Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བདུན་པ།


  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞི་བཅུ་རྩ་བརྒྱད་པ། དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པར་ཕྱེ་བ།
   
   
   
   
   
  expand section


 
previousབཞི་བཅུ་རྩ་བརྒྱད་པ། དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པར་ཕྱེ་བ།next

བཞི་བཅུ་རྩ་བརྒྱད་པ། དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པར་ཕྱེ་བ།


DTG017_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་ཞེས་བྱ་བ་ནི་སྔགས་གཞན་ནོ། །དེ་གང་ཞེ་ན་གསུངས་པ། མཁའ་འགྲོ་ཀུན་གྱི་དགེ་བ་ཡི། སྙིང་པོ་ཞེས་པ་སྟེ། མཁའ་འགྲོ་ཀུན་གྱི་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་གཟུང་ངོ༌། །སྙིང་པོ་ནི་སྙིང་པོའི་སྔགས་སོ། །དགེ་བའི་ཞེས་པ་ནི་དགེ་བའི་ཕྱིར་འཇུག་པ་རྣམས་ལས་དགེ་བ་ལ་འཇུག་པའོ། །རྣལ་འབྱོར་མ་ཀུན་གྱིས་


DTG017_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཐམས་ཅད་སྒྲུབ་བྱེད་པ་ནི་རྣལ་འབྱོར་མ་ཀུན་རྣམས་ཀྱིས་སྒྲུབ་པ་པོ་རྣམས་ཀྱི་ཕུན་སུམ་ཚོགས་པ་སྒྲུབ་པའི་ཕྱིར་ནུས་སོ། །དྲན་པ་ཙམ་གྱིས་ཞེས་པ་ནི། སྔར་གྱི་བསྙེན་པའི་རྗེས་ཐོགས་སུ་བཟླས་པ་ཙམ་གྱིས་སྦྱིན་སྲེག་ལ་སོགས་པ་ལ། ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་བསྙེན་པ་དང་པོ་དྲན་པའོ། །དེའི་རྗེས་སུ་དྲན་པ་དང་རྗེས་སུ་དྲན་པར་སྒྲུབ་པའོ། །དེ་ཙམ་གྱིས་སྔར་གྱི་བཞིན་དུ་སྦྱིན་སྲེག་ལ་སོགས་པ་མི་ལྟོས་པར་རོ། །ཡང་དག་དངོས་གྲུབ་རིམ་གྱིས་སོ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་བསྙེན་པ་ལ་འཇུག་པའི་རིམ་པས་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ་ཕྱིན་ན་དེས་བྱིན་གྱིས་བརླབས་ཤིང་བདེ་མཆོག་གི་བདག་ཉིད་ཀྱིས་ཡང་དག་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིན་ཅི་ལོག་ཏུ་གསུངས་པ་ཡིན་ནོ། །བཀླགས་པས་འགྲུབ་སྟེ་ཞེས་པ་ནི་བསོད་ནམས་བསགས་པ་གང་ལ་ལ་ཞིག་གིས་སྔར་གྱི་བསྙེན་པ་ལ་སོགས་པ་ལ་མི་ལྟོས་པས་ལས་ཐམས་ཅད་བྱེད་དོ། །གཞན་གྱི་སྔོན་གྱི་བསྙེན་པ་ལ་སོགས་པ་ལ་ལྟོས་པ་དང་བཅས་པ་ཁོ་ནའོ་ཞེས་པའི་དོན་ཏོ། །དེ་འདིར་གང་ཞེ་ན། གསུངས་པ། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་ནི་མདོར་བསྟན་པའོ། །རྣལ་འབྱོར་མ་ཞེས་པ་ནི་རྒྱས་པར་བཤད་པའོ། །དེ་གང་ཞེ་ན་གསུངས་པ། ཁཎྜ་རོ་ཧ་ལཱ་མ་ལ་སོགས་ཏེ་སོགས་པ་སྨོས་པས་དེ་རྣམས་ཐམས་ཅད་གཞལ་ཡས་ཁང་ན་བཞུགས་པ་རྣམས་གཟུང་ངོ༌། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཞན་དང་ལྷན་ཅིག་པའི་ཡང་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་སྙིང་པོ་ཞེས་དགོངས་སོ། །ཆེ་བའི་བདག་ཉིད་གསུངས་པ། ས་འོག་ཅེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་གོ་སླའོ། །དེའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ་མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མའོ། །ལཱ་མ་ཞེས་པ་ནི་ལཱ་མའོ། །ཁཎྜ་རོ་ཧ་ཞེས་པ་ནི་ཁཎྜ་རོ་ཧ་སྟེ། རྣལ་འབྱོར་མ་ཞེས་པ་གསུམ་པོ་འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། རྣལ་འབྱོར་མའི་འཁོར་ལོའི་ཚོགས་སུ་གནས་པ་གཞན་ཡང་ཡིད་ཀྱིས་བསྒོམ་པར་བྱ་བས་སོ། །དཔའ་བོ་རྣམས་ཀྱི་ཞེས་པ་ནི་དཔའ་མོ་དང་ལྡན་པའི་དཔའ་བོ་ཉིད་ཅེས་པ་ནི་བཅོམ་ལྡན་འདས་ཤེས་རང་དང་


DTG017_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའོ། །ཧ་ཧ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བཞད་པར་བསྟན་པ་ཡིན་ནོ། །དཔའ་བོ་རྣམས་ལས་དཔའ་བོ་ཉིད། །ཅེས་བྱ་བའི་ཚིག་དང་ལྡན་པའི་རྒྱས་པར་བཤད་པ་གསུངས་པ། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཉི་ཤུ་རྩ་བཞི་ནི། །ཞེས་པ་ནི་གཉིས་པའི་དོན་གྱི་དྲུག་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་མངོན་པར་བརྗོད་པའི་རིམ་པ་ལས་སྐུའི་འཁོར་ལོ་ནས་བརྩམས་ཏེ་བསྟན་པ་ཡིན་ནོ། །རིམ་པ་བཞིན་དུ་ནི་སྒྲུབ་ཐབས་ཀྱི་ཆོ་གར་གསལ་བ་ཉིད་དོ། །ཐོད་པའི་དུམ་བུ་ལ་སོགས་པ། །ཞེས་པ་ནི་སོགས་པ་སྨོས་པས་འདིར་རྣམ་པར་གནས་པར་སྟོན་པར་བྱེད་དོ། །འོའི་སྒྲའི་ཞེས་པ་ནི་འོའི་སྒྲའི་དོན་ནི་ཡོངས་སུ་རྫོགས་པ་སྟེ། བསྒོམ་པར་བྱ་བ་ཡིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཁཎྜ་ཀ་པཱ་ལ་ལ་ཐུག་པར་རྣམ་པར་གཞག་པ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་ལ་བཀོད་པའི་དཔའ་བོ་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། །ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཞེས་པ་ནི་གསུམ་པའི་དོན་གྱིས་དྲུག་པའོ། །ཅི་དཔའ་བོ་འདི་རྣམས་ཁོ་ན་དགོད་དམ། །གཞན་དང་ལྷན་ཅིག་ཏུ་ཞེ་ན། གསུངས་པ། དཔའོ་བོ་རྣམས་ཀྱིས་མཁའ་འགྲོ་ཉིད། །ཅེས་པའོ། །རྣལ་འབྱོར་མ་ནི་ཞེས་པ་ནི་རྣལ་འབྱོར་མ་སྟེ་བསྒོམ་པར་བྱ་ཞེས་པ་ལྷག་མའོ། །དེ་ཡང་གང་ཞེ་ན་གསུངས་པ། རབ་གཏུམ་མོ་སོགས། དེ་བཞིན་གཞན་ཡང་ནི་ཞེས་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་གཞན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །སྔར་བཤད་ཆོ་ག་ཡིས་མཆོད་པ། །ཞེས་པ་ནི་རིམ་པར་ཕྱེ་བ་དང་པོ་དང་གསུམ་པ་ལས་གསུངས་པ་ནི་རིམ་པས་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །རྣལ་འབྱོར་མའི་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། །དངོས་གྲུབ་ཀུན་གྱི་གནས་དེ་བཞིན། །ཞེས་པ་ནི་མཆོད་པ་ལ་འཇུག་པའོ། །དེ་བཞིན་ནི་གཞལ་ཡས་ཁང་གི་རྣལ་འབྱོར་མ་རྣམས་ཀྱི་མཆོད་པ་ཞེས་པའི་དོན་ཏོ། །འདི་ནི་ལེགས་པར་གསུངས་ཞེས་པ་ནི་འདི་ནི་མཆོད་ཅིང་བསྒོམ་པའི་མཚན་ཉིད་དོ། །ལེགས་པར་གསུངས་པ་ནི་ཡང་དག་བསྟན་པ་སངས་རྒྱས་བྱེ་བས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་


DTG017_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སངས་རྒྱས་བྱེ་བ་རྣམས་ཀྱིས་སོ། །དཔའ་བོ་བྱེ་བ་ཞེས་བྱ་བ་ནི་དཔལ་བདེ་མཆོག་ལ་སོགས་པའི་བྱེ་བ་རྣམས་ཀྱིས་ཀྱང་ངོ༌། །སླར་ཡང་དཔའ་བོ་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། རེ་རེའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་དཔའ་བོ་རེ་རེ་ལ་རྣལ་འབྱོར་མ་བསྟན་པ་སོ་སོར་རེ་རེ་ཉིད་དོ། །དོན་དམ་པར་ན་བྱེ་བའི་གྲངས་ཡོངས་སུ་བཅད་པའི་རྣལ་འབྱོར་མ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣལ་འབྱོར་མའི་ཆེ་བའི་བདག་ཉིད་གསུངས་པ་རྣལ་འབྱོར་མ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་བརྒྱད་པའོ།། །།


previousབཞི་བཅུ་རྩ་བརྒྱད་པ། དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པར་ཕྱེ་བ།next