ་ཉིད་ཀྱིས་ནི་མྱུར་དུ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །གཞན་ལ་སོགས་པ་སྨོས་ཀྱང་ཅི་དགོས་ཞེས་དགོངས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་དུ་བྱུང་བའི་ཆོག་གའི་ལེའུ་སུམ་ཅུ་རྩ་དྲུག་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་བདུན་པ། ནང་གི་བདག་ཉིད་ཀྱི་དབང་དུ་བྱས་པ་ལྷག་པར་བྱེད་པའི་ཆོ་གའི་འགྲེལ་པ།


DTG017_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་སྟོན་ཏེ། གཟུགས་ནི་ལུས་ཏེ་དེ་གནོན་པར་གནས་པ་གང་ཡིན་པའི་འཁྲུལ་འཁོར་ལ་སོགས་པས་སྐྱེ་འགྲོ་དབང་དུ་བྱེད་པ་ལ་སོགས་པ་དེ་བཤད་པར་བྱའོ་ཞེས་སྦྱར་རོ། །གལ་ཏེ་ཇི་ལྟ་བའི་དོན་ནི་འདིའི་དོན་ཏོ། །ཕན་ཚུལ་སྦྱར་བའི་གསང་སྔགས་ནི། །ཞེས་པ་ནི་གཉིས་ཀའི་


DTG017_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་སྔགས་གཅིག་ཏུ་བྱའོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་པ་ནི། དེ་ཉིད་ཀྱི་དོན་གསལ་བར་བྱས་པའོ། །དེ་ལ་འདིའི་རིམ་པ་ནི་གང་ཟོས་ནས་བཟླས་པའི་མཐར་སྐྱུགས་པ་ལན་བརྒྱར་བསྐྲུས་ལ་ཡན་ལག་བརྒྱད་ཀྱི་དྲི་མ་དང་བཅས་པ་འམ་ཡང་ན་ཡན་ལག་ལྔའི་དྲི་མའོ། །སྒོ་དགུ་ལས་བྱུང་བའི་རྫས་དང་བསྲེགས་པའི་ག་པུར་དང་བསྲེས་ལ་གཉིས་ཀའི་རྩ་བའི་སྔགས་ཀྱིས་ཞག་བདུན་དུ་ཐུན་མཚམས་བཞིར་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཕྱིས་ནི་བཟའ་བ་དང་བཏུང་བ་ལ་སྦྱར་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་ཏེ་ཐེ་ཚོམ་མེད་དོ་ཞེས་པའི་དོན་ཏོ། །སེར་སྐྱ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་བཞིན་དུ་གལ་ཏེ་ལས་ནི་མི་གཏོང་ན། །ཞེས་པ་ནི་གལ་ཏེ་འདི་ལ་སྨན་ཡང་མི་གཏོང་བར་བྱ་སྟེ། གང་གི་ཚེ་བཟའ་བ་ལ་སོགས་པ་ལ་ཡང་ཞེས་དགོངས་སོ། །བྱུག་པ་ནི་འཐུངས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གསལ་པོར་སྔགས་ཀྱིས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབས་པ་ནི་མཆོག་ཏུ་ལྷག་པར་ཤེས་པར་བྱའོ། །བ་གླང་ཤ་བསྲེག་སྦྱིན་སྲེག་དང༌། །ཞེས་པ་ལ་བ་ལང་གི་ཤ་དེའི་ཁྲག་གིས་བསྐུས་པ་དབང་དུ་བྱ་བའི་ཐབ་ཁུང་ངམ་ལས་ཐམས་ཅད་པའི་ཐབ་ཁུང་དུ་གང་གི་མིང་ནས་སྨོས་ཏེ་ཞག་བདུན་དུ་ཐུན་མཚམས་བཞིར་སྔོན་དུ་གསུངས་པ་བཞིན་དུ་སྦྱིན་སྲེག་བརྒྱ་བྱའོ། །དེའི་མདུན་དུ་ཤ་ཞེས་བྱ་བ་ལ་སོགས་པ་ནི་འདིས་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་ཡང་དབང་དུ་འགྱུར་བ་སྟེ། དཔའ་བོ་ལ་སོགས་པ་ཐམས་ཅད་དེངས་པར་དབང་དུ་འགྱུར་རོ་ཞེས་དགོངས་སོ། །གལ་ཏེ་ཇི་ལྟར་གསུངས་པ་བཞིན་དུ་མི་འགྱུར་རམ་སྙམ་ན་ཐེ་ཚོམ་མེད་ཅེས་བྱའོ། །ཤ་ནི་དེ་ཡི་མདུན་དུ་ནི། །ཞེས་བྱ་བ་ལ་སྔོན་དུ་གསུངས་པའི་མདོག་དམར་བའི་ལྷའི་གཟུགས་སུ་བདག་ཉིད་བསམས་ལ། །དགུག་པའི་ཐབ་ཁུང་དམ་ལས་ཐམས་ཅད་པའི་ཐབ་ཁུང་དུ། །དེའི་མདུན་ནི་དཔལ་ཧེ་རུ་ཀའི་མདུན་ན་མ་དེའི་སྒྲས་བདག་ཉིད་ཁ་རུ་ཕྱུགས་ཀྱི་ཤས་གང་གི་མིང་དང་ཐུན་མཚམས་བཞི་རུ་གསུངས་པའི་སྦྱིན་སྲེག་བརྒྱ་བྱའོ། །མཁས་བ་ཞེས་པ་ནི་པཎྜི་ཏ་ཞེས་པའི་དོན་ཏོ། །སྦྱིན་སྲེག་མཐར་


DTG017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ནང་གི་བདག་ཉིད་ཀྱི་དབང་དུ་བྱས་པ་ལྷག་པར་བྱེད་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་བདུན་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་བརྒྱད་པ། རྣལ་འབྱོར་མའི་གནས་དང་གསང་བའི་དཔའ་བོའི་གཉིས་སུ་མེད་པ་ལ་དམིགས་པའི་ཆོ་གའི་འགྲེལ་པ།


DTG017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དཔའ་བོ་ཡན་ལག་དབྱེ་བ་ནི། །ཞེས་པ་ནི་དཔའ་བོ་རྣམས་ཀྱི་ཡན་ལག་གི་དབྱེ་བ་ནི་མདོག་དང་ཞལ་དང་ཕྱག་རྒྱ་མཚོན་ཆ་ལ་སོགས་པའོ། །དཔའ་བོ་དབང་ཕྱུག་མེ་དགོངས་ཤིང༌། །ཞེས་པ་ནི་དམ་ཚིག་གི་སྤྱོད་པ་ལས་འདས་པ་ལ་བཅོམ་ལྡན་འདས་ཀྱིས་མི་གཟིགས་སོ་ཞེས་པའི་དོན་ཏོ། །མི་གདོན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བའི་དོན་ཉིད་དོ། །བྲམ་ཟེ་གདོད་པ་ཞེས་པ་ནི་དེ་དེ་བཞིན་གཤེགས་པ་གསོད་པ་པོ་ཡིན་ཏེ། ཡང་དེ་ལ་ཐེ་ཚོམ་མི་བྱའོ། །ལྷག་མ་ནི་གོ་སླའོ། །ཡང་དག་རབ་སྦྱིན་ཉིད་རིག་ཅིང༌། །ཞེས་པ་ནི་དེ་ནས་ཁམས་གསུམ་གྱི་བདེ་བ་གང་ཡིན་པ་དེ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་པའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་གང་ལེགས་པར་སྐྱེས་པའི་སྲོག་ཆགས་རྣལ་འབྱོར་བ་བསོད་ནམས་མཐོང་བ་དེའི་རྒྱུས་རྟག་པར་དཔའ་བོ་ཆེན་པོ་ཉིད་དཔལ་ཧེ་རུ་ཀ་རྒྱལ་པོ་རིལ་པ་དང་ལྡན་པའོ། །དེ་རྣམས་ཀྱི་སྙིང་ལ་གནས་པ་ནི་དཔའ་བོ་རྣམས་དང་རྣལ་འབྱོར་མའི་གཉིས་སུ་མེད་པ་ལ་གནས་པ་ལ་ཐེ་ཚོམ་མེད་དོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་མའི་གནས་དང་གསང་བའི་དཔའ་བོའི་གཉིས་སུ་མེད་པ་ལ་དམིགས་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་སུམ་ཅུ་རྩ་དགུ་པ། ཧ་ཧཱ་ཞེས་དགོད་པ་སྟོན་པའི་སྔགས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མདའ་ཡི་རྣལ་འབྱོར་ཆེ། །ཞེས་པ་ནི་མདའ་ནི་ཚོགས་པ་སྟེ་བཞད་པ་རྣམ་པ་བཞི་དགོད་པར་བྱའོ། །དཔའ་བོ་རྩ་བའི་སྔགས་ཀྱི་རྣམ་པ་བཞི་ནི་ཀི་ལི་ཀི་ལི། །ཙི་ལི་ཙི་ལི། སི་ལི་སི་ལི། དྷི་ལི་དྷི་ལི། ཞེས་པ་དང་མཁའ་འགྲོ་མའི་རྩ་བའི་སྔགས་ཀྱི་ཧ་ཧཱ། ཧེ་ཧཻ། ཧོ་ཧཽ། ཧུ་ཧཱུ། ཞེས་པའི་ཚིག་གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཧ་ཧཱ་ཞེས་དགོད་པ་སྟོན་པའི་སྔགས་ཀྱི་ཆོ་གའི་ལེའུ་སུམ་ཅུ་རྩ་དགུ་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་པ། རིགས་ལྔ་དབང་དུ་བྱ་བ་དང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཐབས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པའི་མཐུས་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་སྟོན་ཏོ་ཤ་ལ་སོགས་ཉ་དང་ཤ་ལ་སོགས་པ་ལྡན་པ་ཞེས་པ་ནི་སྒྲོན་མ་ནི་ཐུན་མོང་གི་ཤ་ལ་སོགས་པར་བལྟ་ཞེས་བརྗོད་


DTG017_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་ནི་སྦྱིན་སྲེག་སྟེ། དེ་ལ་ཡང་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་སྦྱིན་སྲེག་དང་ལུས་ཀྱི་སྦྱིན་སྲེག་གོ །འདི་ཉིད་ཀྱི་ཕྱིར། ཤ་དང་ཉ་དང་ལྡན་པར་ནི། །ཞེས་གསུངས་སོ། །གནས་སྐབས་ཐམས་ཅད་དུ་དགའ་ཞིང་བདེ་བར་གནས་པའི་དཔའ་བོའི་གཙོ་བོ་དཔལ་ཧེ་རུ་ཀའི་སྒྲུབ་པ་པོ་ལ་བྱིན་ན། རྒྱ་ཆེ་བས་སེམས་དགྱེས་ཤིང་དགའ་བས་འགྲུབ་པོ་ཞེས་སྦྱར་རོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ། །ཞེས་པ་ནི་མཚན་མོ་ངེས་པར་ལུས་ལ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །བརྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རིགས་ལྔ་དབང་དུ་བྱ་བ་དང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཐབས་ཀྱི་ཆོ་གའི་ལེའུ་བཞི་བཅུ་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་རྩ་གཅིག་པ། ཡི་གེ་ཉི་ཤུ་རྩ་བཞིའི་སྦས་པའི་དཀྱིལ་འཁོར་དགོད་པའི་ཆོ་གའི་འགྲེལ་པ།


DTG017_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་རྗེས་ཐོགས་སུ་ལས་ཀྱི་མཆོག་གཙོ་བོ་སྒྲུབ་པ་པོ་གང་གིས་ཤེས་ན་མཐུ་རྫོགས་པར་འགྱུར་བ་དེ་བརྗོད་དོ་ཞེས་སྦྱར་རོ། །བཅུ་གཉིས་ནི་དབང་དང་དགུག་པ་གཉིས་གཅིག །གསད་པ་དང་བསྐྲད་པ་གཉིས་གཅིག་ཏུ་བྱས་པ་ལ་ལྟོས་ནས་བརྗོད་པའོ། །ཤར་དང་བྱང་གི་གནས་ཞེས་པ་ནི་གནས་ལ་སོགས་པ་ཐམས་ཅད་ཀྱི་གནས་ནམ་མཁའ་འགྲོ་མས་ཀྱང་ཐམས་ཅད་ཁྱབ་པོ་ཞེས་པའི་དོན་ཏོ། །འདིས་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་གནས་གསལ་བར་བྱས་པས་མཁའ་འགྲོ་མ་ཡེ་ཤེས་དང་ལྡན་པའོ། །རང་སྐྱེ་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེས་ཞེས་པ་ནི་བསྟན་པའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། །དེ་ནི་མཁའ་འགྲོ་མ་རུ་བཤད། །ཅེས་པ་ནི། རྡོ་རྗེ་དཀྱིལ་འཁོར་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རོ། །དེའི་གཙོ་བོ་ནི་བདག་པོ་ཞེས་པའི་དོན་ཏོ། །ཀུ་ལཱུ་ཏཱ་དང་དགོན་པ་དང༌། ཞེས་པ་ནི་དགོན་པ་ནི་མྱ་ངན་གྱི་ས་གཞིའོ། །དགོན་པ་དང་རཱ་མེ་ཤྭ་ར་དང་པུ་ལླཱི་ར་མ་ལ་ཡ་ནི་རང་ངེས་པར་གནས་ཀུན་གྱི་གཙོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ནི་གདམས་ངག་གིས་གོ་བར་བྱའོ། །པུལླཱི་ར་མ་ལ་ཡ་ནས་བརྩམས་ཏེ་གོ་རིམས་བཟློག་པ་ས་ཡུལ་ཐམས་ཅད་གཟུང་ངོ༌། །ཡུལ་འདི་དག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་མ་དྲུག་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏུམ་མོའི་བར་མ་མོ་དྲུག་དང་ཁྭ་གདོང་མ་ལ་སོགས་པའོ། །ལཱ་མ་ནི་ལཱ་མའི་རིགས་སོ། །


DTG017_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་རྣལ་འབྱོར་མ་རིགས་ཀྱི་གཙོ་མོའི་མཁའ་འགྲོ་མ་ལ་སོགས་པ་རིགས་བཞིའི་ལྟ་སྟེ། རབ་ཏུ་གཏུམ་མོ་ལ་སོགས་པ་འཁོར་ལོ་གསུམ་ལ་གནས་པའོ། །ནག་པོ་ཆེན་པོ་ནི་འཇིགས་བྱེད་ཆེན་པོའོ། །གཞུང་གཞན་ནི་གོ་སླའོ། །མཁའ་འགྲོ་མ་ཞེས་པ་ནི་ལྷན་ཅིག་གི་དོན་གྱིས་གསུམ་པའོ། །ཇི་ལྟ་བུར་གྱུར་པ་ནི་བཅས་པའི་གཟུགས་ཅན་མ་སྟེ་གཟུགས་ཅན་མ་དང་བཅས་ཞེས་བྱའོ། །གཟུགས་ཅན་མ་ཞེས་པ་ནི་གཟུགས་ཅན་མ་དང་འོ་བྱེད་མ་དང་ས་བ་ལི་ཀ་ལ་སོགས་པ་ཐ་དད་པར་གྱུར་པ་ནི་གཟུགས་ཅན་མ་དང་བཅས་པ་ཞེས་པ་བལྟ་བར་བྱའོ། །གཞན་ཐམས་ཅད་ནི་གོ་སླའོ། །པཉྩ་ལ་ཞེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་ལས་གཞན་ཉིད་ཀྱིས་གྲུབ་པའི་གནས་ཀྱི་ཡུལ་ལོ། །དེ་ལྟར་ལ་སོགས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ་ཡང་བརྗོད་པ་ནི་གསེར་གླིང་ན་སྟོང་ཕྲག་ཉི་ཤུ་རྩ་གཅིག་གྲུབ་པའི་རྣལ་འབྱོར་མ་གོ་རིམས་དང་གོ་རིམས་མ་ཡིན་པའི་གཟུགས་ཀྱིས་ཐམས་ཅད་དུ་འཁོར་ལོ། །འཁོར་ལོ་གསུམ་པ་གནས་པ་ཡང་པུལླཱི་ར་མ་ལ་ཡ་ལ་སོགས་པའི་གནས་སུ་རབ་ཏུ་གཏུམ་མོ་ལ་སོགས་པ་ཇི་ལྟར་གོ་རིམས་མ་ཡིན་པར་སྦྱར་བར་བྱའོ། །གཞན་ཡང་ལྷག་མའི་སྤྱོད་པ་ནི། ཧེ་རུ་ཀ་དང་རྣལ་འབྱོར་མ། བསྲུབ་པ་ཆེན་པོར་སྦྱོར་བར་གནས། །ཞེས་པ་ནི་དཔལ་ཧེ་རུ་ཀ་དང་བསྲུབ་པ་ཆེན་པོར་རུང་བའོ། །དེའི་ཞེས་པ་ནི་དམིགས་ཀྱིས་དགར་བའི་དྲུག་པའོ། །དཀྱིལ་འཁོར་གཙོ་མོ་ཞེས་པ་ནི་འཁོར་ལོ་གསུམ་པ་ལ་གནས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་འདིས་ཁྱབ་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལ་ཞེས་སྦྱར་རོ། །ཡང་ན་རྒྱུ་དང་མི་རྒྱུ་འགྲོ། །ཞེས་པ་སྟེ། རྒྱུ་བ་དང་མི་རྒྱུ་བའི་སའི་དཀྱིལ་འཁོར་གང་བ་འམ། རང་བཞིན་གྱིས་གཟུགས་བསྲུབ་པ་དང་བསྲུབ་པར་རུང་བའི་ཕྱི་རོལ་གྱི་ཡན་ལག་ཀྱང་ངོ༌། །འོན་ཀྱང་གཞན་གྱིས་སྤྱོད་ན་དེ་ཡང་གཞན་གྱི་ཚོགས་ཀྱིས་མི་རིག་པའོ། །དེ་ནི་མཆོག་གི་སྤྱོད་པའོ། །འདི་ནི་དང་པོ་ལ་གསུམ་པར་བལྟ་བར་བྱའོ། །དེ་དང་ལྷན་ཅིག་ཏུ་གཅེར་བུར་རྟག་ཏུ་མཚན་མོ་ཞེས་སྦྱར་རོ། །ལྷག་མ་ནི་བརྗོད་པར་བྱ་བའི་དོན་ཉིད་དོ། །


DTG017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡི་གེ་ཉི་ཤུ་རྩ་བཞིའི་སྦས་པའི་དཀྱིལ་འཁོར་དགོད་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་གཅིག་པའི་འགྲེ་ལ་པའོ།། །།

ལེའུ་བཞི་བཅུ་རྩ་གཉིས་པ། དགོད་པའི་སྔགས་རྣལ་འབྱོར་མའི་གཟུགས་སྤྲུལ་པའི་ཆོ་གའི་འགྲེལ་པ།


DTG017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔའ་པོ་ཞེས་པ་ནི་གོ་སླའོ། །མེ་ཏོག་ཆུ་ཞེས་པ་ནི་མེ་ཏོག་དང་ལྡན་པ་འཕྲལ་དུ་བྱུང་བའི་མེ་ཏོག་གི་བཅུད་ཅེས་པའི་དོན་ཏོ། །སྔགས་འདི་ཞེས་པ་ནི་བཞད་པའི་སྔགས་སོ། །གཞན་ནི་རྩ་བའི་སྔགས་སམ་ཡི་གེ་བདུན་པའི་སྔགས་སུ་སྟོན་ཏོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་སྦྱིན་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའི་སྦྱིན་པའོ། །རེག་དང་ལྷན་ཅིག་ནག་མོ་ཆེ། །ཞེས་པ་ནི་རྡོ་རྗེ་ཕག་མོའོ། །བདེན་པས་ཚང་པར་སྤྱོད་པ་ནི་དབུས་ལས་གཞན་དུ་དང་པོ་དང་ཐ་མར་གསོང་པོར་སྨྲ་བ་སྟེ། དང་པོ་དང་བར་མ་དང་ཐ་མར་རང་གི་བདག་ཉིད་ལ་དེ་ཡིས་དེ་ལྟར་ཕྱག་རྒྱའི་རོལ་པ་གཙོ་བོས་བཞད་པས་དགྱེས་པར་བྱེད་དོ། །དེ་བཞིན་དུ་ཕྱག་རྒྱ་རྣམས་དབང་དུ་བྱ་བར་སྟོན་ཏོ། །ལྟ་བའི་བསྙེམས་པ་ཞེས་པ་ནི་ལྷ་བ་རྟོགས་པའི་བསྙེམས་པའི་བདག་ཉིད་གང་ཡིན་པ་དེ་ནི་བལྟ་བའི་བསྙེམས་པ་སྟེ། དེ་ལྟར་ཁྱད་པར་ཅན་གྱི་ཕྱི་རོལ་གྱི་ཡན་ལག་དང་སྙན་གྲགས་སུ་འགྱུར་བའོ། །གཞུང་གཞན་ནི་གོ་སླའོ། །བྱ་ཞེས་པ་འདིས་ནི་བཞད་པ་དེ་ཉེ་བར་མཚོན་པ་སྟེ། ཀུན་དུ་བདེ་བ་ཆེན་པོའི་བདེ་བས་ནུབ་མོ་དང་ཉིན་མོ་སྤྱད་པར་བྱ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་ལས་ཀྱི་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོ་མཐོང་ན་སྒྲུབ་པའི་ལྷ་མོ་སྔོན་མ་བྱུང་བའི་གཟུགས་ཀྱི་བྱ་བ་བྱེད་དོ། །དེའི་ལས་དང་ལས་ཀྱི་ལན་སྟོན་པའོ། །ལྷ་མོའི་བྱ་བ་ནི། རྡོ་རྗེ་ལ་ནི་བསྒོམ་མི་བྱེད། །ཅེས་པ་ལ་སོགས་པའོ། །སྒྲུབ་པ་པོའི་བྱ་བ་ནི་དབུགས་འབྱིན་ཞེས་པ་ལ་སོགས་པས་བྱེད་པའི་དོན་ཏོ། །སྡུད་པ་དང་ཞེས་པ་ནི་གར་གྱི་ཁྱད་པར་རོ། །སྣ་ཚོགས་ནི་གང་སྣ་ཚོགས་ཀྱི་དབང་ཕྱུག་ཡང་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་ལས་ནི་འདི་ཉིད་ཀྱི་སྔོན་དུ་བསྟན་པའི་རིམ་པས་སོ། །གཞུང་གཞན་ནི་གོ་སླའོ། །ཕྱག་རྒྱ་སྔགས་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ནོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དགོད་པའི་སྔགས་རྣལ་འབྱོར་མའི་གཟུགས་སུ་སྤྲུལ་པའི་ཆོ་གའི་ལེ་འུ་བཞི་བཅུ་རྩ་གཉིས་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་རྩ་གསུམ་པ། སྙིང་པོ་དང་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྟ་བ་བཤད་བྱ་སྟེ། །ཞེས་བྱ་བ་


DTG017_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གོ་སླའོ། །བཞི་མདོ་ཞེས་པ་ནི་གནོད་མཛེས་ཀྱི་སྔགས་སོ། །གཞུང་གཞན་གྱི་ཡང་སྔགས་ནི་འདིའོ། །གྱིས་ཞེས་བྱ་བ་ལ་སོགས་པས་འདི་རྣམས་ཀྱི་མཆོད་པ་ནི་ཤིན་ཏུ་སྤ་བར་བྱ་བ་ཉིད་དུ་སྟོན་པའོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོའི་མཐུ་ཐམས་ཅད་ཀྱི་མཚན་མ་སྟོན་ཏེ། གང་གིས་སྔགས་ཀྱི་མངོན་པར་བསྔགས་པའི་མེ་ཏོག་ནམ་མཁའ་ལ་གཏོར་ཏེ། དེ་ལ་མེ་ཏོག་གཅིག་ཙམ་ཡང་ས་ལ་མི་ལྟུང་ན་དེའི་ཚེ་དེ་ཉིད་བྱེད་པའི་ནུས་པ་རྒྱས་པའོ། །ལྷ་དང་མི་ལ་སོགས་པས་ཀྱང་མི་རིག་གོ །གཞུང་གཞན་ཡང་འདིའི་དོན་ནོ། །ཤིང་ཞེས་བྱ་བ་ལ་སོགས་པས་ཡི་གེ་བདུན་པའི་སྔགས་སྔོན་དུ་བསྙེན་པ་རྣམ་པ་མང་པོའི་ཆོ་གས་བསྟན་པའོ། །རང་གི་ལུས་ལ་རྣམ་བཀོད་དེ། །ཞེས་པ་ནི་སྤྱི་བོ་དང་དཔྲལ་བ་དང་མིག་གཉིས་དང་ཁ་དང་ཕྲག་པ་དང་སྙིང་གར་ཟླ་བའི་དཀྱིལ་འཁོར་མདོག་དཀར་བའི་ཡི་གེ་བདུན་གྱི་བདག་ཉིད་དགོད་པར་བྱའོ། །ལྷག་མ་ནི་གོ་སླའོ། །དུས་མིན་འཆི་དང་བཅོམ་དང་ཉམས། །ཞེས་པ་ནི་ཚེ་འཕེལ་བ་དང་འཆི་བ་ཉམས་པ་སྟེ། སེམས་ཅན་ཉམས་ཤིང་འཆི་བ་ཡང་ཞེས་པའི་དོན་ཏོ། །རལ་གྲི་ཞེས་བྱ་བ་ལ་སོགས་པས་ནི་པྲ་རྟོག་པའི་ཆོས་སྟོན་ཏོ། །ཉི་མའི་དབུས་སུ་བསམ་ཞེས་བྱ་བ་ལ་སོགས་པས་ནི་བསྒྲུབ་བྱའི་ནད་ཉེ་བར་ཞི་པ་སྟོན་ཏེ། ཡི་གེ་བདུན་པ་བཏུས་པ་འམ་བརྒྱ་བཟླས་པ་འམ་དངོས་སུ་བཀོད་པའོ། །དེ་ལ་ཉི་མའི་དབུས་སུ་ནད་ཀྱིས་བཟུང་བའི་བསྒྲུབ་བྱ་ཡང་དག་པར་བཞག་ནས་རྣམ་པ་སྟོང་དུ་བཟླ་ཞིང་དེའི་ལུས་དག་པ་ཤེལ་ལྟ་བུར་དྲི་མ་མེད་པར་བསམས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་བ་ལ་ཐེ་ཚོམ་མེད་དེ་འདི་ནི་གདམས་དག་གོ །ཡང་དཔེར་གཟུང་ནམ་ཐེ་བོང་གི་ཕྱེད་ཙམ་གྱི་ཤེལ་ལྟ་བུ་དྲི་མ་མེད་པ་འོད་འབར་བའི་རྣམ་པར་ཤེས་པ་དམིགས་ནས་སོས་པར་འགྱུར་རོ། །ཟླ་བའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལྔ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་རེ་མིག་ལྔ་བྱེད་པས་རེ་མིག་དགུར་འགྱུར་རོ། །དེ་ལ་འདིའི་དགོད་པ་ནི་གཡོན་པའི་ལག་པར་ཟླ་བ་དང་འཁོར་ལོ་ལ་གོ་རིམས་མ་ཡིན་པ་དང་གོ་


DTG017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཀྱིས་རེ་མིག་དགུར་དགོད་པར་བྱའོ། །དྲུག་པའི་ཕཊ་ནི་མཚམས་ཀྱི་ཆ་རུ་ཤེས་པར་བྱའོ། །འདིས་ནི་གཡོ་བ་དང་མི་གཡོ་བའི་དུག་གིས་བཟུང་བ་དེའི་སྤྱི་བོར་བཀོད་པ་དེ་ཉིད་ལས་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་ཁྱབ་ནས་དུག་མེད་པར་བསམ་པར་བྱའོ། །དེས་ནི་སོས་པར་འགྱུར་རོ། །དེ་ལྟར་རིམས་ལ་སོགས་པ་ཡང་སེལ་ལོ། །སྔགས་པ་རང་ཉིད་ཀྱི་བཟའ་བ་དང་སྟོན་མོ་ལ་སོགས་པ་ཆོ་ག་འདིས་ལོངས་སྤྱད་པར་བྱ་བ་ནི་གདམས་ངག་གོ །ཕྱུགས་ཀྱི་ཤ་དང་མདང་གསུམ་བཏགས། །ཞེས་བྱ་བ་ནི་གོ་སླའོ། །ལུས་ཀྱི་སྦྱོར་བ་དང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་རང་སྙིང་ནི་བདུད་རྩིས་རྒྱས་པའི་དཀྱིལ་འཁོར་ལ་སྤྲུལ་པའི་སྐུ་སྔོན་དུ་འགྲོ་བས་ཆོས་ཀྱི་སྐུའི་ངོ་བོ་ཉིད་སྔགས་ཀྱི་ཡི་གེ་བལྟས་ལ་དེར་གཏོགས་པའི་ཡིད་ཀྱིས་སྔོན་དུ་བསྟན་པའི་ཆུ་ལ་སོགས་པར་བཟླས་པ་བྱའོ། །ལུས་ཀྱིས་སྦྱོར་བ་དང་པོའོ། །ཉེ་བའི་སྙིང་པོ་ལ་སོགས་པའི་སྔགས་འབུམ་ལ་སོགས་པ་བཟླས་པའི་རིམ་པས་ཡོངས་སུ་བརྟག་པར་བྱ་བ་ནི་གཉིས་པའོ། །ཡིད་ཀྱི་ནུས་པས་དེ་བཞིན་དུ་ཕྱིན་ནས་ལས་ཀྱི་རྗེས་སུ་འབྲང་སྟེ་ཕྱི་རོལ་དུ་སྦྱར་བར་བྱའོ། །གསུམ་པ་དག་ནི་ངག་ཉིད་ཀྱི། །ཞེས་བྱའོ། །ཡང་ན་གཞུང་གཞན་ལ་སོགས་པ་ནི་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་དང་ལྡན་པའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པའི་ལག་པ་གཡོན་པར་ཡང་འདི་ཉིད་ཀྱི་དཔའ་བོའི་སྔགས་བསམས་ལ་དེང་གཏོགས་པའི་ཡིད་ཀྱིས་ཤིང་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དེ་ལ་བཟླས་པར་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་གསུམ་པའི་འགྲེལ་བའོ།། །།

ལེའུ་བཞི་བཅུ་རྩ་བཞི་པ། ཡི་གེ་བདུན་དང་རྣལ་འབྱོར་མ་དྲུག་གི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དུར་ཁྲོད་ཀྱི་རས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རོའི་གོས་སོ། །བའི་འོ་མ་ནི་བ་རང་ཉིད་ཀྱི་འོ་མའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡི་གེ་བདུན་དང་རྣལ་འབྱོར་མ་དྲུག་གི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་བཞི་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་རྩ་ལྔ་པ། རྣལ་འབྱོར་མ་དྲུག་གི་ཚིག་གྲབུ་པ་དང་དགུག་པའི་ཆོ་གའི་འགྲེལ་པ།


DTG017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལས་ཀྱི་རབ་མཆོག་ནི། །ཞེས་


DTG017_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལ་སྣ་ཚོགས་པའི་དངོས་གྲུབ་སྟོན་ཏོ། །རྟ་གསོད་མེ་ཏོག་དག་གིས་ནི། །ཞེས་པའི་རྟ་གསོད་ནི་ཀ་ར་བཱི་རའོ། །གཞན་ནི་གོ་སླའོ། །སྐྱེ་གནས་རྒྱ་ནི་བཅིངས་ནས་སུ། ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་ཅན་དང་ཁ་སྦྱོར་དུ་བྱའོ། །གཞུང་གཞན་གྱི་ཚིག་ནི་རྟོགས་སླའོ། །ལྷག་མ་ནི་གོ་སླའོ། །སྤྲ་ཚིལ་གྱིས་ནི་རབ་ཏུ་བྱུགས། །ཞེས་པ་ནི་སྤྲ་ཚིལ་ལ་གཟུགས་བརྙན་བྱས་ལ་ཙནྡན་དམར་པོའི་ཕྱེ་མ་དང་ཚ་བ་གསུམ་གྱིས་བྱུགས་པར་བྱ་ཞེས་སྦྱར་རོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་མ་དྲུག་གི་ཚིག་གྲུབ་པ་དང་དགུག་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་ལྔ་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་རྩ་དྲུག་པ། ཧ་ལྔའི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཧ་རྣམ་པ་ལྔ་ལག་པར་མཉེ་ཞིང་བསྐུལ་ཚིག་དང་བཅས་པ་ནི་གདམས་ངག་སྟེ། འདིར་དེའི་ཡང་གདམས་ངག་ནི་རྟག་ཏུ་རྣལ་འབྱོར་མའི་དཀྱིལ་འཁོར་གཉིས་བྲིས་པའི་སྦྱོར་བས་ཧ་རྣམ་པ་ལྔ་ལག་པའི་དབུས་སུ་དབང་ལྡན་ནས་གོ་རིམས་མ་ཡིན་པས་བྲི་བར་བྱའོ། །གང་གི་རྐང་རྗེས་ཀྱི་རྡུལ་དང་དུག་དང་ཁྲག་དང་སྐེ་ཚེ་ལག་པ་གཉིས་ཀྱི་མཐིལ་དུ་བྱུག་སྟེ། དེའི་སྟེང་དུ་ལྡོང་རོས་དང་ཐོད་ལེ་ཀོར་ལ་སོགས་པ་ཀ་བཾ་རྟའི་སྨྱུ་གུས་ཧ་རྣམ་པ་ལྔ་བྲིས་ལ་སྦྱིན་སྲེག་བྱ། དེ་ལྟར་བྲི་བར་རྟོགས་པའོ། །བྱ་བ་འདིར་དེ་བཞིན་དུ་བལྟས་ལ། སེང་ལྡེང་གི་སོལ་བ་འམ་རོ་བསྲེགས་པའི་སོལ་བས་ལག་པ་གཉིས་མཉེ་ཞིང་བསྐུལ་ཚིག་དང་བཅས་པས་སྦྱིན་སྲེག་བྱས་ན་ཁ་ནས་ཁྲག་སྐྱུགས་ནས་དེ་མ་ཐག་ཏུ་དགྲ་བོ་འཆི་བར་འགྱུར་རོ་ཞེས་པའི་དོན་ཏོ། །རང་གི་ཁྲག་ནི་ཐོད་གནས་པ། །ཞེས་པ་ནི། དེ་ལྟར་ཐེ་ཚོམ་མེད་པ་ཉིད་དོ། །བྱི་ལ་ལ་སོགས་པའི་ཤ་མཁའ་འགྲོ་མ་རྣམས་ལ་ཤིན་ཏུ་བསྔགས་པར་སྟོན་ཏེ་བྱིལ་ལ་སོགས་པས་སོ། །དཔའ་བོ་ཞེས་པ་ནི་ཡི་གེ་བདུན་པའི་སྔགས་སོ། །ཡི་གེ་རེ་རེ་ཞེས་པ་ནི་ཡི་གེའི་གྲངས་ཀྱིས་འབུམ་བཟླས་པ་བྱའོ་ཞེས་པའི་དོན་ཏོ། །ཡང་ན་ཇི་ལྟ་བའི་དོན་དུ་བྱས་པ་སྟེ། དེ་ལ་ཡང་འབུམ་ཕྲག་ལྔ་ཞེས་པ་ནི་མངལ་འཕོ་བ་སྟེ། ཇི་སྲིད་དུ་ཁུ་ཚུར་མ་བཀྲོལ་གྱི་བར་དུའོ། །ལྷག་མ་ནི་བརྗོད་པའི་དོན་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་དྲུག་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་རྩ་བདུན་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཐམས་ཅད་ཀྱི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉིན་ཞག་དང་པོ་ལ་ཞེས་པ་ནི་དང་པོ་ལ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱ་ཞིང་ཕྱིས་ནི་སྟོང་ཕྲག་བརྒྱད་བྱའོ་ཞེས་སྦྱར་རོ། །ལྷག་མ་ནི་གོ་སླའོ། །ཀ་ཀ་ན་དའི་འབྲས་བུ་ཞེས་པ་ནི་གཎྜོ་ལིའི་འབྲས་བུའོ། །ཁྱིར་བྱ་བར་འདོད་ན་ནི་ཞེས་པ་ནི་རོའི་མེ་ཏོག་དང་སོ་ཏོག་གོ །མགོ་བོ་ཞེས་པ་ནི་ཁ་ན་མ་ཐོབ་མེད་པའི་སྲེ་མོའི་ཐོད་པའི་ནང་དུ་གཏོགས་པར་ལྕགས་ཀྱི་སོ་ཏོག་གུར་གུམ་དང་ལྷན་ཅིག་ཕྱེ་མར་བྱས་ལ་ཇི་ལྟར་གསུངས་པའི་རྗེས་སུ་གནས་པ་ནི་གདམས་ངག་གོ །བྱ་ཆེན་པོའི་གནས་ཞེས་པ་ནི་འུག་པའི་ཚང་ངོ༌། །ཅེ་སྦྱང་གི་མགོ་འམ་འབྲས་སོ་བ་འམ་ཀུ་ཤ་དང་བྲི་ཧ་ཏིའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཐམས་ཅད་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་བདུན་པའི་འགྲེལ་པའོ།། །།

ལེའུ་བཞི་བཅུ་རྩ་བརྒྱད་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཐམས་ཅད་ཀྱི་ལས་ཀྱི་ཆོ་གའི་འགྲེལ་པ།


DTG017_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་སྔགས་སྟོན་ཏེ། བཟང་པོ་བྲིས་ནས་མཆོད་པར་བྱ། །ཞེས་པ་ནི་རླུང་དང་མེ་དང་ཆུ་དང་ས་དང་རུས་སྦལ་དང་སྣ་ཚོགས་ཀྱི་རྡོ་རྗེ་དང་སྣ་ཚོགས་ཀྱི་པདྨའི་སྟེང་དུ་རི་བདུན་གྱིས་ཡོངས་སུ་བསྐོར་བའི་རི་རབ་བསམས་ལ། དེའི་སྟེང་དུ་འཁོར་ལོ་གསུམ་ལ་སོགས་པའི་རིམ་པ་ངེས་པར་རྫོགས་པ་བསྟན་པའོ། །དཔའ་བོ་རྣམས་ཀྱི་དཔའ་ཉིད་ནི། །ཞེས་པ་ནི་གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པའོ། །དཔལ་ཧེ་རུ་ཀ་རྒྱལ་པོ་ཞེས་པའི་དོན་ཏོ། །ཧ་ཧཱ། ཧེ་ཧཻ་ཞེས་པ་ནི་འཁོར་ལོ་གསུམ་གྱི་ལྷ་རྣམས་ཀྱི་ང་རྒྱལ་གྱི་སྔགས་ཆེན་པོ་ཧ་ཧཱའི་བཞད་པ་བསྟན་པའོ། །དཔའ་བོ་ཉི་ཤུ་རྩ་བཞིའོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་ནི་གོ་རིམས་མ་ཡིན་པས་བསྟན་པའི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པ་དང་མཁའ་འགྲོ་མ་རྣམས་ནམ་མཁའ་ལ་འགྲོ་བ་དང་མཁའ་འགྲོ་མ་རྣམས་ཀྱི་ཕྱོགས་བསྒོམ་པ་ཞེས་པའི་དོན་ཏོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །འགྲོ་བ་འདི་དག་ཐམས་ཅད་ཁྱབ། །ཅེས་པ་ནི་དཔའ་བོ་ཉི་ཤུ་རྩ་བཞི་ཞེས་རྟོགས་པར་བྱའོ། །དཔའ་བོ་རྣམས་དང་མཁའ་འགྲོ་ཉིད། །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྱ་བ་ཀུན་ལ་སྒྲུབ་པ་པོས། །


DTG017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་ལ་འཁོར་ལོ་གསུམ་དང་ལྡན་པའི་སྔགས་པས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། འཁོར་ལོ་བདག་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་སོ། །གཞུང་གཞན་ཡང་འདིའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ་པ་ཞེས་པ་ནི་སྙིང་པོའི་སྔགས་སམ་ཇི་ལྟར་འདོད་པའི་སྔགས་བཟླའོ་ཞེས་བྱའོ། །འཁོར་ལོ་ཆེན་པོ་ཞེས་པ་ནི་འཁོར་ལོ་ཆེན་པོ་ནི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འཁོར་ལོ་གསུམ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་ཡང་ན་འཁོར་ལོ་ཆེན་པོ་ཞེས་ཁྱབ་པར་དུ་བྱས་པའི་བསྡུས་པས་འཁོར་ལོ་གསུམ་ཉིད་གཟུང་བའོ། །ཡང་ངེས་པར་གཟུངས་བས་སྔོན་གྱི་ཚིག་ཁྱབ་པར་གྱི་བསྡུ་བའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགོར་མ་ཐམས་ཅད་ཀྱི་སྔགས་ཐམས་ཅད་ཀྱི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་བརྒྱད་པའི་འགྲེལ་བའོ།། །།

ལེའུ་བཞི་བཅུ་རྩ་དགུ་པ། བསྒྲུབ་བྱ་སྐྱེ་བ་བདུན་པའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་འགྲེལ་པ།


DTG017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྔོན་དུ་བསྟན་པའི་ཕྱུགས་ཀྱི་སྒྲུབ་པའི་ཆོ་ག་ཁ་མ་སྐོང་བ་བསྟན་ཏེ། དཔལ་ཧེ་རུ་ཀར་བྱ་བ་གསལ་བར་བྱ་བ་ཡན་ལག་ལྔ་ནི་ཐོས་བས་མནམ་པ་དང་འོད་དང་འཁྱུད་པ་ལ་སོགས་པ་འདིས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བསྒྲུབ་བྱ་སྐྱེ་བ་བདུན་པའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་བཞི་བཅུ་རྩ་དགུ་པའི་འགྲེལ་བའོ།། །།

ལེའུ་ལྔ་བཅུ་པ། དབང་དང་གནས་ལ་སོགས་པ་བསྟན་པའི་ཆོ་གའི་འགྲེལ་པ།


DTG017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་ཉིད་གཞན་ཡང་བསྟན་ཏོ་ཞེས་པའི་དོན་ཏོ། །དེ་ནས་ཞེས་པ་ནི་གོ་སླའོ། །བ་ལང་གི་ཤ་ཞེས་བྱ་བ་ལ་སོགས་པ་དབང་དུ་བྱ་བའི་ཆོ་ག་སྔོན་དུ་བསྟན་པའི་ཆོ་གས་བྱའོ། །ཁ་ཆུ་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཆུ་ནི་མཆིལ་མའོ། །ཟོས་ན་རློན་པའི་ཟས་ནི་ཟོས་ན་སྐྱུག་པའོ། །ངད་ཉིད་མཆོག་ཏུ་མཆོད་ཅེས་པ་ནི་ཐམས་ཅད་ཉིད་དུ་གཉིད་སད་པ་དང་གནས་པ་དང་འདུག་པ་དང་ལྷག་མ་དང་བཅས་པ་ཟ་བ་དང་བྱ་བ་བྱེད་པ་དང་འཁྲིག་པ་ལ་སོགས་པ་འཁོར་ལོ་དང་ལྡན་པའི་སྔགས་པས་སྔགས་བཟླས་པར་བྱ་བ་སྟེ་དུས་ངེས་པ་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ། །སྲེག་བླུགས་བརྒྱ་ཞེས་པ་ནི་ཨརྐའི་ཡམ་ཤིང་ལ་


DTG017_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྒྱས་པའི་ཆོ་གས་སྲེག་བཟླུགས་བརྒྱ་ཇི་སྙེད་ཟླ་བ་གཅིག་ཏུ་སྦྱིན་སྲེག་བྱའོ། །དེའི་ཚེ་དབུལ་བ་ཐམས་ཅད་ཉམས་པར་སྟོན་པའོ། །ཤ་ཆེན་དག་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྷ་རྣམས་ཀུན་ལས་རྒྱལ་འགྱུར་ཏེ། ཞེས་པ་ནི་གལ་ཏེ་ནུས་པ་སྐྱེས་པའི་སྔགས་པས་ཐུན་གཉིས་སུ་མཉམ་པར་གཞག་པའི་སྔགས་པས་སྦྱིན་སྲེག་བྱས་ན་དེའི་ཚེ་ལྷ་ཐམས་ཅད་དང་མཉམ་པར་འགྱུར་རོ། །བརྩོན་འགྲུས་ཆེན་པོ་ལ་སོགས་པ་ཐམས་ཅད་དུ་གཉིས་ཀར་ཡང་སྦྱིན་སྲེག་བྱ་ཞེས་པའི་དོན་ཏོ། །བི་ལ་བ་ཞེས་བྱ་བ་ལ་སོགས་པས་སྔོན་བཞིན་དུ་རྒྱས་པའི་ཆོ་གར་རྟོགས་པར་བྱའོ། །ཕྱུགས་ཀྱི་ཤ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་དང་ཡང་དུ་གོ་མ་ཡུའི་སྦྱིན་སྲེག་བྱ་བ་ནི་སྲེག་རྫས་གཞན་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བར་བསྟན་པའོ། །བརྟུལ་ཞུགས་གཙང་སྦྲ་མེད་ན་ཡང༌། བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་ནི་གང་ཡང་བརྟུལ་ཞུགས་ཀྱང་མེད་ཕྱི་རོལ་གྱི་གཙང་སྦྲ་ཡང་མེད་ཀྱང༌། དེ་ལྟར་ན་ཡང་འདིས་སྤྱད་བཞིན་པས་རྣལ་འབྱོར་པས་ཁྱད་པར་ཅན་གྱི་ལྷའི་བཀས་དངོས་གྲུབ་ཐོབ་པོ་ཞེས་པའི་དོན་ཏོ། །འདིས་ནི་དཔལ་མཆོག་གཙོ་བོའི་བདག་ཉིད་ཆེ་བར་བསྟན་ཏོ། །ལྷག་པའི་ཚེར་འགྱུར་ཞེས་པ་ནི་ལྷག་པའི་ཚེ་ནི་འཆི་བ་ཡང་ཚེ་དང་ལྡན་པར་འགྱུར་བའོ། །ཀུས་མནྟ་ཞེས་པ་ལ་སོགས་པ་ནི་ཀུས་མནྟའི་ས་བོན་དང་མུད་ག་དང་མ་ཤ་དང་གཙོ་མོའི་ས་བོན་དང་སྦྲང་རྩིའི་ཚིགས་མ་སྟེ་སྦྲ་ཚིལ་དང་སྐེ་ཚེ་དང་འདི་ཐམས་ཅད་མཉམ་པོར་བྱས་ལ་གང་གིས་མིང་ནས་བཟུང་སྙིང་པོའི་སྔགས་ལ་སོགས་པས་བསྐུལ་ཚིག་གིས་ཁྱིམ་གྱི་ཕྱོགས་གཅིག་ཏུ་བྱུག་པར་བྱའོ། །ཇི་ལྟར་གསུངས་པ་བཞིན་དུ་འགྱུར་རོ། །གཞུང་གཞན་ལས་ཁྱིམ་གྱི་འདབ་མའི་ལོ་མ་ཞེས་པ་ནི་ཁྱིམ་ལ་འཆང་བའི་དུད་པའོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དབང་དང་གནས་ལ་སོགས་པ་བསྟན་པའི་ཆོ་གའི་ལེའུ་ལྔ་བཅུ་པའི་འགྲེལ་པའོ།། །།

ལེའུ་ལྔ་བཅུ་རྩ་གཅིག་པ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ།


DTG017_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གོས་ནི་ཞེས་པ་ནི་གཅེར་བུའི་གཟུགས་སོ། །ཕྱག་རྒྱ་ལྔ་སོགས་ཞེས་པ་


DTG017_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མགོ་བོའི་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ལག་གདུབ་དང༌། མཆོད་ཕྱིར་ཐོགས་པ་དང་ཐལ་བའོ། །ཤེས་རབ་ཡན་ལག་ཅེས་པ་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཡན་ལག་དང་ལུས་ཀྱི་བརྡ་རྣམས་མཁའ་འགྲོ་བའི་ལུས་ཀྱི་མཚན་ཉིད་དང་དཔའ་བོའི་ཡན་ལག་གི་བྱེ་བྲག་དང་གཡོན་པའི་སྤྱོད་པ་དང་གཙང་སྦྲ་དང་དམ་ཚིག་གི་སྤྱོད་པ་དང་བཞད་པ་དང་གར་ལ་སོགས་པའི་ཕྱག་རྒྱ་དང་ཚོགས་ཀྱི་རིམ་པ་ཞེས་པའི་དོན་ཏོ། །གཞུང་གཞན་ནི་ཤེས་རབ་ཡན་ལག་རྡོ་རྗེ་ནི་ཕུར་བུ་དང་ར་བ་དང་གུར་ལ་སོགས་པའོ། །ཤེས་རབ་ཀྱི་ཡན་ལག་ཉིད་དང་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཕུར་བུ་ཞེས་པ་ནི་རྡོ་རྗེ་ཕུར་བུ་དགུ་དང་རྡོ་རྗེ་བརྡུང་བའི་ཐོ་པ་ཡང་ངོ༌། །དྲ་བ་ཞེས་པ་ནི་རྡོ་རྗེ་གུར་དང་ར་བ་དང་ས་གཞི་ཡང་ངོ༌། །རིམ་པ་ཡིན་པར་གོ་བར་བྱའོ། །ཨཱ་ལི་ཀཱ་ལི་ཞེས་པ་ནི་ཨཱའི་ནི་ཨལ་སོགས་པའོ། །ཀཱ་ལི་ནི་ཀ་ལ་སོགས་པའོ། །རྒྱུ་སོགས་ཏོང་པ་སྔོན་འགྲོ་བ། །ཞེས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པའོ། །སྟོང་པ་ཉིད་དང་སྨོན་པ་མེད་པ་ནི་རུ་སྟེ་དེའི་ཕྱིར་བརྗོད་པའི་དོན་ཉིད་ནི་རུའོ། །ཀ་ནི་གང་དུ་མི་གནས་པའོ། །ཤྲཱི་ནི་གཉིས་སུ་མེད་པའི་དོན་ནོ། །སྔོན་དུ་འཇུག་པ་ལ་ནཱ་ད་ལ་སོགས་པའི་བར་རོ། །ཇི་སྲིད་བསྡུས་པའི་སྦྱོར་བ་ཞེས་པ་ནི་སྲིད་པ་ཞེས་པ་ནས་བཟུང་སྟེ་འཁོར་ལོ་གསུམ་གྱི་ལྷ་ཉེ་བར་བསྡུའོ་ཞེས་པའི་བར་རོ། །བདུད་རྩིས་ཚིམ་བྱེད་ཅེས་པ་ནི་རྒྱས་པ་དང་ཞི་བའི་ཆོ་གས་སྔོན་དུ་གསུངས་པའི་བཀོད་པའི་གོ་ཆ་ལ་སོགས་པ་ལག་པ་གཡོན་པ་སྤྱི་བོར་གཞག་སྟེ་འབར་བར་དམིགས་པའོ། །ཇི་ལྟར་གཡོན་པའི་ལག་པར་བཀོད་པའི་བདུད་རྩི་དཀྱིལ་འཁོར་དང་ལྡན་པའི་ཡི་གེ་བདུན་པ་ཟླ་བའི་དཀྱིལ་འཁོར་དང་བཅས་པ་ཡི་གེ་བདུན་པ་རྣལ་འབྱོར་མ་དྲུག་གི་གོ་ཆ་དང་རྣལ་འབྱོར་བདུད་རྩིའི་དཀྱིལ་འཁོར་ལ་བཀོད་པའི་ཧ་ལྔ་མགོ་བོ་དང་དཔྲལ་བ་དང་མིག་གཉིས་དང་ཁ་དང་མགྲིན་པ་དང་སྙིང་གར་བདུད་རྩིའི་དཀྱིལ་འཁོར་ལ་ཡི་གེ་བདུན་པ་དེ་བཞིན་དུ་བདུད་རྩིས་ཚིམ་ཞིང་སྤྱི་བོ་ནས་འབབ་པར་བྱའོ། །དེ་ནས་སྦར་བ་དང་སྤྲོ་བའི་སྔགས་ཀྱིས་


DTG017_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བྱས་པ་གང་ཡིན་པའི་བདུད་རྩི་ལ་སོགས་པ་བཟའ་བ་བཀོད་པའོ། །གོ་ཆའི་སྔགས་ལ་སོགས་པ་ལག་པ་གཡོན་པར་བཀོད་དེ་ཐམས་ཅད་ཀྱང་བཟའ་བའོ། །གཡོན་པའི་བདུད་རྩིས་ཚིམ་པའི་བདེ་བའི་ཁྱད་པར་ནི་གདམས་ངག་གི་དོན་ཏོ། །མྱ་ངན་འདས་ཞེས་པ་ནི་མྱ་ངན་འདས་ནི་ཕྱག་རྒྱ་ཆེན་པོའི་བདེ་བ་ཆེན་པོའི་རྣམ་པའི་ངོ་བོ་ཉིད་མྱ་ངན་ལས་འདས་པ་ཐམས་ཅད་དུ་ཉོན་མོངས་པའི་སྡོམ་པར་རྟག་ཏུ་གནས་པ་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོ་ཉིད་རྟག་པ་དང་ཆད་པ་དང་དབུ་མ་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཁ་ཅིག་གིས་རྙེད་པར་དཀའ་བ་ལྷ་རྫས་ཀྱི་རིག་པ་མཆོག་གི་ངོ་བོ་ཉིད་བླ་མ་དམ་པ་ཡོངས་སུ་མཉེས་པ་ལས་ཤེས་པར་བྱ་བ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་སོ། །ལག་པའི་མཆོད་པ་ནི་ཞེས་པ་ནི་དེ་ཉིད་ལག་པས་དཀྱིལ་འཁོར་འཁོར་ལོའི་རྣམ་པ་གཡོན་པའི་ལག་པ་ལ་གསང་བ་དང་ཅིག་ཤོས་ཀྱི་མཆོད་པར་བྱའོ། །དེ་ལྟར་གཡོན་པ་དང་གཡས་པའི་ལག་པ་གཉིས་བསྐོར་བས་མཁའ་འགྲོ་མའི་བདེ་བ་དམ་པའོ། །དབང་བསྐུར་བ་ཞེས་པ་ནི་ཕྱིར་མི་ལྡོག་པ་དང༌། ཆུ་དང་དབུ་རྒྱན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་དང༌། བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་དང༌། ཆོས་བཤད་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་དང་བཅུ་བཞིའོ། །གོ་ཆ་ཆེན་པོ་ཞེས་པ་ནི། པུལླཱི་ར་མ་ལ་ཡ་ལ་སོགས་པའི་ས་ཆེན་པོ་དང་ལྷའི་འཁོར་ལོ་དང་སྲུང་བའི་འཁོར་ལོ་ཞེས་པའི་དོན་ཏོ། །ཡང་ན་པུ་ལ་སོགས་པས་ས་ཆེན་པོར་སྔགས་ཀྱི་དཀྱིལ་འཁོར་དག་སྲུང་བའི་འཁོར་ལོ་དང་སྟེ་པུལླཱི་ར་མ་ལ་ཡ་ལ་སོགས་པའི་དོན་ཏོ། །སྔགས་རྣམས་ཞེས་པ་ནི་ཨཱ་ལི་ཀཱ་ལི་ལ་སོགས་པའི་དོན་ཏོ་ཞེས་བྱ་བ་སྟེ་ཞེས་བཅུ་བཞིའོ། །ལྷག་མ་ནི་གོ་སླའོ། །མཐོ་རིས་ལོངས་སྤྱོད་ཅེས་པ་ནི་འཁོར་ལོ་གསུམ་ལ་གནས་པའི་ལོངས་སྤྱོད་གང་ཡིན་པའོ། ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་རྩ་གཅིག་པའི་འགྲེལ་བའོ།། །།དཔལ་ལྡན་བདེ་མཆོག་ཊཱི་ཀཱ་རྗོད་བྱེད་རྗེས་མ་འབྲངས། །


DTG017_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བླ་མེད་རྒྱུད་དང་བརྗོད་བྱའི་རྗེས་འབྲང་མཆོག །ཟབ་ཅིང་རྒྱ་ཆེའི་ངོ་བོ་དངོས་གྲུབ་རང་བཞིན་ཏེ། །དཔའ་བོ་དཔའ་མོ་དབང་ཕྱུག་མ་ལུས་ཡོན་ཏན་གནས། །གཅིག་ཏུ་ཐམས་ཅད་བསྡུས་པ་མཐུན་པར་འདོད་པས་བྲིས། །དཔལ་ལྡན་དཔའ་བོ་རྡོ་རྗེས་བྱས། །སྤྱོད་དང་གྲོལ་བའི་འབྲས་སྟེར་བའི། །མཆོག་སྦྱིན་འདི་ནི་བྲིས་པ་ལས། །བདག་གིས་བསོད་ནམས་གང་བསགས་པ། །དེ་ཡིས་འཇིག་རྟེན་མ་ལུས་ཀུན། །མྱུར་དུ་བདེ་མཆོག་ཐོབ་པར་ཤོག །མ་ལུས་པའི་ཡོན་ཏན་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ང་བ་ལ་བདེ་མཆོག་འཁོར་ལོའི་རྣམ་འགྲེལ་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སོ།། །།ཁམས་པ་བ་རི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་པ་དང༌། པཎྜི་ཏ་ཆོས་སྐྱོང་གིས་བསྒྱུར་ཅིང་ཞུས་སོ།། །།


previousཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ། དཔའ་བོ་རྡོ་རྗེ།next