Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅོ་བརྒྱད་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སུམ་ཅུ་པ། རྫ་རྔ་བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་བའི་ཆོ་གའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སུམ་ཅུ་པ། རྫ་རྔ་བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་བའི་ཆོ་གའི་རྣམ་པར་བཤད་པ།next

ལེའུ་སུམ་ཅུ་པ། རྫ་རྔ་བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་བའི་ཆོ་གའི་རྣམ་པར་བཤད་པ།


DTG018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཁྲོ་བོའི་རྒྱལ་བོ་ཧཱུཾ་མཛད་ཀྱི་བཀའི་ལོས་པར་ཆད་རྣམ་པར་བསྲུང་བའི་དོན་དུ་བསྟན་པ་ན། དཀྱིལ་འཁོར་རིག་བྱེད་མེ་ཡིས་གནས་པ་དག་ལ་གནས་དང་བྱ་བ་ཐབས་བཅས་བསྒྲུབ་པའི་ཆོ་ག་སྟེ། །དེ་ལས་ཁྱད་པར་གྱུར་བའི་ཆེ་མཆོག་ཧེ་རུ་ཀ་དཔལ་རིག་བྱེད་ཞལ་ཅན་གཙོ་གྱུར་འཁོར་ལོ་བཀོད་པའམ། །རྡོ་རྗེ་ཧཱུཾ་མཛད་ཞལ་ནི་ཆུ་བོ་ཀླུ་ཡི་ཕྱག་ལྡན་དག་པ་ཕྱོགས་སྐྱོང་འདུལ་འཁར་མཛད་པ་ནི། །ཁྲོ་བོ་རྣམས་ནི་མེ་ཞལ་རོ་ལྡན་གདེངས་ཀ་ལས་ཀྱང་སྟེང་འོག་སྦྱོར་བ་ལས་བྱང་ཡོངས་སུ་གནས། །གསང་སྔགས་དེ་ཉིད་འོད་ཟེར་བཅས་ལས་ཡི་གེ་ཁྲོ་མོར་རིག་བྱེད་མེ་ལྟེ་ལུགས་འབྱུང་དག་གིས་བསྐོར་བ་ཡང༌། །རིག་བྱེད་མེ་ལྡན་དག་གིས་ཁྲོ་བོས་བདུད་འདུལ་བགེགས་ཚོགས་མ་ལུས་ཀུན་ལས་རྣམ་རྒྱལ་དྲི་མེད་སྙིང་པོ་ཐོབ། །འདིར་ནི་ལམ་གྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་སྦྱང་བར་བྱས་ནས་གསང་ཆེན་གྱི་ལམ་འདིར་ཁྱད་པར་གྱི་སྲུང་བ་བསྟན་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ནི་བདག་གཞན་ཐམས་ཅད་ཀྱི་དོན་དུའོ། །ཤིན་ཏུ་རྙེད་དཀའི་ནི་བྱ་བའི་རྒྱུད་ལ་སོགས་པར་མ་བསྟན་པའོ། །འགོད་པ་ནི་སྡེ་ཚན་རྣམས་གསལ་བར་བྲི་བའོ། །གང་ཞིག་ཤེས་པ་ཙམ་གྱིས་ནི་ཏིང་ངེ་འཛིན་དང་འཁྲུལ་འཁོར་གྱི་སྦྱོར་བ་ཉི་དོ། །མྱུར་དུ་དངོས་གྲུབ་བྱེད་པ་ནི་ལས་ཆེན་བཅུ་གཉིས་ལ་སོགས་པ་ལས་རབ་འབྱམས་དུ་མ་གྲུབ་པ་བླ་ན་མེད་པའོ། །དེས་མདོར་བསྟན་ནས། ད་ནི་རྒྱས་པར་བཤད་པ་ལ། དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པ་ནི། སའི་ཆ་མཉམ་ཡིད་འོང་མཎྜལ་ལེགས་པར་བྱས་པས་སྦྱང་བའོ། །དེར་བའི་གཅིག་པ་ས་ལ་མ་ལྷུང་བ་དང་རྣམ་ལྔ་སྟེ། ཙནྡན་གྱིས་ནི་ཉེ་བར་སྐུ། །དྲི་བཟང་དྲི་ལྡན་ས་ལ་ནི། །ཞེས་པས་བྱུག་པ་ལག་པ་གཡོན་པས་བྱ་བའོ། །དེར་མཆོད་པའི་ཚོགས་བཤམ་པ་མེ་ཏོག་ས་ལི་མ་གཅལ་བཀྲ་མ་ཞིང༌། སྤོས་ཀྱི་དྲིས་ནི་ཉམས་དགར་བྱ། །ཞེས་གཏོར་མ་དང་ཚོགས་ཀྱི་མཆོད་པ་དང་ལྡན་པས། བདག་གི་བྱ་བ་ནི་ལྷག་


DTG018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ལྷའི་རྣལ་འབྱོར་སྒོ་གསུམ་དག་པའི་རྣལ་འབྱོར་ཁྱད་པར་ཀུན་བྱས་ཤིང་ནི་གོ་ཆ་བགོ་བ་ལ་སོགས་པའོ། །ཕྱོགས་བཅིང་བ་ནི་རྡོ་རྗེའི་ས་གཞི་དང་རྡོ་རྗེ་དང༌། རྡོ་རྗེའི་གུར་དང་བླ་རེ་དག་བསམ་ཞིང༌། རྡོ་རྗེའི་རབ་ཕྱི་མའི་བར་དེར་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ་ཧཱུཾ་བཅུ་འཕྲོས་པ་ལས་ཁྲོ་བོ་ཡབ་ཡུམ་བཅུ་གསལ་བར་བལྟ། དེ་ནས་བགེགས་པ་ལ་ཕུར་བུས་གདབ་ཅིང་བརྡུང་བ་ལ་སོགས་པ་བྱས་ནས་མཐར་མེ་འོད་འབར་བས་འཁྲིགས་པར་བལྟའོ། །དེ་ནས་ཡི་གེ་བསྡུ་བའི་གཞི་བསྟན་པ་རྫ་རང་བཅིང་བྱ་སྟེ་ནི་ཁ་བཞི་པའམ་ཁ་གཉིས་པའི་རྣམ་པ་བྱས་ལ། རི་མོ་གསུམ་པ་ནི་ཝརྞ་བ་སྟེ་གསུམ་པའི་རི་མོ་གསུམ་གསུམ་དགུ་བྲི་བ་ཡོངས་སུ་ཟླུམ་བོར་བསྐོར་བ་ནི་ཐ་མའོ། །ཡི་གེ་ཕྱི་མོ་ནི་ཨ་ཀ་ཙ་ཊ་ཏ་བ་ཡ་ཤ་སྟེ། དེ་ལས་བྱུང་བའི་སྡེ་ནི་དབྱངས་དང་གསལ་བྱེད་རྣམས་ཏེ་དགོད་པར་བྱ་བ་ནི། ཐབས་ཤེས་རབ་ཀྱི་ཆ་ལྡན་ནོ། །དེར་གནས་པ་ལས་ནི་རེ་མིག་བཞི་བཅུ་ཞེ་དགུའོ། །དཔའ་བོ་ནི་དཔལ་ཧེ་རུ་ཀས་སྔོན་བདུད་བཏུལ་བའི་དུས་སུ་ཞལ་བཞི་ནས་ཕྱུང་བའོ། །འདོད་པའི་དོན་ནི་ལས་དང་དངོས་གྲུབ་དེ་ཉིད་སྒྲུབ་བྱེད་བཏུ་བ་ནི་ཨཱ་ལི་ཀཱ་ལི་ལས་སོ། །རིམ་བཞིན་འབྱུང་ནི་ཨ་ནས་བགྲང་བའི་དོན། རིམ་མིན་པས་ནི་ཧ་ས་ནས་མས་བགྲང་བའོ། །དབྱངས་དང་ནི་ཨཱ་ལི་བཅུ་དྲུག་ཡི་གེ་ནི་གསལ་བྱེད་སྒྲུབ་པ་བོས་ནི་མངོན་པར་རྟོགས་པ་ལྡན་པའོ། །ཐུབ་པས་དེ་ལྷའི་གྲངས་གྱུར་ལས། །ཞེས་ཀཱ་ལིའི་སྡེ་ཚན་བདུན་ནོ། །བཏུ་པ་དངོས་ལ། །རེ་མིག་སུམ་ཅུ་གཉིས་པ་བླང༌། །ཞེས་པ་ནས་མཐའ་རུ་སྦྱར་ཡན་ཆད་ཀྱིས་བཏུ་བ་རྒྱས་པར་བཤད་པའོ། །གསང་བ་ཉེ་བར་གདམས་པ་ནི་རིགས་རྒྱལ་ནི་བདུད་ལས་སོ། །འཁོར་ལོས་སྒྱུར་བ་ཆེན་པོ་དྲུག་གི་སྙིང་པོ་གསང་བའི་སྔགས་འདིས་གྲུབ་པ་མཐར་འབྱིན་པ་ཉིད་དོ། །གསང་བ་བླ་ན་མེད་པའི་རྒྱུད་ཀུན་གྱི་སྲུང་བའི་འཁོར་ལོ་འདིར་སྟོན་པ་ཡང༌། འདི་ནི་མ་བྱུང་འབྱུང་མི་འགྱུར་ནི་འདོད་ཁམས་ལྷ་མིའི་མངོན་སུམ་དུའོ། །དེ་ཉིད་སྦུས་ཞེས་པ་ལ་སོགས་པའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན་ནི་ཕྱོགས་ཀྱི་སྒོ་བཞི་སྲུང་བའི་ཁྲོ་བོ། །ཨ་བྷི་དྷ་ན་ལས། རྡོ་རྗེ་དྲག་པོ་དཔལ་གཤིན་རྗེའི་གཤེད་དང༌། རྡོ་རྗེ་ཉི་མ་ཤེས་རབ་མཐར་བྱེ་དང༌། རྡོ་རྗེ་གཙུག་ཏོར་དེ་བཞིན་བཞི་པ་དཔལ་རྟ་མགྲིན་དང༌། རྡོ་རྗེ་ཐལ་སྦྱོར་


DTG018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་འཁྱིལ་པ་ཕྱོགས་བཞིར་རོ། །ཡང་མཚམས་སུ་ཁྲོ་བོ་བཞི་དང་ལྡན་པ། རྡོ་རྗེ་གནོད་སྦྱིན་ཤར་ལྷོར་མི་གཡོ་བ། རྡོ་རྗེ་ནག་པོ་ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ་དང༌། ནུབ་བྱང་དུ་རྡོ་རྗེ་སྟོབས་དབྱུག་སྔོན་ཅན་དང༌། བྱང་ཤར་དུ་རྡོ་རྗེ་རྒྱལ་པོ་སྟོབས་པོ་ཆེ་དང༌། རྡོ་རྗེ་ས་འོག་སྟེ་གནོད་མཛེས་དང༌། རྡོ་རྗེ་གཙུག་ཏོར་ཅན་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། །དབུས་སུ་རྡོ་རྗེ་འཇིགས་པ་ཧཱུཾ་མཛད་ཞལ་བཞི་ཕྱག་བརྒྱད་པ་ཞབས་གཡས་བརྐྱང་བས་གནས་པའོ། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་པས་འདི་ལ་རྣམ་གྲངས་དུ་མར་འགྱུར་བ་དེ་བཞིན་གཤེགས་པའི་སྐུ་དང་མཆོད་རྟེན་དང༌། ཞིང་སྐྱོང་བརྒྱད་དང༌། ཁྲོ་བོ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་མཆོག་བརྒྱད་དང༌། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ལ་སོགས་པའི་དོན་གྱིས་བསྟན་པའོ། །གསང་སྔགས་འདི་ནི་ནུས་པ་བརྟེན་པ་དཀྱིལ་འཁོར་སྲུང་བའི་དོན་དུ་ནི་བཀའི་འཁོར་ལོ་འདི་ཉིད་ལ་བསམ་གཏན་གྱི་རྣལ་འབྱོར་གྱིས་འབད་ན་ངེས་པར་འགྲུབ་པར་འགྱུར་རོ། །འཇིག་རྟེན་པའི་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དེས་པར་གནོན་པ་སྟེ་མ་རུངས་པ་འདུལ་བའོ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་སྟེ་རྡོ་རྗེ་ཕུར་བུས་གདབ་པ་ལ་སོགས་པའི་སྦྱོར་བ་ཙམ་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་ན་བརྟག་མི་དགོས་པར་འཆི་བར་འགྱུར་ཞེས་དང་པོར་ཚར་གཅོད་ཅིང་ཕྱིས་ལྡང་མི་ནུས་པའི་དོན་ཏོ། །སྔགས་རང་གི་ངོ་བོ་ཉི་ནི། ཨོཾ་སུམ་བྷ་ཞེས་པ་ལ་སོགས་པས་སྔགས་མཚན་བཞི་པ་སྦས་པ་གསལ་བར་བསྟན་པའོ། །དེ་ཉིད་ཀྱི་འབྲས་བུ་གྲུབ་ཚུལ་ནི། རྣལ་འབྱོར་ཐུན་མོང་བརྗོད་པ་ནི། །ཞེས་རྒྱུ་ཐབས་འབྲས་བུའི་དུས་ཐམས་ཅད་དུའོ། །དངོས་གྲུབ་ཀུན་གྱི་འབྲས་བུ་བསྐྱེད་པའོ། །ཞེས་གནས་སྐབས་སུ་གྲུབ་པ་བརྒྱད་ལ་སོགས་པ་དང་མཐར་ཐུག་མི་སློབ་པའི་ཟུང་འཇུག་དུས་སུ་ཡང་བྱང་ཆུབ་སེམས་རྡོ་རྗེས་དུས་ཐམས་ཅད་དུའོ། །དངོས་གྲུབ་ཀུན་གྱི་འབྲས་བུ་བསྐྱེད་པའོ། བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་བའི་རྣམ་པར་བཤད་པའོ།། །།


previousལེའུ་སུམ་ཅུ་པ། རྫ་རྔ་བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་བའི་ཆོ་གའི་རྣམ་པར་བཤད་པ།next