Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅོ་བརྒྱད་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སུམ་ཅུ་སོ་གཉིས་པ། རོ་ལངས་སྒྲུབ་པ་དང་། བསྐྱེད་པའི་རིམ་པའི་ཆོ་གའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སུམ་ཅུ་སོ་གཉིས་པ། རོ་ལངས་སྒྲུབ་པ་དང་། བསྐྱེད་པའི་རིམ་པའི་ཆོ་གའི་རྣམ་པར་བཤད་པ།next

ལེའུ་སུམ་ཅུ་སོ་གཉིས་པ། རོ་ལངས་སྒྲུབ་པ་དང་། བསྐྱེད་པའི་རིམ་པའི་ཆོ་གའི་རྣམ་པར་བཤད་པ།


DTG018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདིར་ཐུན་མོང་མ་ཡིན་པའི་གྲུབ་པའི་གསང་ཆེན་བསྟན་པ་དང་པོ་མདོར་བསྟན་པ་དེ་ནས་ཞེས་པ་ལ་སོགས་པས་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་བསྟན་ཅིང༌། དམ་ཚིག་གི་རྫས་བསྟེན་པ་དང༌། རོ་ལངས་ཀྱི་སྒྲུབ་པས་སྦྱིན་སྲེག་བྱ་བ་སྟེ། ཡང་དག་ཆོ་ག་ནི་ལྷའི་བསམ་གཏན་དང༌། གསང་སྔགས་བཟླས་པའི་བྱིན་རླབས་ཀྱིས་བདུད་རྩིའི་རང་བཞིན་དུ་བསྒྱུར། །སྦྱང་ཞིང་སྤེལ་བས་ནུས་པ་ཐོབ་པར་གྱུར་བའོ། །རྒྱས་པར་བཤད་པ་ལས། །བཟང་པོ་ནི་ཕ་ཤུ་པ་ལ་སྟེ། ཕྱུགས་ཞེས་པས་གོང་དུ་བསྟན་པའི་སྐྱེ་བ་བདུན་པའི་རིགས་ཤེས་པས་དའི་ཤ་དགུག་བྱ་ཉིད་དོ། །དབེན་པར་དཀྱིལ་འཁོར་བཞེངས་ནས་སྤྱོད་པའི་ནུས་པ་དང་ལྡན་པའི་སྒྲུབ་པ་ཚོགས་ཀྱི་འཁོར་ལོ་བྱས་པས་སོ། །བཟང་པོ་དེ་བཞིན་ནི་སྐྱེ་བ་བདུན་པའི་ཤ་ལ་གཞན་ཡང་ལང་རྣམས་ཏེ། བདུད་རྩི་


DTG018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྔ་དང་རུས་སྦལ་སོགས་ལ་སོ་སོའི་ནུས་པ་ཅུང་ཟད་ཡོད་པ་སྟེ། སོགས་ནི་ཅེ་སྦྱང་དང་ངོ༌། །དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ནི་རིགས་དྲུག་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་རམ། འདི་ཉིད་ཀྱི་དཀྱིལ་འཁོར་དུ། ཁ་དོག་རིགས་ལས་རིགས་མཆོག་ཕྱུགས་ན་དུད་འགྲོ་ཁྱུ་མཆོག་དང༌། །གླང་པོ་ལ་སོགས་པ་དུག་ལྔ་དག་བྱེད་ཀྱི་རྫས་སོ། །བྱ་རོག་ཁྭ་ཏ་ལ་སོགས་རྣམས་ཀྱི་བྱའི་རིགས་རྣམས་ཀྱི་ཤས་དཱ་ཀི་དབང་དུ་བྱེད་པཱ་ཁྱད་པར་དབང་ཕྱུག་ཏུ་བསྒྱུར་བའི་དོན་ཏོ། །དེ་ནས་རོ་ལོངས་བསྒྲུབ་པ་ནི། དུར་ཁྲོད་ལ་སོགས་པར་འགེགས་ནས་ཤི་བའམ་གཞན་ཡང་རུང་སྟེ། རྨ་མེད་པ་རུལ་པ་མ་ཡིན་པ་སོ་མ་ལ་ཨ་ཀ་ལ་སོགས་པའི་རྫས་ཀྱིས་བཀྲུ་ཞིང་དྲི་བཟང་པོའི་ཆུས་བྱུག །སྲུང་བའི་འཁོར་ལོའི་སྔགས་ཀྱིས་བགེགས་མེད་པར་བྱས་ལ། མཆོད་གཏོར་དང་ཚོགས་ཀྱི་མཆོད་པར་དང་ལྡན་པས། རང་ཧེ་རུ་ཀར་འགྱུར་བའི་ས་བོན་ལས་འོད་སྤྲོས་དཀྱིལ་འཁོར་བསྐུལ་ཏེ་དེ་དག་ལས། ཐབ་ཁུང་དུ་མེ་བྷ་བསྐྱེད་བསྟིམ་བྱ་ཞིང༌། དུར་ཁྲོད་ཀྱི་རོ་ལངས་ཆེན་པོ་བསྟིམ་ལ། དེའི་སྙིང་གར་དཀྱིལ་འཁོར་བ་བསམ་པ་ལ་སྲེག་རྫས་དབུལ་བ་སྟེ། ཀྲྀཥྞ་རའི་ཐུག་པ་ནི་ཁྱི་ནག་མོའམ་བ་ནག་མོའི་མ་ལས། མ་ཤ་འབྲས་དང་ཏེ་ལ་ནག་པོ་ལ་སོགས་པ་དང༌། སྔར་གྱི་རྫས་དེ་རྣམས་ཀྱི་ཉམ་པ་བག་ཚ་མེད་པ་སྟེ། འཛེམ་པ་མེད་པས་རོའི་ཁར་བླུགས་ཏེ་སྦྱིན་སྲེགས་བརྒྱ་རྩ་བརྒྱད་དུ་བྱ་ཞེས་དཀྱིལ་འཁོར་གྱི་ལྷ་མཆོད་པར་བསམས་པས། གང་འདོད་པ་སྤེལ་ཚིག་དང་བཅས་པས་མཆོད་པར་གྱུར་ན་དེ་ནས་རོ་དེ་ལངས་ནས་ནི། ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང་འཇིག་རྟེན་པའི་ལས་ཆེན་བཅུ་གཉིས་སམ་ཡང་ན་གྲུབ་པ་བརྒྱད་ལ་སོགས་པ་གང་ཅི་འདོད་པའི་དོན་སྒྲུབ་པར་བྱེད་པ་སྟེ། གཞན་དུ་མིན་ཞེས་པ་ལྷ་རྣམས་གཤེགས། ཐལ་བ་སྟེང་དུ་བླུགས་པས་ནུས་མེད་དུ་འགྱུར་བའོ། །སྟེང་དང་ནི་མཁའ་སྤྱོད་དམ་གནོད་སྦྱིན་མོ་འགྲུབ་པ་ས་བླའི་ཕོ་ཉ་མོ་ལ་སོགས་པ་འགྲུབ་པར་འགྱུར་བའོ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་གསང་བ་བླ་ན་མེད་པ་མཆོག་འདིར། ཐབས་ཀྱི་ཁྱད་པར་གྱིས་གནས་སྐབས་སུ་ནུས་པའི་ཁྱད་པར་དུ་མ་ཐོབ་ཅིང༌། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཤིན་ཏུ་མྱུར་བར་རིག་པ་འཛིན་པ་འཐོབ་པའོ། །དེ་ལ་དཔལ་བཅོམ་ལྡན་འདས་མངོན་


DTG018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་རྟོགས་པའི་རིམ་པ་ནི། དང་པོར་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་གནས་ཕུན་སུམ་ཚོགས་པར་བྱ་བའི་རིམ་པ་དང་ལྡན་པས། སྔོན་དུ་འགྲོ་བ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། ཚད་མེད་བཞི་བསྒོམས་ལ་བདག་ཉིད་ཀྱིས་སྐད་ཅིག་གིས་སྣ་ཚོགས་རྗེ་རྗེའི་ས་གཞིའི་སྟེང་དུ་རཾ་དམར་སེར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ། དེའི་སྟེང་དུ་ཧཱུཾ་མཐིང་ག་ལས་བྱུང་བའི་དཔལ་ཧེ་རུ་ཀ་ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་ན་རྡོ་རྗེ་དང་གཡོན་ན་དྲིལ་བུ། །ཧ་ཏའཾ་མཚན་ཁུང་དུ་བཅུག་པ་རྒྱན་ཆ་ལུགས་རྫོགས་པར་བལྟའོ། །དེའི་ཐུགས་ཀ་རམ་ར་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་མཐིང་ག་འོད་འཕྲོ་བ་ཅིག་བསམས་ལ། དེའི་ཧཱུཾ་གི་འོད་ཟེར་འོག་ཏུ་འཕྲོས་པས་རྡོར་ཇེའི་ས་གཞི་ལ་སོགས་པ་དང༌། རྡོ་རྗེའི་གུར་དང་རྡོ་རྗེའི་ར་བ་ལ་སོགས་པ་སྲུང་བའི་དཀྱིལ་འཁོར་ལོ་བསམ་པར་བྱའོ། །དེ་ནས་ཐུགས་ཀའི་ས་བོན་གྱིས་བླ་མ་དང་ལྷག་པའི་ལྷའི་འཁོར་ལོ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་དང་བསྟོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཨོཾ་སྭ་བྷཱ་བ་དང་ཤཱུ་ནྱ་ཏཱས་ཆོས་ཐམས་ཅད་སྟོང་བ་ཉིད་དུ་མོས་པ་བྱ་བའོ། །ད་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྟན་པ་སྟེ། བ་ལ་ང་གནས་དང་སྟེང་ལྡིང་བ། །ལྷག་པ་སྐམ་རྩ་དེ་ནས་ནི། །དུང་ཆེན་པོ་ཡི་རང་བཞིན་བྱ། །མི་ཕྱེད་པ་དང་རུས་སྦལ་ལོ། །ཞེས་པའི་དོན་ལ་རྩ་ཐོང་བའི་ནང་ནས་རླུང་རྒྱུ་བས་ན། རླུང་གི་དཀྱིལ་འཁོར་བསྟན། སྐམ་ཞེས་པ་མ་ཡིན་ཏེ་མེས་རླན་ཐམས་ཅད་སེམས་པར་བྱེ་དཔའི་དོན་ཏོ། །ལྷག་མ་ནི་རླུང་ལ་བ་དན་གྱིས་དང༌། མེ་ལ་འབར་བས་མཚན་པ། སྟེང་ལྡིང་བ་ནི་ཆུའི་དཀྱིལ་འཁོར་དེ་ཡང་རྩྭའི་ཟིལ་པ་ཆགས་པ་ལྟ་བུ་ལ་བུམ་པའི་ཁ་ཁྱེར་ཅན་ནོ། །བ་ལང་འདུག་པའམ། སའི་ལྷ་མོ་འདོད་འཇོའི་བར་སྦྲུལ། །དེ་དག་ས་ལ་ཉལ་བ་ལྟ་བུ་སྟེ། སའི་དཀྱིལ་འཁོར་གྲུབ་ཞི་བ་རྡོར་ཇེ་རྩེ་གསུམ་པས་མཚན་པ་ཅན་ནོ་། །གནས་ཞེས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པ་ཐམས་ཅད་ཀྱི་རྟེན་སའོ། །དེ་ནས་ནི་རིམ་པ་བཞིན་དུ་སྟེ། དུང་ཆེན་པོ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ལ། །གསོན་པོའི་དུས་སུའང་སྟོབས་དང་ལྡན་པའི་ཕྱིར་རོ། །རི་བོ་མཆོག་རབ་ཀྱང་རིན་པོ་ཆེ་ལས་གྲུབ་པས་བརྡས་མཚོན་པའོ། །དེའི་རང་བཞིན་ཡང་རི་ཐམས་ཅད་ཀྱི་རྒྱལ་པོ་ལྷུན་པོ་མི་


DTG018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་བའོ། །མི་ཕྱེད་པ་ནི་རི་རབ་ཀྱི་བྱང་ཕྱོགས་གསེར་དུ་ཡོད་པ་སྟེ། མ་ཧཱ་གསེར་གྱི་རུས་སྦལ་དང༌། ཁ་དོག་དང་ནུས་པ་ཅུང་ཟད་མཚུངས་པ་ལ་དགོངས་པའོ། །དེར་བྷྲཱུཾ་ཁ་དོག་སྣ་ཚོགས་མདོག་ཅན་ལས་གྲུབ་པའི་རིན་པོ་ཆེ་ནི་གཞལ་ཡས་ཁང་ཚད་མེད་པ་དུར་ཁྲོད་དང་བཅས་བསམ་པའོ། །སངས་རྒྱས་ཀྱི་ཕོ་བྲང་དཀྱིལ་འཁོར་རྟེན་ཡོངས་སུ་དག་པ་དེ་བསྒོམས་པས་མྱུར་དུ་དངོས་གྲུབ་སྦྱིན་འགྱུར་ཡིན། །ཞེས་ཡོན་ཏན་དུ་མ་རྒྱུད་ལ་བསྐྱེད་པའི་དོན་ཏོ། །དེ་ཉིད་གཞལ་ཡས་ཁང་གི་དབུས་སུ་ལྷ་ཚོགས་ཇི་ལྟར་བསྐྱེད་པའི་ཚུལ་ནི། ལེའུ་སུམ་ཅུ་རྩ་བཞི་པ་ལས། གོང་མ་ནི་ཡི་གེའོ། །ས་དང་ནི་ག་བུར་ཟླ་བ། རུ་ཧིར་ནི་ཤིལ་ཉི་མ་། བཅས་ནི་ཨཱ་ལི་བཅུ་དྲུག་ཉིས་འགྱུར་དང༌། ཀཱ་ལི་སུམ་ཅུ་སོ་བཞི་ཡ་ལ་ད་དྷ་ཊ་ཐ་དྲུག་གིས་བཞི་བཅུ་ཉིས་འགྱུར་གྱི་དབུས་སུ། སོ་ལྔ་པ་ལས་ས་བོན་ཕྲེང་བ་ཞེས་པ་སྦྱངས་དང་གསལ་བྱེད་ཀྱི་ཡི་གེ་ཕྲེང་བ་ལྟ་བུར་བཟུང་བ་སྟེ། ཧཱུཾ་ནི་ཐོག་མར་གནས་པ་ཡིན། །ཞེས་པས་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་འོད་འཕྲོ་བ་ཅན་ནོ། །རྡོ་རྗེ་དབྱེ་བ་ཉིད་དན་ནི། །ཞེས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པའོ། །འབད་པས་བསྲེག་བྱ་ནི་འགྲོ་བའི་ཕུང་པོ་ལྔ་འམ་དུག་ལྔའི་རྟོག་པ་སྦྱོང་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ་དག་བྱ། །ཞེས་པས་བསྟན། །ལྷའི་སྐུ་ཡོངས་སུ་རྫོགས་པར་གྱུར་པ། །དཔའ་བོའི་དབང་པོ་ཞལ་བཞི་པ་ཞེས་པ་དང༌། གོང་དུ་གསུངས་པ། ཞལ་གཅིག་ཕྱག་ནི་བཞི་པ་གསུམ། །ཞེས་ཕྱག་བཅུ་གཉིས་པའོ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་ཏེ་ཕྱག་བརྒྱད་ཅུ་པ་དང་བརྒྱ་དང་སྟོང་དང་ཁྲི་དང་འབུམ་གྱི་བར་དུ་སྔོམ་པ་ཆེན་པོ་ལ་སོགས་པ་དཀྱིལ་འཁོར་དུ་མ་སྐུ་མདོག་བཞུགས་ཚུལ་རྣམ་པར་འགྱུར་པ་མི་འདྲ་བ་སྣ་ཚོགས་སྲུང་བསྟན་པ་གདུལ་བྱའི་དབང་དུ་བྱས་པའོ། །སྐུ་ནི་དཀར་པོ་ཁྲོ་བོ་ཆེ་ནི་རྒྱུའི་ཧེ་རུ་ཀ་སྐུ་མདོག་དཀར་པ་ཉིད་དོ། །རྡོ་རྗེ་ཕག་མོ་ལ་གཟིགས་པ། །ཞེས་རྗེ་བཙུན་མ་ཞལ་སྦྱོར་དུ་མཛད་པའོ། །དེའི་ཞེས་རྗེ་བཙུན་ཧེ་རུ་ཀ་ཇི་ལྟར་བར་སྐུ་ནི། དཀར་བའི་ཁྲོ་བོ་མཚོན་ཆ་འཆང༌། །ཞེས་ཡུམ་མེད་པའོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན་ནི་ཐོད་པ་སྐམ་པོ་དཀར་བ་ལྔས་དབུ་བརྒྱན་ལ། ཐོད་པ་རློང་པ་ལྔ་བཅུའི་ཕྲེང་བ་འཕྱང་བའོ། །སྐུ་ལ་ཐལ་བའི་རྡུལ་གྱིས་ཉེ་བར་བྱུགས་པ་ནི། རྡོ་རྗེ་འཆང་རིགས་དྲུག་པའི་རྒྱས་དབ་པ་ཉིད་དོ། །ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན་ནི་


DTG018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རུས་པའི་རྒྱན་དབུ་རྒྱན། སྙན་ཆ། །གུལ་རྒྱན། ཕྱག་གདུབ་སྐ་རགས་འོག་པ་ག་ལ་སོགས་པའོ། །མེ་ཏོག་ཅོད་པ་ན་ནི་དབུ་སྐྲ་དང་སྐུ་ལ་དར་དབྱངས་ཆུན་འཕྱང་གིས་སོ། །མདུང་དང་ལྡན་ནི་ཏྲི་ཤཱུ་ལ་རྩེ་གསུམ་པ་ཡབ་ཀྱི་ཕྱག་གཡས་ཀྱིས་འཛིན་པའོ། །དུས་ནི་ན་འཆི་ལས་རྒྱལ་བ་ནི་ཌ་མ་རུའི་ཆོས་ཀྱི་སྒྲས་སེམས་ངལ་སོས་པས་འཆི་བདག་གིས་མི་ཚུགས་པའོ་།ཡན་ལག་འཆིང་བྱེད་ནི་རྡོ་རྗེ་ཞགས་པ་སྟེ། ཁ་ཊྭཱཾ་ག་ནི་རྡོ་རྗེས་མཚན་པས་སྐུ་གསུམ་མཐར་ཕྱིན་པའོ། །ཐོས་པ་མཆོད་ཡོན་སྣོད་ནི་ཀ་པཱ་ལ་ཁྲག་བཀང་ཉིད་དོ། །ཞལ་དུ་མཚན་ཆོ་ནི་ཚངས་པའི་མགོ་བོ་སྟེ་མཚོན་ཆ་སྦྱར་ནི་དགྲ་སྟ་བསྣམས་པའོ། །རྡོ་རྗེ་དྲིལ་བུ་སྙིང་རྗེ་དང་སྟོང་པ་ཉིད་ཀྱི་རང་སྒྲའོ། །ཞལ་གྱི་མཆེ་བ་ནི་བཞད་པའི་ཞལ་དེ་ལས་ཅུང་ཟད་གཙིགས་པ་བདུད་བསྒྲལ་བར་མཛད་པའོ། །འབྱུང་པོ་ཆེན་པོ་ནི་ཞབས་གཡོན་པའི་འོག་ཏུ་འཇིགས་བྱེད་དང་དུས་མཚན་མོ་གཉིས་གདན་དུ་བྱས་པའོ། །དེ་དག་གིས་ནི་གཙོ་བོ་ཡབ་ཡུམ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་སྟེ། དེ་ནས་རྗེས་སུ་ཆགས་པ་ནི། ཁོ་དོག་ཕོ་ཉ་སོགས་སྔགས་གང་ཞེས་པ་མཁའ་གསང་བྱིན་གྱིས་བརླབ་པ། མདའི་ཤུགས་ཀྱིས་ཡོངས་སུ་འཁོར་བ་ནི་སྔགས་རྣམས་ལས་འདོད་ཟེར་སྐར་མདའ་ལྟ་བུར་འཕྲོ་བའོ། །ཕན་ཚུན་འདུས་པའི་གསང་སྔགས་ནི་ཡབ་ཡུམ་གྱི་སྐུའི་ཐུགས་ཀ་ལྟེ་བ་མགྲིན་པ་དཔྲལ་བ་རྣམས་སུའོ། །དེར་ཟླ་བ་དང་ཉི་མ་ལ་གནས་པའི་ཡུལ་ཉིད་ཐབས་ཤེས་རབ་ཀྱིས་ཕྱེ་བའོ། །གསང་སྔགས་ནི་ལུས་ལ་བཀོད་ནས། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ལྷ་མོ་རིག་མ་དང་ཁྲོ་བོ་དུ་མ་ཐམས་ཅད་འོག་མིན་ནས་སྤྱན་དྲང་པ་ནི། ལྕགས་ཁྱུ་ཉིད་ཀྱིས་དགུག་པ་སྟེ། །ཞེས་སྨིན་མའི་བར་མཛོད་སྤུ་ནས་བསྟིམ་པས་དྲི་ཟ་ཉེ་བར་ཞུགས་པ་ལྟ་བུ་སྟེ་ཨ་ཝ་དྷཱུ་ཏཱིར་བརྒྱུད། རྡོ་རྗེ་བུམ་པ་ན་ཡུམ་གྱི་ཆོས་འབྱུང་དུ་བདུད་རྩི་བབ་པས་ཐིག་ལེ་ཆ་གསུམ་གྱི་དང་པོ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་གྱུར་ཏོ། །ཆ་གཉིས་པས་མངོན་པར་བྱང་ཆུབ་པ་ལྔ་དཀྱིལ་འཁོར་པ་རྣམས་བསྐྱེད་པ་ནི། འཁོར་ལོ་ལྔ་ལྡན་ལ་ཨཱ་ལི་ཟླ་བ་ཡབ་ལས་བྱུང་པ་དང༌། ཀཱ་ལི་ཉི་མ་ཡུམ་རྗེ་བཙུན་མ་ལས་བྱུང་བ་དང༌། ཧཱུཾ་


DTG018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཾ་ལས་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དང་གྲི་གུག་དང་བཅས་པ་ལ། དཔའ་བོའི་དབང་པོ་ཞལ་བཞི་པ་ཕྱག་བསྐྱོད་པར་བྱ་བའི་སྐུ་ཡོངས་སུ་རྫོགས་པར་བསམས་པའོ། །བདེ་བ་ཆེན་པོའི་ཌཱ་ཀི་བཞི་ནི། མཾ་ཏཾ་པཾ་ལཾ་བཞི་འདབ་མ་ལ་ཕོ་ཉ་མ་བཞི་ཡིན་ཞེས་པའོ། །ཧཱུཾ་པུ་ཛཱ་ཨོ་ཨ་གོ་རཱ་དེ་མ་རྣམས་ཀྱིས་ཐུགས་ཀྱི་འཁོར་ལོ་རྡོ་རྗེ་བརྒྱད་ལྡན་དང༌། ཨཱཿ་ཀ་ཨོ་ཏྲི་ཀོ་ཀ་ལ་ཧི། ཨོཾ་ཕྲེ་གྲི་སཽ་སུ་ན་སི་མ་ཀུ་ལས་འཁོར་ལོ་བརྒྱད་ལྡན་དང་བཅས་པའི་དཔའ་བོ་རྣལ་འབྱོར་གནས་དེ་བཞི་ནི་ཞེས་ནི་ཞེས་པ་དང༌། དཔའ་བོ་ཀུན་དང་གཉིས་མེད་བདེ། །ཞེས་པའི་དོན་གྱིས་བསྟན། སྒོ་བཞིར་ཛཿ་ཧཱུཾ་བཾ་ཧོཿ་ལས་རྡོ་རྗེ་གྲི་གུག་དང་བཅས་པ་ལས་ཁྭ་དོང་ལ་སོགས་པ་དང༌། ཀྵྞིཾ་བཞི་ལས་མཚམས་མ་བཞིའི་རྡོ་རྗེ་གྲི་གུག་ལས། དེ་དག་ཐམས་ཅད་ཀྱི་སྐུ་ཆུང་ལ་ཡན་ལག་རགས་པ་སྐུ་མདོག་ཕྱག་མཚན་ཤིན་དུ་གསལ་བར་གྱུར་པས་སྐུ་ཡོས་སུ་རྫོགས་པའོ། །དེ་དག་བརྟན་པར་བྱེ་པ་ལ། ཨོཾ་སྲབ་པའི་ར་ཡོ་གི་ནི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཐིག་ལེ་ཆ་གསུམ་པས་བདེ་བ་ཆེན་པོའི་མཆོད་པར་འགྱུར་བའོ། །དེ་ཡང་བྷ་གའི་དཀྱིལ་འཁོར་དུ་རྟེན་དང་བརྟེན་པར་བཅས་པ་རྫོགས་ནས། ཡུམ་གྱི་སྐུ་ལས་སྤྲོ་བར་བྱ་བ་ནི། ས་བོན་སྤྲོ་བ་དེ་ནས་བཟུང༌། །ཞེས་པས་ཧཱུཾ་བཾ་ཨོཾ་ཨཱཿ་ཧཱུཾ་གི་མཐར་ནི་གནས་པ་ཡིན། །ཞེས་པས་འབྲུ་གསུམ་སྒྲ་དང་བཅས་པས་དབྱུང་བར་བྱ་བ་ལ་དང་པོར་འབྱིན་པ་ནི། ཡུམ་རྡོ་རྗེ་རྣལ་འབྱོར་མའི་བྷ་ག་ནས་རྩ་དབུ་མ་བརྒྱུད་དེ་སྤྲོ་བ་ལ། རྣམ་དབྱེ་རང་དག་སྔགས་པས་ནི། །ཕྱིན་ཅི་ལོག་ཏུ་སྦྱོར་བྱ་ཞེས་པ་ནི། །ཡུམ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས་ཕྱིར་འཐོན་པས་གདུལ་བྱ་འགྲོ་བ་ཐམས་ཅད་ཀྱི་དོན་བྱ་བ་སྟེ། ཚར་བཅད་པ་ལས་དང་ཉོན་མོངས་དག་པར་བྱ་བ་ནི། རྗེས་སུ་འཛིན་པས་སྨིན་གྲོལ་ལ་བཀོད་པའི་དོན་རྣམས་ལ་ལས་ཀྱི་དངོས་པོ་རྣམས་སྨིན་གྱི་ལུས་རྣམས་པར་དག་པ་སྟེ། དེ་ཉིད་ཀྱི་དབྱེ་བས་འགྲོ་བ་ཡང་དག་པའི་ལམ་ལ་དགོད་པ་དང༌། ཕྱེ་ནས་ནི་ཞེས་དཀྱིལ་འཁོར་འཁོར་ལོར་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི་གོ་འཕང་ལ་བཀོད་པའོ། །ཕྱེ་ནས་སླར་ལོག་པ་དང་རྩ་ལས་ལམ་དུ་སྦྱར་བ་སྟེ། བདག་ཉིད་མི་བསྐྱོད་བདེ་མཆོག་འཁོར་ལོ་ཉིད་སྔར་གྱི་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོའི། །དེའི་ཐུགས་ཀར་ཐིམ་པ་དང༌། བདག་གཉིས་སྔར་ལོངས་སྐུ་རྡོ་རྗེ་འཆང་དེ། སྤྲུལ་སྐུ་


DTG018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེ་སྡང་རྡོ་རྗེར་བསྒྱུར་བས་ན། །དྲག་ཤུལ་སྤྱོད་པའི་གཟུགས་འཆང་བ། །ཞེས་པས། ཁྲོ་ཆགས་འདྲེན་མ་སྟེ། རྗེ་བཙུན་མ་སྐུ་མདོག་མེ་ཏོག་བནྡྷ་རི་ཀ་ལྟ་བུར་གྱུར་པ་ནི་འབྲས་བུའི་ཧེ་རུ་ཀ་སྟེ་སྦྱོར་བ་དང༌། པོ་བསྟན་པའོ།། །།ད་ནི་དཀྱིལ་འཁོར་བ་ལྷ་ཚོགས་རྣམས་འབྱིན་པར་བྱ་བ་ནི། སླར་ཡང་ཡབ་ཡུམ་རྗེས་སུ་ཆགས་པ་གསལ་བར་བསྟན་པ། །ཡང༌། མཚན་མ་གཉིས་ལས་སྔགས་སྦྱར་ཏེ། །དཔའ་བོ་རྣལ་འབྱོར་མ་གཉིས་མེད། །སྙིང་པོ་རྣམས་ནི་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་བྱར། ཞེས་ཡབ་ཡུམ་གཉིས་ཀའི་ལྟེ་བ་ཐུག་ཀ་མགྲིན་པ་ཐུགས་ཀ་མགྲིན་པ་དཔྲལ་པ་རྣམས་སུ་སྔགས་རྣམས་ཉེ་སྙིང་གསལ་བར་བཀོད་ནས། ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བ་ལ་གནས་པར་བྱ་བ་སྟེ་བློ་ལྡན་རྣལ་འབྱོར་མ་བསྲུང་བྱ། །དག་པའི་ལུས་ནི་རང་འདོད་པ། །དཔའ་བོ་མཆོད་པ་རྣམས་བྱས་ནས། །ཕྲིན་ལས་འབད་པ་ཉིད་ཀྱིས་བྱ། །ཞེས་པས་ཨོཾ་སྲབ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་བ་ཨཱ་མ་ཀོ྅ཧཾ། ཞེས་པས་ཡང་བྷ་གའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དབྱར་མེད་པའི་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པས་མཆོད་པ་དང༌། ཡང་སྙོམས་པར་ཞུགས་པའི་ཧ་ཧ་སི་སིའི་སྒྲ་ལས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་དང་རིག་མ་ལྷ་མོ་དང༌། ཁོ་བོའི་ཚོགས་དང་བཅས་པ་ཐམས་ཅད་ནམ་མཁར་བྱོན་པ་ཡང་སོ་སོར་བདེ་བའི་དང་དུ་ཞགས་པས་འོད་དུ་ཞུ་ཞིང་སྨིན་མཚམས་མཛོད་སྤུ་ནས་ཞུགས། ཨ་བ་དྷཱུ་ཏཱིའི་གནས་ནས་ཡུམ་གྱི་ཆོས་འབྱུང་དུ་བ་བས་པས་འཁོར་ལོ་ལྔའི་ལྷ་ཚོགས་དེ་དག་ཐམས་ཅད་བདེ་བས་རྒྱས་པར་གྱུར་ཏེ། རྗེ་བཙུན་མའི་པདྨ་ནས་གྱེན་དུ་བརྒྱུད་ཨ་བ་དྷཱུ་ཏཱི་ནས་ཐུགས་ཀ་ནས་ཕྱིར་འབྲུ་གསུམ་གྱིས་ཕུང་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ཆེན་པོའི་སོ་སོའི་གནས་སོགས་སུ་འཁོད་ཙམ་གྱི་སྐུ་ཤིན་ཏུ་རགས་པར་གྱུར་ཏེ། སྒོ་མཚམས་མའི་བར་དུ་རིམ་གྱིས་ཕྱུང་བར་དཔལ་ཌོཾ་བི་ཧེ་རུ་ཀའི་བཞེད་པའོ། །དེ་ནས་དཀྱིལ་འཁོར་བ་རྣམས་རྫོགས་ནས་གནས་པས་ཐམས་ཅད་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ལ་གནས་དང་འགྱུར་པར་བལྟའོ། །ཨོཾ་སྲབ་ཏ་ཐཱ་ག་ཏ་དྷརྨཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཡང་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་


DTG018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བདེ་བ་ཆེན་པོའི་ངང་དུ་ཞུ་བར་གྱུར་པ་དང༌། ཡབ་ཡུམ་གྱི་སྐུ་ཐིག་ལེ་བྱང་ཆུབ་སེམས་ཀྱི་གོང་བུ་འོང་སྣ་ཚོགས་འཕྲོ་བ་ཅན་དུ་གནས་པ་ལས། མཚམས་ཀྱི་ལྷ་མོ་གཤིན་རྗེ་བརྟེན་མས་བྱམས་པ་ཚང་མེད་པས་བསྐུལ་བ། །ཁྱོད་ཀྱི་བདེར་གཤེགས་རྣལ་འབྱོར་དབུ་མར་བཀྲི་ཤིས་འགྲོ་འོང་བྱང་སེམས་འཛག་པ་ཡང་དག་རོལ་མཛད་པ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སྟྭ་ཛཿ་ཧཱུཾ་བཾ་ཧོཿ་སུ་ར་ཏ་སྟཾ་དྲྀ་ཤྱ་ལྷོ། །ཞེས་ཀུན་ལ་སྦྱར་བའོ། །ལྷ་མོ་གཤིན་རྗེ་ཕོ་ཉ་མོས་སྙིང་རྗེ་ཚད་མེད་པས་བསྐུལ་བ་ནི། གང་གི་སེམས་ནི་ལྷ་ལས་སྲུང་བ་རྣལ་འབྱོར་རང་བཞིན་མ་ལུས་དབང་ཕྱུག་གིས་གཅོད་མཛོད། །ལྷ་མོ་གཤིན་རྗེ་མཆེ་བ་ཅན་མས་དགའ་བ་ཚད་མེད་པས་བསྐུལ་བ་ནི། འགྲོ་བ་རྣམས་ལ་དབུགས་དབྱུང་བས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པས་འགྲོ་ལ་སྐྱབས་མཛོད་ཅིག །ཅེས་སོ། །ཡང་ལྷ་མོ་གཤིན་རྗེ་འཇོམས་མས་བཏང་སྙོམས་ཆེན་པོ་ཚད་མེད་པའི་ངང་ལས་བསྐུལ་བ་ནི། ཕྲིན་ལས་སྟོན་པའི་འགྲོ་དང་འོང་བ་དྲི་མ་མེད་པ་མཆོག་ཏུ་དགའ་བའི་རང་བཞིན་ཅན་དུ་བཞེངས་ཤིག་པའོ་ཞེས་རབ་ཏུ་བསྐུལ་བར་བྱ་བའོ། །འདི་ཡིས་བསྐུལ་བ་ཙམ་གྱིས་ཀྱང༌། །བཾ་ཧཱུཾ་གཉིས་ལས་རྡོ་རྗེ་ཅན། །ཁུ་བའི་གཟུགས་ཅན་ལས་བཞེངས་པ། །འཇིག་རྟེན་ཁམས་ལ་བདེ་ཆེན་སྩོལ། །ཇི་ལྟར་སྐྱེ་བའི་རིམ་པ་ཡིས། །གཉུག་མའི་སྔགས་ལས་རང་འབྱུང་འགྱུར། །དེར་ནི་ཅོ་ག་གསུམ་གྱིས་བཞེངས་པར་གྱུར་པའོ། །དམ་ཚིག་ཡེ་ཤེས་ཡང་དག་སེམས། །འདིར་ནི་རྡོ་རྗེ་འཛིན་པར་གནས་པ་ནི་སེམས་དཔའ་སུམ་བརྩེགས་ཉིད་དོ། །སྙིང་གའི་ས་བོན་འོད་སྤྲོས་པས། །སྤྱན་དྲངས་པ་ཡི་བདེ་གཤེགས་རྣམས། །དབང་བཀུར་གོ་འཕང་བསམ་བྱ་བ། །ཕྱིར་ནས་མཆོག་པ་ཡང་དག་བརྩམ། །རབ་དགའ་ཆེན་པོའི་དཀྱིལ་འཁོར་ལ། །རབ་སྦྱོར་དོན་དུ་བསྒྲུབ་པའོ། །དེས་ཡེ་ཤེས་དཔའ་སྤྱན་དྲངས་ནས་བསྟི་མ་ཞིང༌། དབང་བསྐུར་ཞིང་རྒྱས་གདབ་པར་བྱ་བའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་བར་བྱ་བ་དང༌། བྱང་ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་སྟེ་དཀྱིལ་འཁོར་རྒྱལ་མཆོག་གོ། །།དེ་ནས་དཀུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་གོ་ཆག་གཉིས་ཐབས་དཔའ་བོ་དང༌། ཤེས་རབ་རྣལ་འབྱོར་མའི་


DTG018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོ་ཆ་བགོ་བར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདེ་བ་ཆེན་པོའི་མཆོག་པའི་མཐར་གསང་སྔགས་ཀྱི་ཕྲེང་བ་བཟླས་པའི་རྣལ་འབྱོར་ལ་གནས་པས་སོ། །དེ་རྗེས་ལ་ཐུན་ཉེ་བར་བསྡུ་བས་འགྲོ་བ་སྦྱང་བའི་བསམ་གཏན་དང་ལྡན་པས་རིམ་གྱིས་དཀྱིལ་འཁོར་ཡོངས་སུ་སྡུས་ཏེ། བདུད་རྩི་མྱང་བ་དང་གཏོར་མ་དབུལ་བར་བྱ། དེས་ནི་མཉམ་གཞག་གི་རྣལ་འབྱོར་རོ། །མཉམ་ལངས་རྗེས་ཐོབ་ལ་ཐུན་མཚམས་ཀྱི་བྱ་བ་སྤྱོད་ལམ་ལ་འཇུག་པར་བྱའོ། །རྫོགས་པའི་རིམ་པ་ལམ་དུ་བྱ་བ་ནི། དེ་ནས་འབར་བའི་མེ་ལ་ནི། །སྲེག་བླུགས་དགུ་ནི་སྦྱིན་པར་བྱ། །འབར་ཕྲེང་རྒྱ་མཚོར་བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོར་ངེ༌། །ཞེས་པ་དོན་གྱིས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་གནས་པས། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དོན་ལ་གནས་པས། དུས་དང་རྣམ་པ་ཐམས་ཅད་དུ་དཔལ་ཧེ་རུ་ཀ་འཁོར་ལོ་སྔོམ་པའི་ང་རྒྱལ་དུ་གནས་པར་བྱ་བ་ཉིད་དོ། །འདི་ནི་ཧེ་རུ་ཀ་མངལ་སྐྱེས་ཉམས་སུ་བླང་བའི་རིམ་པ་དཔལ་དོམ་བི་ཧེ་རུ་ཀའི་དགོངས་པའོ། །དེ་ལ་དཔལ་ཧེ་རུ་ཀ་མངལ་སྐྱེས་ཀྱི་བསྐྱེད་པའི་རིམ་པའི་ཁྱད་པར་བསྟན་པའི་གཞུང་བསྡུ་པ་བསྟན་པ། དེ་ནས་རྟག་ཏུ་སྒྲུབ་པ་པོས་ཞེས་རྣལ་འབྱོར་བས་ཐུན་བཞི་ལ་སོགས་པར་ཉམས་སུ་བླང་བའོ། །གསང་སྔགས་ནི་རྩ་བའི་དང་སྙིང་པོ་དང་ཉེ་སྙིང་པོ་དང་ཉེ་སྙིང་ལ་སོགས་སོ། །ལྷ་ནི་ཤེས་ནས་སྒོམ་པ་བསྙེན་སྒྲུབ་བཞིས་སམ་སྦྱོར་བ་དང་པོ་ལ་སོགས་གསུམ་གྱིས་ཉམས་སུ་བླང་པ་མཉམ་རྗེས་འབྲེལ་པས་མ་ཡེངས་པར་བསམ་གཏན་ལ་གནས་པའོ། །དེ་ཉིད་ཡོན་ཏན་ནི་ཀུན་བརྟགས་འཁྲུལ་པ་བཟློག་པ་བརྟན་གཡོ་གཞལ་ཡས་ཁང་དང་ལྷར་འཆར་བའོ། །གཞན་དབང་ལས་དང་ཉོན་མོངས་པ་རྣམ་པར་དག་པས་ཡེ་ཤེས་སུ་འཆར། ཡོངས་གྲུབ་འཁོར་འདས་ཀྱི་ཆོས་ཉིད་རོ་མཉམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བའི་ཁྱད་པར་གྱིས། ཞི་གནས་ལྷག་མཐོང་དབྱེར་མེད་དུ་འགྱུར་བས་བྱང་ཆུབ་སེམས་བདེ་ཆེན་རྣམ་པར་མི་རྟོག་པ་སྒྲུབ་པ་སོས་ནི་འདོད་སྒྲུབ་འགྱུར་ཞེས་དེ་བཞིན་གཤེགས་པའི་ཕྱིན་ལས་ལ་དབང་བསྒྱུར་བའོ། །ལེའུའི་མཚན་ནི་རོ་ལངས་སྒྲུབ་པ་ཞེས་དུར་ཁྲོད་ཀྱི་ཞིང་སྐྱོང་དང་ཤ་ཟ་སོགས་བསྟིམ་སྟེ་ལས་ཀྱི་ཕོ་ཉ་


DTG018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་བསྐུལ་ཞིང་བསྒྲུབ་པའོ། །བསྐྱེད་པའི་རིམ་པ་ནི་སྐྱེ་གནས་ཀྱི་གཞིའི་གཉེན་པོས་སྦྱོར་བྱེད་མངོན་པར་བྱང་ཆུབ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།


previousལེའུ་སུམ་ཅུ་སོ་གཉིས་པ། རོ་ལངས་སྒྲུབ་པ་དང་། བསྐྱེད་པའི་རིམ་པའི་ཆོ་གའི་རྣམ་པར་བཤད་པ།next