Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅོ་བརྒྱད་པ།


  collapse section
   
ལེའུ་དང་པོ། དཀྱིལ་འཁོར་དུ་འཇུག་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousལེའུ་དང་པོ། དཀྱིལ་འཁོར་དུ་འཇུག་པའི་རྣམ་པར་བཤད་པ།next

ལེའུ་དང་པོ། དཀྱིལ་འཁོར་དུ་འཇུག་པའི་རྣམ་པར་བཤད་པ།


DTG018_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄། ། ༄། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སམྦ་ར་ཏནྟྲ་རཱ་ཛ་སུ་ཀ་ར་ཧ་ས་མུཙྪ་ནཱ་མ་བྲྀཏྟི། བོད་སྐད་དུ། དཔལ་འཁོར་ལོ་སྔོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་བའི་ཆོས་དབྱིངས་ངང་ལས་ཐུགས་རྗེ་ཚད་མེད་བྱང་ཆུབ་སེམས་ཀྱི་བདག་ཉིད་སྤྲོས་མེད་ལས། །རྣམ་པ་རྣམས་བརྫུན་དངོས་རྣམས་རང་སེམས་སྒྱུ་མར་སྟོན་པ་ལས་རབ་འདས་གྱུར་སྙིང་པོ་ཆོས་ཀྱི་དོན། །རྒྱལ་བའི་དགོངས་པ་དུ་མ་དཔལ་ལྡན་ཧེ་རུ་ཀ་ཡི་རྒྱུད་ཀུན་སྔོམ་པ་རྒྱ་མཚོ་བླ་མར་བསྡུས། །སྐུ་ལྔ་ཡེ་ཤེས་རང་བྱུང་ལྷུན་གྲུབ་རྒྱལ་བ་དེ་ཉིད་ལ་འདུད་དེ་གསལ་ལས་འབྱུང་དོན་བརྗོད་བྱ། །གང་ལ་བློ་གྲོས་ཅན་དག་དམ་པའི་ཆོས་ཀྱི་དོན་ལ་དགོས་པ་མཐོང་ནས་འཇུག་བྱེད་དེ་ཡི་ཕྱིར། །ཐོག་མ་ཉིད་དུ་བླ་མེད་འབྲས་བུ་འཐོབ་བྱེད་དོན་གྱི་དགོས་པ་བསྒྲུབ་པ་ནུས་པ་ཁྱད་པར་ཅན་ཉིད་དེ། །དེ་དག་སྟོན་པར་འགྱུར་བ་བདེ་བླག་རྟོགས་པར་བྱ་ཕྱིར་རྗོད་བྱེད་འཇིག་རྟེན་དག་ཏུ་བསྟན་པ་ཡིན། དེ་ལ་བདག་དང་གཞན་དོན་ཕུན་སུམ་ཚོགས་པའི་འབྱུང་གནས་ཡོངས་སུ་དག་པ་གྲུབ་པ་འདིར་བསྟན་ཏོ། །དེ་


DTG018_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་འདིར་ཆོས་ཐམས་ཅད་ལ་བདག་མེད་ཅིང་བླ་ན་མེད་པའི་གནས། ཕྱིར་མི་ལྡོག་པའི་ལམ། ཐུན་མོང་མ་ཡིན་པའི་ཐེག་པ་ལ་བློ་རིམ་གྱིས་སྦྱངས་པ་སྔོན་དུ་འགྲོ་བར་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པས། འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་ལ་དགོངས་ཏེ། ཆོས་ཀྱི་ལམ་དུ་མ་བསྟན་པ་ནི། འདི་ཉིད་ལས་ཀྱང༌། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཐབས་ཀྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་བསྟན་པ་ཡིན། །ཞེས་པའི་དོན་གྱིས་རྒྱ་ཆེ་བའི་ལམ་བསྟན་པའོ། །ཟབ་པ་ལྟར་ན། ཐུན་མོང་མ་ཡིན་པའི་གསང་བ་རྡོ་རྗེ་ཐེག་པ་ལ་འཇུག་པར་འདོད་པས། ཕྱི་རོལ་གྱི་དཀའ་ཐུབ་ལ་སོགས་པ་མཚན་མའི་གཡེང་བ་ཅན། ཉན་ཐོས་དང་རང་རྒྱལ་དག་གི་ལམ་དང་སྤྱོད་པ་དག་ལས་ཡང་དག་པར་གྲོལ་བ། ལྷ་དང་མི་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་ཡུལ་ལས་འདས་པ། སྲིད་པ་དང་ཞི་བ་ཐམས་ཅད་ཟིལ་གྱིས་གནོན་པ། བྱང་ཆུབ་སེམས་དཔའི་ལམ། བསླབ་པ་གསུམ་ལ་སློབ་ཅིང་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དག་ཀྱང༌། ལམ་མྱུར་བ་མ་ཡིན་ཞིང་བདེ་བ་ཆེན་པོའི་ཐབས་གསང་བ་མེད་དེ། ཤེས་བྱ་གཉེན་པོས་ཐ་དད་དུ་རྟོག་པ་དང་བྲལ་བ་


DTG018_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པའི་ཕྱིར་རོ། །དེ་ལས་མཆོག་ཏུ་གྱུར་པ་ནི། གསང་བ་རྡོ་རྗེ་ཐེག་པ་ལ་གནས་པའི་བྱ་བ་དང་སྤྱོད་པའི་སྒོ་ནས་ཀྱང༌། རིག་སྔགས་ཀྱི་རྗེས་སུ་གནང་བ་ཙམ་ལ་བརྟེན་ཏེ། བདག་དང་ལྷ་ཐ་དད་དུ་ལྟ་བ་ཅན། ཡོངས་སུ་བརྟགས་པ། མཚན་བཅས་དམིགས་པ་ལས་གྲུབ་པའི་དོན་མངོན་དུ་བྱེད་པར་འདོད་པའོ། །རྣལ་འབྱོར་གྱི་རྒྱུད་དག་ལས་ནི་རྣམ་པར་བཀོད་པའི་དཀྱིལ་འཁོར་ལས། ཆུ་དང་ཅོད་པན་ལ་སོགས་པའི་རྗེས་སུ་གནང་བ་ཐོབ་པས། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང༌། རང་རིག་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ་རིག་པ་འཛིན་པ་ཐོབ་པར་བྱེད་པ་ཉིད་དུ་བསྟན་ཏོ། །ཆོས་ཐམས་ཅད་ལ་སྤྲོས་པ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ། ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་གསང་བའི་དཀྱིལ་འཁོར་ཆེན་པོར་འཇུག་པ་ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ། ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་འཇུག་ཅིང་གནས་པའི་རྣལ་འབྱོར་པས། བདེ་བ་ཆེན་པོའི་བརྟུལ་ཞུགས་ཀྱི་སྤྱོད་པས་བླང་དོར་མེད་པའི་གནས་རབ་ཏུ་མི་གནས་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྐུ་བཞི་རོ་མཉམ་མཆོག་ཏུ་མི་འགྱུར་བའི་ཡན་ལག་དང་ལྡན་པ། མངོན་དུ་བྱེད་པ་ནི་རྣལ་འབྱོར་བླ་ན་མེད་པ། ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་འདི་ཉིད་དོ། །དེ་ལྟར་ཡང༌། མི་ཤེས་རབ་རིབ་ཀྱིས་ལྡོངས་ལ། །ལམ་མཆོག་གསང་བ་སྟོན་བྱེད་པ། །བདེ་བ་ཀུན་གྱི་མཆོག་གྱུར་པ། །དངོས་གྲུབ་ཐམས་ཅད་མྱུར་གྲུབ་འདི། །རྡོ་རྗེ་སེམས་དཔའི་སྤྲུལ་པ་ལས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུང༌། །ཞེས་པའི་དོན་ཏོ། །ཟབ་པ་དང་རྒྱ་ཆེ་བ་དབྱེར་མི་ཕྱེད་པའི་དོན་ནི། །མཉམ་པ་ཉིད་དུ་གནས་པའི་དོན་ལ། །སངས་རྒྱས་རྣམས་ནི་བྱོན་གྱུར་རམ། །མ་བྱོན་ན་ཡང་རྣམ་ཀུན་དུ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །ཞེས་པའི་དོན་ཏོ། །འདིར་ནི་རྣལ་འབྱོར་གསང་བ་ལས། ཐོག་མཐར་སྦས་པ་ཀླ་ཀློའི་སྐད། །ཛཱ་སཾ་པ་ཏྲ་ཎ་མ་སུ་ཀ །ཙ་ཀྲ་ཨུཥྞཱི་ཥ་ས་ཡ། །ཡོ་གི་བྷི་ཥིས་ར་ལི། །ཨེ་ཨ་ར་ལི་ཌཱ་ཀི་ནཱི། །ཀོ་ཤ་ཏནྟྲ་རུཏྟྲ། །བི་ཌ་མ་ཧཱ་ས་གྷརྣི། །དེ་ཉིད་སྤྲོས་མེད་རིན་ཆེན་བདེ་བ་ཡིས། །ཀུན་དགའི་ཚིག་གིས་རྙོག་པ་ཀུན་བྲལ་བ། །རོ་མཉམ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི། །མཁའ་དང་མཚུངས་པ་


DTG018_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་གཤེགས་གནས་ཐོབ་པའོ། །གསང་བ་དབྱིངས་ལས་རབ་འབྱམ་འགྱུར་མེད་རྟག་པ་བདེ་བའི་འབྱུང་གནས་འོག་མིན་ཆོས་དབྱིངས་དང་པོ་ཉིད། །ཞིང་རྣམས་རྒྱ་མཚོ་མཐའ་ཡས་རྟེན་དང་བརྟེན་པ་ཀུན་སྤྱོད་གནས་ཏེ་མི་གནས་རང་བཞིན་གཉིས་མེད་བཞུགས། །ཞིང་ཁམས་སྙིང་པོ་དཔལ་ལྡན་དབང་ཕྱུག་ཆེན་པོ་ཆེ་བ་སྟུག་པོ་བཀོད་པའི་ཕོ་བྲང་བཞིར་གྱུར་པ། །འོད་ཟེར་ལས་ནི་འཇིག་རྟེན་ཁམས་ཀུན་སྣ་ཚོགས་སེམས་ཉིད་སྣང་བའི་ཡུལ་གྱུར་སྟོང་སུམ་སྟོང༌། །ཐབས་དང་ཤེས་རབ་དབྱེར་མེད་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་དང༌། །རྣལ་འབྱོར་དབང་ཕྱུག་དུ་མ་དག་དང་མཁའ་འགྲོ་བསྟན་པ་དཀོན་མཆོག་གསུམ་གྱི་གཞིར་གྱུར་བསིལ་བ་རྣམས། །བདེ་ལེགས་ལྷ་མི་ས་གསུམ་སྤྱོད་པའི་ཡུལ་དུ་རྣམ་དག་ཆོས་འབྱུང་བ་ནི་ཐུགས་རྗེ་ཅན་རྣམས་ཀྱི། །ཐེག་པའི་ཚུལ་ལས་ཕྱི་ནང་གསང་བ་རིག་འཛིན་སྡེ་སྣོད་ཉན་རང་སྡེ་དང་བྱང་ཆུབ་སེམས་དཔའི་ལམ། །ཟབ་དང་རྒྱ་ཆེ་སྙིང་པོ་ཐོག་མ་བར་དང་མཐར་ནི་རྣམ་པར་གནས་པ་དགོངས་དང་ཡང་དག་དོན། །གསང་འཛིན་བདག་པོ་སྣང་བའི་འོད་གྱུར་རྡོ་རྗེ་སྙིང་པོ་རྡོ་རྗེ་ཆོས་ཏེ་མཆོག་གི་སྐུ་མངའ་ལས། །དམ་པ་དང་པོ་འདི་ཉིད་དུས་བཞི་ལས་ཀྱང་འདིར་ནི་ཚེ་གཅིག་ཡོན་ཏན་མངོན་བྱེད་རིམ་པ་ལུས་སེམས་ལ། །དུས་རྣམས་སྤྱོད་ཞིང་རྒྱལ་བ་བདེ་མཆོག་འཁོར་ལོར་གསང་ཆེན་གཉིས་མེད་གནས་འདིར་ཡང་དག་ཐོབ་བྱེད་པའོ། །དེ་ལ་གསང་བ་ཆེན་པོའི་ཡེ་ཤེས་ཀྱི་འབྱུང་གནས་དཀྱིལ་འཁོར་ཆེན་པོ་མངོན་པར་འབྱུང་བ། །རྣལ་འབྱོར་རོལ་པའི་འཁོར་ལོ་ལྷན་ཅིག་སྐྱེས་པའི་དང་ལས་བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རོ་མཉམ་བདེ་བ་ཆེན་པོའི་སྙིང་པོ། །རྡོ་རྗེ་དབྱིངས་དཔལ་ཧེ་རུ་ཀ །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་མི་འགྱུར་བ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པ། རིག་པ་མཆོག་ཏུ་གྱུར་པའི་ཁྱབ་བདག །རྒྱུན་མི་འཆད་པའི་ཆོས་ཉིད་དེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚད་མེད་པའི་ཞིང་ཁམས་ལས། བྱང་ཆུབ་སེམས་ནམ་མཁའ་དང་མཉམ་པར་བྱིན་གྱིས་རློབ་པ་རྡོ་རྗེས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རབ་འབྱམ་སྣང་བ་རྣམ་པར་དག་པ་ཡེ་


DTG018_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་ཀྱི་དབང་བསྐུར་བ་སྟོན་པར་མཛད་པའོ། །ཨེ་ཝཾ་ཐབས་དང་ཤེས་རབ་དེ་ཉིད་མཆོག་ཏུ་མི་འགྱུར་གཉིས་མེད་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་ཉིད། །རྟེན་དང་བརྟེན་པ་དཀྱིལ་འཁོར་ཀུན་དུ་ཐིག་ལེ་དུས་མེ་ཀུནད་ཉིད་ཟླ་ཡེ་ཤེས་རིགས་བདག་ཆེ། །རབ་ཏུ་དགྱེས་པར་ཡེ་ཤེས་རྒྱ་མཚོ་བདེ་ཆེན་རབ་ཏུ་སྔོམ་པ་རང་འབྱུང་ཕུན་སུམ་ཚོགས་པར་གནས། །སངས་རྒྱས་བྱང་ཆུབ་སེམས་ཚོགས་ལྷ་མོ་རོལ་པ་བསམ་མི་ཁྱབ་པར་མཁའ་འགྲོ་ས་གསུམ་ཀུན་དུ་སྤྱོད། །དེ་ལས་མངོན་པར་བྱང་ཆུབ་པ་བླ་ན་མེད་པ་ལས་ཡེ་ཤེས་ཀྱི་སྐུ་དེ་བཞིན་གཤེགས་པ་འཇུག་པ་དང་གནས་པ་དང་འབྱུང་བར་འགྱུར་བ་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་བྱང་ཆུབ་པ་ནི། རང་བཞིན་གྱིས་སྤྲོས་པ་མེད་པ་ལྷུན་གྲུབ་སྟོང་པ་ཉིད་དོ། །ཁྱབ་ཅིང་གསལ་བའི་ངོ་བོ་མངོན་པར་བྱང་ཆུབ་པ་ནི། དངོས་པོ་མེད་པར་དག་ཅིང་གསལ་བར་འབྱུང་བའི་ཁྱབ་བདག་རྡོ་རྗེའོ། །མི་ཟད་པ་སྣང་བའི་ཡེ་ཤེས་མངོན་པར་བྱང་ཆུབ་པ་ནི། མཚུངས་པ་མེད་པའི་སྣང་བ་འོད་གསལ་བའི་མཚན་ཉིད་རྟག་ཏུ་མི་འགྱུར་བའི་དེ་བཞིན་ཉིད་དོ། །སྒྱུ་འཕྲུལ་མངོན་པར་བྱང་ཆུབ་པ་ནི། ཀུན་དུ་འབྱུང་བ་ཐོགས་པ་མེད་པའི་དུས་ན་རྣམ་པ་ཐམས་ཅད་དུ་འགག་པ་མེད་པའོ། །ཡོངས་སུ་དག་པ་ཆོས་དབྱིངས་མངོན་པར་བྱང་ཆུབ་པ་ནི་ཐ་དད་པར་དམིགས་པ་མེད་པའི་ཡེ་ཤེས་ཀྱི་སྐུ་སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དུས་གསུམ་ཐོག་མཐའ་ཀུན་དུ། དཀྱིལ་འཁོར་ཆེན་པོ་གསང་བའི་བདེ་བ་ཆེན་པོ་སྐུ་གསུང་ཐུགས་རྡོ་རྗེ་དམ་ཚིག་གི་འཁོར་ལོར་ཞི་བ་དང་ཁྲོ་བོའི་སྐུ་སྣ་ཚོགས་སུ་སྣང་བའོ། །དེ་ལས་འདིར་ནི་དཔལ་འཁོར་ལོ་སྔོམ་པའི་རྒྱུད་ཉིད་སྟོན་པ། དེ་ཡང་གཞན་དག་ལས་ཁྱད་པར་དུ་གྱུར་པ་ཡང༌། དུས་ཐམས་ཅད་དུ་མ་བྱུང་འབྱུང་བར་མི་འགྱུར་བས་ཁྱད་པར་དུ་གྱུར་པ་དང༌། སྤྲུལ་པའི་དཀྱིལ་འཁོར་བཞུགས་པས་ན་ནུས་པ་དང་ཡོན་ཏན་མྱུར་དུ་ཐོབ་པའི་ཕྱིར་དང༌། དུས་ཡུན་རིང་པོ་ནས་ཐུགས་རྗེས་གཟུང་བར་མཛད་པ་དང༌། དུས་མཐར་ནུས་པ་མི་ཉམས་པར་ཐོགས་མེད་དུ་འབྱུང་བའི་ཕྱིར་དང༌། དེ་བཞིན་གཤེགས་པ་ཐམས་ཅད་རིགས་དུ་མ་བསྡུས་པའི་བདག་ཉིད་དཔལ་ཧེ་རུ་ཀར་གྱུར་པའི་ཕྱིར་ཁྱད་པར་དུ་བསྟན་ཏོ། །དེ་ཉིད་གསང་ཆེན་བླ་ན་མེད་པ་འདི་ཉིད་ཀྱི་ཐོག་མར་གླེང་གཞི་ཕུན་སུམ་


DTG018_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པ་ཇི་ལྟར་བསྟན་ཅེ་ན། གནས་གང་དུ། སྟོན་པ་གང་གིས། འཁོར་ཚོགས་གང་ལ། དུས་ནམ་གྱི་ཚེ། ཆོས་ཚུལ་ལམ་ཐབས་ཇི་ལྟར་གསུངས་པའི་ཚུལ་ལ་སྒྲོ་འདོགས་བཅད་པ་ནི། བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཧེ་རུ་ཀས། །གསང་བ་བདེ་བ་ཆེན་པོ་མཆོག་གི་གནས། །དབང་ཕྱུག་ཆེན་པོ་ཆེ་བའི་ཞིང་ཁམས་ནི། །རྡོ་རྗེ་བཙུན་མོའི་ཆོས་དབྱིངས་འབྱུང་གནས་ཉིད། །ཡོན་ཏན་རྫོགས་པ་རྣམ་དག་གནས་མཆོག་ཏུ། །དེ་བཞིན་གཤེགས་པ་དཔག་མེད་འདུས་པའི་ཚོགས། །ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་ནི། །རྡོ་རྗེ་སྙིང་པོ་རྡོ་རྗེ་ཆོས་སྣང་འོད། །གསང་བའི་མཛོད་འཛིན་སྡུད་པ་པོར་བཅས་ལ། །ཡེ་ཤེས་འོད་གསལ་ལྷན་ཅིག་སྐྱེས་པ་ཉིད། །བདེ་མཆོག་གསང་བ་ཏིང་འཛིན་ཉེར་དགོངས་མཛད། །དེ་ལས་ས་གསུམ་འཇིག་རྟེན་དོན་གྱི་ཕྱིར། །སྟོན་པ་བཅོམ་ལྡན་སྐུ་བཞི་དབྱེར་མེད་ལས། །རི་རབ་རི་ཡི་རྩེ་མོ་ག་ལ་བའི། །ཁང་བརྩེགས་དེར་ནི་དཀྱིལ་འཁོར་འཁོར་ལོ་ནི། །མངོན་པར་འབྱུང་བའི་ཕོ་བྲང་རིན་ཆེན་སྤྲས། །བཀོད་པ་ཚད་མེད་ལྷ་ཚོགས་འདུས་པ་ནི། །བདེ་གཤེགས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །རིག་མ་ལྷ་མོའི་ཚོགས་ཀྱིས་མཆོད་པར་གྱུར། །བཅོམ་ལྡན་གར་ཉམས་ལྡན་པས་བཞུགས་པར་མཛད། །ཁྲོ་རྒྱལ་ཉི་ཤུ་རྩ་བཞི་འཁོར་ལོར་བཀོད། །དཔའ་བོ་རྣལ་འབྱོར་མ་ཚོགས་མཁའ་འགྲོས་བསྐོར། །རྗེ་བཙུན་ཕྱག་ན་རྡོ་རྗེས་འཇིག་རྟེན་གྱི། །ལྷ་ནི་དབང་ཕྱུག་ཆེན་པོ་ཨུ་མར་བཅས། །ཞབས་གཡས་བསྐུམ་པས་ཨུ་མ་དེ་བ་བརྫིས། །གཡོན་ཞབས་བརྐྱང་པས་དབང་ཕྱུག་མནན་པར་གྱུར། །བརྟུལ་ནས་གདན་དུ་མཛད་པས་གནས་པར་གྱུར། །དེ་ཉིད་ཕྲིན་ལས་དབང་བསྒྱུར་གཞན་ཡང་ནི། །ཚངས་པ་དབང་པོ་འཇུག་སེལ་ལ་སོགས་བཏུལ། །གསང་ཆེན་འབྱུང་བའི་དུས་ཏེ་གླེང་གཞི་བསྟན། །དཀྱིལ་འཁོར་རྒྱལ་པོ་མཆོག་ཏུ་བསྟན་པའོ། །འཛམ་གླིང་གནས་སུ་འགྲོ་རྣམས་དོན་གྱི་ཕྱིར། །མངོན་པར་བྱང་ཆུབ་ཚུལ་བསྟན་བདུད་བཏུལ་ནས། །བདེ་བར་གཤེགས་པས་ཕྲིན་ལས་སྟོབས་གཟིགས་པས། །དྷ་ན་ཀ་ཐཱ་པར་པ་ཐི་ཞེས་གླིང༌། །ཆགས་པ་ཟད་བྱེད་ཆོས་ཀྱི་འབྱུང་གནས་ཉིད། །དཀྱིལ་འཁོར་འཁོར་ལོར་དཔའ་བོ་


DTG018_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་མ། །བྱེ་བ་ཕྲག་ནི་བརྒྱད་ཅུ་ལ་སོགས་པ། །དཔག་མེད་འདུས་ལ་གསང་ཆེན་ལེགས་གསུངས་སོ། །ཉི་ཤུ་རྩ་བཞི་གནས་བརྒྱད་བཅས་པར་ནི། །དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་ཡང༌། །འཇུག་ཅིང་དབང་བྱས་ལོངས་སྤྱོད་ཐིམ་པར་མཛད། །འཇུག་གནས་གསང་བ་འབྱུང་ལྡོག་གྱུར་པ་ཡིས། །འཇིགས་བྱེད་མི་བཟད་རྔམ་པ་ནུས་པ་མགོན། །སྒྲ་སྒྲོགས་གློག་འགྱུ་མེ་འབར་ང་རོ་ཅན། །ལྗོན་ཤིང་ལ་གནས་མགོ་བརྙན་ཅན་དང་ནི། །མིའམ་ཡིད་འཕྲོག་ལ་སོགས་མཐའ་བརྒྱད་དང༌། །དུར་ཁྲོད་གནས་སུ་འདུལ་བར་མཛད་པས་ནི། །གདུལ་བྱའི་མིང་ནི་འདུལ་བྱེད་ལ་གྲགས་གྱུར། །ལས་རྒྱལ་མཆོག་གི་ཕྲིན་ལས་བསྟན་པའོ། །ཨུ་རྒྱན་གནས་སུ་ཨིནྡྲ་བོ་དྷི་ཡིས། །བདེ་ཆེན་ཡེ་ཤེས་མཆོག་ཏུ་ཞུས་པའི་དུས། །སྐད་ཅིག་གིས་ནི་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་ཆེན་པོར་སྡེ་བརྒྱད་ལྷ་མིར་བཅས། །དབང་དུ་བསྡུས་ཏེ་རིམ་པས་འཇུག་པ་ནི། །སྒོ་བཞི་ནས་དྲངས་ལྷ་ཁྱམས་གནས་པ་ལ། །ལྷ་ཆེན་བཞི་ལ་སོགས་པ་འཇུག་པར་མཛད། །རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་བཅས་ལ། །དབང་བསྐུར་བྱིན་བརླབས་གསང་ཆེན་བླ་མེད་ཆོས། །ལྐོག་གྱུར་དག་ཏུ་རྡོ་རྗེ་ཐེག་མཆོག་གི །ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། །རབ་ཏུ་གསུངས་པ་གསེར་གྱི་ཤོག་བུ་ལ། །བཻ་ཌཱུ་ཪྻ་ཡི་ཞུན་མས་ཡི་གེར་བཀོད། །དེ་ནས་མ་འོངས་དུས་ལ་དགོངས་ནས་ནི། །ཨུ་རྒྱན་གནས་སུ་ཀླུ་ལས་གྱུར་པ་ཡི། །མཁའ་འགྲོའི་ཚོགས་ལ་བྱིན་གྱིས་བརླབས་ནས་སུ། །དྷརྨ་གྷཱཛྷ་གསངས་བའི་ཆོས་ཀྱི་མཛོད། །དཔལ་ལྡན་རང་འབྱུང་ཕོ་བྲང་གནྡྷོ་རིར། །མཁའ་འགྲོ་དབང་ཕྱུག་མངོན་པར་དགའ་མ་སོགས། །བྱིན་བརླབས་དབང་བསྐུར་ཕྱི་རབས་སྐལ་ལྡན་ལ། །རྗེས་གནང་ཉེ་བར་གདམས་པ་ལུང་བསྟན་པའོ། །ཞེས་རྣལ་འབྱོར་མ་སྙིང་པོའི་རྒྱུད་ལས་གསུངས་པའི་དོན་ཏོ། །


DTG018_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཐོག་མར་རྣམ་པར་བསྡུས་པའི་དོན་ལས། །གསང་བ་ལྔ་ལྡན་དུ་བསྟན་པ་དང༌། ལེའུ་སོ་སོའི་དོན་ཇི་ལྟར་བསྡུས་པ་གཏན་ལ་དབབ་པས་ངེས་པར་རྟོགས་པར་བྱ་བ་དང༌། ཡན་ལག་གི་ཚིག་རྣམ་པར་བཤད་པ་བསྟན་པ་ཉིད་དོ། །དང་པོ་གསང་པ་ལྔ་ལྡན་དུ་བསྟན་པ་ལ་ཡང༌། དབྱེ་བ་བསྟན་པ་ནི། གསང་ཆེན་གྱི་གླེང་གཞི་བསྟན་པ་དང༌། ཁྱད་པར་དུ་གླེང་བསླང་བའི་དོན་བླ་ན་མེད་པ་དང༌། ཐོག་མར་མངོན་པར་འབྱུང་བའི་གཞི་ལྷུན་གྱིས་གྲུབ་པའི་སྙིང་པོ་གསང་བ་བསྟན་པ་དང༌། ལམ་གྲུབ་བྱེད་ཀྱི་རིམ་པ་མཐར་འབྱིན་ཅིང་ཡོངས་སུ་རྫོགས་པར་འགྱུར་བ་དང༌། འབྲས་བུ་གསང་བའི་ཕྲིན་ལས་མངོན་དུ་བྱ་བའི་དོན་ཐུན་མོང་མ་ཡིན་པ་བསྟན་པའོ། །དེ་ལ་དང་པོ་གསང་ཆེན་གྱི་གླེང་བཞི་བསྟན་པ་ལ། དང་པོ་གསང་བ་བསྡུས་པའི་རྒྱུད་ཉེ་བར་འབྱུང་བའི་ཚུལ་ནི། དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །བླ་མ་ལས་ཀྱང་བླ་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྔོམ། །ཞེས་པས་བསྟན་ཏོ། །གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ནས། མཁའ་འགྲོ་དྲ་བའི་སྔོམ་པ་ཡིན། །བར་གྱིས་གླེང་གཞི་ཕུན་སུམ་ཚོགས་པ་བསྟན། །སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉམ་པར་གྱིས། །ཞེས་པས་ཁྱད་པར་དུ་གླེང་བསླང་བའི་དོན་བླ་ན་མེད་པ་བསྟན། ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཤེས་རབ་ཐབས་ཀྱིས་ཀུན་སྦྱོར་བ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་པས་ཐོག་མར་མངོན་པར་འབྱུང་བའི་གཞི་ལྷུན་གྲུབ་ཀྱི་སྙིང་པོ་གསང་བ་བསྟན་པའོ། །ལམ་གྲུབ་བྱེད་ཀྱི་གསང་བ་ནི། དཔལ་ཧེ་རུ་ཀ་དང་ཡང་དག་སྦྱོར། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །དབུགས་འབྱིན་བར་མ་མཆོག་དག་དང༌། །ཅེས་པ་ནས། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་པའི་བར་གྱིས་དང༌། ཡང་རི་སུལ་ཚང་ཚིང་ཞེས་པ་ནས། དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པའི་བར་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་སྔོན་དུ་འགྲོ་བས་དབང་བསྐུར་བ་ནི། དམ་ཚིག་སྔོམ་གནས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་


DTG018_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲུབ་ཐོབ་པར་འགྱུར། །ཞེས་བསྟན་པ་ནི་རྟོགས་པར་བྱེད་པ་དབང་བསྐུར་བ་བསྟན་ཏོ། །ལམ་རིམ་པའི་རྣལ་འབྱོར་བསྟན་པ་ནི། མཆོག་དང་འབྲིང་དང་ཐ་མ་སྟེ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་པ་དང༌། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག་དག་བྱེད་སྡིག་པ་འཇིག་བྱེད་པ། །གསང་སྔགས་ཟློས་པའི་བཟླས་བརྗོད་དང༌། །བསམ་གཏན་གྱིས་ནི་འགྲུབ་པར་འགྱུར། །ཞེས་པས་བསྟན་ནོ། །ལམ་མཐར་འབྱིན་པར་བྱེད་པའི་དམ་ཚིག་བསྟན་པ་ནི། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱད་པར་བྱ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །སྔགས་པས་དངོས་གྲུབ་འཐོབ་མི་འགྱུར། །ཞེས་པས་བསྟན། །ཡང་ལམ་མཐར་འབྱིན་པར་བྱེད་པ་སྤྱོད་པའི་ཆོས་བསྟན་པ་ནི། །རང་རྫས་ཐིག་ལེ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་པ་ནས། ཐེ་ཚོམ་མེད་ཅེས་པའི་བར་དང༌། སྦྲང་རྩི་ཞེས་པ་ནས། དངོས་གྲུབ་རྟག་པར་ཐོབ་པར་འགྱུར། །ཞེས་པའི་བར་གྱིས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀུན་སྤྱོད་ཚོགས་སྤྱོད་རིགས་སྦྱོང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང༌། བདེ་བ་ཆེན་པོའི་ལམ་ཕྱག་རྒྱ་བཞི་ལྡན་དུ་གྲུབ་པའི་གསང་བ་ནི། མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །ཞེས་བ་ནས། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའི་བར་གྱིས་ལམ་ཡོངས་སུ་རྫོགས་པར་འགྱུར་བ་བསྟན། རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་པས་རིགས་ལྡན་ངོས་གཟུང་བ། རིགས་ཀྱི་དབྱེ་བསྡུ་དང༌། དེ་ཉིད་དབང་དུ་བྱ་བས་མཆོད་པར་བསྟན་པ་དང༌། དེ་ལས་གྲུབ་པའི་ཁྱད་པར་བསྟན་པའོ། །གསང་སྔགས་ཟློས་པའི་བཟླས་བརྗོད་དང༌། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །ཞེས་པས་བྱ་བ་ལས་ཀྱི་ཚོགས་རབ་འབྱམ་འགྲུབ་པ་ཕྲིན་ལས་ཐོགས་པ་བ་མེད་པར་འགྲུབ་པ་གནས་སྐབས་ཀྱི་འབྲས་བུ་བསྟན་ལ། འབྲས་བུ་གསང་བའི་དོན་མངོན་དུ་བྱ་བ་ནི། འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན། །ཞེས་པས་བསྟན་ཏོ། །དེ་ལ་ལེའུ་དང་པོར་བརྗོད་བྱ་རྗོད་བྱེད་ལམ་དང་འབྲས་བུ་ཐམས་ཅད་མདོར་བསྟན་


DTG018_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། ལེའུ་གཉིས་པ་ནས་བརྩམས་ཏེ་ལེའུ་ལྔ་བཅུ་པའི་བར་དུ་རྒྱས་པར་བཤད་པས་ལེའུ་སོ་སོར་གཏན་ལ་ཕབ་ནས། ལེའུ་ལྔ་བཅུ་རྩ་གཅིག་པས་གཞུང་ཡོངས་སུ་བསྡུ་བར་བསྟན་པའོ། །དེ་དག་ལ་རྒྱུའི་རྒྱུད་དང་ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་གསུམ་དུ་བསྡུས་ཏེ། དེ་དག་གིས་ཟབ་པ་དང་རྒྱ་ཆེ་བ་བླ་ན་མེད་པ་དེ་ཁོ་ན་ཉིད་སྟོན་པ་དོན་གྱི་རྒྱུད་དོ། །རྗོད་བྱེད་སྒྲའི་རྒྱུད་ནི། གདུལ་བྱ་མི་རིགས་ཀྱི་ཆ་ནས་དང༌། དབང་པོ་རབ་འབྲིང་ཐ་མ་མཆོག་གི་སྒོ་ནས་དང༌། དུས་ཚོད་ཀྱི་སྒོ་ནས་དང༌། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་གདུལ་ཕྱིར་བསྟན་པ་དང༌། འདོད་ཁམས་ཀྱི་ལྷ་མིའི་ཆགས་ཚུལ་གྱི་སྒོ་ནས་ཀྱང་བསྟན་པ་ལས་བྱ་བ་དང་སྤྱོད་པ། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ལས། འདི་ནི་རྣལ་འབྱོར་བླ་མའི་རྒྱུད་དུ་བསྟན་ཏེ། འདི་ལ་ཡང༌། བླ་མེད་རྣལ་འབྱོར་ཆེན་པོ་ཕའི་རྒྱུད་དང༌། རྣལ་འབྱོར་མ་བླ་ན་མེད་པ་ལས། དེ་དག་ཀྱང་རྣལ་འབྱོར་པའི་རྒྱུད་གཙོ་བོར་སྐྱེས་པ་རྣམས་འདུལ་ཞིང་ཞེ་སྡང་གི་རྣམ་པར་ཐར་པ་དང༌། ཡུམ་རྣམས་སྦས་པའི་ཚུལ་དང༌། ཐབས་སྒྱུ་མ་ལྟ་བུ་ལམ་དུ་གྱུར་པས་འོད་གསལ་དང་ཟུང་འཇུག་སྟོན་པའོ། །རྣལ་འབྱོར་མའི་རྒྱུད་ནི་ཆགས་པའི་རྣམ་ཐར་རྣམ་པར་དག་པས་རང་སར་དག་པར་བྱེད་པའི་ཚུལ་དང༌། གཙོར་བུད་མེད་རྣམས་འདུལ་ཞིང་ཡབ་སྦས་པའི་ཚུལ་དང༌། ཤེས་རབ་ལྷན་ཅིག་སྐྱེས་པའི་བདེ་བ་རྩའི་ཀུན་དུ་སྤྱོད་པ་སྟོན་པས་ལམ་དུ་བྱེད་པའོ། །དེ་དག་ཀྱང་ཐབས་ཤེས་རབ་གཉིས་མེད་བདེ་ཆེན་ཕྱག་རྒྱ་ཆེན་པོ་ཐོབ་པར་ནི་གཉིས་ཀ་མཚུངས་པ་ཉིད་དོ། །འདིར་ནི་དཔལ་འཁོར་ལོ་སྔོམ་པའི་རྒྱུད་དེ་དང་པོ་ནམ་མཁའ་དང་མཉམ་པ་ཆེན་པོ་སྟེ། དེ་ལས་ཤིན་ཏུ་བསྡུས་པ་འདི་ཉིད་དུ་ཤེས་པར་བྱའོ། །ད་ནི་ལེའུ་སོ་སོའི་དོན་ཇི་ལྟར་བསྡུ་བ་གཏན་ལ་ཕབ་པས་ངེས་པར་རྟོགས་པར་བྱ་བ་ནི། དེ་ཡང་ལེའུ་དང་པོར་གསང་ཆེན་བླ་ན་མེད་པ་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་སྙིང་པོ་རྡོ་རྗེ་ཡང་དག་པར་བསྡུས་པ་ཉིད་དུ་བསྟན་ནས། ལེའུ་གཉིས་པ་ལས་ནི། ཐོག་མར་དབང་བསྐུར་དགོས་ལ་དེ་ཉིད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཆོ་ག་ལེའུ་གཉིས་པ་བསྟན། ཆོས་འབྱུང་གི་དཀྱིལ་འཁོར་དུ་དབང་གསང་དབང་དང༌། བྱང་ཆུབ་


DTG018_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་ཐོབ་པར་བྱས་པས་ལེའུ་གསུམ་པ་བསྟན། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྟོན་པས་ལེའུ་བཞི་པ་བསྟན། དེར་ལྷ་མོ་རྣམས་ཀྱི་མཚན་སྔགས་ཀྱི་དོན་གསལ་བར་བསྟན་ཏོ། །ལེའུ་ལྔ་པ་ལས་རྩ་སྔགས་ཀྱི་ལས་དངོས་བཏུ་བ་དང༌། མདུན་པར་རྒྱན་ཡན་ལག་གི་འོད་གསལ་བར་བསྟན། བཅོམ་ལྡན་འདས་ཧེ་རུ་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོ་དང༌། དཔའ་བོའི་གོ་ཆ་བཏུ་བ་ལེའུ་དྲུག་པས་བསྟན། ཡང་དཔལ་ཧེ་རུ་ཀའི་སྙིང་པོ་དང་དཔའ་མོ་དྲུག་གི་གོ་ཆའི་སྔགས་བཏུ་བ་ལེའུ་བརྒྱད་པས་བསྟན། རྩ་བའི་སྔགས་ཀྱི་ལས་ཚོགས་ལེའུ་དགུ་པས་བསྟན། ལེའུ་བཅུ་བ་འབྲས་བུ་མཆོག་སྐུ་གསུམ་དང་རྩ་བའི་སྔགས་ཀྱི་ཕྲིན་ལས་ལེའུ་བཅུ་པར་བསྟན། དཔལ་ཧེ་རུ་ཀའི་སྙིང་པོའི་ཕྲིན་ལས་སྐྱེ་བ་བདུན་པའི་དངོས་གྲུབ་བསྒྲུབ་པ་ལེའུ་བཅུ་གཅིག་པར་བསྟན། དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོའི་ལས་རབ་འབྱམ་ལེའུ་བཅུ་གཉིས་པར་བསྟན། དཔའ་བོའི་གོ་ཆའི་ལས་ཚོགས་ལེའུ་བཅུ་གསུམ་པར་བསྟན། དཔལ་ཧེ་རུ་ཀ་བོང་ཞལ་གྱི་རྣལ་འབྱོར་དཀྱིལ་འཁོར་གསང་བ་སྙིང་པོའི་ཕྲིན་ལས་ལེའུ་བཅུ་བཞི་པར་བསྟན། བརྡའི་ཁྱད་པར་གསང་བ་ཡི་གེ་རེ་རེ་བའི་བརྡ་བྱེད་པ་ལེའུ་བཅོ་ལྔ་པར་བསྟན། རིགས་ལྡན་མའི་མཚན་ཉིད་ངོས་གཟུང་བ་ལེའུ་བཅུ་དྲུག་པར་རྣལ་འབྱོར་མ་བདུན་གྱིས་རྒྱས་གདབ་པ་བསྟན། རྣལ་འབྱོར་མ་རྣམས་ཀྱི་རབ་ཏུ་བྱེད་པའི་ཁྱད་པར་ཐུན་མོང་བ་དང་མཆོག་ཏུ་གྱུར་པའི་དབྱེ་བ་ལེའུ་བཅུ་བདུན་པར་བཤད་དོ། །ཁྱད་པར་དུ་མཁའ་འགྲོ་མའི་རིགས་ཀྱི་རྣམ་པར་ལེའུ་བཅོ་བརྒྱད་པར་བསྟན། ཐུགས་རྗེས་ཁྱད་པར་དུ་གྱུར་པ་ལ་མའི་རྣམ་པར་འགྱུར་བ་ལེའུ་བཅུ་དགུ་པར་བསྟན། བརྡ་ལན་དང་བཅས་པ་སྟོན་པ་ཡན་ལག་གི་བརྡའི་གསང་བ་ལེའུ་ཉི་ཤུ་བར་བསྟན་ལ་ལུས་བརྡའི་ཀུན་དུ་སྤྱོད་པ་ལེའུ་ཉེར་གཅིག་པར་རོ། །ཡང་དག་པའི་ཕྱག་རྒྱས་གསང་བའི་བརྡ་ལན་གྱི་བྱེད་པ་སྟོན་པ་ལེའུ་ཉེར་གཉིས་པས་བསྟན། རྣལ་འབྱོར་པ་ལ་རྗེས་སུ་ཆགས་པའི་བདེ་བ་སྟོན་པའི་མཚན་མ་བྲི་བར་བྱེད་པ་ལེའུ་ཉེར་གསུམ་པས་བསྟན། ངག་གི་བརྡའི་ཡི་གེ་རབ་བྱེད་འདུས་པའི་ཆོ་ག་གསང་བ་ལེའུ་ཉེར་བཞི་པས་བསྟན་ཏོ། །བཅོམ་


DTG018_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་འདས་ཀྱི་རྩ་བའི་སྔགས་གསལ་བར་བསྟན་པ་ལེའུ་ཉེར་ལྔ་པ་ལས་གསུངས་པ་དམ་ཚིག་ཁྱད་པར་དུ་བསྟན་པ་བསྲུང་བྱ་ངེས་པ་བསྟན་པ་ལེའུ་ཉེར་དྲུག་པར་རོ། །ཕོ་ཉ་དང་གཙང་སྦྲ་བསྟེན་པ་དང༌། སྤྲོས་བཅས་ཀྱི་ཀུན་དུ་སྤྱོད་པ་དང༌། རྗེས་གཟུང་བསྡུས་པ་དང༌། གཏོར་མ་འབུལ་བ་ལེའུ་ཉེར་བདུན་པས་སོ། །དེ་ཁོ་ན་ཉིད་དང་ལྡན་པ་ལམ་རིམ་པ་གཉིས་ཀའི་གསང་སྤྱོད་ལ་འཇུག་པ་ལེའུ་ཉེར་བརྒྱད་པས་བསྟན། རིགས་ལྡན་གྱི་ཁྱད་པར་ལས་བདེ་བ་བསྒྲུབ་ཅིང་དྲན་པ་ཉེར་གཞག་བསྟན་པ་དང༌། སྤྱོད་པའི་དུས་ངེས་པ་དང་བཅས་པ་སྟོན་པ་ནུས་པ་ཐོབ་པའི་དོན་སྟོན་པ་ལེའུ་ཉེར་དགུ་པས་བསྟན། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་ཞལ་བཞི་པའི་སྔགས་བཏུ་བ་ལེའུ་སུམ་ཅུ་པས་བསྟན། བཟའ་བའི་དམ་ཚིག་ལས་དཔའ་བོའི་སྣོད་དང་ལྡན་པས་ལག་མཆོད་རྒྱས་པར་ལེའུ་སོ་གཅིག་པས་བསྟན། དངོས་གྲུབ་མྱུར་དུ་སྒྲུབ་ཅིང་རོ་ལངས་བསྒྲུབ་པ་དང༌། ཧེ་རུ་ཀ་མངལ་སྐྱེས་ཀྱི་མངོན་རྟོགས་ལེའུ་སོ་གཉིས་པར་བསྟན། སྟེང་འོག་སྒོའི་བྱེ་བྲག་གིས་ཕྱག་རྒྱ་བཞི་ལྡན་ལམ་དུ་བྱེད་པ་ལེའུ་སོ་གསུམ་པས་སོ། །རིམ་པ་བཞི་ལ་གནས་པ་གཏུམ་མོ་འབར་འཛག་ལམ་དུ་གྱུར་པ་ལེའུ་སོ་བཞི་པས་བསྟན། གསང་བ་དཔྱིད་དང་ཐིག་ལེའི་རྣལ་འབྱོར་ཉི་ཟླ་གཟའ་འཛིན་དུ་བཅས་པ་ལེའུ་སོ་ལྔ་པས་བསྟན། རང་འོད་ཀྱི་རྣལ་འབྱོར་མ་དམ་ཚིག་ཕྱག་རྒྱ་དང༌། བདེ་བ་གསང་བ་བྱང་སེམས་ཀྱི་མཆོད་པ་བསྟན་པ་ལེའུ་སོ་དྲུག་པས་བསྟན། ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོ་བསྒྲུབ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དབང་དུ་བྱ་བ་ལེའུ་སོ་བདུན་པས་བསྟན། ལས་དང་པོ་ཀུན་དུ་བཟང་པོ་དང༌། མགོན་པོ་ཀུན་སྤྱོད་དང༌། མཉམ་གཞག་ཆེན་པོ་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལེའུ་སོ་བརྒྱད་པས་བསྟན། ལྷག་པའི་ལྷ་ཞལ་མཐོང་དུ་ཉེ་བ་ནས་རྡོ་རྗེའི་གད་པོ་བརྒྱད་ཀྱིས་སད་པའི་ཐབས་ལེའུ་སོ་དགུ་པས་བསྟན། འགྲོ་བ་གཞན་དོན་གཙོར་བྱ་བ་མི་རིགས་ལྔ་ལ་སོགས་པ་དབང་དུ་བྱ་བ་ལེའུ་བཞི་བཅུ་པས་བསྟན། ཕྲིན་ལས་ཐམས་ཅད་ལས་ཆེན་བཅུ་གཉིས་སུ་བསྡུ་ཞིང་ནང་ལ་མཆོག་ཏུ་གཞོལ་བས་འགྲུབ་པ་དང༌། རིགས་ཀྱི་ཁྱད་པར་དང་ལྡན་པས་གནས་པ་དང་ཉེ་བའི་གནས་ལ་སོགས་པར་ལྷན་


DTG018_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་གྲུབ་བྱེད་ལེའུ་ཞེ་གཅིག་པས་བསྟན་པ་དང༌། དབང་གསུམ་པའི་ལམ་གསང་བ་དང༌། གར་གྱི་ཉམས་དགུ་དང་ལྡན་པས་གཟུགས་དང་ལས་ཀྱི་གསང་བ་ལེའུ་ཞེ་གཉིས་པས་བསྟན། རྣལ་འབྱོར་མ་རྣམས་ཀྱིས་རྗེས་སུ་འཛིན་པ་དང༌། དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོའི་ཕྲིན་ལས་རྨི་ལམ་དུ་བྱེད་ཅིང་སྐྱེ་བ་བརྟག་པ་དང༌། ནད་ཞི་བར་བྱེད་པ་ལ་སོགས་པས་རྟེན་འབྲེལ་གྱི་ཆེ་བ་དུ་མ་སྟོན་པ་ལེའུ་ཞེ་གསུམ་པས་བསྟན། དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོ་དང༌། རྣལ་འབྱོར་མ་དྲུག་གིས་ལས་ཀྱི་ཕྲིན་ལས་བསྟན་པ་ལེའུ་ཞེ་བཞི་པ་ལས་སོ། །དཔའ་བོ་དྲུག་གི་གོ་ཆའི་ལས་དབང་དུ་བྱ་བ་དང༌། ངག་གི་དབང་ཕྱུག་བསྒྲུབ་པ་སྟེ་ལེའུ་ཞེ་ལྔ་པས་བསྟན། ཧ་ལྔའི་ཕྲིན་ལས་ཁ་སྦྱར་དབྱེ་ཞིང་ཁྲག་དགུག་པའི་ལས་ཞེ་དྲུག་པས་བསྟན་ཏོ། །རྗེ་བཙུན་མའི་སྙིང་པོའི་ཕྲིན་ལས་རབ་འབྱམས་རྩ་སྔགས་རིང་པོའི་བྱེད་ལས་ལེའུ་ཞེ་བདུན་པར་བསྟན་པའོ། །རྗེ་བཙུན་མའི་གསང་སྔགས་གྲུབ་པའི་དབང་ཕྱུག་ཏུ་བསྟན་ཅིང་དཀྱིལ་འཁོར་རྒྱས་པར་བསྟན་པ་ལེའུ་ཞེ་བརྒྱད་པ་དང༌། སྐྱེ་བ་བདུན་པའི་གྲུབ་པ་བསྟན་པ་ལེའུ་ཞེ་དགུ་པ་དང༌། སྦྱིན་སྲེག་གི་སྒོ་ནས་འགྲོ་བ་དབང་དུ་བྱེད་པ་དང༌། གནས་ལ་སོགས་པའི་དབང་ཕྱུག་བསྟན་པ་ལྔ་བཅུ་པའོ། །མངོན་པར་རྟོགས་པ་བསྡུས་པའི་བྱེད་པ་དང༌། འབྲས་བུའི་རྒྱུད་དང༌། རྫུས་སྐྱེས་ཀྱི་རྣལ་འབྱོར་བསྟན་པས་གཞུང་ཉེ་བར་བསྡུ་བ་ལེའུ་ལྔ་བཅུ་རྩ་གཅིག་པས་བསྟན་པའོ། །ད་ནི་ཡན་ལག་གི་ཚིག་དོན་རྣམ་པར་བཤད་པ་ལས། དང་པོར་རྒྱུད་དོན་ལ་འཇུག་པའི་ཆོས་ཀྱི་ཁྱད་པར་བླ་ན་མེད་པའི་སྙིང་པོ་བསྟན་པར་བྱ་བ་ནི། ཨཱརྠ་ཞེས་པའི་སྒྲས་གང་དུ་བསྟན་པའི་དོན་ཕྱིན་ཅི་མ་ལོག་པ་ཡོངས་སུ་གསལ་བར་བྱེད་པའི་ཕྱིར། དེ་ནས་ཞེས་པ་སྔ་མའི་རྗེས་ཐོགས་སུ་འཇུག་པ་ཉིད་ཀྱིས་ཐོག་མ་དང་བར་དང་ཐ་མར་དགེ་བའི་དོན་བསྟན་པར་བཞེད་པའོ། །གསང་བ་ནི་དཔལ་ཁྱབ་བདག་ཡེ་ཤེས་སྐུ་ཅན་གྱིས་མཆོག་ཏུ་མི་འགྱུར་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐབས་དང་ཤེས་རབ་སྙིང་རྗེ་དང་སྟོང་པ་རོ་མཉམ་བདེ་ཆེན་དབྱེར་མེད་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཚིག་དོན་ཐ་མི་དད་པར་འབྱུང་བ་དེ་བཤད་བྱ་བ་ཞེས་སྨོས་ཏེ།


DTG018_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟབ་པ་རྒྱ་མཚོ་ལྟ་བུ་དང་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་ཆོས་བླ་ན་མེད་པ་རོ་མཉམ་པའི་དོན་ཏོ། །རབ་ཏུ་བྱེད་པ་བསྟན་པ་ནི། མདོར་བསྡུས་པ་སྟེ་རྒྱས་པར་མིན་ཞེས་པས། རབ་ཏུ་གསལ་ཞིང་རྣམ་པར་དག་པ་མཚུངས་པ་མེད་པ་ལས། གཞུང་ཉུང་ངུའི་རབ་བྱེད་སྤྲོས་པ་ལས་མདོར་བསྡུས་པ་ཡིན་ཞིང༌། དབང་པོ་རྣོན་པོ་མཆོག་ཏུ་གྱུར་པའི་སྐལ་པ་ཅན་ལ་བསྟན་པ་ཡིན་གྱི་རྒྱས་པར་མིན་པ། དབང་པོ་དམན་པའི་སྤྱོད་ཡུལ་དུ་མ་གྱུར་པས་དབང་པོ་རྟུལ་པོ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་སྙིང་པོའི་དོན་རྒྱས་པ་ཀུན་ལ་ཁྱབ་ཅིང་ཆོས་ཉིད་མི་འགྱུར་བའི་ཕྱག་རྒྱ་ཆེན་པོ་སྟོན་པའོ། །དེ་ནས་དེ་ཉིད་མཆོག་གྱུར་པ། །སྙིང་པོ་གསང་བ་བླ་ན་མེད། །རྒྱལ་བ་རྒྱ་མཚོའི་དགོངས་པ་ཆེ། །ནམ་མཁའ་མཉམ་པ་གཉིས་མེད་པ། །གསལ་བ་དྲི་མེད་བཤད་བྱ་སྟེ། །དོན་རྒྱས་རབ་བྱེད་ཉུང་ངུ་སྟེ། །སྐུ་གསུང་ཐུགས་དཔལ་བདེ་བ་མཆོག །ཡང་དག་རྣལ་འབྱོར་དབང་ཕྱུག་མཆོག །ཕྲིན་ལས་ནུས་པ་དངོས་གྲུབ་སྟེར། །མི་ཕྱེད་རྡོ་རྗེ་མཆོག་སྒྲུབ་ཡིན། །ཞེས་དྲ་བ་སྔོམ་པ་ལས་གསུངས་པའི་དོན་ཏོ། །དེ་ཉིད་འབྱུང་བའི་གནས་ཡེ་ཤེས་ཀྱི་སྐུ་བསྟན་པའི་ཕྱིར། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་སྨོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། ཀ་ཀཱ་ཡ་བཛྲ་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྐུ་ཡོངས་སུ་རྫོགས་པའི་རང་བཞིན་ཅན་སྐུ་རྡོ་རྗེ་དང༌། རུ་རུ་ཏི་བཱ་ག་བཛྲ་བརྗོད་དུ་མེད་པ་ཆོས་ཉིད་ཀྱི་དང་ལས་གསུང་དབྱངས་མི་འགག་པར་རང་འབྱུང་གསུང་རྡོ་རྗེ་དང༌། ཧེ་ཧེ་ཧ་ས་ན་དགྱེས་པ་ཆེན་པོར་རོལ་པ་ཐུགས་རྡོ་རྗེ་མི་འགྱུར་བ་གསང་བ་བདེ་བ་ཆེན་པོའི་ངོ་བོ་ཡེ་ཤེས་སྙིང་རྗེ་ཆེན་པོ་དང་དབྱེར་མི་ཕྱེད་པའི་བདག་ཉིད་བདེ་བ་མཉམ་པ་ཉིད་ཡང་དག་སྦྱོར་བ་སྐུ་ལྔ་ཡེ་ཤེས་རོ་གཅིག་ལྷན་ཅིག་སྐྱེས་པར་འབྱུང་བའོ། །ཕུན་སུམ་ཚོགས་པའི་འབྲས་བུ་མྱུར་དུ་སྟེར་བར་བྱེད་པ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །ཞེས་སྨོས་ཏེ། ལས་དང་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བ་སྟེ། རྣལ་འབྱོར་པ་དབང་པོ་རྣོན་པོས་ཚེ་འདི་ཉིད་ལ་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་བའི་དོན་ཏོ། །དེ་ཉིད་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཡོན་ཏན་དུ་མ་སྔོན་དུ་བྱེད་ཅེས་པའི་ཐ་ཚིག་ཅན་ནོ། །རྒྱུད་ཐམས་


DTG018_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ལས་མཆོག་ཏུ་གྱུར་པ་བསྟན་པའི་ཕྱིར། བླ་མ་ལས་ཀྱང་བླ་མ་སྟེ། །ཞེས་པས། རྣལ་འབྱོར་ཆེན་པོ་བླ་མའི་རྒྱུད་ཐམས་ཅད་ལས་འདི་ཉིད་ཀླ་ཀློའི་སྐད་ཀྱིས་སྨྲས་པ་ཉིད་དེ། ཀུན་ལས་ཁྱད་པར་དུ་འཕགས་པས་བླ་མ་མཆོག་སྟེ་གསང་ཆེན་ཕུལ་དུ་བྱུང་བ་གོང་ན་མེད་པ་བདེ་ཆེན་གསང་བ་མི་འགྱུར་བའོ། །དེ་ཉིད་ལ། ཀུན་ལས་མཆོག་གྱུར་བླ་ན་མེད། །གཉིས་མེད་རྒྱུད་ཀུན་ལས་རྒྱལ་བ། །དབང་ཕྱུག་གསུམ་གཙོ་བོ་སྟེ། །དྲ་བ་སྔོམ་པར་བརྗོད་པ་ཡིན། །ཞེས་པའི་དོན་ཏོ། །དེ་ཉིད་རྫུ་འཕྲུལ་ཚད་མེད་པས་ལམ་གོང་ནས་གོང་དུ་འགྲོ་བའི་དབང་ཕྱུག་ཏུ་བསྟན་པ་ནི། །མཁའ་འགྲོ་མ་ཡི་དྲ་བ་སྔོམ། །ཞེས་པས་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ངང་དུ་རིག་པའི་ཡེ་ཤེས་རང་གྲོལ་བ་སྟེ། དེས་རྒྱུ་ཐབས་འབྲས་བུའི་བར་དུ་འབྲེལ་བར་རྒྱུན་མི་འཆད་པས་ན། འཛིན་ཅིང་སྡུད་པར་བྱེད་པས་ན་དྲ་བ་ལྟ་བུ་སྟེ། དེ་ཡང་ཆོས་ཐམས་ཅད་བདེ་སྟོང་ལྷན་ཅིག་སྐྱེས་པའི་ངང་དུ་སྔོམ་པ་ཉིད་དུ་བསྟན་པའོ། །དེ་ཉིད་ལ་རྣལ་འབྱོར་མ་མཁའ་འགྲོ་རྒྱ་མཚོ་ལྟར་ན། དེ་ནས་དེ་ལ་གསང་བ་བཤད། །ཅེས་བྱ་བ་སྨོས་ཏེ། ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་དམན་པ་ཉན་ཐོས་དང་རང་རྒྱལ་བའི་ཐེག་པ་ལ་གནས་པ་ལས་འདས་པ། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཐེག་པ་ལས་ཀྱང་མཆོག་ཏུ་གྱུར་པ་བླ་ན་མེད་པ། གསང་བ་ལས་ཀྱང་ཤིན་ཏུ་ཆས་གསང་བའི་གསང་བ་ཆེན་པོ་སྟེ། དེ་ཉིད་ཟབ་པའི་གསང་བ་སྦས་པའི་དོན་དང༌། རྒྱ་ཆེ་བའི་གསང་བས་རྒྱས་བཏབ་ཅིང་ཁྱབ་པ་དང་ལྡན་པ། གཉིས་སུ་མེད་པའི་གསང་བ་བདེ་ཆེན་ཡེ་ཤེས་སྙིང་པོ་དེ་ཉིད་བཤད་པར་བྱ་སྟེ། འདི་རྩ་བའི་རྒྱུད་དུ་ངེས་པ་གསང་བ་ལྔ་ལྡན་དུ་སྟོན་པས། བཤད་པའི་རྒྱུད་དུ་མ་རྣམ་པར་གསལ་བར་བཤད་པར་རིགས་སོ། །ཞེས་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་ཏོ། །མདོར་བསྡུས་པ་ནི་རྗོད་པར་བྱེད་པ་ཚིག་ཚོགས་ཉུང་དུར་གྱུར་པ་ཡིན་ཡང་བརྗོད་བྱའི་དོན་མི་རྒྱས་པ་ཡང་མ་ཡིན་ཏེ། གཞུང་ཚོགས་ནམ་མཁའ་དང་མཉམ་པ་ཆེན་པོ་ལ་ལྟོས་ན་རྒྱས་པར་མིན་ཞེས་སྙིང་པོ་བསྡུས་པ་གསལ་བར་བསྟན་པའོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར་ནི་སྤྱིར་ན་རིགས་ལ་གནས་པས་སེམས་བསྐྱེད་གསུམ་ལ་གཞི་དགོད་པས་ལམ་དང༌། འབྲས་བུ་བྱང་ཆུབ་ཆེན་པོ་སྟེ། ཡང་ཧེའི་སྒྲ་ལས་དྲངས་ན། ཧེ་ཏུ་ཨུ་པ་གྷ་ཏ་སརྦ་


DTG018_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྷརྨཱ་ཞེས་བྱ་བས། ཆོས་ཐམས་ཅད་རྒྱུ་དང་བྲལ་བས་མཚན་མ་མེད་པའི་རྣམ་པར་ཐར་བའི་སྒོ་སྟོན་པའོ། །ལུས་ཉིད་ཧའི་སྒྲ་ལས་དྲངས་ན། ཧ་ན་ཨུ་པ་ཙ་ཡ་ཏ་བྷི་ར་ཏོ་སརྦ་དྷརྨཱ་ཞེས་བྱ་བས། དེ་ཉིད་ཆོས་ཐམས་ཅད་མཉམ་པ་མེད་པ་ཡིན་པ་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་བསྟན། ཨེ་བྱིན་པས། ཨེའི་སྒྲ་ལས་དྲངས་པ་ཡིན་ན། ཨེ་བི་ད་ཤ་ན་བྷི་ནི་ར་སགྷོ་ཏི་སརྦ་དྷརྨཱ་ཞེས་བྱ་བའི་སྒྲས་ཆོས་ཐམས་ཅད་མཚོན་པ་དང་བྲལ་བས་རྣམ་པར་ཐིར་བའི་སྒོ་སྨོན་པ་མེད་པ་ཉིད་བསྟན་ཏོ། །ཡང་རུ་ཞེས་པའི་སྒྲ་ལས་དྲངས་ན། རུ་ཨ་སྲིཏྟི་ཨ་ཨུཏྤ་སརྦ་དྷརྨཱ་ཞེས་བྱས་པས་ཆོས་ཐམས་ཅད་བྲག་ཅའི་སྒྲ་ལྟར་རང་གྲག་བརྗོད་དུ་མེད་པ་རྣམ་ཐར་སྟོང་པ་ཉིད་དུ་སྟོན་ཏོ། །ལུས་ཉིད་རའི་སྒྲ་ལས་དྲངས་ན། རསྟི་སཾ་ཡུག་ཉ་སརྦ་དྷརྨཱ་ཞེས་པས་ཆོས་ཐམས་ཅད་དགག་སྒྲུབ་མེད་པས་རྣམ་ཐར་མཚན་མ་མེད་པ་བསྟན། ཀ་ཞེས་པས། ཀ་ཀཱ་ཡ་ཙིཏྟ་སརྦ་དྷརྨཱ་ཞེས་ཆོས་ཐམ་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཞེས་པས་རྣམ་པར་ཐར་པ་སྨོན་པ་མེད་པའི་སྒོ་ཉིད་དོ། །ཡང་དེ་དག་སྡུད་པའི་རང་བཞིན་ཤྲཱི་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཤྲཱི་པའི་ཛྙཱ་ན་སྟེ། ཡེ་ཤེས་བདེ་བ་ཆེན་པོ་བདག་གཞན་གཉིས་མེད་ཀྱི་དཔལ་ཕུན་སུམ་ཚོགས་པ་སྟེ་མངོན་པར་འདུ་བྱ་བ་མེད་པ་ཉིད་དུ་བསྟན་པའོ། །ཡང་དག་སྦྱོར་བ་བླ་ན་མེད་པའི་བདེ་བ་ལ་ཟག་པ་མེད་པའི་གནས་ལ་སྦྱོར་བ་གསང་བའོ། །ཐ་མལ་སྒོ་གསུམ་རྣམ་པར་དག་པ་ལྷའི་རྣལ་འབྱོར་དུ་སྦྱོར་བ་ཉིད་དོ། །ཁྱད་པར་རྣམ་ཐར་སྒོ་གསུམ་སྐད་ཅིག་མ་དག་པའི་ཚུལ་དང༌། སྐུ་གསུང་ཐུགས་བདེ་ཆེན་མི་འགྱུར་བ་ཡང་དག་པར་སྦྱོར་བ་བརྗོད་བྱའི་དོན་ལ་རྗོད་བྱེད་སྒྲ་ཙམ་དུ་མཚོན་པས་ཡང་དག་པར་སྦྱོར་བ་མངོན་པར་འདོད་པའི་དོན་དགོས་པ་ཁྱད་པར་ཅན་ཐོབ་པར་བྱེད་པ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་པས་ནུས་པ་དང་ཡོན་ཏན་རིག་པ་འཛིན་པའི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་དུ་འགྱུར་བ་འབྲས་བུ་སྐུ་དང་ཡེ་ཤེས་མཚུངས་པ་མེད་པ་ཉིད་དུ་བསྟན་པས་གསང་བའོ། །བླ་མ་ནི་སྐུ་གསུམ་སྤྱིར་ཐོབ་ཅིང་མངོན་དུ་བྱ་བ་ལྷའི་རྣལ་འབྱོར་ལ། དེ་ལས་ཀྱང་བླ་མ་སྟེ་ཞེས་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་ལམ་འདི་ལ་བརྟེན་ནས་མྱུར་དུ་ཐོབ་པའི་དོན་


DTG018_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པ་ཡིན་ནོ། །མཁའ་འགྲོ་མ་ནི་རྡོ་རྗེ་ཌཱ་ཀི་ལ་སོགས་པ་གནས་གསུམ་གྱིས་བསྡུས་པའི་ཆོས་ཉིད་ཀྱི་ངང་ལས་ཡེ་ཤེས་ཉིད་དུ་འབྱུང་བའོ། །དེའི་དྲ་བ་སྔོམ་ཞེས་ལུས་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དང་དུ་ཐབས་ཤེས་རབ་དབྱེར་མེད་སྙིང་པོ་རྡོ་རྗེའི་གནས་སུ་སྔོམ་པ་ཉིད་དེ། དེ་ནས་དེ་ལ་གསང་ཆེན་བཤད་བྱ། སངས་རྒྱས་ཀུན་གྱི་སྙིང་པོ་དེ་ཉིད་ཡན་ལག་རྒྱས་མིན་ངོ་བོ་མི་འགྱུར་བ། །ཐབས་དང་ཤེས་རབ་གཉིས་མེད་བདེ་ཆེན་སྔོམ་པ་ཡང་དག་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་འགྱུར། །ཐུན་མོང་ཁྱད་པར་ལས་དང་དངོས་གྲུབ་འབྱུང་གནས་བདེ་བླག་ཉིད་དུ་མྱུར་དུ་ཐོབ་བྱེད་པ། །གོང་ནས་གོང་དུ་མཆོག་འགྱུར་སྔོམ་པ་ཆེན་པོ་ལས་ཀྱང་གསང་བ་བླ་མེད་དུས་འདི་ཉིད་དུ་རབ་འབྱུང་བ། རྡོ་རྗེའི་གནས་འདི་རྒྱ་མཚོ་ལྟར་གྱུར་མི་ཕྱེད་ཡུལ་ལས་བརྗོད་བྱ་རྗོད་བྱེད་དྲི་མེད་ལམ་ནི་རྙེད་དཀའ་བའོ། །ཞེས་ཌཱ་ཀི་གསང་བ་མཛོད་ལས་གསུངས་པའི་དོན་ཏོ། །གསང་བ་ནི་ལྷའི་འཁོར་ལོ་ཡབ་ཡུམ་རྟེན་དང་བརྟེན་པར་ལྡན་པ་བདེ་ཆེན་དུ་རོལ་པའོ། །བཤད་བྱ་བ་ནི་ལྷའི་སྐུ་འབྱུང་བའི་གོ་རིམས་ཉིད་དེ། །འོག་མིན་དུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་མངོན་དུ་གྱུར་བའོ། །མདོར་བསྡུས་པས་ནི་རིགས་ཀྱི་དཀྱིལ་འཁོར་གསང་བ་ཐམས་ཅད་སྤྲོ་བ་དང་བསྡུ་བ་ཅན་ནོ། །རྒྱས་པར་མིན་ཞེས་མདོ་དང་རྟོག་པ་རྒྱུད་ཐམས་ཅད་ཀྱི་རབ་བྱེད་བླ་ན་མེད་པ་སྦས་པའོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར་བ། རྡོ་རྗེ་འཆང་ཆོས་དབྱིངས་རྡོ་རྗེ་མ་དང་དབྱེར་མེད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འཁོར་ལོ་ཉིད་དོ། །ཡང་དག་སྦྱོར་ནི་ཡབ་ཡུམ་གཉིས་བསྲུབས་པ་ལས་ཡུམ་གྱི་ཆོས་འབྱུང་དུ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གྲུབ་པར་འགྱུར་བའོ། །འདོད་པའི་དོན་ཀུན་ནི་ཡབ་ཡུམ་གཉིས་ཀའི་ལུས་ཀྱི་གནས་སུ་སྙིང་པོ་དང་ཉེ་བའི་སྙིང་པོ་བཀོད་པ་ལས་འབྱུང་བའི་བདེ་བ་ཆེན་པོ་ཡོན་ཏན་འབྱུང་གནས་སུ་གྱུར་པའོ། །སྒྲུབ་བྱེད་པ་ཞེས་པ་ནི་ལྷ་མོ་དག་གིས་ཚད་མེད་པས་བསྐུལ་བ་ལས་བཞེངས་པ་བསྟན་པའོ། །བླ་མ་ནི་གཙོ་བོ་ཧེ་ཏུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་གར་གྱི་ཉམས་དགུ་དང་ལྡན་པ་ཡོངས་སུ་རྫོགས་པའོ། །དེ་ཉིད་ལས་ཀྱང་བླ་མ་སྟེ། །ཞེས་པ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་ལྡན་པའོ། །མཁའ་


DTG018_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་མ་ནི་ལྷ་མོའི་འཁོར་ལོ་རིགས་བདུན་དུ་གནས་པ་མ་ལུས་པའོ། །དྲ་བའི་སྔོམ་པ་ནི་དེ་དག་གི་རང་བཞིན་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངང་དུ་རིགས་ཐམས་ཅད་འདུས་པའི་ཚུལ་དུ་སྔོམ་པ་གསང་བའོ། །དེ་ཁོ་ན་ཉིད་ལྟར་ན། གསང་བ་ནི་ཡི་གེ་རྩ་ཐིག་ལེ་ཆོས་ཉིད་ཀྱི་རླུང་རྣམས་རྡོ་རྗེའི་ལུས་ལ་གནས་པ་རྣམས་སོ། །བཤད་བྱ་བ་ནི་དེ་ཁོ་ན་ཉིད་བཞི་ལྡན་རྣལ་འབྱོར་གྱི་ལམ་དང་ཕོ་ཉའི་ལམ་དུ་བྱུང་བ་བདག་བྱིན་གྱིས་བརླབས་པ་དང༌། དཀྱིལ་འཁོར་འཁོར་ལོའི་ལམ་མོ། །མདོར་བསྡུས་པ་སྟེ་ཞེས་པ་ལམ་ལྔ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་ཡོངས་རྫོགས་སུ་བསྡུས་པ་ཉིད་དོ། །རྒྱས་པར་མིན་ནི་མིང་ཚིག་ཡི་གེ་ཐ་སྙད་རབ་ཏུ་བྱེད་པ་ཐམས་ཅད་ཀྱི་སྤྲོས་པ་རྣམ་པར་བཅད་པའོ། །ཧེ་རུ་ཀ་དཔལ་ནི་རྣམ་ཐར་སྒོ་གསུམ་ཐབས་ཤེས་རབ་དབྱེར་མེད་སྐད་ཅིག་མར་དག་པ་བདེ་ཆེན་ས་བཅུ་གསུམ་པའི་དབང་ཕྱུག་དུས་སུ། །ཡང་དག་སྦྱོར་ནི་ཕྱག་རྒྱ་བཞི་རིམ་པ་དང་ལྡན་པ་བདེ་ཆེན་དུ་སྦྱོར་བའོ། །འདོད་པའི་དོན་ཀུན་ནི་རྩའི་འཁོར་ལོ་རྣམས་ལས་ཡེ་ཤེས་ཡོངས་སུ་དག་པ་ཀུན་འདྲ་དུ་རླུང་སེམས་འདུས་པའོ། །སྒྲུབ་བྱེད་པ་ནི་རླུང་དང་རྣམ་པར་ཤེས་པ་བདེ་ཆེན་དབྱེར་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དུ་བསྒྲུབ་པའོ། །བླ་མ་ནི་རང་བཞིན་ལྷན་ཅིག་སྐྱེས་པ། དེ་ཉིད་ལས་ཀྱང་བླ་མ་ནི་ཞུ་བདེ་ལྷན་ཅིག་སྐྱེས་པ་བདེ་སྟོང་མཆོག་གི་འགྱུར་བའོ། །མཁའ་འགྲོ་མ་ནི་འོད་གསལ་བའི་ངང་དུ་སྒྱུ་མ་ལྟ་བུའི་རླུང་དང་ཤེས་པ་རྣམ་པར་དག་པ་བསྟན། དྲ་བ་སྔོམ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཌཀི་ཐམས་ཅད་བདེ་ཆེན་མཆོག་ཏུ་ཏུ་མི་འགྱུར་བར་གནས་པའོ། །དེས་རྒྱུད་ལ་ངེས་པར་འཇུག་པའི་ཁྱད་པར་སྙིང་པོ་གསང་བའི་ཐུན་མོང་ཡིན་པའི་རྣམ་པར་གཞག་པ་བསྟན་ནས། དེ་ནི་གླེང་གཞི་ཕུན་སུམ་ཚོགས་པ་དངོས་སྦས་པ་བླ་ན་མེད་པ་བསྟན་པ་ནི། ར་ཧྱ་སྱེ་བ་ར་མེ་ར་མེ། སརྦཱ་ཏ་མ་ནི་ས་དཥྛི་ཊ། ཌཱ་ཀི་ནི་ཤ་བྷ་བ་སཏྭཱ་བ། བཛྲ་སཏྭ་སུ་ཀ་ར་ཧྱ་ས་ན། ཏ་ཪྻ་སཏྱཾ་བྷུ་བ་བྷ་ག་བྷྱ། ཌཱ་ཀི་ནི་ཛྭ་ལ་སཾ་བ་ར་བཱ། ནཱ་ད་བ་ནི་ཪྻ་ཎ་སརྦ་ཧ་ས་མ་ཡ་ཙཪྻ་ཏྱ་ཙ་ཏྱ་བཱ། ཞེས་གླེང་གཞི་གསང་བ་བསྟན་པའོ། །ཡང་དེ་ཉིད་བརྗོད་བྱ་རྗོད་བྱེད་དང་དགོས་ཆེད་དང་དགོས་


DTG018_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དགོས་པ་ཁྱད་པར་ཅན་འབྲེལ་བ་དང་བཅས་པ་ཐུན་མོང་དུ་བསྟན་ནས། དེ་ལས་དཔལ་རྡོ་རྗེ་འཆང་ཆེན་པོས་གསང་བ་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་ཕྱི་མའི་སྐྱེ་བོ་ཡང་དག་པའི་དོན་མྱུར་དུ་གྲུབ་པའི་དབང་ཕྱུག་སྙིང་པོ་བསྟན་པ་ནི་འདི་ལྟ་སྟེ། དེ་ནས་ཞེས་སྨོས་ཏེ་སྔ་མ་བསྟན་པ་ནམ་མཁའ་དང་མཉམ་པ་ལས་སོ། །གསང་བ་ནི་ཕྱི་རོལ་བ་ནས་ཉན་ཐོས་དང་རང་རྒྱལ་བ་དང༌། མཚན་ཉིད་ཀྱི་ཐེག་པ་རྣམས་དང༌། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་མ་གྲགས་པས་དེའི་ཕྱིར་རོ། །བཤད་པར་བྱ་བ་འབུམ་དུ་མངོན་པར་བརྗོད་པའི་དོན་དཔལ་རྡོ་རྗེ་རྣལ་འབྱོར་མས་ཕྱི་རབས་ཀྱི་གདུལ་བྱ་འདི་ལ་འཇུག་པ་ལ་དགོངས་པ་འདི་ཉིད་གསང་ཆེན་ལམ་རྒྱུ་འབྲས་ཚང་ལ་མ་ནོར་བར་བསྟན་པའི་ཕྱིར་རོ། །མདོར་བསྡུས་པ་སྟེ་ཞེས་པ་ཚིག་དང་མིང་ཡི་གེ་རབ་བྱེད་ཉུང་དུ་ལས། ཟབ་པ་དང་རྒྱ་ཆེ་བ་རྒྱུད་གསུམ་དུ་ལྡན་པ་ཉིད་ལས་ཕྱིན་ཅི་མ་ལོག་པ་སྟེ། སྤྲོས་མེད་རྒྱས་པར་སྟོན་པ་འདི་ནི་དཀྱིལ་འཁོར་དུ་མའི་འབྱུང་གནས། གཞུང་ཚིག་མདོར་བསྡུས་པའི་བྱེད་པ་ལས་རྟོགས་པར་སླ་བ་མིན། །རྒྱས་པར་དོན་གཏིང་དཔག་དཀའ་བ་བཤད་པའི་རྒྱུད་དུ་མས་ངེས་པར་བྱིན་པ་ཡིན་ཞེས་པའི་ཐ་ཚིག་ཅན་ནོ། །གསང་བ་དེ་ཁོ་ན་ཉིད་ལྟར་ན། རྒྱུའི་གསང་བ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་དེ་བཞིན་གཤེགས་པའི་སྙིང་པོ་རིགས་ས་བོན་གྱི་ཚུལ་དུ་གནས་པས། ལུས་ངག་ཡིད་དྲི་མ་དང་མ་བྲལ་བའི་དུས་སོ། །ལམ་ཐབས་ལྟར་ན་གསང་བ་སྐུ་སྣང་སྟོང་ལྷ་སྐུ་རྣམ་པ་གསལ་བ་ལ་འཁོར་ལོ་ལྔ་རྟེན་དང་བརྟེན་པ་མ་འདྲེས་པ་ཡོངས་སུ་རྫོགས་པས། ཡང་དག་སྦྱོར་བ་ལྷའི་དེ་ཁོ་ན་ཉིད་ཀྱི་ང་རྒྱལ་དང་ལྡན་པའོ། །གསུང་སྒྲ་གྲག་སྟོང་སྔགས་རྒྱུན་མི་འཆད་པར་སངས་རྒྱས་ཀྱི་གསུང་དུ་སྦྱོར་བས་དྲི་མ་མེད་པའི་དབྱིངས་སུ་སྦྱོར་བས་སོ། །ཐུགས་བདེ་སྟོང་གཉིས་མེད་དུ་སྦྱོར་བས་རྟོག་པ་ཐམས་ཅད་དག་པ་ན་ཡང་དག་པ་སྟེ་མི་འགྱུར་བའི་རྡོ་རྗེའོ། །འབྲས་བུ་ལྟར་ན་སྐུ་ལྔ་ངོ་བོ་གཅིག་ལྡོག་པ་ཐ་དད་དུ་བསྟན་ནས་གསང་བ་ཧེ་རུ་ཀ་དཔལ། །ཡེ་ཤེས་ལྔ་གཉིས་མེད་བདེ་ཆེན་དུ་རྫོགས་པས་གསང་ཆེན་དེ་ཁོ་ན་ཉིད་དོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར་བ་ནི། དེ་ལྟར་ཡང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་


DTG018_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུ་ཚོགས་སྟོང་པ་ཉིད། །རུ་ནི་རྟོག་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའི་ཞེས་གསུངས་པའི་དོན་ཏོ། །བདེ་བ་ཆེན་པོའི་ཆ་ལྟར་ན། ཨཱ་ལི་ཀཱ་ལི་ལས་གྱུར་པ་ཐབས་ཤེས་རབ་གཉིས་མེད་དུ་ཡང་དག་སྦྱོར་བ། བདེ་བ་དང་སྦྱོར་བ་ནི་དབུས་སུ་ཉི་ཟླའི་སྟེང་དུ་ཧཱུཾ་ནི་ཤྲཱི་སྟེ་ཡེ་ཤེས་ལྔ་ལྡན་དུ་སྦྱོར་བ་ཤིན་ཏུ་བདེ་བ་གསང་བ་ཟླ་བ་ཀུན་རྫོབ། དེ་ཉིད་ལས་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པ། བདེ་བ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་བདེ་བ་བླ་ན་མེད་པའོ། །དེ་ཉིད་ཀྱི་ངང་ལས་སྣང་བ་སེམས་སུ་ཡང་དག་པར་སྦྱོར་བ་དམ་ཚིག་སེམས་དཔའི་གོང་བུ་ལས་འདས་པ། སེམས་སྟོང་ཉིད་སྤྲོས་མེད་དུ་སྦྱོར་བ་ཡེ་ཤེས་སེམས་དཔའི་གོང་བུ་ལས་འདས་པ། སྤྲོས་མེད་ཡེ་ཤེས་སུ་སྦྱོར་བ་སྟེ་ཡི་གེ་གོང་བུ་ལས་འདས་པ། དེ་ཉིད་དབྱིངས་ཡེ་ཤེས་གཉིས་མེད་དུ་སྦྱོར་བ་ཧེ་རུ་ཀ་དཔལ་རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཕྱག་རྒྱ་ཆེན་པོ་བླ་མ་བླ་ན་མེད་པའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ནི་ལས་དང་དངོས་གྲུབ་ལས། ལས་ཆེན་བཅུ་གཉིས་ཕྲན་ཚེགས་འཇིག་རྟེན་པའི་དངོས་གྲུབ་འདོད་དོན་ལ་ཐུན་མོང་བ་གྲུབ་པ་བརྒྱད་མཁའ་སྤྱོད་དང་བཅས་པའོ། །ཡང་མཆོག་ནི་སྐུ་ལྔ་ཡེ་ཤེས་ལྔ། དབང་ཕྱུག་བརྒྱད་དང་བཅས་པ་འབྲས་བུ་ས་བཅུ་གསུམ་པའི་དབང་ཕྱུག་གོ །དེས་རང་དང་གཞན་གྱི་དོན་ཀུན་མ་ལུས་པ་ཕུན་སུམ་ཚོགས་པར་འགྲུབ་པ་ལ། བསྒྲུབ་པར་བྱ་བ། སྒྲུབ་པར་བྱེད་པ་བསྒྲུབས་པས་གྲུབ་པ་བླ་ན་མེད་པ་གསང་ཆེན་དུ་བསྟན་པའོ། །བླ་མ་ནི་གུ་རུ་ཀ་ཪྻ་གུ་རུ་ཡ་པ་སྟེ། ངོ་བོ་ནི་དཔལ་བདེ་བ་ཆེན་པོའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་ཀུན་ཁྱབ་ཏུ་ཡོད་ཀྱང་ལམ་དུ་མ་སྦྱངས་བས་སྒྲིབ་པ་ཅན་དབུལ་མོའི་གཏེར་ལྟ་བུ་ལ། དམ་པས་དེ་ཉིད་རིགས་ཀྱི་རྟགས་ལས་ཞེས་པ་ལྟར་ལམ་དུ་སྦྱངས་པས་གོང་ནས་གོང་དུ་ཡོན་ཏན་འཕེལ་བ་ལ་བླ་མ་ཞེས་བྱའོ། །དེ་ཡང་རྒྱུད་གཞན་ལས་ཡོན་ཏན་བྱིན་རླབས་བླ་ན་མེད་པས་ཁྱད་པར་དུ་གྱུར་པ་བླ་མ་ལས་བླ་མ་སྟེ་ཞེས་མཉམ་ཞིང་མཚུངས་པ་མེད་པའི་དོན་ཏོ། །རྣམ་པ་འཇིག་རྟེན་དུ་གྲགས་པའི་དབང་དུ་བྱས་ན། བླ་མ་ལྷའི་རྒྱུད་གཞན་དང་མཚུངས་ལ། ཁྱད་པར་དུ་གྱུར་པའི་བླ་མ་ནི་གསང་ཆེན་འདི་ཉིད་


DTG018_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་པོ་གང་ན་མེད་པ་ཕུལ་དུ་བྱུང་བ་སྟེ། ཐོག་མར་སྤྲུལ་པའི་དཀྱིལ་འཁོར་མ་བསྡུས་པའི་ཕྱིར་རོ། །མཁའ་འགྲོ་མ་ནི་ཌཱ་དྷ་ཡ་ཨ་ས་མ་སྟེ་ནམ་མཁའ་ལ་རྒྱུ་བ་སྟེ། ཀི་ཡོ་གི་སྟེ་རྣལ་འབྱོར་མ་ཀུན་དུ་སྤྱོད་པ་གྲུབ་པ་ལ། ཌཱ་ནི་ནམ་མཁའ་འགྲོ་མ་ཞེས། མཁའ་ལ་མངོན་དུ་བཏགས་པ་སྟེ། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་བརྡར་བཏགས་སོ། །ཞེས་པའི་དོན་ཏོ། །དྲ་བ་ནི་དངོས་པོ་ཕྲ་བ་འབྱིན་ལ་རགས་པ་འཛིན་པ་སྟེ། རྒྱུ་ཐབས་འབྲས་བུར་འབྲེལ་པ་ཅན། །སྔོམ་པ་ཞེས་པ་དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ་མ་ལུས་པ་བདེ་སྟོང་མཆོག་ཏུ་སྔོམ་པའོ། །དེས་རྒྱུད་ལ་ངེས་པར་འཇུག་པའི་ཁྱད་པར་སྙིང་པོ་གསང་བའི་རིམ་པ་ཐུན་མོང་མ་ཡིན་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་གླེང་གཞི་ཕུན་སུམ་ཚོགས་པ་དངོས་སྦས་པ་བླ་ན་མེད་པ་བསྟན་པ་ནི། ར་ཧྱ་སྱ་པ་ར་མེ་ར་མེ། སརྦཱ་ཏ་མ་ནི་ས་དཥྛི་ཊ། ཞེས་པ་ལ་སོགས་པའི་དོན་ལ། གསང་བ་མཆོག་གི་དགྱེས་པ་ནས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བའི་སྔོམ་པ་ཡིན། །ཞེས་པའི་དོན་ཕུན་སུམ་ཚོགས་པ་ཉིད་སྟོན་པའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་སྟོན་པའི་ཕྱིར། གསང་བ་མཆོག་གི་དགྱེས་པ་ན། །ཞེས་སྨོས་ཏེ། འདི་ནི་གནས་ཕུན་སུམ་ཚོགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བདེ་བ་ཆེན་པོའི་འབྱང་གནས་དཀྱིལ་འཁོར་གསང་བ་བླ་ན་མེད་པ་འབྱུང་བ་རྣམ་པར་དག་པ་ཉིད་དོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཞེས་པ་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། སྲིད་པ་དང་ཞི་བ་ལས་འདས་པ་ཉིད་དུ་སྐུ་ལྔ་དབྱེར་མེད་དོ། །དེ་ཉིད་ཀྱི་ངོ་བོ་ཉིད་གྱི་ཁྱད་པར་བླ་ན་མེད་པ་སྟེ་རྡོ་རྗེ་བདེ་སྟོང་དབྱེར་མི་ཕྱེད་པ། སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྟེ་དམིགས་པ་མེད་ཅིང་ཚད་མེད་པའི་ཡེ་ཤེས་ཀྱིས་རབ་ཏུ་རྒྱས་པའི་བདེ་བའི་མཆོག་བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་བདག་ཉིད་ཐབས་ཤེས་རབ་གཉིས་སུ་མེད་པ་སྐུ་གསུང་ཐུགས་རྡོ་རྗེ་རོ་མཉམ་སྙིང་པོ་རབ་ཏུ་མི་གནས་པ་དེ་བཞིན་ཉིད་དོ། །མཁའ་འགྲོ་ཀུན་དངོས་ནི་འཁོར་ཕུན་སུམ་


DTG018_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པ་ཉིད་དེ། ཡེ་ཤེས་ཀྱི་ངང་ལས་འགྲོ་བའི་དོན་དུ་སྤྱོད་པའི་སངས་རྒྱས་དཔག་ཏུ་མེད་པ་དང༌། སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་དུ་མ་ཐམས་ཅད་བདག་ཉིད་དེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཐའ་ཡས་པའི་རྒྱལ་བ་རྒྱ་མཚོ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་དང་རྟག་ཏུ་བཞུགས་ཞེས་ཀུན་ཀྱང་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ངང་དུ་གནས་པ་ལ་ཐབས་ཅིག་ཏུ་བཞུགས་སོ་ཞེས་པའི་དོན་ཏོ། །འདི་ནི་རང་བྱུང་ཞེས་ཆོས་ཕུན་སུམ་ཚོགས་པ་སྟེ། འཁོར་འདས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་སྟོང་གསང་བ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཉིད་དོ། །མཁའ་འགྲོ་མ་ནི་བདེ་བ་ཆེན་པོ་སྟོང་པ་ཉིད་ཀྱི་དབྱིངས་ལ་ཐུགས་རྗེ་མི་ཟད་པས་ཀུན་དུ་ཁྱབ་པར་མཛད་པའི་གར་གྱི་ཆོ་འཕྲུལ་སྣ་ཚོགས་སྒྱུ་འཕྲུལ་དྲ་བ་དུས་དང་རྣམ་པ་ཐམས་ཅད་དུ་ཀུན་དུ་རོལ་པ་སྟོན་པའོ། །ཡང་དྲ་བའི་སྔོམ་པ་ཡིན་ཞེས་སྨོས་པས། ཟབ་པ་ཡེ་ཤེས་ཆེན་པོ་དང་རྒྱ་ཆེ་བ་དབྱིངས་ཀྱི་ཆོས་ཉིད་པ། །ཡུལ་དང་ཡུལ་ཅན་གཉིས་མེད་ཀྱི་ངང་དུ་རོ་མཉམ་པར་གྱུར་པས་དུས་ཕུན་སུམ་ཚོགས་པ་བསྟན་ཏེ། བདེ་སྟོང་གཉིས་མེད་འདུ་འབྲལ་མེད་པར་འགྱུར་བ་བསྟན་པའོ། །དེ་ཉིད་ལ། ཟབ་དང་རྒྱ་ཆེ་རང་གི་ངོ་བོ་དེ་ཉིད་གཞན་དོན་སྣང་བ་ཕུན་སུམ་ཚོགས་པ་ཕྱི་ནང་གསང་བ་དེ་ཉིད་དོ། །གླེང་གཞི་ཡུལ་ཏེ་མི་འགྱུར་ཆོས་ཉིད་བསམ་གྱིས་མི་ཁྱབ་འདི་ནི་ཕྱག་རྒྱ་ཆེན་པོ་རོ་མཉམ་དཔེ་མེད་དོ། །ཞེས་པའི་དོན་ཏོ། །རྒྱུད་ཀྱི་གླེང་གཞི་ལ་དཔལ་རྡོ་རྗེ་ཕྲེང་བར་ཡི་གེ་བཞི་བཅུའི་སྒོ་ནས་གསལ་བར་བྱེད་པ་ལས། འདིར་ནི་ཡི་གེ་བཅུ་དྲུག་གི་སྒོ་ནས་དཔལ་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ཐིག་ལེ་ལས་གཏན་ལ་དབབ་པ་སྟེ། ར་ནི་མཚལ་ཆེན་པོ་ཡི་ཁམས། །ཧྱ་ནི་རི་ལས་སྐྱེས་པ་སྟེ། །རི་སྐྱེས་ཞེས་བྱ་མགོ་སྐྱེས་སོ། །སྱ་ནི་དྲི་ཡི་སྣོད་ཡིན་ཏེ། །ལུས་ལ་དྲི་ནི་ཇི་ལྟ་བའོ། །ས་ནི་རླུང་དུ་གསུངས་པ་སྟེ། །ར་ནི་དྲི་ཉིད་ཡིན་པར་བསྟན། །ཡི་གེ་མེ་ནི་རྟོག་པ་སྟེ། །ར་ནི་དེ་བཞིན་ལན་ཚྭྰྸོ། །མེ་ནི་ཤ་ཆེན་པོར་བསྟན་ཏོ། །ས་ནི་རབ་ཏུ་སྦྱོར་བ་ཉིད། །རྦཱ་ཏ་ནི་མགོ་བོར་རབ་ཏུ་གསུངས། །མ་ནི་ལུས་ཀྱི་རྐང་ཡིན་ནོ། །ནི་ནི་དྲི་ཡི་མར་ཁུའོ། །ས་ནི་སོ་དང་ལེན་མོ་སྟེ། །ད་ནི་རྒྱ་


DTG018_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚོ་ལས་སྐྱེས་པའོ། །ཥྛ་ནི་ནམ་མཁའི་སྙིང་པོའོ། །ཊ་ནི་ག་བུར་བསྟན་པའོ། །ཞེས་གསུངས་པས་ཁམས་བཅུ་དྲུག་སྟོང་པ་ཉིད་རྗེས་སུ་དྲན་པ་བཅུད་ལེན་དུ་འགྱུར་བ་བསྟན་པ་སྟེ། ར་ནི་རང་འབྱུང་གི་སིཧླ་ལོ། །ཧྱ་ནི་སྐྲའི་མར་ཁུའོ། །སྱ་ནི་གསང་བའི་སྒྲུབས་ཤའོ། །ས་ནི་མི་ཡི་སྔགས་པའོ། །ར་ནི་གཞི་མཉམ་མའོ། །མེ་མེ་ནི་སིཧླ་ཕལ་པའོ། །ར་ནི་གླ་རྩིའོ། །མེ་ནི་ཤ་ཆེན་པོའོ། །ས་ནི་ཚིལ་ཆེན་པོའོ། །རྦཱཏ་ནི་གོ་རོ་ཙ་ནའོ། །མ་ནི་རྐང་མར་རོ། །ནི་ནི་གཞི་མཉམ་མར་ཁུའོ། །ས་ནི་སོ་དང་སེན་མོའོ། །ད་ནི་གློ་བའོ། །ཥྛི་ནི་མཆིལ་མའོ། །ཊ་ཏ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་དོ། །ཊ་ཧ་ཏ་ལ་གང་ལས་བསྐྱོད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཧཾ་ལས་འདབ་པར་འགྱུར་བའོ། །དེ་ཉིད་ཊ་པ་ཡ་ཏུ་ཏ་ས་མ་ཞེས་བྱང་སེམས་བདེ་བ་དབུ་མའི་ལམ་ནས་འབྱུང་འཇུག་བྱེད་པའོ། །ཥྛི་ཐ་ཀ་རིར་ནི་ཞེས་པས་བོར་བ་སྟེ་སྤངས་པའི་དོན། ཥྛི་ཐ་ཐ་ཀ་ནི་རི་ནི་གནས་གང་དུ་བྱང་སེམས་བརྟན་པར་གནས་པས་མི་འགྱུར་བའི་བདེ་བ་རྡོ་རྗེ་ནོར་བུ་བརྟན་པར་གྱིས་ཤིག་པའོ། །དྷ་ནི་དྷཱ་ར་སྟེ་གཟུགས་བྱ་བ་ལུས་ཀྱི་ཁམས་སྐྱེད་པར་བྱེད་པས་བདེ་བའི་གནས་ཡིན་ནོ། །ད་ཧ་ད་ཧ་ཞེས་པ་ནི་སྲེག་པར་བྱེད་པ་སྟེ་ཙཎྜ་ལཱི་ཡེ་ཤེས་ཀྱི་མེ་འབར་བས་ཉོན་མོངས་པ་བསྲེགས་པའོ། །ས་མ་ས་མ་ཡ་ནི་དམ་ཚིག་སྟེ། སྒོ་དགུ་ནས་བྱུང་བའི་བདུད་རྩི་སྟེན་ཅིག་པ་ལས་ཁྱད་པར་དུ་སོ་དང་སེན་མོའི་དྲི་མ་སྤངས་དུ་མེད་པས། ས་ས་མཱ་པཱ་དྷི་ཞེས་པའི་ཏིང་ངེ་འཛིན་གང་སྲོག་རླུང་དབུ་མར་ཚུད་པས་གནས་པར་བྱ་བའི་དོན་ཏོ། །ནི་ནི་མ་ལ་སྣང་ཚོགས་ཅན་གྱི་སྲི་བ་སྟེ་ལུས་ལ་ཟས་ཁམས་སྣ་ཚོགས་སུ་མར་ཁུ་ལྟར་འཕེལ་བ་སྟེ་ཟག་པ་བཞི་མཉམ་མོ། ནི་ན་ནི་བྷ་ཡཱ་ཞེས་ཏེ་ལས་ཁམས་ཀྱི་བཅུད་སྣ་ཚོགས་ཀྱིས་གཉུག་མའི་ཤེས་པ་རོ་མཉམ་ཞེས་པའོ། །མ་མ་ཧཱ་བྷ་ན་ཆེན་པོའི་ཆེན་པོ་སྟེ་ཤ་ཆེན་པོའི་རྐང་མར་གྱིས་སྟོབས་བསྐྱེད་པའོ། །མ་མ་བྷ་དྷུ་བྷ་ར་ན་ནཾ། ཁམས་དང་ས་མའི་ཆ་ལས་གྲུབ་པའི་གཟུངས་དག་པའི་རིགས་པ་སྐྱེད་ཅེས་པའོ། །རྦཱད་ནི་ར་ཀཙྪ་ཅེས་གླད་རྒྱས་ནས་ཁོག་པའི་བཅུད་གནས་པ་དྲང་བའོ། །རྦད་ད་ཉ་ར་ཀཙྪ་ཞེས་ཟླ་བ་རྒྱས་པ་ལྟ་བུའི་བྱང་སེམས་འཕེལ་བའི་གནས་ནས་བསྐྱོད་པས་ཡེ་ཤེས་བསྐྱེད་པའི་


DTG018_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་ཏོ། །ས་ས་ཧ་ན་བཞད་པས་དགྱེས་པ་སྟེ་མཉམ་པ་ཉིད་བསྐྱེད་པའོ། །ས་ས་མུ་དྲན་བདེ་བའི་ཕྱག་རྒྱ་ལུས་ལ་ཁྱབ་པ་ཏིལ་དང་ཏིལ་མར་ལྟ་བུའི་བྱང་སེམས་མི་ཉམས་ཤིང་སྤེལ་བར་བྱ་བའོ། །མེ་མེ་གྷ་ཏེ་སྤྲིན་ལྟ་བུའི་ཤས་ལུས་གཡོགས་པའི་རྣམ་པ། མེ་ཡ་མ་དྷ་ན་གང་དུ་སྟོབས་ཀྱི་ཆས་གྲུབ་པའི་བདེ་བ་དང་བྲལ་བ་མེད་པའོ། །ར་ར་ས་ཡཱ་ན་ཞེས་བཅུད་ཀྱིས་ལེན་མདངས་སྡུད་པའོ། །ར་ར་ས་ཡཱ་ན་སྟེ། གཡོན་གྱི་ཆའི་ཀུན་དུ་སྤྱོད་པས་བདེ་སྟོང་གི་ཉམས་གོང་ནས་གོང་དུ་འཕེལ་བའོ། །མེ་མ་ཡ་ཨེ་ཀི་སྟེ་སྒྱུ་མའི་ཡེ་ཤེས་འབར་བ་ལྟེ་བའི་མེའོ། །མེ་མ་ཡ་ན་ཞེས་པ་བདག་གི་ལུས་ཀྱི་རྩ་མདུད་ཀྱི་སིཧླ་འཕེལ་བས་མཁའ་འགྲོ་དབང་དུ་བསྡུ་བར་འགྱུར་བའོ། །ར་ར་བྷི་ན་ཞེས་པས་གང་དུ་གཞི་མཉམ་བདུད་རྩི་གནས་པས་བསྟེན་པའོ། །ར་ར་བྷ་ཡ་ཞེས་གང་ཡུལ་སྣང་བརྟན་གཡོ་དང་ས་སྙིགས་ཕྱེད་པ་ལ་སྤྱོད་པའོ། །པ་བ་དུ་སུ་ཙ་ཞེས་མེ་ཏོག་ལྟར་མདངས་གསལ་བའི་པགས་པ་སྟེ་གདོང་ངོ༌། །པ་པུ་སུ་ཙ་གང་དུ་མཆོད་པའི་ཁྱད་པར་ལྔ་དང་ལྡན་པ་སྒོ་ལྔའི་ཡུལ་གྱི་རོལ་པའོ། །སྱ་ས་ཡ་སྔོམ་པ་སྡུད་པའི་གནས་ཀྱི་ཤས་ཏེ་འོག་རླུང་སྟེང་དུ་བསྐྱོད་པ། ཤ་ས་ཡ་ས་ཧ་ཛྷ་སྟེ་རང་བཞིན་གྱི་བདེ་བ་སྐྱེད་པའི་གནས་ཐུར་སེལ་དག་པར་བྱ་བའོ། །ཧྱ་ཧ་རི་མ་ནི་འཕྲོག་པའི་ཡེ་ཤེས་བསྟན་པའི་དབང་ཕྱུག་གི །ས་ཧ་རི་ཞེས་པ་ནི་མགོ་སྐྱེས་ལས་བྱུང་བའི་མར་གྱི་སྐྲ་དཀར་དང་གཉེར་མ་འཛོམས་པས་རྒས་ཤིང་རྒུད་པ་སེལ་བའོ། །ར་ནི་ལཀྵ་ཞེས་འདུས་པའི་ནད་ཀྱིས་ཟག་པ་ཟད་པར་བྱེད་པ་སྟེ་རླུང་འགོག་པའི་སྦྱོར་བ། ར་ས་བྷ་ཡ་ན་མཆོག་ཏུ་གྱུར་པའི་སིཧླ་ཀུན་ཁྱབ་ཉི་མ་སྟོབས་སུ་གྱུར་པ་ཉིད་དེ། ཡི་གེ་གསང་བ་རྩ་དང་རླུང༌། །བྱང་སེམས་བདེ་བའི་རྣམ་པ་ལས། །ར་ས་ཡཱ་ན་བཅུད་མཆོག་འགྱུར། །འདི་ནི་མཁའ་འགྲོ་བདུད་རྩི་ཡིན། །ཞེས་གསང་བ་མཛོད་ལས་གསུངས་པའི་དོན་ཏོ། །འདིར་རྒྱུའི་རྒྱུ་རང་བཞིན་རྟེན་གྱི་གང་ཟག་དབང་པོའི་རིམ་པ་བསྟན་པ་ལས་འདིར་ནི་ངོས་འཛིན་པས་རིགས་སུ་ངེས་པ་དང་མ་ངེས་པའི་བྱེ་བྲག་ལས་གསང་བ་ཞེས་སྨོས་ཏེ། ལུས་ངག་ཡི་གེ་ཡིད་ཀྱི་རྣམ་ཤེས་ཐིག་ལེ། སྙིང་པོ་ཆོས་ཉིད་ཀྱི་རླུང་རྣམས་སྦས་པའི་ཚུལ་དུ་གནས་པ་ལ། མ་དག་པ་ཐུན་མོང་གི་གང་ཟག་དབང་པོ་ཐ་མ་


DTG018_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ་འདི་ནི་རང་འབྱུང་ཞེས་པ་དང༌། རྟག་ཏུ་བཞུགས་ཞེས་པའི་དོན་ལ། འདི་ཉིད་ཀྱི་ལེའུ་ཉེར་བདུན་པ་ལས། ལུས་སྦྱང་བ་ལ་སྐྱོན་མེད་པའི་ཞེས་པ་དང༌། རབ་ཏུ་ཞི་ཞིང་ངལ་བ་ཐུལ། །ཞེས་པས་སྐུ་གསུང་ཐུགས་གསང་བ་བསྟན་པ་ཉིད་དོ། །ཅུང་ཟད་དག་པ་འདྲེས་མ་སྟེ། །ཐམས་ཅད་བདག་ཉིད་ཅེས་པས་མཚན་ཉིད་ཀྱི་ཆོས་ལ་སོགས་པ་ཐེག་པ་ཆེན་པོ་སྤྱི་དང་བླ་མེད་ཐེག་པ་གཞན་དུ་སྦྱང་བ་སྟེ། འདྲེས་པ་གཉིས་དང་ལྡན་པ་པོ། །ཞེས་པ་དང༌། ཆགས་མེད་གཏོར་དང་ཚུལ་ཁྲིམས་ལྡན། །ཞེས་པའི་དོན་གྱིས་དབང་པོ་འབྲིང་ལ་བློ་སྦྱང་བའོ། །དག་པའི་གང་ཟག་ནི་མཆོག་གི་དགྱེས་པ་སྟེ། ལས་འཕྲོ་ཅན་སྐྱེ་བ་དུ་མ་ནས་ཐུགས་རྗེས་གཟུང་བ་ནི། མཉེས་བྱེད་རྣམ་པར་དག་པ་དང༌། །ཞེས་པ་དང༌། ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས། །ཞེས་ཉེར་བདུན་པ་ལས་གསུངས་པའི་དོན་ཏོ། །དབང་པོ་མཆོག་ཏུ་གྱུར་པའི་བློ་སྦྱང་ངོ༌། །མཁའ་འགྲོ་ནི་ལས་དང་སྒྲིབ་པ་མྱུར་དུ་དག་པར་བྱེད་པ་ལས་གསལ་བའི་ཡེ་ཤེས་ཅན་ནོ། །ཀུན་དངོས་སེམས་དཔའ་ནི། །གསལ་བྱེད་ཡོན་ཏན་ལྡན་པའི་མི་ཞེས་ལེའུ་ཉེར་དྲུག་པ་ལས་གསང་ཆེན་བདེན་གཉིས་དབྱེར་མེད་དུ་བློ་སྦྱང་བ་ལ་བསླབ་པའོ། །དེ་ལ་ཐོག་མར་དབང་བསྐུར་དགོས་པས་ན་ཡོན་ཏན་འབྱུང་བའི་གནས་སྟོན་པ་ནི། གསང་བ་ཞེས་སྨོས་པས་རྡོ་རྗེ་མི་བསྐྱོད་པ་ཆུ་རྒྱུན་གྱིས་སོ། །མཆོག་ནི་རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅོད་པན་དང་ལྡན་པས་སོ། །དགྱེས་པ་ནི་འོད་དཔག་མེད་རྡོ་རྗེའི་དབང་ངོ༌། །ཐམས་ཅད་ནི་དོན་ཡོད་རྒྱལ་པོ་དུས་ཐམས་ཅད་དུ་ཆོས་ཀྱི་སྒྲ་སྒྲོགས་པའོ། །བདག་ཉིད་ནི་རྣམ་པར་སྣང་མཛད་མིང་དབང་རྡོ་རྗེ་དབྱིངས་སོ། །རྟག་ཏུ་བཞུགས་ནི་རྡོ་རྗེ་འཛིན་པ་བདག་པོ་བསྡུས་པ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །མཁའ་འགྲོ་ནི་དམ་ཚིག་གསུམ་སྦྱིན་པ། ཀུན་དངོས་ནི་ལུང་བསྟན། སེམས་དཔའ་ནི་དབུགས་དབྱུང་ངོ༌། །རྡོ་རྗེ་སེམས་དཔའ་ནི་གསང་དབང་ངོ༌། །བདེ་བའི་མཆོག་ནི་ཤེས་རབ་ཡེ་ཤེས་སོ། །འདིར་ནི་རང་བྱུང་ནི་ཕྱག་རྒྱ་ཆེན་པོ་བཞི་པའོ། །བཅོམ་ལྡན་ནི་དབང་བརྟན་པར་གྱུར་པའི་ནུས་པ་ཁྱད་པར་དང་ལྡན་པའོ། །དཔའ་ནི་བདག་གཞན་གྱི་དོན་ནུས་པ་ཐོགས་མེད་བྱང་ཆུབ་སེམས་སོ། །


DTG018_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་འགྲོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དྲ་བ་ནི་སྤྲུལ་པ། སྔོམ་པ་ནི་ཆོས་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོ་གསང་བའི་སྐུར་སྔོམ་པ་ཡིན་ཞེས་ལྷུན་གྲུབ་ཉིད་དུ་བསྟན་པའོ། །གསང་བའི་དབང་ལ་བླ་མ་ཡབ་ཡུམ་ལ་སྟེ། ར་རཀྟ་སིཧླ། ཧ་ཧཾ་ལས་བབ་པའི་ཀུནད་ལྟ་བུའི་བྱང་སེམས། ས་མ་ནི་གསང་བ་མཉམ་པར་སྦྱར་བའི་བདུད་རྩི་འབབ་པའོ། །ས་ར་མེ་ནི་པདྨ་སྟེ་རིག་མའི་ཆོས་འབྱུང་ངོ༌། །ར་རཏྣ་མ་ནི་ཞེས་རྡོ་རྗེ་ནོར་བུ་ལས་སོ། །ར་མེ་ས་ནི་མཉམ་སྦྱོར་ཏེ་ཡབ་ཡུམ་བདེ་བ་སྟེ། རྦཱ་ཏ་དགའ་བ། མ་མཆོག་དགའ། ནི་ནི་དགའ་བྲལ། སཱ་དྷ་སྒྲུབ་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཥྛི་ནི་བདེ་བ། ཊ་ཏ་ནི་སྟོང་པ་ཉིད་ཀུན་འདར་དུ་གནས་པས་བཞི་པ་རྦ་རླབས་བཞི་པའོ། །དེ་ནི་རྡུལ་ཚོན་རྣམ་པར་བཀོད་པ་དང༌། ལུས་དང་ཆོས་འབྱུང་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཞུགས་པ་བསྟན་པའོ། །ཌཱ་ཀི་ནི་ཤ་བྷ་བ་སཏྭ་བ། བཛྲ་སཏྭ་སུ་ཀ་ར་ཧྱ་ས་ན། ཏཏྱཱ་སཏྱེཾ་བྷུ་བ་བྷ་ག་བ་ནྱ། ཌཱ་ཀི་ནི་ཛྭ་ལ་སཾ་བ་ར་བཱ། ན་ཏ་བ་ནི་ཪྻ་ཎ་སརྦ་ཧ། ས་མ་ཡ་ཙཪྻ་ཡ་ཙཪྻ་བཱ་ཞེས་རིམ་པ་གཉིས་ཀྱི་ལམ་ཁྱད་པར་དུ་བསྟན་པ་ལ་སྒྲའི་ཚུལ་ལས་ཞེས་ཨཱ་ལི་ཀཱ་ལིའི་ཡི་གེ་ལས་ལྷའི་སྐུར་བསྟན་པ་སྟེ། ཡེ་ཤེས་སྐད་ཅིག་ལས་རྣམ་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རོ། །ངེས་འབྱུང་རྣམས་ནི་སྐྱེ་གནས་བཞི་སྦྱོང་བྱེད་ལས་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པའོ། །བྱིན་གྱིས་བརླབ་ཅིང་བརྟན་པར་གྱུར་པས་སོ། །དམ་ཚིག་ནི་ཐ་མལ་པའི་རྟོག་པས་མི་གནས་པ། ཡེ་ཤེས་ཀྱི་ཆ་ལས་མི་འདའ་བའོ། །སྤྱོད་པ་ནི་དམ་ཚིག་གི་དཀྱིལ་འཁོར་དང༌། སེམས་ལུས་ཀྱི་དཀྱིལ་འཁོར་དུ་ཀུན་དུ་སྤྱོད་པའོ། །སྤྱོད་ཡུལ་ཡིན་ནི་ནང་དུ་ཡེ་ཤེས་ཀྱི་རྩ་དང་རླུང་ཐིག་ལེས་རོལ་པ། ཕྱིར་བརྟན་གཡོ་ཐམས་ཅད་ལྷར་གསལ་བས་སོ། །ལམ་གྱི་ཆོས་རྣམ་པར་བཤད་པ་ལས། ལྷའི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བ་དང༌། རྣལ་འབྱོར་དངོས་ལས་དང་པོ་ལ། རྣལ་འབྱོར་དང༌། བདག་དང༌། གནས་བསྲུང་བ་ནས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སྔོན་དུ་འགྲོ་བའོ། །དེ་ཡང་འབྱུང་བཞི་རིམ་བརྩེགས་རི་རབ་ཆེན་པོའི་བར་དུ་བསྐྱེད་པ་ལས། གསང་བ་ནི་ཆོས་འབྱུང་སྟེ་ནམ་མཁའོ། །ཡང་གསང་བ་ནི་སའི་དཀྱིལ་འཁོར་བ་ལང་གནས་སོ། །


DTG018_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་ཆུའི་དཀྱིལ་འཁོར་སྟེང་ལྡིང་བ། །དགྱེས་པ་མེའི་དཀྱིལ་འཁོར་སྐམ། །ཞེས་སོ། །ཐམས་ཅད་ནི་རླུང་ཀུན་གྱི་སྲོག་སྟེ་རྩ་ཞེས་བྱ། བདག་ཉིད་ནི་རི་བོ་མཆོག་རབ་སྟེ་རྟག་ཏུ་ནི་དུས་གསུམ་རྒྱུན་དུ་མི་འགྱུར་བ་རུས་སྦལ་གྱི་བརྡའོ། །བཞུགས་པ་ནི་བྷཱུཾ་ལས་བྱུང་བའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་འཁོར་ལོ་མི་ཕྱེད་པའོ། །ལྷའི་འཁོར་ལོ་ཉིད་ལ། དང་པོའི་གཙོ་བོ་ཡབ་ཡུམ་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་ཧེ་རུ་ཀ་བསྐྱེད་པ་ནི། གསང་བ་ནི་སྟོང་པ་ཉིད། མཆོག་ནི་ཉི་མ། དགྱེས་པ་ཟླ་བ་ཐམས་ཅད་ནི་ཨཱ་ལི་ཀཱ་ལི་ས་བོན་ཧཱུཾ་བཾ་ངོ༌། །བདག་ཉིད་ནི་རྡོ་རྗེ་དང་ཐོད་པ་ལས་འོད་སྤྲོ་བ་དང་བསྡུ་བ་ཅན་ནོ། །རྟག་ཏུ་ནི་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པའོ། །དེ་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་རྒྱན་དང་ལྡན་པ་བཅས་པ་རྣམ་པ་མ་ལུས་པ་ཡོངས་སུ་རྫོགས་པར་བཞུགས་པའོ། །མཁའ་འགྲོ་ཡུལ་གྱི་ལྷ་མོ་རྣམས་ཀྱི་ས་བོན་ལས་སྐུ་འབྱིན་པ་དང་སྡུད་པར་མཛད་པ་འཇུག་པར་བྱེད་པའི་རྣམ་པའོ། །ཀུན་དངོས་ནི་ལྷའི་ཚོམ་བུ་ཐུབ་པ་དང་མེས་ཕྱེ་བ་དག་གོ །སེམས་དཔའ་ནི་འཁོར་ལོ་པ་ཐམས་ཅད་ཕྱུང་བའི་དཀྱིལ་འཁོར་དུ་རྣམ་པར་བཀོད་པའོ། །རྡོ་རྗེ་སེམས་དཔའ་ནི་གཙོ་བོ་ཡབ་ཡུམ་རྗེས་སུ་ཆགས་པ་ལས་ཞུ་བར་གྱུར་པའོ། །བདེ་བའི་མཆོག་ནི་ལྷ་མོའི་ཚད་མེད་པའི་གླུས་བསྐུལ་བས་ས་བོན་རྡོ་རྗེ་པདྨ་ལས་འབྲས་བུའི་ཧེ་རུ་ཀ་བཞེངས་པར་གྱུར་པའོ། །འདི་ནི་རང་བྱུང་ནི་གཙོ་བོར་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །བཅོམ་ལྡན་དཔལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་བདག་ཉིད་དུ་བསྟན་པ་བླ་ན་མེད་པའོ། །མཁའ་འགྲོ་ནི་དུས་དང་ཡོན་ཏན་དབང་ལས་གྱུར་པ་དག་གོ །དྲ་བ་ནི་གཙོ་བོ་དང་འཁོར་དུ་འབྲེལ་པས་གཞན་དོན་དུ་ཐུགས་རྗེ་ཚད་མེད་པས་སྐྱོང་བར་བྱེད་པའོ། །སྔོམ་པ་ནི་སེམས་དཔའ་གསུམ་འདས་རིམ་པ་གཉིས་དབྱེར་མེད་དུ་སྔོམ་པ་ཡིན་ནོ། །སྒྲ་ཚུལ་ནི། སྐུ་གསུང་ཐུགས་བྱིན་གྱིས་རློབ་ཅིང་གོ་ཆ་བགོ་བའོ། །ངེས་འབྱུང་རྣམས་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱ་བ་དང་དབང་བསྐུར་ཞིང་རྒྱས་གདབ་པའོ། །དམ་ཚིག་ནི་རིག་སྔགས་བཟླས་པ། སྤྱོད་པ་ནི་མཆོད་པ། སྤྱོད་ཡུལ་ཡིན་ནི་བདུད་རྩི་མྱོང་བ་ཐུན་ཉེ་བར་བསྡུ་བ་དང་བཅས་པ་


DTG018_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། དེ་དག་གིས་ལམ་མངོན་པར་རྟོགས་པ་ཧེ་རུ་ཀ་མངལ་སྐྱེས་ཀྱི་རིམ་པ་སྟེ། རྫུས་སྐྱེས་རིམ་པ་ཡང་དེ་དང་མཚུངས་པར་ཤེས་པར་བྱ་སྟེ། སྤྱིར་སྐྱེ་གནས་བཞི་འགྲོ་བ་སྦྱང་བར་བྱ་བའོ། །ད་ནི་རྫོགས་པའི་རིམ་པ་གསང་བའི་དེ་ཁོ་ན་ཉིད་བསྟན་པ་ལས། རིམ་པ་བཞི་ལས་རྒྱུད་ཀྱི་རིམ་པ་ནི། གསང་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོར་རྒྱུ་མཐུན། མཆོག་ནི་སྙིང་གར་རྣམ་པར་སྨིན་པ། དགྱེས་པ་ནི་མགྲིན་པར་སྐྱེས་བུ་བྱེད་པ། སྤྱི་བོར་ཐམས་ཅད་ནི་དབང་དུ་གྱུར་པ་དྲི་མ་མེད་པའི་འབྲས་བུའོ། །བདག་ཉིད་ནི་སྨིན་མཚམས་སུ་ནུས་པ་བརྟན་པར་གྱུར་པ་མཛོད་སྤུའོ། །རྟག་ཏུ་བཞུགས་ནི་གསང་བ་བདེ་སྐྱོང་འཁོར་ལོར་མི་འགྱུར་བའི་ཡེ་ཤེས་སོ། །མཁའ་འགྲོ་ནི་རླུང་སེམས་དབྱེར་མེད་ཀྱི་ཐིག་ལེ་དེ་རྩ་ཀུན་འདར་དུ་བརྒྱུད་དེ་འཁོར་ལོ་དེ་རྣམས་སུ་འཕོ་འཇུག་བྱེད། དྲ་བ་ནི་ཡུལ་ཉེར་བཞིར་རྩ་གསུམ་གྱིས་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ། དེ་ལས་སྟོང་ཕྲག་རེ་རེར་འགྱུར་བའི་དོན་ཏོ། །སྔོམ་པ་ཡན་ན་ཨེ་ཝཾ་མ་ཡཱ་ཨེ་ཝཾ། ཨ་ཧཾ་བདེ་སྟོང་དུ་སྔོམ་པའོ། །མཁའ་འགྲོ་ནི་རླུང་རྒྱུ་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་ཕྲག་བཞི་ལས། ཀུན་དངོས་ནི་ཡེ་ཤེས་ཀྱི་རླུང་རྒྱུ་བ་བཅུ་གཅིག་དང་བཞི་ཆ་བྱང་ཆུབ་སེམས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའ་ནི་རྩ་ཡི་གེ་ཐིག་ལེ་དཔའ་བོ་རྣལ་འབྱོར་མ་དབྱེར་མི་ཕྱེད་པའོ། །བདེ་བ་ནི་ཁམས་ཐིག་ལེ་དོན་དམ་གཉིས་མེད་དོ། །མཆོག་ནི་རྟེན་དང་བརྟེན་པ་དོན་དམ་དང་ཀུན་རྫོབ་ཁྱབ་བྱ་ཁྱབ་བྱེད་དོ། །འདི་ནི་ཐབས་ཤེས་རབ་གཉིས་མེད་དཔལ་ཧེ་རུ་ཀ་རྡོ་རྗེའོ། །རང་བྱུང་ནི་མ་བཅོས་པའི་དེ་བཞིན་ཉིད་ཀྱི་གནས་ལུགས་སོ། །བཅོམ་ལྡན་དཔལ་ནི་སྐལ་པ་ལ་དབང་བ། དབང་ཕྱུག་ལ་སོགས་པ་དང་ལྡན་པ་འགྲོ་བ་ས་གསུམ་ལ་གནས་པ་སྒྲོལ་བར་བྱེད་པའོ། །མཁའ་འགྲོ་ནི་རིགས་བདུན་གྱིས་བསྡུས་པའོ། །དྲ་བ་ནི་གནས་ལ་སོགས་པར་ཞུགས་ཏེ་ཐུགས་རྗེས་གཞན་དོན་དུ་འབྲེལ་པ། སྔོམ་པ་ཡིན་ནི་ཨེ་ཝཾ་དུ་ཡང་དག་པར་འཁོར་ལོ་རྣམས་སུའོ། །སྔགས་ཀྱི་རིམ་པ་ལྟར་ན། གསང་བ་ནི་ཨ་ཧཾ་དེ་ཙཎྜ་ལཱི་དང་ཐིག་ལེའོ། །མཆོག་གི་ནི་ཡེ་ཤེས་དྲུག་པའི་རླུང་བདེ་སྟོང་ངོ༌། །དགྱེས་པ་ནི་འབར་འཛག་ཏུ་གྱུར་པའོ། །ཐམས་ཅད་ནི་མཉམ་རྗེས་མེད་པར། རྟག་ཏུ་ནི་དེ་ཉིད་ལ་དམིགས་པ་གནད་དང་ལྡན་པ། བདག་


DTG018_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ནི་རླུང་རིག་དབྱེར་མེད་གྲུབ་སྟེ་གཅིག་པ་སྐུ་དང་ཡེ་ཤེས་ཐ་དད་མེད་པ། བཞུགས་པ་ནི་ཀུན་འདར་གྱི་གནས་མཁའ་དབྱིངས་རྣམ་དག་ཏུ་བདེ་སྟོང་ལྷན་ཅིག་སྐྱེས་པ་ཉིད་དོ། །མཁའ་འགྲོ་ནི་རླུང་སེམས་རྩ་ཀུན་འདར་ཙཎྜ་ལཱི་གྱེན་དུའོ། །བྱང་སེམས་མར་འབབ་པ་ལས། ཀུན་དངོས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་བཅུ་དྲུག །སེམས་དཔའ་ནི་སྣང་བ་སྣ་ཚོགས་པ་ཏིང་ངེ་འཛིན་དུ་དག་པའོ། །རྡོ་རྗེ་ནི་བདེ་བ་མི་ཤིགས་པ། སེམས་དཔའ་ནི་སྙིང་རྗེ་ཆེན་པོ། །བདེ་བའི་མཆོག་ནི་དགའ་བ་རྣམས་ལས་ལྷན་ཅིག་སྐྱེས་པ་མཚན་ཉིད་མེད་པའི་སྐད་ཅིག་མའོ། །འདི་ནི་ཡེ་ཤེས་དོན་གྱི་རང་བཞིན་ནོ། །རང་བྱུང་ནི་བླ་མ་བརྒྱུད་པའི་བྱིན་རླབས་ལས་འཆར་བའོ། །བཅོམ་ལྡན་ནི་བདུད་ཚོགས་རང་བཞིན་གྱིས་རྣམ་པར་དག་པའོ། །དཔའ་བ་ནི་གར་གྱི་ཉམས་དང་ལྡན་པས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའོ། །མཁའ་འགྲོ་ནི་ཆོས་ཉིད་ཀྱི་ངང་དུ་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དོ། །དྲ་བ་ནི་ཆོས་ཉིད་མཉམ་གཞག་དང་བསམ་གཏན་ལས་བལྟ་བར་འབྲེལ་པ་ཅན་ནོ། །སྔོམ་པ་ཡིན་ནི་ཐབས་ཤེས་རབ་གཉིས་མེད་ཡེ་ཤེས་སུ་བསྡུས་པའི་དོན་ཏོ། །ཡེ་ཤེས་ཀྱི་རིམ་པ་ལྟར་ན་གསང་བ་ནི་ཉམས་བདེ་བ། མཆོག་གིས་ནི་གསལ་བ། དགྱེས་པ་ནི་མི་རྟོག་པའོ། །ཐམས་ཅད་ནི་བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པར་གྱུར་པའོ། །བདག་ཉིད་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གནས་ལུགས་ཀྱི་དོན་ཏོ། །རྟག་ཏུ་བཞུགས་ནི་རྣལ་འབྱོར་བའི་ལུས་ཀྱི་དཀྱིལ་འཁོར་དུའོ། །མཁའ་འགྲོ་ནི་འཇུག་པ་ཀུན་རྫོབ་ཀྱི་ཡེ་ཤེས། ཀུན་དངོས་ནི་ལྡོག་པ་དོན་དམ་པའི་ཡེ་ཤེས། སེམས་དཔའ་ནི་བདེན་གཉིས་དབྱེར་མེད་དུ་གྱུར་པ་ལའོ། །རྡོ་རྗེ་ནི་སྟོང་པ་ཉིད་སྤྲོས་པ་མེད་པ། སེམས་དཔའ་ནི་གཞན་དོན་དུ་བྱམས་སྙིང་རྗེ་སོ། །བདེ་བའི་མཆོག་ནི་མི་འགྱུར་བས་རབ་ཏུ་མི་གནས་པ་ཟུང་འཇུག་ཚད་མེད་པའོ། །འདི་ནི་རང་བྱུང་ནི་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །བཅོམ་ལྡན་དཔལ་ནི་བདེ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་ཀུན་ལ་ཁྱབ་ཅིང་རྟེན་བྱེད་པའི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ། །མཁའ་འགྲོ་ནི་དུས་ཐམས་ཅད་དུ་དེ་བཞིན་ཉིད་ཀྱི་ངང་ལས་སོ། །དྲ་བའི་དོན་ཕྲིན་ལས་བཞི་ལ་སོགས་པས་གཞན་དོན་དང་འབྲེལ་བ། སྔོམ་པ་ཡིན་ནི་འཁོར་ལོ་ལྔ་ལྡན་ཤེས་རྒྱུད་གཅིག་གིས་


DTG018_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྡུས་པས་གནས་པ་བླ་ན་མེད་པའོ། །འབྲས་བུ་གསང་བའི་རིམ་པའི་དོན་ནི། གསང་བ་ནི་སྐུའི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་བདེ་མཆོག་འཁོར་ལོ། མཆོག་གི་ནི་ཡོན་ཏན་གྱི་རིགས་ཀྱི་དཀྱིལ་འཁོར་རིན་ཆེན་འབྱུང་ལྡན་བདེ་མཆོག་འཁོར་ལོ། དགྱེས་པ་ནི་གསུང་གི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་འོད་དཔག་མེད་བདེ་མཆོག་འཁོར་ལོ། ཐམས་ཅད་ནི་ཕྲིན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་གདོན་མི་ཟ་བ། བདེ་མཆོག་བདག་ཉིད་ནི་རྡོ་རྗེ་རིགས་ཀྱི་གཙོ་བོ་མི་བསྐྱོད་པ་བདེ་མཆོག་འཁོར་ལོའོ། །རྟག་ཏུ་བཞུགས་ནི་རིགས་ཐམས་ཅད་ཀྱིས་བསྡུས་པ་ངོ་བོ་བྱང་ཆུབ་སེམས་རྡོ་རྗེ་དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །མཁའ་འགྲོ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཀུན་དངོས་ནི་རྣམ་པར་སྣང་མཛད་ཆེན་པོ་ཉིད་དོ། །སེམས་དཔའ་ནི་ཐུབ་པ་སྤྲུལ་པའི་སྐུའོ། །རྡོ་རྗེ་ནི་ཆོས་སྐུ། སེམས་དཔའ་ནི་ས་ཆེན་པོ་ལ་གནས་པ་ཕྱིར་མི་ལྡོག་པའི་ཚོགས་སོ། །བདེ་བའི་མཆོག་ནི་ཟག་པ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུའོ། །འདི་ནི་རང་བྱུང་ནི་གདོད་མ་ནས་རྣམ་པར་དག་པ་ངོ་བོ་ཉིད་ཀྱི་སྐུའོ། །བཅོམ་ལྡན་དཔལ་ནི་ངོ་བོ་ཉིད་ཡེ་ཤེས་ཀྱི་སྐུ་བདུད་བཞི་བཅོམ་ཞིང་ལེགས་པའི་དོན་དང་ལྡན་པ་དཔའ་བོ་སྐྱེ་དགུ་ཐམས་ཅད་ཀྱི་འགྲོ་བའི་མགོན་དུ་གྱུར་པའོ། །མཁའ་འགྲོ་ནི་དབྱིངས་སྟོང་པ་ཉིད། ཡེ་ཤེས་བདེ་བ་ཆེན་པོ་ཡུལ་དང་ཡུལ་ཅན་གཉིས་མེད་དོ། །དྲ་བ་ནི་རྟོག་པ་ཐམས་ཅད་ལས་འདས་པའི་རབ་ཏུ་རྒྱས་པའི། དགའ་བ་བཞི་སྔོམ་པ་ཡིན་ནི་སྐད་ཅིག་བཞིའི་ངང་དུ་ཟག་བཅས་ཀྱི་ཆོས་ཐམས་ཅད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ཡོན་ཏན་དང་ཕྲིན་ལས་ཚད་མེད་པའི་དོན་བླ་ན་མེད་པ་བསྟན་པའོ། །ཕྱག་རྒྱ་ཆེན་པོ་གྲུབ་པ་ལྟར་ན། གསང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེ་སྟོང་སྐྱེ་མེད་དོ། །མཆོག་ནི་མ་སྐྱེས་པའི་རང་བཞིན་ནི་རྐྱེན་ལས་གྲོལ་བ། དགྱེས་པ་ནི་རང་རིག་འགག་པ་མེད་པའི་ཆོས་ཉིད་ཅིར་ཡང་འཆར་བ། ཐམས་ཅད་བདག་ཉིད་གཞན་དབང་ཀུན་བརྟགས་ཡོངས་གྲུབ་ལས་འདས་པའོ། །རྟག་ཏུ་བཞུགས་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་རོ་མཉམ་ལྷན་སྐྱེས་ཉིད་དོ། །མཁའ་འགྲོ་ནི་རྟག་ཆད་ལ་སོགས་པའི་མཐའ་ལས་འདས་པའོ། །


DTG018_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་དངོས་ནི་ཀུན་རྫོབ་རྣམ་དག་དོན་དམ་དབུ་མར་རོ། །སེམས་དཔའ་ནི་ཐབས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའོ། །རྡོ་རྗེ་ནི་བདེ་ཆེན་མི་ཕྱེད་པ། སེམས་དཔའ་ནི་བྱང་ཆུབ་སེམས་མི་འགྱུར་བའོ། །བདེ་བའི་མཆོག་ནི་རྩ་ཀུན་འདར་དུ་ཆོས་ཉིད་རླུང་སེམས་མི་རྟོག་པ་ཤར་བའོ། །འདི་ནི་རང་བྱུང་ནི་ལྷན་ཅིག་སྐྱེས་པ་ལྷུན་གྲུབ་པོ། །བཅོམ་ལྡན་ནི་སྐུ་ལྔ་རོ་མཉམ་མོ། །དཔའ་བ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་ཡེ་ཤེས་མཚུངས་པ་མེད་པའོ། །ཌཱ་ཀི་ནི་འོད་གསལ་བའོ། །དྲ་བ་ནི་རང་གི་རྟོག་པ་ལས་འདས་པ། སྔོམ་པ་ཡིན་ནི་ཟུང་འཇུག་སྤྲོས་མེད་དུ་སྔོམ་པ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་ཐ་དད་མེད་པའི་རང་བཞིན་དུ་གྱུར་པའོ། །ཐབས་དང་རྟོགས་པ་གོམས་པར་བྱེད་པ་བརྟན་པ་འབྱུང་བ་ནི་རྟེན་ཡེ་ཤེས་སྐྱེ་བའི་ཡུལ་ཙཎྜ་ལཱི་སྤར་བ་ལས་སྒྲ་ཚུལ་ནི་ཨ་ཧཾ་ངོ༌། །ཕྲད་པ་ལས་བདེ་སྟོང་འཆར་བ། དེ་ཉིད་ལས་འབྱུང་བ་ནི་བདེ་བ་གསལ་བ་མི་རྟོག་པ་འཆར་བའོ། །དམ་ཚིག་ནི་སྣང་གྲག་ཐམས་ཅད་བདེ་ཆེན་ལས་འདའ་བ་མེད་པ། སྤྱོད་པ་སྟེ་ཡུལ་ལྔ་བདེ་བ་ཟག་མེད་དུ་རོལ་པ། སྤྱོད་ཡུལ་ཡིན་ནི་ཡུལ་དང་དབང་པོ་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་བདེན་པ་གཉིས་རྣམ་པར་དག་པའོ། །དེ་ལ་མ་རྟོགས་པ་རྟོགས་པར་བྱེད་པ་ལས་བུམ་པ་གསང་བ་སྔོན་དུ་འགྲོ་བས་ཤེས་རབ་ཡེ་ཤེས་ཀྱི་ལམ་ལྟར་ན། གསང་ཆེན་ཤིན་ཏུ་རྙེད་དཀའ་བ་སྟེ། སྒྲ་ནི་རིག་མ། ཚུལ་ནི་ཐབས་ལུས་ངག་ལྷ་སྔགས། ངེས་འབྱུང་ནི་བསྲུབས་པ་ལས་བྱུང་བའི་དགའ་བ་དང་སྐད་ཅིག་མ་འཆར་བ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཞེས་པ་ཡུལ་དང་དབང་པོ་མཉམ་སྦྱོར་གྱི་ཏིང་ངེ་འཛིན་ཏོ། །གསང་ཆེན་ངེས་འབྱུང་སླར་བསྟན་པ། ཐོག་མ་ནི་དགའ་བ། དབུས་མཆོག་དགའ། མཐར་ནི་དགའ་བྲལ། ཡང་དག་གནས་ནི་བདེ་སྟོང་ལྷན་ཅིག་སྐྱེས་པ་ཞུ་བདེའོ། །འཇིག་རྟེན་གསུམ་ནི་རྟོག་བཅས་ཀྱི་དགའ་བ་ཆགས་འཇིག་དང་བཅས་པའི་ཕྱིར། རྙེད་དཀའ་བ་ནི་བློའི་སྤྱོད་ཡུལ་དང་རྟོག་གེ་ལས་དབེན་པའོ། །བདུན་པའི་སྒྲས་མི་གསལ་བར་འགྱུར་བ་ལས་འདས་པའོ། །དེ་ལས་བཞི་པ་ལྟར་ན། བླ་མ་བརྒྱུད་པའི་ཞལ་ལས་བྱུང་བའི་སྒྲ་ནི་རྗོད་བྱེད་གསང་བ། ཚུལ་ནི་སྒྲུབ་པ་པོ་ཉིད་ཀྱི་ཤེས་རྒྱུད་རང་རིག་པའི་ངོ་བོ་ལྷན་ཅིག་སྐྱེས་པ་དེ་ཉིད་


DTG018_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་འབྱུང་བ་བླ་མའི་བྱིན་རླབས་ཀྱིས་སོ། །དམ་ཚིག་ནི་མཚོན་བྱ་མཚོན་བྱེད་ལས་འདས་པའི་གནས་ལུགས་ཉིད་དོ། །རང་བཞིན་དག་པ་ནི་ཐོག་མ་དབུས་མཐའ་ནི་ཐོས་བསམ་བསྒོམ་པ། གནས་ཡང་དག་པར་ཞེས་གདོད་མ་ནས་ཁམས་རང་བཞིན་རྣམ་དག་འགྲོ་འོང་མེད་པར་རོ། །དེ་ཉིད་ལས་རྒྱུད་ཀྱི་རིམ་པ་ལྟར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ནཱ་དའི་སྒྲའི་ཚུལ་དེ་ཉིད་ལས། ངེས་འབྱུང་བ་ནི་ཆོས་འབྱུང་བ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྣང༌། དམ་ཚིག་ནི་སྟོང་ཉིད་ལས་འབྱུང་ཞིང་འཇུག་པའོ། །སྤྱོད་པ་ནི་དཔའ་བོ་རྣམས་སོ། །སྤྱོད་ཡུལ་ཡིན་ནི་རྣལ་འབྱོར་མ་རྣམས་དང་ཡབ་ཡུམ་གཉིས་མེད་དོ། །ངེས་འབྱུང་ལས་ཡང་ཐོག་མ་ནི་ཐུགས་ཀྱི་ཙཀྲ་།དབུས་གསུང༌། མཐར་ནི་སྐུའི་འཁོར་ལོ། །ཡང་དག་གནས་ནི་དམ་ཚིག་གི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་ཉིད་དོ། །འཇིག་རྟེན་གསུམ་ནི་ལྷ་ཚོགས་དེ་དག་ཕྱི་ནང་གི་ས་གསུམ་དུ་ཀུན་དུ་སྤྱོད་པའོ། །རྙེད་དཀའ་ནི་བླ་མའི་ལུང་དང་འབྲེལ་པ་ལའོ། །སྔགས་ལྟར་ན། སྒྲ་ནི་ཤེས་རབ་བདེ་བའི་ཨའོ། །ཚུལ་ལས་ནི་ཐབས་ཧཾ་ལས་ཐིག་ལེའོ། །ངེས་འབྱུང་བ་ནི་སྐད་ཅིག་མ་བཞི་དང་དགའ་བ་བཞི་འཆར་བའོ། །དམ་ཚིག་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བ། སྤྱོད་པ་ནི་ལུས་སེམས་ཀྱི་སྤྱོད་ཡུལ་ཡིན་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་བདེ་སྟོང་དུ་འཆར་བའོ། །ཐོག་མ་ནི་སྤྲུལ་པའི་འཁོར་ལོར་དགའ་བ་དང་པོ། དབུས་ནི་ཆོས་ཀྱི་འཁོར་ལོར་མཆོག་དགའོ། །མཐར་ནི་ལོངས་སྤྱོད་འཁོར་ལོར་དགའ་བྲལ་ལོ། །ཡང་དག་གནས་ནི་སྤྱི་བོ་བདེ་ཆེན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའོ། །འཇིག་རྟེན་གསུམ་ནི་དགའ་བ་གསུམ་འཇིག་ཚོགས་ཅན་ནོ། །རྙེད་དཀའ་བ་ནི་བདུན་པའི་ཚིག་གསུམ་པར་མི་མངོན་པར་གྱུར་བའོ། །ཡེ་ཤེས་ཀྱི་རིམ་པ་ནི། ཡབ་ཡུམ་འདུ་ཤེས་གསུམ་ལྡན་པས། སྒྲ་ནི་ཡེ་ཤེས་ཀྱི་རིག་མའི་ཆོས་འབྱུང་སྔགས་བཅས་པའོ། །ཚུལ་ནི་ཐབས་ཀྱི་གསང་བ་བྱིན་གྱིས་བརླབས་པ་ལས་མཉམ་པར་སྦྱར་བའོ། །ངེས་འབྱུང་བ་ནི་རྟེན་མི་འདྲ་ཡང་ཉམས་འཆར་ཚུལ་མཚུངས་པའོ། །གསང་བའི་རིམ་པ་དང་སྦྱར་ན། ཤེས་རབ་སྟོང་ཉིད་ངང་ལས་སྒྲའི་དོན་སྐྱེ་མེད། ཚུལ་


DTG018_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་ནི་ཐབས་སྙིང་རྗེ་ཆེན་པོ། །ངེས་འབྱུང་བ་ནི་དབྱིངས་ལས་ཡེ་ཤེས་ཐོགས་མེད་པར་རོ། །དམ་ཚིག་ནི་ངོ་བོ་ཉིད་ཀྱི་སྐུ། སྤྱོད་པ་ནི་ཡིད་བཞིན་ནོར་བུ་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ། སྤྱོད་ཡུལ་ཡིན་ཞེས་ལོངས་སྐུ་དག་པའི་ཞིང་ཁམས་སུའོ། །སྤྲུལ་སྐུ་ཐུབ་པ་འགྲོ་བ་རྣམས་ལ་ཆོས་གསུང་པར་མཛད་པའོ། །ཐོག་མ་ནི་ཆོས་སྐུ། དབུས་ནི་ལོངས་སྤྱོད་རྫོགས་པ། མཐར་ནི་སྤྲུལ་སྐུའོ། །ཡང་དག་གནས་ནི་བདེ་བ་ཆེན་པོའི་སྐུ་བླ་ན་མེད་པའོ། །འཇིག་རྟེན་གསུམ་ནི་རྣམ་ཐར་སྒོ་གསུམ་སྐད་ཅིག་མས་བཅུ་གསུམ་པའི་དུས་སོ། །རྙེད་དཀའ་བ་ནི་ཐ་སྙད་སྤྲོས་པ་ལས་དབེན་པ་བརྗོད་བྱ་དོན་གྱི་གསང་ཆེན་ནོ། །དེ་ཁོ་ན་ཉིད་རྙེད་པར་ཡང་རྟོགས་པར་དགའ་བའི་ཆོས་ཏེ་ཐབས་ཀྱི་ཁྱད་པར་གང་ལས་རྟོགས་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་སྨོས་ཏེ། ཤེས་རབ་ནི་དབང་པོ་རབ་ཀྱི་རྣལ་འབྱོར་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་པས་ཆོས་ཐམས་ཅད་ལ་དངོས་པོ་མེད་པར་རྟོགས་པའོ། །ཐབས་ནི་བླ་མ་དམ་པའི་བྱིན་རླབས་ཀྱིས་དངོས་པོའི་མཚན་ཉིད་སྐྱེ་མེད་དུ་རྟོགས་པས། ཀུན་སྦྱོར་བ་ནི་གཉིས་མེད་ཡེ་ཤེས་གསང་བ་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པར་བྱའོ། །དེ་ཉིད་མ་རྟོགས་པ་རྟོགས་པར་བྱེད་པ་དབང་ལྟར་ན། ཤེས་རབ་ནི་བུམ་པའི་དབང་ལས། རིགས་པའི་དབང་ལྔས་ཡེ་ཤེས་དང་ལྡན་པའི་ནུས་པ་བཞག་ཐབས་དེ་ཉིད་ཀྱི་དུས་སུ་ཀུན་དུ་སྦྱོར་བ་རྡོ་རྗེ་སློབ་དཔོན་གྱི་དབང་ཕྱིར་མི་ལྡོག་པར་བྱེད་པའོ། །བསམ་གཏན་ནི་ཏིང་ངེ་འཛིན་གྱི་བྱེད་ལས། སྔགས་བཟླས་སྙིང་པོ་ཉེ་སྙིང་ལ་སོགས་པ་བརྗོད་པའོ། །ལ་སོགས་ལྡན་ནི་དབང་རྫས་གཏད་པས་ངེས་པར་ཏེ་རྗེས་གནང་ལ་སོགས་པ་བྱའོ། །གསང་དབང་གིས་ནི། ཤེས་རབ་ནི་མཾ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །ཐབས་ནི་བླ་མའོ། །ཀུན་སྦྱོར་བ་ནི་བླ་མ་ཡབ་ཡུམ་ཧེ་རུ་ཀའི་རང་བཞིན་བསྲུབས་པ་ལས་བྱུང་བའི་སྦྱིན་པའོ། །སྔགས་བཟླས་ནི་ཨ་ནུ་རཱ་ག་ལ་སོགས་པ་བརྗོད་པ། བསམ་གཏན་ནི་ལྷའི་ང་རྒྱལ་དང་ལྡན་པས་སོ། །ལ་སོགས་ལྡན་པའི་དགའ་བ་ཟག་བཅས་ལ་བརྟེན་ནས་ལུང་བསྟན་པ་ཐོབ་པའོ། །དབང་གསུམ་པའི་ཤེས་རབ་ནི་རིག་མའོ། །


DTG018_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས་ནི་རིག་མ་གཏད་པ་དང་མཁའ་གསང་བྱིན་རླབས་ལྷའི་ང་རྒྱལ་ལྡན་པས་སོ། །སྔགས་བཟླས་ནི་ཨཱ་ལི་ཀཱ་ལི་སྤེལ་མ་སྡེ་ཚན་གང་གི་དུས་སུ་བབ་པའི་ཡེ་ཤེས་ངོས་འཛིན་པའོ། །བསམ་གཏན་ནི་དགའ་བ་དང་སྐད་ཅིག་མ་ལས་དོན་གྱི་ཡེ་ཤེས་རྟོགས་པར་བྱ་བའོ། །ལ་སོགས་ལྡན་ནི་ལུས་ཀྱི་འཁྲུལ་འཁོར་ཕྱག་རྒྱའི་གནད་བཅིང་བར་བྱ་བ་བསྡུས་པའོ། །དེ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལམ་ཕྱག་རྒྱ་བཞིས་ཐབས་ཤེས་རབ་རོ་གཅིག་ཏུ་ལམ་དུ་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ནི་ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས་ཡེ་ཤེས་ལས་བྱུང་བའི་རིག་མའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་དུ་འཆར་བ་དང༌། ཐབས་བདེ་བ་དབྱེར་མེད་ཉིད་དེ། བདེ་སྟོང་ལྷན་ཅིག་སྐྱེས་པ་འཆར་བ་སྦྱོར་བའོ། །ཆོས་ཀྱི་ཕྱག་རྒྱའི་ནང་དུ་ཙཎྜ་ལཱིའི་བྱེད་པས། ཡུལ་འདོད་ཡོན་ལྔའི་རང་བཞིན་ཤེས་རབ་ཀྱི་ཉམས་ལ། ཐབས་དབང་པོའི་སྤྱོད་པ་སྣང་བ་གསལ་སྟོང་ལྷན་ཅིག་སྐྱེས་པར་སྦྱོར་བ་གཉིས་སུ་མེད་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཉམས་མྱོང་དེ་ཉིད་ལས་འབྱུང་བ་བཞི་ཐིམ་པས་འོད་གསལ་ཤེས་རབ་སྟོང་ཉིད་སྤྲོས་མེད་ལས། ཐབས་ཞུ་བདེ་ལྷན་ཅིག་སྐྱེས་པ་རིག་སྟེང་གཉིས་མེད་དུ་ཀུན་སྦྱོར་བ་ཡེ་ཤེས་སུ་འཆར་བའོ། །ཕྱག་རྒྱ་ཆེན་པོ་ལ་ནི་ཤེས་རབ་ཆོས་ཐམས་ཅད་མཁའ་ལྟར་རྣམ་པར་དག་ལ། ཐབས་རང་བཞིན་ལྷན་ཅིག་སྐྱེས་པ་གཉུག་མ་བདེ་ཆེན་མི་འགྱུར་བའི་ཀུན་སྦྱོར་བཟུང་འཇུག་ཏུ་འགྱུར་བའོ། །བདེ་བ་རྟོག་མེད་ཙམ་ལ་དཔེའི་ཡེ་ཤེས་སུ་འདོད་པ་ཡང་ཡོད་ལ། བདེ་ཆེན་དེ་ཉིད་འོད་གསལ་རྣམ་པར་མི་རྟོག་པ། དོན་གྱི་ཡེ་ཤེས་ནི་ཀུན་སྦྱོར་བ་ཞེས་གཉིས་མེད་རོ་མཉམ་ཆེན་པོར་འགྱུར་བའོ། །སྔགས་བཟླས་རླུང་འགྲོ་འོང་དང་བྲལ་བའི་དབུ་མར་ཚུད་པས་གནས་པའོ། །བསམ་གཏན་གྱི་ཏིང་ངེ་འཛིན་ཁམས་གསུམ་གྱི་ཉམས་ཐོད་རྒལ་དུ་འཇུག་པ་ལས་འདས་པ་ཞི་གནས་ལྷག་མཐོང་དབྱེར་མེད་བདེ་སྟོང་རོ་གཅིག་གོ །ལ་སོགས་ལྡན་ཁྱད་པར་གྱི་མཆོད་པ་དང་སྦྱིན་སྲེག་དང་བརྟུལ་ཞུགས་སྤྱོད་པ་ཐམས་ཅད་ཕྱག་རྒྱ་བཞི་ལྡན་དུ་གྱུར་པས་མྱུར་དུ་ཡེ་ཤེས་འགྲུབ་པའོ། །དེ་ཉིད་མཁའ་འགྲོ་རྒྱ་མཚོ་ལས། །གསང་བ་སྒྲ་དོན་འབྲེལ་བའི་ཚུལ། །དཀྱིལ་འཁོར་འཁོར་ལོ་


DTG018_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་འབྱུང་རིགས། །བསྡུས་དང་སོ་སོ་དམ་ཚིག་གི །སྤྱོད་ཡུལ་ལུས་སེམས་བདེ་བར་རོལ། །ཐོག་མ་བར་དང་མཐར་དགེ་བ། །དེ་ཉིད་གསང་རིམ་སྐུ་གསུམ་མཆོག །སྲིད་གསུམ་ལས་ནི་རྣམ་དག་པའི། །ཡེ་ཤེས་རྙེད་དཀའ་ཡང་དག་གནས། །ཀུན་སྦྱོར་ཤེས་རབ་དང་ལྡན་པས། །རླུང་ལ་རྣམ་རྒྱལ་ཏིང་འཛིན་གནས། །ཕྱག་རྒྱ་བཞི་ལ་སྣ་ཚོགས་ཐབས། །སྦྱོར་བའི་ཆོ་ག་བསྟན་པ་ནི། །རྡོ་རྗེ་རྣལ་འབྱོར་མ་ལ་ནི། །འཛིན་པའི་དོན་དུ་བསྐུལ་ཞིང་གདམས། །ཞེས་གསུངས་པའི་དོན་ཏོ། །སྙིང་པོ་བསྡུས་པ་ལ་གདམས་པ། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་པའི་དོན་ལ། སྦྱོར་ཉིད་ནི། ཨེ་ཝཾ་སྟེ་སྔོམ་པ་ཐམས་ཅད་ཀྱི་བདག་ཉིད། དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་མི་ཕྱེད་པའི་རྡོ་རྗེར་གནས་པའོ། །ཆོ་ག་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྟོག་པ་གསང་བའི་རིམ་པ། མྱུར་དུ་དངོས་གྲུབ་མངོན་དུ་བྱེད་པའོ། །ཡེ་ཤེས་ནི་ལྷན་ཅིག་སྐྱེས་པ་དེ་ལས་སྤྲོ་བ་དང་སྡུད་བ་བསྟན་པའོ། །ཡང་ན་སྦྱོར་བ་ནི་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་སྔོམ་པ་དཀྱིལ་འཁོར་འཁོར་ལོ་ཕྱི་ནང་དུ་སྟོན་པ་དུ་མའི་འབྱུང་གནས་སོ། །ཆོ་ག་ནི་ལྷའི་འཁོར་ལོའི་རྣམ་པར་སྣང་བ་ལས། དེ་ཉིད་ལྷའི་ངོ་བོ་བདེ་སྟོང་ལས་ཞི་བ་དང་ཁྲོ་བོའི་སྐུའི་རྣམ་པ་དུ་མར་སྟོན་པས་ཕྲིན་ལས་སྣ་ཚོགས་སུ་འཆར་བའོ། །ཡེ་ཤེས་ནི་བདེ་གསལ་མི་རྟོག་པའི་ཆོས་ཉིད་འགག་པ་མེད་པ་ལས་མཁྱེན་པ་དང་ལྡན་པའོ། །རྒྱུད་ནི་བརྗོད་བྱ་དོན་གྱི་གསང་ཆེན། གཞི་རིགས་ལ་གནས་པའི་རྒྱུའི་རྒྱུད་ཁམས་རང་བཞིན་རྣམ་དག་ལས། ལམ་ཐབས་རིམ་པ་སྤྱོད་པ་དང་དམ་ཚིག་སྔོམ་པས་རྒྱུད་ལ་སྦྱང་བ་ཐོབ་པར་བྱེད་པ་དང༌། མངོན་དུ་གྱུར་བའི་སྐུ་དང་ཡེ་ཤེས་ཐོགས་པ་མེད་པར་འཆར་བ་འབྲས་བུའོ། །རྗོད་བྱེད་སྒྲའི་རྒྱུད་ཀྱི་གསང་བ་ཚོགས་པ་དང་ལྡན་པས། གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་དོན་ཏོ། །དེ་ལས་གསུངས་པ་ནི་དཔལ་རྡོ་རྗེ་འཆང་གིས་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་བསྟན་པའོ། །མཉན་པར་གྱིས་ཞེས་རྡོ་རྗེ་རྣལ་འབྱོར་མ་ལ་ཉེ་བར་གདམས་པའོ། །གསང་བའི་ཐབས་མཆོག་གནས་ནི་ངེས་པའི་རྒྱུད་དེ་དགའ་བ་ཡེ་ཤེས་རྟོགས་པར་འགྱུར་བ་རིམ་པ་དབྱེར་མེད་ཉིད། །བདེ་བ་


DTG018_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུལ་ནི་སྙིང་པོ་གསང་བ་ཐབས་དང་ཐབས་ལས་བྱུང་བ་རང་འབྱུང་ཆོས་ཉིད་སྙིང་པོ་འདིར་བསྟན་པ། །རྡོ་རྗེ་རྣལ་འབྱོར་མ་ཡིས་རབ་བསྐུལ་ནས་ནི་གསང་བའི་དམ་ཚིག་དཀྱིལ་འཁོར་ལོ་ཉིད་དུ་བདག་བྱིན་རློབ། །ཅེས་གསང་བ་མཛོད་ལས་སོ། །དེས་གླེང་བསླང་བ་བསྟན་པའོ།། །།དེ་ལ་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་འདིར་ནི། གཙང་སྤྲ་གསུམ་ལ་གནས་པར་བྱ་བ་ལས་དང་པོ་ཁོ་ན། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་པས་དེའི་དོན་ལ། ཕོ་ཉའི་གཙང་སྦྲ་དང་པོ་ཡིན། །ཞེས་རྣལ་འབྱོར་མ་ཕྱི་དང་ནང་དུ་གནས་པའི་རིག་མ་མཉེས་པ་ལས་ཡེ་ཤེས་གྲུབ་པར་བསྟན་པའི་ཕྱིར་རོ། །དང་པོར་ཕོ་ཉས་ངོས་གཟུང་བ་བསྟན་པ་ལ། དེས་ནི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་ཅིང༌། ཕྲིན་ལས་རྣམས་ཐོགས་པ་མེད་པར་བསྒྲུབ་པ་སྟེ། ཤེས་རབ་ཀྱི་ཕོ་ཉ་དང་ཐབས་ཀྱི་ཕོ་ཉ་དང༌། གསང་བ་ཡེ་ཤེས་ཀྱི་ཕོ་ཉ་བསྟན་པའོ། །དེ་ལ་དང་པོ་གསང་བ་ཤེས་རབ་ཕོ་ཉའི་ཁྱད་པར་ནི་ལྷན་ཅིག་སྐྱེས་ཞེས་སྨོས་ཏེ། དེ་ནི་རྣམ་པར་འགྲོ་བ་ལ་ལྷ་མོའི་ཚུལ་དུ་སྣང་བ་སྟོང་པ་རྣམས་ཏེ། འོག་མིན་ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དུ་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི་དཀྱིལ་འཁོར་ཆེན་པོ་ཚད་མེད་པ་ན་གནས་པའི་རྣལ་འབྱོར་མ་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་བཞུགས་ཤིང་འཁོར་ཚད་མེད་པ་དང་ལྡན་པ་རྣམས་སོ། །གཉིས་པ་ཕོ་ཉ་ཞིང་སྐྱེས་ནི་ཐུགས་རྗེ་ཆེན་པོ་མངའ་བས་འཛམ་བུའི་གླིང་དུ་ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པར་འབྱུང་བ་སྟེ། རྣལ་འབྱོར་མའི་རྣམ་པའི་གཟུགས་སུ་སྟོན་པ། ངོ་བོ་ཉིད་ཀྱིས་བླ་ན་མེད་པའི་ཆོས་ཐམས་ཅད་ལ་གནས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་དང་ལྡན་པའོ། །གསུམ་པ་ཕོ་ཉ་སྔགས་སྐྱེས་ནི་ཡུལ་དབུས་ལ་སོགས་པར་མཁའ་འགྲོའི་སྐྱེ་གནས་འཛིན་པ་སྟེ། རྒྱུད་ལམ་གྱིས་སྦྱངས་པ་ཐོབ་པ་ལས་རྟེན་དུ་གྱུར་པ་འགའ་ཞིག་གོ །གྲུབ་པ་སྟེར་ཚུལ་ནི། མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་པས་མཆོག་ནི་ལྷན་ཅིག་སྐྱེས་མ་སྟེ་ཡེ་ཤེས་ཀྱི་སྣང་བ་སྟོན་པ་ལ། བརྡ་དང་བྲའི་ལན་ལུས་བརྡ་དང་བརྡ་ལ་སོགས་པས་ལེགས་པར་བརྟགས་ཏེ། དེས་ནི་ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བས་བླ་ན་མེད་པའི་མཆོག་ཕྱག་རྒྱ་ཆེན་པོ་གྲུབ་པ་སྟེར་བར་བྱེད་དོ། །


DTG018_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྲིང་དང་ཞེས་པ་ནི་ཞིང་སྐྱེས་མ་སྟེ་གྲུབ་པ་རྣམས་དང་ཕྲིན་ལས་སྣ་ཚོགས་ཏེ། ལས་ཆེན་པོ་ལ་སོགས་པ་ཉེ་བར་འགྲུབ་པར་བྱེད་པ་ཉིད་ཀྱིས་ཌཱ་ཀི་མ་ངོས་ཟིན་པས་ཡོན་ཏན་འབྱུང་བའོ། །ཐ་མ་ནི་སྔགས་སྐྱེས་མ་སྟེ་གྲུབ་པ་དང་དེ་དང་ཉེ་བའི་ཆོས་མཐུན་གྲུབ་ཏུ་རུང་བ་སྟེ། ལམ་ཉེ་བར་བགྲོད་པའི་སྤྱོད་པ་བསྟན་པ་སྟེ། དམ་ཚིག་སྤྱོད་ཡུལ་ཞེས་པའི་དོན་བསྟན་པ་ཡིན་ནོ། །རིགས་ལྡན་གྱི་ཁྱད་པར་བསྟན་པ་ལས། ཕོ་ཉ་ནི་རྫུ་འཕྲུལ་གྱི་ནུས་པ་དང་ལྡན་པ་སྟེ་རྣལ་འབྱོར་བའི་རྡོ་རྗེའི་ལུས་ཀྱི་གནས་ལུགས་ལས་འབྱུང་བ་བཞི་རླུང་ལས་སུ་རུང་བས་རླུང་གི་བྱེད་ལས་ཆོས་ཉིད་ཀྱི་རླུང་ནི་རང་བཞིན་ལུས་ལ་གནས་ནས་ཀུན་དུ་མི་གཡོ་བའི་ལས་བྱེད། ལས་ཀྱི་རླུང་ནི་རྩ་རོ་རྐྱང་གཉིས་ལ་གནས་ནས་གཟུང་འཛིན་བསྐྱེད། དག་པའི་ཆ་ནི་གཡོན་གྱི་སྐྱེ་མེད། གཡས་འགག་པ་མེད་པའོ། །ཡེ་ཤེས་ཀྱི་རླུང་རྩ་དབུ་མར་གནས་པས་རྟོག་པ་སྤངས་པ་བདེ་ཆེན་མཆོག་ཏུ་གྱུར་པར་བྱེད་པས་ན་གཟུང་འཛིན་དབུ་མར་འགོག་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དངོས་གྲུབ་འཆར་བའོ། །མཆོག་ནི་རྩ་ཀུན་དར་ལས་སོ། །འབྲིང་ནི་གཡོན་རྐྱང་མ་ཤེས་རབ་ཀྱི་ཆའོ། །ཐ་མ་ནི་གཡས་རྩ་རོ་མ་ཐབས་ཀྱི་ཆ་སྟེ། གཡས་གཡོན་རླུང་རྩོལ་བ་དབུ་མར་ཡོན་ཏན་འབྱུང་བའོ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་པ་ལ། ཕོ་ཉ་དང་པོས་ནི་གསང་བ་མཆོག་བདེ་ཆེན་ཤིན་ཏུ་མྱུར་བར་སྟེར་བ་སྟེ་ཐེ་ཚོམ་མེད་པས་སོ། །གཉིས་པས་ནི་གྲུབ་པ་ལས་དང་བཅས་པ་མྱུར་དུ་སྟེར་བས་རྟོག་པ་མེད་པར་བྱ་བས་བརྟེན་པའོ། །གསུམ་པས་ནི་ཚེ་གཅིག་གིས་འགྲུབ་པ་སྟེ་ལོག་པར་རྟོག་པ་ཐ་མལ་གྱི་འདུ་ཤེས་དང་བྲལ་བས་མན་ངག་དང་ལྡན་པས་སོ། །དེས་ཡིད་ཀྱི་རྣམ་ཤེས་ལམ་དུ་གྱུར་པས་སྐད་ཅིག་མ་དང་དགའ་བ་བཞི་ལས། འདོད་ཡོན་ལྔ་ལམ་དུ་ཁྱེར་བས་དངོས་གྲུབ་མཆོག་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ཡང་ཁྱད་པར་དུ་ནི། རྣལ་འབྱོར་པས་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ང་རྒྱལ་བརྟན་པ་ལས། ཡིད་ཀྱི་རྣམ་ཤེས་དབུ་མར་འཇུག་པའི་གནད་དེ། ཁམས་གཞན་གྱི་བདུད་རྩི་ལེན་པས་ངེས་པར་འགྲུབ་པ་ནི་ཙཎྜ་ལཱི་འབར་བ་ལ་བརྟེན་ནས་རྟགས་བཅུ་ཡོན་ཏན་བརྒྱད་ཀྱི་དངོས་གྲུབ་ཀྱི་མཐར། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་


DTG018_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཡེ་ཤེས་ཀྱི་བཅུད་བླངས་ནས་འབྱུང་བ་དང་འཇུག་པའི་སྒོ་ནས་བདག་ཉིད་ལ་བསྟིམ་པས་ནི། བདག་བྱིན་གྱིས་བརླབ་པའི་ལམ་བསྒྲུབ་པར་བྱ་བ་ཐུན་མོང་མ་ཡིན་པའི་ལམ་མོ། །ད་ནི་རིགས་ལྡན་མཆོད་པར་བྱ་བའི་དོན་ལས། ཐོག་མར་མཆོད་པའི་རྫས་གང་ཡིན་པ་ནི། དབུགས་འབྱིན་ཞེས་པ་ལ་སོགས་པས་བསྟན་ཏེ། འཁོར་བ་སྡུག་བསྔལ་ལས་ལམ་གྱི་ཡེ་ཤེས་ཅིག་ཅར་དུ་སྐྱེ་བར་བྱེད་པས་དབུགས་འབྱིན་པ་མི་སྐྱེ་བ་བདུན་པའི་ཤ་ཆེན་པོའོ། །པར་མ་ནི་གཡས་རོ་མའི་ཆ་ལས་འབྱུང་བའི་སིཧླའོ། །མཆོག་ནི་ཀུནད་ལྟ་བུའི་ཐིག་ལེ་ཟླ་བའོ། །དྲི་ནི་གཞི་མཉམ་མོ། །ཆུ་དང་ནི་གླ་རྩི་རྡོ་རྗེའི་རིགས་སོ། །བཅས་པ་ནི་དེ་དག་ལྷན་ཅིག་ཏུ་སྦྱོར་བར་བྱ། །བདུད་རྩི་ལྔ་པོ་དེ་ཉིད་སངས་རྒྱས་རིགས་ལྔའི་རང་བཞིན་གྱིས་གདོད་མ་ནས་བྱིན་གྱིས་བརླབས་པ་མ་ད་ནས་སྦྱར་བའམ་པའི་འོ་མས་སྦྱར་བར་བྱའོ། །ཀྱང་ཞེས་ཤ་ལྔ་དང་བསྡོམས་པས་དཀྱིལ་འཁོར་སྒྲུབ་པ་དང་རྗེས་སུ་འབྲེལ་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བདེ་ཆེན་དུ་མཆོད་པའོ། །ཁྱད་པར་དུ་ནི། དབུགས་འབྱིན་ནི་ཀུན་རྫོབ་སྒྱུ་མ་ལྟ་བུའི་ལྷ་སྐུའི་དང་ལས། རྩ་ཀུན་འདར་དུ་ལས་ཀྱི་རླུང་ཆུད་པས་དོན་དམ་འོད་གསལ་རྟོགས་པས་སོ། །བར་མ་ནི་ཡོན་ཏན་ཅུང་ཟད་བསྐྱེད་པ། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་འགྲོ་བས་གཟུང་འཛིན་ལྡོག་པའོ། །མཆོག་ནི་ཀུནད་ལམ་དུ་བསླངས་པས་ཡེ་ཤེས་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་དུའོ། །ཁམས་ལྔའི་སྙིགས་མ་དུག་ལྔ་ཡིན་ལ། དངས་མ་ལས་རིགས་ལྔའི་དཀྱིལ་འཁོར་འཆར་བས་ན། དྲི་ནི་སྣའི་དབང་པོ་ལ་སོགས་པ་སྒོ་ལྔར་ཡན་ལག་རོ་མཉམ་པར་སྤྱོད་པའོ། །ཆུ་དང་ནི་རྩ་བའི་ཁོང་ན་གནས་པ་ལུས་ལ་གནས་པའི་བདུད་རྩིས་རྩའི་འཁོར་ལོ་ཐམས་ཅད་འགེངས་པའོ། །བཅས་པས་ཀྱང་ཞེས་ལུས་ཕྱི་ནང་དུ་དབང་པོས་ཡུལ་ལ་སྤྱོད་པས་ར་ས་ཨཱ་ནར་གྱུར་པའོ། །རྣལ་འབྱོར་པས་ཞེས་གང་དུ་གང་གིས་མཆོད་པའི་དུས་སྟོན་པ་སྟེ། ཐབས་ཤེས་རབ་གཉིས་ཧེ་རུ་ཀའི་བསམ་གཏན་དང་ལྡན་པས་དུས་རྟགས་ཁྱད་པར་ཞེས་པས་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ་བར་བྱ་བ། སྐྱེས་པ་བརྟན་པ། དེ་ལས་བོགས་དང་ཡོན་ཏན་བསྐྱེད་པའི་


DTG018_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེད་དུ། ཕྱིར་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་སོགས་པ་དང༌། ནང་དུ་ཚོགས་ཁྱད་པར་ཅན་རྫོགས་པར་བྱ་བའི་དོན་དུ་ལུས་ཀྱི་གནས་ཐམས་ཅད་དུ་ཁམས་འཇུག་པ་དང༌། དབང་དུ་བྱས་པ་དང༌། ལོངས་སྤྱོད་པ་དང་ཐིམ་པར་འགྱུར་བ་གནས་དང་ཉེ་བའི་གནས་ལ་སོགས་པར་རླུང་གི་འཕོ་བ་དཔའ་བོ་དང་རྣལ་འབྱོར་མ་གཉིས་མེད་བདེ་བར་རོལ་པའི་དུས་འབྱུང་བ་རྟོགས་པར་བྱ་བའོ། །མཆོད་པའི་ཡུལ་ནི། རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཞེས་པས་རིགས་ལྡན་རྣམས་ཞེས་པ་ལ་ཕྱི་དང་ནང་གི་ལས། དང་པོ་ནི་ཞིང་སྐྱེས་མ་ལ་སོགས་པ་དེ་དག་གི་སྤྱོད་ལམ་དང་ངང་ཚུལ་དང་ལུས་ངག་གི་བརྡའི་རྣམ་པར་འགྱུར་བ་ལ་སོགས་པར་བྱས་ལ། རྣལ་འབྱོར་མ་སུམ་ཅུ་སོ་དྲུག་ལ་སོགས་པ་ཐམས་ཅད་རིགས་བདུན་དུ་ཤེས་པར་བྱས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་དང༌། དམ་ཚིག་དང་ཡེ་ཤེས་ལ་སྤྱོད་པའི་ཁྱད་པར་རྟོགས་པས། དེ་ཁོ་ན་ཉིད་ཀྱིས་མཆོད་པས་བརྟེན་པར་བྱ་བའོ། །གཉིས་པ་ནང་གི་ནི། རིགས་ལྡན་ནི། ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་ན་གནས་པའི། དཱ་ཀི་མ་རྣམས་འདུས་པའི་དུས་གནད་ཤེས་པས་བསམ་གཏན་དང་རྣལ་འབྱོར་གྱི་སྟོབས་ཀྱིས་འདུ་བ་དང་ཉེ་བར་འདུ་བ་ཤེས་པས། དབྱེ་བ་དང་བསྡུ་བའི་རིམ་པ་ཤེས་པར་བྱ་བས་མཆོད་པར་བྱའོ། །དེ་ཉིད་ལས་ཡང་རང་རྫས་ཐེག་ལེ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་ལུས་ཀྱི་རྒྱུ་མཐུན་ལས་བྱུང་བའི་བྱང་སེམས་ཀྱིས་དཀྱིལ་འཁོར་པ་ལ་མཆོད་པ་ནི། ཕུང་པོའི་སངས་རྒྱས་དང་ཁམས་ཀྱི་རིག་མ་ལྷ་མོ་དང༌། སྐྱེ་མཆེད་ཀྱི་བྱང་ཆུབ་སེམས་དཔའ་དང༌། ཡུལ་གྱི་ལྷ་མོ་རྣམས་དང༌། ལུས་ཀྱི་ཆ་ཤས་ལ་གནས་པའི་ཁྲོ་བོ་ཡབ་ཡུམ་ལ་སོགས་པ་མཆོད་པར་བྱ་བ་ཡུལ་དང་ཡུལ་ཅན་གྱི་ཚུལ་གྱིས་སོ། །ཡང་ན་རང་རྫས་ནི་རང་རིག་པ་ཉིད་དོ། །རླུང་རིག་དབྱེར་མི་ཕྱེད་པའི་ཐིག་ལེས་ཞེས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྱུང་གནས་སུ་རིག་པར་བྱ་བ་ལས། སངས་རྒྱས་ནི་ཡེ་ཤེས་ལྔའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའོ། །བྱང་ཆུབ་སེམས་དཔའ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དེ། ཚད་མེད་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་དང་སྒོ་མཚམས་མ་དང་བཅས་པ་ལ་མཆོད་པར་བྱེད་པ་དཀྱིལ་འཁོར་པ་ལ་ཟབ་པ་


DTG018_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་དང༌། ཐབས་རྒྱ་ཆེ་བ་ཡུལ་དང༌། དབང་པོ་གཉིས་མེད་ཀྱི་ཚུལ་དུ་མཆོད་པར་བྱ་བའོ། །དེ་ཉིད་ལ་རིགས་ལྡན་མཆོད་པའི་ཕན་ཡོན་གྱི་ཆེ་བ་ནི། མཐོང་བ་དང་ནི་ཞེས་པ་ལ་སོགས་པས་བསྟན་པ་ཉིད་དེ། བདེ་བ་ལམ་དུ་བྱེད་པ་རིགས་ལྡན་བསྟེན་པའི་དུས་སུ་གཟུགས་རྡོ་རྗེ་མཐོང་བ་དང༌། བལྟས་པ་ཙམ་གྱིས་སོ། །སྒྲ་རྡོ་རྗེ་མ་ཐོས་པས་བདེ་བ་སྐྱེད་པ་དང༌། དྲི་རྡོ་རྗེ་མ་བསྣམས་པས་དྲིའི་བྱེ་བྲག་པདྨ་དང་དབང་དང་སིཧླ་ལ་སོགས་པ་དང༌། རོ་རྡོ་རྗེ་མ་མཆུའི་སྦྲང་རྩི་ལྟར་མྱང་བ་དང༌། ལྷ་མོ་རེག་རྡོ་རྗེ་མ་ལས་ཐོབ་པའི་བདེ་སྟོང་ཡེ་ཤེས་ཀྱི་ཉམས་མྱོང་དེ་ཉིད་དྲན་པའི་ཡོན་ཏན་ཏིང་ངེ་འཛིན་ཁྱད་པར་ཅན་གོང་དུ་འཕེལ་བར་བྱེད་པའི་ནུས་པའི་སྟོབས་འབྱུང་བའོ། །ཡང་ན་བདག་ཉིད་སྒྲུབ་པ་པོ་ཡོན་ཏན་དང་ལྡན་པ་དེ་ཉིད་ལ། གཞན་དག་གི་མིག་གིས་མཐོང་བ་དང་ནི་ལུས་ཀྱི་ཡུལ་དུ་རེག་པ་དང་ཆོས་སྨྲ་བ་རྣ་བ་ཐོས་པ་དང་ནི་ཞེས་གསུང་གིས་བརྗོད་པ་དང༌། ཤེས་པས་ཡིད་ཡུལ་དུ་དྲན་པ་ཡིས་ཞེས་གང་གིས་གུས་འདུད་བྱས་པ་ལ་ཡང་ཡོན་ཏན་འབྱུང་བ་དགོངས་པའོ། །སྐྱོན་ཇི་ལྟར་དག་ཚུལ་ཡང་སྡིག་པ་ཀུན་ལ་ཞེས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པ་ཐམས་ཅད་ལས་མྱུར་དུ་གྲོལ་བར་འགྱུར་པ་ཞེས་འཆིང་བའི་ཞགས་པ་ཐམས་ཅད་རྣམ་པར་བཅད་དེ། སྲིད་པ་ལས་འདས་པ་ཐོབ་པ་ནི། དེ་ལྟར་ཉིད་དུ་སྟེ་བླ་ན་མེད་པའི་གནས་མྱུར་དུ་བགྲོད་པར་འགྱུར་བར་ཐེ་ཚོམ་མེད་ཅེས་ཆོས་འདི་ཉིད་ཀྱི་ཆེ་བ་ཡང་བསྟན་པ་ཡིན་ནོ། །འདིར་གསང་བའི་སྤྱོད་པ་སྤྱད་པ་ལས་ཡོན་ཏན་འཕེལ་པར་འགྱུར་བ་ཡང༌། རྣལ་འབྱོར་པ་ཉིད་ཅེས་པས། ཀུན་དུ་བཟང་པོ་དང༌། མགོན་པོ་ཀུན་དུ་སྤྱོད་པ་དང༌། མཉམ་གཞག་ཆེན་པོ་སྦས་པའི་སྤྱོད་པས་རིམ་པ་གཉིས་ལ་གོམས་ཤིང་ཨ་བ་དྷཱུ་ཏཱི་པའི་སྤྱོད་པ་སྤྲོས་བཅས་ལ་སོགས་པ་ལ་གནས་པས། ཚོགས་གཉིས་རྫོགས་པ་བསོད་ནམས་ནི་ཡོན་ཏན་འཕེལ་པའི་རྒྱུ་ལ་བརྟེན་ནས་འབྲས་བུ་གཟུགས་སྐུ་གྲུབ་པའི་དོན་མངོན་དུ་བྱེད་ལ་མཆོག་ནི་ཡེ་ཤེས་ཀྱི་ཚོགས་ཏེ་འཁོར་གསུམ་ཡོངས་སུ་དག་པ་རྫོགས་པས་འབྲས་བུ་ངོ་བོ་ཉིད་ཆོས་ཀྱི་སྐུ་དམ་པ་ཐོབ་པའོ། །དེ་ཡང་དབང་དང་ལམ་གྱིས་རྒྱུད་ཡོངས་སུ་སྦྱངས་པས་དག་པར་བྱེད་པ་ནི། མེ་ཡིས་སྦྱངས་པའི་ནོར་བུ་བཞིན་ནོ། །སྡིག་པ་འཇིག་


DTG018_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་ནི་ལས་དང་ཉོན་མོངས་པའི་བག་ཆགས་ཀྱིས་ཀུན་ནས་དཀྲིས་པའི་འཆིང་བ་ལས་གྲོལ་ཞིང་ཐར་པ་འཐོབ་པའོ། །དེ་ཉིད་དུ་རྣལ་འབྱོར་པས་རིམ་པ་གཉིས་སྤྱོད་པ་དང་བཅས་པ་གནས་པའི་ནུས་པའི་སྟོབས་མྱུར་དུ་གྲུབ་པར་དེ་ཁྱད་པར་བསྟན་པའི་ཕྱིར། གསང་སྔགས་ཞེས་པ་ལ་སོགས་པས་བསྟན་ཏེ་སྣོད་མ་ཡིན་པ་ལ་མི་བསྟན་པ་སྟེ། སྐལ་བ་བཟང་པོ་ལ་བསྔགས་པ་ལས། མནྟྲའི་སྒྲས་ཞེས་སྐྱོབ་དང་ཡིད་སྐྱོབ་སྟེ། འདི་ཉིད་ལ། གསང་སྔགས་བསམ་གཏན་གྱིས་འགྲུབ་འགྱུར། །ཞེས་སྦྱར་ཏེ། ལྷའི་རྣལ་འབྱོར་གྱི་དཔའ་བོ་གཅིག་པ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་དུ་མཉམ་རྗེས་མེད་པར་ལམ་དུ་གྱུར་པས་འགྲུབ་ལ། རྫོགས་པར་ནི་བདག་བྱིན་གྱིས་རློབ་པ་དང༌། དཀྱིལ་འཁོར་འཁོར་ལོའི་ལམ་ལ་འབད་པས་ཕྱག་རྒྱ་བཞི་ལྡན་དུ་ལམ་རྫོགས་པས་གྲུབ་པའོ། །བཟླས་བརྗོད་ཀྱིས་ཀྱང་འགྲུབ་པར་ཞེས་སྦྱར་ཏེ། ལྷའི་སྙིང་པོ་དང་ཉེ་སྙིང༌། རྩ་སྔགས་དང་ཕྲེང་སྔགས་མཆོད་པར་འགྱུར་བ། གོ་ཆ་དང་སྲུང་བར་བྱེད་པ། རྗེ་བཙུན་མའི་རྩ་སྔགས་སྙིང་པོ་དང་བཅས་པ་ཚུལ་བཞིན་དུ་ཟློས་པ་དེས་ཁྱད་པར་དུའོ། །ཡང་རྫོགས་པར་སྲོག་རྩོལ་འགོག་པས་རྡོ་རྗེའི་བཟླས་པས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པས་རྗེ་བཙུན་ཡབ་ཡུམ་གྱིས་བྱིན་གྱིས་རློབ་པར་འགྱུར་པ་ཉིད་དོ། །ད་ནི་ལས་ཀྱི་གཞི་སྔོམ་པ་དང་དམ་ཚིག་བསྟན་པ་ལ། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །སྔོམ་པ་རྟག་ཏུ་བསྐྱང་བར་བྱ། །ཞེས་པས། མནྟྲ་སམྦ་ར་ནི་སྔགས་ཀྱི་སྔོམ་པས་ཏེ། སྤྱི་དང་བྱེ་བྲག་ཁྱད་པར་ཡེ་ཤེས་བླ་ན་མེད་པར་བསྡོམས་པས་གཞི་ངེས་པར་འབྱུང་བ། བསླབ་པ་གསུམ་ལ་གནས་པས་གསང་བ་རྡོ་རྗེ་ཐེག་པའི་སྔོམ་པ་བདེ་ཆེན་ཡེ་ཤེས་སུའོ། །ཤིན་ཏུ་མཉམ་གཞག་ནི་རྣལ་འབྱོར་པས་ལྷའི་སྐུ་དང༌། རྫོགས་པར་རྟེན་དང་བཅས་པ་དང༌། བརྟེན་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་མཉམ་རྗེས་མེད་པར་རོ། །སྒྲུབ་པ་པོས་ཞེས་པའི་དོན་ལ། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྔོམ་པའོ། །ཞེས་པ་དང༌། ཕྱི་ནང་གསུམ་པ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ཞེས་པའི་དོན་ཏོ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་པས། མ་ཧཱ་ས་མ་ཡ་གཾ་བྷཱི་ར་བ་སྟེ་ཟབ་པའི་དམ་ཚིག་ཆེན་པོ་དང༌། མུ་དྷ་རཱ་ཐཱ་སྟེ་རྒྱ་


DTG018_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེ་བའི་དམ་ཚིག་ལས། མཱུ་ལ་སྟེ་རྩ་བ་དང༌། ཨཾ་ག་ལ་སྟེ་ཡན་ལག་གི་དམ་ཚིག་ལས། འདི་ཉིད་ཀྱི་དགོངས་པ་ནི་ལེའུ་ཉེར་དྲུག་པ་ལས་རྒྱས་པར་ཤེས་པར་བྱའོ། །དེ་ཉིད་བསམས་ནས་རྣལ་འབྱོར་གྱིས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དམ་ཚིག་དང་ནི་སྔོམ་ལ་གནས། །ཞེས་པས་དོན་ཏོ། །དེས་དམ་ཚིག་ལ་གནས་པའི་ཚུལ་བསྟན་ནས། ད་ནི་དམ་ཚིག་དང་བསླབ་པ་མ་བསྲུངས་པའི་ཉེས་པ་བསྟན་པའི་ཕྱིར། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་པས་དང་པོར་བླ་མ་ལས་བྱིན་རླབས་དང་དབང་ཐོབ་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་ཀྱང༌། དམ་ཚིག་མ་བསྲུངས་ན་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་ལ། དེ་ལ་ཕྱིར་བཅོས་པ་ལ་ཉེས་པ་ཆེ་ཆུང་རིམ་པས་ཤེས་པར་བྱས་ལ། དབང་དང་ཚོགས་འཁོར་དང་བཤགས་སྔོམ་མ་བྱས་ན་རྡོ་རྗེ་དམྱལ་བར་ལྟུང་བས་བཤགས་སྔོམ་བྱའོ། །དེས་བསྲུང་བའི་དམ་ཚིག་བསྟན་ནས། ད་ནི་བཟའ་ཞིང་སྤྱད་པར་བྱ་བའི་དམ་ཚིག་བསྟན་པ་ལ། གཙང་སྦྲ་གསུམ་ལས། དང་པོར་རིམ་པ་གཉིས་ལྡན་སྤྱོད་ཅིང་གནས་པའི་གང་ཟག་གིས། །ཞི་བའི་བཏུང་བ་བསྟན་པས་གསང་བའི་དབང་ལམ་དུ་བྱ་བ་སྟེ། སྦྲང་རྩི་ནི་ལུས་ཀྱི་མེ་ཏོག་གི་ཁྱད་པར་ལས་བྱུང་བའི་གླ་རྩིའོ། །མཚལ་དང་ནི་རང་བྱུང་མེ་ཏོག །ག་པུར་དང་ནི་ཟླ་བ་རི་བོང་འཛིན། །དེ་དག་དང་བཅས་པ་གཞི་མཉམ་མོ། །ཙནྡན་སྣ་ཚོགས་ཀྱི་ཤ་མི་ལུས་ལས་བྱུང་བའོ། །དཀར་བ་དང་དམར་པའི་ཆ་ནི་རྐང་གི་སྦུ་གུ་ལས་དང༌། གོ་རོ་ཙ་ན་མ་ད་ན་འོ་མ་དང་སྦྱར་བ་ནི་ཤ་ལྔ་དང་ལྡན་པའི་རི་ལུར་སྦྱར་བ་དག་ཤེས་རབ་ཀྱི་རང་བཞིན་ཤ་ལྔ་པོ་ལས་གོ་ཀུ་ད་ཧ་ན། དེ་དག་ལ་ལཾ་མཾ་པཾ་ཏཱཾ་ཨཾ་ཞེས་པས་འབྱུང་བ་ལྔ་ཁམས་ཡུམ་དུ་དག་པར་བྱེད། བི་མུ་མ་ར་ཤུ་བདུད་རྩི་ལྔ་སྟེ། བྷཱུཾ་ཏྲཱཾ་ཧྲཱཾ་ཁཾ་ཧཱུཾ། ལས་རིགས་ལྔ་ཡབ་ཡེ་ཤེས་ལྔ་ལྷན་ཅིག་ཏུ་བསྡུས་པས་ཐབས་ཤེས་རབ་བདེ་བ་ཆེན་པོར་སྦྱོར་བ་བདུད་རྩིའི་སྒྲུབ་པ་ཁྱད་པར་དུ་གདམས་པ་ཉིད་དོ། །ཁྱད་པར་དུ་ནི་སྦྲང་རྩི་ནི་ཞེ་སྡང་ཆུའི་རླུང་ངོ༌། །མཚལ་ནི་ང་རྒྱལ་སའི་རླུང༌། ག་བུར་ནི་འདོད་ཆགས་མེའི་རླུང་ངོ༌། །བཅས་ནི་གཏི་མུག་སྟེ་ནམ་མཁའི་རླུང་ངོ༌། །ཙནྡན་ནི་ཕྲག་དོག་གི་རླུང་ངོ༌། །


DTG018_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམར་དང་ནི་ཞེས་ཙི་ཏྲ་ཀ་དང་མཚུངས་པ་སྟེ་སིནྡྷུ་རའི་བྱེ་བྲག་གོ །སྦྱར་བ་ནི་ཞེས་རླུང་དང་སྔགས་ལྷ་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུའོ། །དེ་ཉིད་ཚུལ་ཇི་ལྟ་བ་བཞིན་མྱངས་ན་ཞེས་མགྲིན་པའི་འཁོར་ལོ་ལ་སྦྱར་བར་བྱ་བ་ཉིད་སྔགས་ཨཱ་ལི་ཀཱ་ལིའི་བྱིན་གྱིས་བརླབས་པ་གསུང་རྡོ་རྗེ་བསྒྲུབ་པའོ། །སྦོམ་པོ་སྟེ་རྡོ་རྗེ་འཛིན་པའི་ལུས་ཀྱི་ཡན་ལག་གི་ཆ་ལས། མཐའ་ལྟག་ནི་སོར་མོ་རྩེ་སྦྱར་བས་ཞེས་བདུད་རྩི་ལེགས་པར་བླངས་པས་རྣལ་འབྱོར་པ་རང་ཉིད་ཀྱི་ལྕེས་ལེན་པ་སྟེ་ཁམས་ལྔ་རོ་མཉམ་བདེ་བ་ཆེན་པོར་རིག་པས་རྟག་ཏུ་སྤྱན་ཞེས་བདག་ཉིད་ཀྱི་ལུས་ངག་ཡིད་བདེ་བར་བྱིན་གྱིས་བརླབ་ཅིང་དབང་གི་རྒྱུད་རྒྱས་པར་འགྱུར་བའོ། །དེ་ཉིད་ལ་ཞི་བའི་བཏུང་བ་ཞེས་བྱ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀ་གཉིས་སུ་མེད་པའི་བདུད་རྩི་འབྱུང་བའི་ནུས་པ་ལས་དངོས་གྲུབ་རྟག་པར་ཐོབ་པར་འགྱུར་བ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི། རྟག་པ་དང་བདེ་བ་དང༌། གཙང་བ་དང༌། མི་འགྱུར་བ་བདེ་ཞིང་ཡོན་ཏན་རྫོགས་པར་འཆར་བའོ། །དེ་ལས་ཞི་བའི་བཏུང་བ་ནི་ལྷག་པའི་ལྷའི་འཁོར་ལོ་ཡབ་ཡུམ་བདུད་རྩིར་ཞུ་བའི་ཁྱད་པར་རོ། །དེ་བཞིན་དུ་མྱངས་པས་ནི་ཞེས་ལྷ་མོ་རེ་རྡོ་རྗེ་མར་གྱུར་པས་མགྲིན་པ་སྦྱང་བའོ། །སྦོམ་པོ་ནི་སྤྱི་བོའི་ཧཾ་ལས་བདུད་རྩིའི་ཆུ་རྒྱུན་འབབ་པའོ། །མཐའ་ལྷག་ནི་ཙཎྜ་ལཱི་སྟེ་འོག་རྩ་གསུམ་འདུས་ནས་སྦར་བས་རྩེ་སྦྱར་བ་ནི་མེ་ཆུ་ཚ་གྲང་གཉིས་བདེ་བ་དང་སྟོང་པ་ཉིད་དུ་ངོ་འཕྲོད་པས་ན་རྣལ་འབྱོར་རིག་པ་ཞེས་བྱའོ། །རྟག་ཏུ་སྤྱོད་ནི་ཐུན་བཞི་ལ་སོགས་པར་མ་ཡེངས་པས་དཔྱིད་དང་ཐིག་ལེའི་རྣལ་འབྱོར་འབར་འཛག་བསྒོམ་པའོ། །ཡང་ན་སྦོམ་པོ་ནི་ཐབས་སྙིང་རྗེ་ཆེན་པོ་སྣང་བ་རྡོ་རྗེ་འཆར་བ། མཐའ་ལྟག་ནི་ཤེས་རབ་ཡུལ་ཆོས་ཉིད་སྟོང་པ། རྩེ་སྦྱར་བ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཟུང་འཇུག་རོ་མཉམ་ཉིད་དོ། །ད་ནི་སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་བསྟན་པ་ནི། ཚོགས་ཀྱི་འཁོར་ལོའི་ནང་དུ་ཞུགས་པ་ནི། །ཞེས་བསྐྱེད་རིམ་དུ་གོང་གི་བདུད་རྩི་སྦྱངས་པ་དེ་ཉིད་ལྷ་སྐུ་བདེ་བར་ཞུ་བ་ཡེ་ཤེས་ངང་དུ་བྱིན་གྱིས་བརླབ་པའོ། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཧེ་རུ་ཀས་གསང་ཆེན་རིགས་གཅིག་གིས་ཕྱག་རྒྱ་ཆེན་པོར་རྒྱས་བཏབ་པའོ། །རྫོགས་པ་ལྟར་ན་ལུས་ཀྱི་དཀྱིལ་འཁོར་གྱི་


DTG018_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་ཚོགས་ཀྱི་ནང་དུ་བཞག་པ་ནི་འཁོར་ལོ་ལྔ་པོའི་ལྷ་ཐམས་ཅད་སྐད་ཅིག་མའི་ཡེ་ཤེས་ཀྱི་ངང་ལས་འབྱུང་ངོ༌། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །ཅེས་ལྷ་ཚོགས་དང་དཔའ་བོ་རྣལ་འབྱོར་མ་ཡབ་ཡུམ་དེ་དག་ཐམས་ཅད་ཀྱང་ཐབས་ཤེས་རབ་དབྱེར་མི་ཕྱེད་པར་འགྱུར་བས་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་ལ་གནས་པས། འདི་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ལ། བདེ་བའི་ཡེ་ཤེས་ཟ་བ་ཉིད་ཕྱི་ནང་རོ་གཅིག་ཏུ་གྱུར་པས་དབང་གསུམ་པའི་ལམ་དང་རྗེས་སུ་འབྲེལ་པ་བསྟན་པའོ། །དེ་ལས་འབྲས་བུའི་རྒྱུད་ཀྱི་གསང་ཆེན་བསྟན་པ་ནི། འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །ཞེས་པས། ཕྱག་རྒྱ་བཞི་ལྡན་ཏེ། ལས་ཀྱི་ཕྱག་རྒྱ་ནི་གཟུགས་ལ་སོགས་པ་འདོད་ཡོན་ལྔ་ལམ་དུ་བྱ། ཆོས་ཀྱི་ཕྱག་རྒྱའི་དབང་པོ་ལྔ་བདེ་བར་འཆར་བ། ཕྱག་རྒྱ་ཆེན་པོའི་འབྱུང་བ་ལྔ་སྟོབས་སུ་འགྱུར། །དམ་ཚིག་ཕྱག་རྒྱའི་ཡེ་ཤེས་ལྔ་འཆར་པ་ཉིད་ནི། རླུང་སེམས་འདྲེས་པའི་སྲོག་གི་ཐིག་ལེ་ཉག་གཅིག་གི་ནང་དུ། སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་གསལ་བར་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས། ལུས་ཀྱི་གནས་ཐམས་ཅད་ན་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སོ་སོར་ཐས་ཤེས་རབ་མ་འདྲེས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣང་བ་མ་ལུས་པའི་བྱེ་བྲག་ཕྱེད་པས་སོ་སོར་རྟོག་པའི་ཡེ་ཤེས། ཐིག་ལེ་དཀར་དམར་རོ་རྐྱང་དུ་སྲོག་རྩོལ་དག་དབུ་མ་ཀུན་འདར་དུ་རོ་མཉམ་པར་གྱུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རྡོ་རྗེ་ལུས་ཀྱི་རྩ་དང་ཡི་གེ་ཐམས་ཅད་དང༌། འབྱུང་བ་བཞིའི་ནུས་པའི་བདུད་རྩིས་མ་དག་པ་དང་དག་པའི་དོན་ཕྲིན་ལས་སྣ་ཚོགས་བྱེད་པས་བྱ་བ་གྲུབ་པའི་ཡེ་ཤེས། ལུས་སེམས་དབྱེར་མི་ཕྱེད་པའི་ངང་དུ་རྩ་རླུང་ཐིག་ལེ་དོན་དམ་ཀུན་རྫོབ་ཐམས་ཅད་སྒྱུ་ལུས་འོད་གསལ་དུ་དག་ལ། དེ་ཉིད་བདེ་གསལ་མི་རྟོག་པའི་དང་དུ་དབྱིངས་རིགས་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐམས་ཅད་རོ་མཉམ་ལྷན་ཅིག་སྐྱེས་པ་ཟུང་འཇུག་བདེ་ཆེན་ཡེ་ཤེས་མི་འགྱུར་བ་དཔལ་ཧེ་རུ་ཀ་རྡོ་རྗེ་འཆང་ཉིད་དོ། །དངོས་གྲུབ་ཐམས་ཅད་འཇུག་ནི་སྐུ་གསུམ་ཡན་ལག་བདུན་ལྡན་དབང་ཕྱུག་བརྒྱད་དང་བཅས་པ། འཇུག་བྱེད་ཡིན་ནི་ཐོག་མར་དབང་བསྐུར་བའི་དུས་སུ་རྒྱུ་ཆ་བླ་མ་དང་ལྷག་པའི་ལྷའི་


DTG018_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱིན་རླབས་ཀྱིས་སོ། །གནས་པ་ནི་ལམ་རིམ་བ་སྒོམ་ཞིང་དམ་ཚིག་སྔོམ་པ་དང་ལྡན་པས་སོ། །འབྱུང་བ་ནི་ལམ་མཐར་ཕྱིན་པས་སྤྱོད་པ་སྤྱད་པས་གཞན་དོན་ཕྲིན་ལས་ནུས་པ་ཐོགས་མེད་དུ་སྟོན་པས་སོ། །མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །ཞེས་པས་རྗེ་བཙུན་ཧེ་རུ་ཀའི་དཀྱིལ་འཁོར་གྱི་བཀོད་པ་བསྟན་པ་ལས། བདེ་ཆེན་གྱི་འཁོར་ལོའི་མཚམས་སུ་བུམ་པ་བཞི་སྟེ། ཤར་ལྷོར་རིན་པོ་ཆེ་ཀེ་ཀེ་རུའི་བུམ་པའོ། །ལྷོ་ནུབ་ཏུ་བཻ་ཌཱུ་ཪྻའི། །ནུབ་བྱང་དུ་པདྨ་རཱ་གའི། །བྱང་ཤར་དུ་ཨིནྡྲ་ནཱི་ལ་ལྗང་པའི་བུམ་པ། དེ་དག་གི་ཁ་རྒྱན་མགུལ་ཆིངས་དར་དཔྱད་དང་བཅས་པས་ཤིང་ཨ་ཤྭ་དྠ་ནྱ་གྲོ་དྷ། པ་ཏ་ལ་དང༌། ཨརྫུ་ནའི་ཤིང་སྟེ། དེའི་སྟེང་དུ་རྒྱལ་རིགས་བྲམ་ཟེ། རྗེའུ་གདོལ་པ་ཅན་གྱི་ཐོད་པར་ཤ་ལྔ་བདུད་རྩི་ལྔས་གདབ་སངས་རྒྱས་རིགས་བཞིའི་བདག་ཉིད་ལས་བུམ་པ་རྣམས་ནི་ཡན་ལག་བརྒྱད་ཀྱི་ཆུ་བདུད་ཙིའི་རང་བཞིན་ཅན། ཀ་པཱ་ལ་རྣམས་ནི་གསང་བའི་དབང་གི་དོན་ཏོ། །ཡང་མཆོད་བཞི་རྣལ་འབྱོར་པས་རིམ་པ་དང་པོ་ལྟར་ན། ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་མ་དྲན་པ་ཉེ་བར་གཞག་པ་བཞི་ནི་སྙིང་པོའི་ལྷ་མོ། ཆོས་ཀྱི་རྣལ་འབྱོར་མ་ནི་ཡང་དག་སྤོང་བ་བཞི་མཚམས་མའོ། །ཕྱག་རྒྱ་ཆེན་པོའི་སྒོམ་པ་བཞི་ལས། ཡང་དག་པའི་ལས་ཀྱི་མཐའ་འགུགས་པར་བྱེད་པ། ཡང་དག་པའི་འཚོ་བས་འཆི་བར་བྱེད། ཡང་དག་པའི་རྩོལ་བས་སྔོམ་པར་བྱེད། ཡང་དག་པའི་དྲན་པས་དབང་དུ་བྱེད་པའོ། །དམ་ཚིག་གི་ཕྱག་རྒྱ་དཔལ་རྣལ་འབྱོར་མ་ཞི་གནས་ལྷག་མཐོང་རྡོ་རྗེ་དང་པདྨ་སྙོམས་འཇུག་པ་ནི་དྲོད་ནི་གསལ་བ། རྩེ་མོ་བདེ་བ། བཟོད་པ་མི་རྟོག་པའི་ཆོས་མཆོག་བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པས་སོ། །མཐོང་ལམ་དུ་ཕྱག་རྒྱ་བཞི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཏུ་ཤར་བས་སོ། །ཁྱད་པར་དུ་མཆོད་བཞི་ནི་ལས་ཀྱི་ཕྱག་རྒྱ་དགའ་བ་བཞི་བདེ་ཆེན་གྱི་ལྷ་མོ་བཞི་དང་གཉིས་མེད་དོ། །ཆོས་ཀྱི་ཕྱག་རྒྱ་སྒོ་སྲུང་མ་བཞི་རྣམ་ཐར་སྒོ་བཞི་འབྲས་བུ་བཞི་དང་གཉིས་མེད་པའོ། །ཕྱག་རྒྱ་ཆེན་པོ་ཚད་མེད་པ་བཞི་མཚམས་ཀྱི་ལྷ་མོ་བཞི་སྟོང་པ་ཉིད་བཞི་དང་གཉིས་མེད་དོ། །དམ་ཚིག་ཕྱག་རྒྱ་ནི། ཡེ་ཤེས་དེ་ཁོ་ན་ཉིད་བཞི་དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀའི་དབང་པོ་གཉིས་སྙོམས་པར་འཇུག་པ་དཔྱིད་དང་ཐིག་ལེ་འབར་


DTG018_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛག་གོ །གཉིས་མེད་བདེ་སྟོང་དུ་གྱུར་པའོ། །སྙོམས་པར་འཇུག་པའང་ཉིད་འཛིན་ཅེས་པས། དེ་ཁོ་ན་ཉིད་ཀྱི་ངང་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་ལྷན་སྐྱེས་དང༌། ཞུ་བ་དེ་ལྷན་ཅིག་སྐྱེས་པ་དབྱེར་མེད་དུ་གྱུར་པ་བདེ་བ་ཆེན་པོ་ཚད་མེད་པའི་ཆེ་བ་བསྟན་པར་བཞེད་ནས། ལྷ་དང་མིའི་བདེ་བ་ནི་ཞེས་པ་དང་དབང་པོ་བསམ་གཏན་བཞི་དང་བཅས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་དེ་ཉིད་ཟག་བཅས་ཡིན་པའི་ཕྱིར་འདུས་བྱས་ནི་མངོན་པར་འབྱུང་པའི་ཆ་ཤས་རྒྱུ་རྐྱེན་འཇིག་ཚོགས་མཚན་མའོ། །རྡོ་རྗེ་འཛིན་པའི་ཞེས་དཔལ་རྡོ་རྗེ་འཆང་ཧེ་རུ་ཀ་ཟག་པ་མེད་པའི་བདེ་སྟོང་ངོ་བོ་ཉིད་ཀྱི་ཡེ་ཤེས། སྐད་ཅིག་མ་བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་མཚུངས་པ་མེད་པའི་དོན་ཏོ། །སྒྲུབ་པ་པོ་དོན་གྱི་ཡེ་ཤེས་རྟོགས་པ་ཡང་དེ་དང་ཆ་མཐུན་པའི་སྟེ་ངོ་བོ་ཉིད་རྣམ་པར་དག་པས། ལྷན་ཅིག་སྐྱེས་པ་རང་འབྱུང་ལྷུན་གྲུབ་རྟོགས་པའི་ཕྱིར་རོ། །དེ་ལ་ཐོག་མར་དབང་བསྐུར་བའི་གཞིའམ་གནས་ཀྱི་རིམ་པ་བླ་ན་མེད་པ་བསྟན་པའི་ཕྱིར། རི་བོ་ཞེས་པ་སྨོས་ཏེ། རི་བོ་ནི་ལྷུན་ཆགས་པ་ཡོན་ཏན་དང་ལྡན་པའོ། །ཚང་ཚིང་ལྗོན་པའི་ཤིང་སྣ་ཚོགས་པ་འབྲས་བུ་དང་མེ་ཏོག་ཆགས་པ་ཅན་ནོ། །སྨན་ལྗོངས་དང་ཞེས་པ་སྨན་སྣ་སྐྱེ་བ་ཅན་ནོ། །ཆུ་བོ་ཆེན་པོ་ནི་གངྒཱ་ལ་སོགས་པ་དེ་དག་འགྲམ་གཡས་གཡོན་གྱི་ངོགས་དག་ནི་ཚུལ་གླིང་ཆུ་བྲན་འདུས་པའོ། །གདོད་ནས་གྲུབ་པའི་དུར་ཁྲོད་ནི་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་པ། བསྐལ་བ་ཆགས་དུས་ནས་བརྟགས་པའི་རྣམ་པར་རྟོག་པ་འགགས་པའི་སལ་དབུགས་རྒྱུ་བ་དང་དབུགས་བྲལ་དུ་ཤེས་པར་བྱའོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བུམ་པའི་དབང་བསྐུར་བའི་དུས་ཀྱི་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་ཞིང་བསྒོམ་པར་བྱ་བ་ཡང་དེ་ཉིད་དུ་ཤེས་པར་བྱ་བ་ཉིད་དོ། །ཡང་གསང་བ་དང་གསུམ་པ་ལྟར་ན། རི་བོ་ནི་ཤེས་རབ་རིག་མའི་ཚང་ཚིང་ནི་སྐྲ་དང་བ་སྤུའི་ཚོགས་འཁྲིགས་པ། ཕུགས་རྣམས་སམ་ཞེས་པ་ལུས་ཀྱི་གནས་དང་ཉེ་གནས་ལ་སོགས་པར་འདུ་བའི་སའོ། །སྨན་ལྗོངས་ནི་ལུས་ལ་ར་ས་ཡཱ་ན་གནས་པ་དག་གོ །ཆུ་ཆེན་པོ་ནི་རྩ་གསུམ་པོ་ནས་འབབ་པོ། །དེ་དག་གི་དོགས་དག་ནི་ལུས་ཀྱི་ཕྱོགས་ཐམས་ཅད་དོ། །གདོད་ནས་གྲུབ་པ་ནི་ཐོག་མར་ལུས་ཆགས་པ་


DTG018_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་སོ། །དུར་ཁྲོད་དུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བའི་གནས་སོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པས་ཆོས་ཀྱི་དཀྱིལ་འཁོར་དེ་ལ་བརྟེན་ནས་སྙིང་པོ་ལེན་ཅིང་འཛིན་པ་ཉིད་ཀྱི་དོན་ཏོ། །ཁྱད་པར་དུ་ནི། རི་བོ་ནི་ལུས་ཀྱི་དབུས་ལས་ཀུན་འདར་རོ། །ཚང་ཚིང་ནི་རྩ་བྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའོ། །སྨན་ལྗོངས་ནི་ཁམས་བྱང་ཆུབ་སེམས་དངས་སྙིགས་ཐམས་ཅད་དོ། །ཕུགས་རྣམས་ནི་འདོད་ཆགས་བྲལ་བས་སྡང་ཞིང་སྐྲག་ལ། བྱ་བ་སྤྱད་པ་ལ་སོགས་པས་ཡེ་ཤེས་རྟོགས་དཀའ་བའི་ཕྱིར་རོ། །ཡན་ཆུ་བོ་ཆེན་པོ་ནི། སིཧླ་དང་གླ་རྩི་དང་ཟླ་བ་འབབ་པའི་རྩ་ལ་སོགས། དེའི་ངོགས་དག་ནི་རྩ་ཁོར་ལོ་རྣམས་སུ་ཁམས་འདུ་བ་དག་གོ །གདོད་ནས་གྲུབ་པ་ནི་རྩ་རླུང་ཐིག་ལེ་ཡི་གེ་ཐམས་ཅད་རང་བྱུང་དུའོ། །དུར་ཁྲོད་དུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའི་ས་ཕྱོགས་དབེན་པ་ཉིད་དོ། །དེར་ནི་དཀྱིལ་འཁོར་བྲི་པར་བྱ། །ཞེས་པ་དབང་ཕྱི་མ་དང་འབྲེལ་པའི་དོན་བདེ་ཆེན་བླ་ན་མེད་པ་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་ཀྱི་སྙིང་པོ་ལེན་པའི་ཕྱིར་བསྟན་པ་ཉིད་དོ། །བླ་ན་མེད་པ་ལྟར་ན། རི་བོ་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཚང་ཚིང་ནི་བྱམས་སྙིང་རྗེ་ལས་བུདྡྷའི་ཡོན་ཏན་འབྱུང་གནས་ཚད་མེད་པའོ། །སྨན་ལྗོངས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སོ། །ཆུ་བོ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་སྤྲོས་པ་མེད་པའི་དོན་ཏོ། །ངོགས་དག་ནི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ། །གདོད་ནས་གྲུབ་པ་ནི་ཆོས་ཉིད་ཞི་བ་མཉམ་ཉིད་གཉུག་མ་སྐྱེ་བ་མེད་པ་ཉིད་དོ། །དུར་ཁྲོད་དུ་ནི་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་བ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་གནས་སོ། །དེར་ནི་བདེ་བ་ཆེན་པོའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསང་བ་ཆེན་པོ་བླ་ན་མེད་པའི་དོན་དུ་བསྟན་པའོ། །མཆོད་པའི་ཚུལ་ལས་བདུད་རྩི་རྒྱས་བྱེད་ཐབས་ཉིད་འགྱུར་མེད་ཡེ་ཤེས་མངོན་དུ་བྱེད། །གང་ཟག་གང་གིས་འདིར་ཞུགས་འཇུག་ལྡོག་ཁྱད་པར་བརྟགས་ནས་མི་འདའ་བར་ནི་དོན་གྱི་ཁྱད་པར་ཅན་ལ་བརྟེན། །ཡུལ་དང་ཡུལ་གྱི་ཕྱག་རྒྱ་ཆེན་པོའི་གོ་འཕང་བ་ཆེན་གསང་བ་ཤྲཱི་ཧེ་རུ་ཀ་ཡི་སྤྱོད་ཡུལ་ལ། །ཐུན་མོང་ཁྱད་པར་སྤྱི་དང་བྱེ་བྲག་རིགས་


DTG018_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་མཉེས་བྱེད་དཀྱིལ་འཁོར་གནས་ནི་རབ་དབྱེ་ཐོབ་པའོ། །དེས་ལེའུའི་གཞུང་མདོར་བསྟན་པའི་ཚུལ། ལེའུའི་མཚན་ནི། དཔལ་འཁོར་ལོ་སྔོམ་པ་ལས་དཀྱིལ་འཁོར་དུ་འཇུག་པ་ཞེས་པ་ནི། ཐོག་མར་ལམ་དང་ཡེ་ཤེས་གསང་བ་བསྟན་པའོ། །ལེའུ་དང་པོའོ།། །།


no previousལེའུ་དང་པོ། དཀྱིལ་འཁོར་དུ་འཇུག་པའི་རྣམ་པར་བཤད་པ།next