Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section


 
previousལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།next

ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།


DTG020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཕྱི་ནང་གི་ཡུལ་ལ་སོགས་པ་བསྟན་པའི་འོག་ཏུའོ། །ལས་ཀྱི་རབ་མཆོག་ཅེས་བྱ་བ་ནི་བཤད་དོ་ཞེས་བྱ་བ་དང་འབྲེལ་ཏོ། །སྦྲུལ་པའི་འཁོར་ལོ་ལ་སོགས་པར་གྱུར་པའི་ལས་རྣམས་ནི་ལས་ཀྱི་རབ་མཆོག་གོ །སྦྱོར་བ་ཀུན་གྱི་དམ་པ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྦྱོར་བ་རྣམས་ཀྱི་ནང་ན་དམ་པ་སྟེ་གཙོ་


DTG019_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའོ། །གང་ཡང་འགྲུབ་པར་བྱེད་པའི་སྔགས། །ཞེས་བྱ་བ་ལ་སྔགས་གང་དག་གིས་གྲུབ་པ་སྟེ། དངོས་གྲུབ་དམ་པ་བྱེད་པ་སྟེ། སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཞེས་བྱ་བ་ནི་སྔགས་དེ་རྣམས་ཀྱིའོ། །དབྱེ་བ་ཇི་ལྟར་འབྱུང་བཞིན་བཤད། །ཅེས་བྱ་བ་ནི་སྔགས་རྣམས་ཀྱི་བྱེ་བྲག་སྦྲུལ་པའི་འཁོར་ལོ་ལ་སོགས་པས་ཇི་ལྟར་སྐྱེ་བ་བཞིན་བཤད་པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །ཞེས་བྱ་བ་ལ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མ་ལ་སོགས་པའོ། །ཡི་གེ་ནི་དེ་རྣམས་ཀྱི་ཡེ་གེ་སྟེ་ཡི་གེ་ཉིད་སྔགས་སོ། །དེ་ཡང་རྐང་པ་བརྒྱད་པ་ལ་སོགས་པ་ཡིན་ཏེ། འདི་ལྟར་ཨོཾ་ཡ་མ་དཱུ་ཏི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་གཤིན་རྗེ་ཕོ་ཉ་མོའི་སྔགས་སོ། །སོགས་ཀྱིས་ནི་དེ་བཞིན་དུ་ཨོཾ་ཡ་མ་དཱ་དྷཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། ཅེས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་དུ་ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས། ཨོཾ་མ་ཧཱ་བཱིར་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་དེ་བཞིན་དུ་ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས་ཨོཾ་ཨུ་ཀཱ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ་སྒོ་སྐྱོང་བཞིའི་སྔགས་ཡིན་ཏེ། དེ་དག་དང་གཞན་རྐང་པ་བརྒྱད་པ་ལ་སོགས་པ་རྩ་བ་དང་སྙིང་པོ་དང་ཉེ་བའི་སྙིང་པོ་ཐམས་ཅད་དོ། །ཡང་ན་དེ་དག་ནི་ཕོ་ཉ་ལ་སོགས་པའི་ཡི་གེ་ཡིན་ལ། སྔགས་ནི་ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རི་ཤཱ་ཡ་ཞེས་བྱ་བ་ལ་སོགས་པའི་རྐང་པ་བརྒྱད་དང༌། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་རྩ་བའི་སྔགས་དང༌། ཨོཾ་ཤའི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཡེ་གེ་ཉི་ཤུ་རྩ་གཉིས་པ་ལ་སོགས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་བར་དུའོ། །རྐང་པ་བརྒྱད་པ་དང་ཀ་ར་ཀ་ར་ལ་སོགས་པའི་སྔགས་རྣམས་ཀྱི་རྣམ་པར་དབྱེ་བ་མཆོད་པའི་དུས་སུ་ནི་གོ་སླའོ། །མདའི་ཤུགས་ཀྱིས་ཡོངས་སུ་འཁོར། །ཞེས་བྱ་བ་ནི་བཟླས་པའི་དུས་ཀྱི་རྣམ་པར་དབྱེ་བ་སྟེ། མདའ་ནི་སྔགས་རྣམས་ཡིན་ལ་ཡོངས་སུ་འཁོར་བ་ནི་བདག་ལས་ཤེས་རབ་ལས་ཀྱང་བདག་ལ་འཇུག་པས་མགལ་མེའི་འཁོར་ལོ་ལྟར་ཡང་དང་ཡང་དུ་འཁོར་བའོ། །ད་ནི་གང་ཡང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ལ་སོགས་པའི་ས་


DTG019_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཐག་པ་དེ་ཤེས་པར་བྱ་བའི་ཕྱིར་དེ་འབྱུང་བའི་གནས་བསྟན་པ་སྤྲུལ་པའི་སྐུ་ལ་སོགས་པའི་འཁོར་ལོའི་གཟུགས་ཀྱིས་གསུངས་པ། སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདི་ལྟར་འཇིག་རྟེན་གྱི་ཁམས་མཐའ་དག་ཏུ་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཀྱི་འདོད་པའི་དོན་རྣམ་པ་སྣ་ཚོགས་པ་རྣམས་དུས་གཅིག་ཏུ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་སྣ་ཚོགས་ཀྱིས་རྒྱུན་མི་འཆད་པར་འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་དུ་ཕན་འདོགས་པར་མཛད་པ་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་རྣམས་དང༌། ཚད་མེད་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། མངོན་པར་ཤེས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང༌། དབང་བཅུ་དང༌། སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སྲུང་བ་མེད་པ་གསུམ་དང༌། དྲན་པ་ཉེ་བར་གནས་པ་གསུམ་དང༌། བསྙེལ་བ་མེད་པའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། ཐུགས་རྗེ་ཆེན་པོ་སྐྱེས་པ་དང༌། ཐུབ་པ་རྣམས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྟེ། དེ་དག་ནི་ཐུབ་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུ་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་པ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་ཐམས་ཅད་དང་རྗེས་སུ་མཐུན་པའོ། །ཚད་མེད་པ་རྣམས་ནི་སྙིང་རྗེ་ལ་སོགས་པ་ཚངས་པའི་གནས་པ་བཞིའོ། །དེ་ལ་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་ལ་བལྟ་བ་དང༌། དག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་


DTG019_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་ཏེ་གནས་པ་གསུམ་དང༌། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་མིན་སྐྱེ་མཆེད་བཞི་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་སྟེ། བརྒྱད་པོ་དེ་དག་རྣམ་པར་ཐར་པ་རྣམས་སོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་སྟེ། དགུ་པོ་དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །ས་དང༌། ཆུ་དང༌། མེ་དང༌། རླུང་རྣམས་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་རྣམས་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་རྣམས་སུ་རིལ་བསྒོམ་པ་ནི་ཟད་པར་གྱི་སྐྱེ་མཆེད་བཅུའོ། །ནང་གི་གཟུགས་ཀྱི་འདུ་ཤེས་རྣམས་སོ་སོར་ཡོངས་སུ་བཤིག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་གནས་ཀྱི་བྱེ་བྲག་གིས་ཟིལ་གྱིས་མནན་བཞིན་དུ་ཤེས་ཤིང་ཟིལ་གྱིས་མནན་བཞིན་དུ་མཐོང་བ་བཞི་དང༌། ནང་གི་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་རྣམས་ཟིལ་གྱིས་མནན་བཞིན་དུ་ཤེས་ཤིང་མཐོང་བ་བཞི་སྟེ། བརྒྱད་པོ་དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཏེ། དེ་དག་ནི་མཐོ་རིས་ཀྱི་ལམ་དང་ཐུན་མོང་བའོ། །རང་དང་གཞན་དག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུན་ཏིང་ངེ་འཛིན་གང་གིས་སྤོང་བར་བྱེད་པ་ནི་ཉོན་མོངས་པ་མེད་པའོ། །དེ་རྣམས་ཐམས་ཅད་དུ་མཚན་མ་དང༌། བག་ཆགས་སྤངས་ནས་ཐེ་ཚོམ་རྣམ་པར་བསལ་ཏེ། འཁོར་བ་ནི་ཇི་སྲིད་པའི་བར་དུ་སྨོན་ལམ་རྣམ་པར་དག་པ་སྤེལ་ཞིང་མཉམ་པར་གཞག་པ་ལ་འཇུག་པའི་གནས་སྐབས་འདི་ནི་སྨོན་ནས་ཤེས་པའོ། །ལྷའི་མིག་ལ་སོགས་པ་ནི་མངོན་པར་ཤེས་པ་རྣམས་སོ། །ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ཏེ། རྟེན་དང༌། དམིགས་པ་དང༌། སེམས་དང་ཡེ་ཤེས་རྣམས་ཡོངས་སུ་དག་པ་བཞིར་སྦྱར་རོ། །ཚེ་དང༌། སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། ཐབས་དང༌། མོས་པ་དང༌། སྨོན་ལམ་དང༌། རྣམ་པར་ཤེས་པ་དང༌། ཆོས་ལ་


DTG019_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བ་རྣམས་ནི་དབང་བཅུའོ། །གནས་དང་གནས་མ་ཡིན་པ་ལ་སོགས་པ་ཟག་པ་ཟད་པར་མཁྱེན་པའི་བར་དུ་བཅུ་ནི་སྟོབས་རྣམས་སོ། །ཆོས་ཐམས་ཅད་མངོན་པར་རྫོགས་པ་བྱང་ཆུབ་པ་ལ་མི་འཇིགས་པ་ནས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པའི་བར་དུ་བཞི་ནི། མི་འཇིགས་པ་རྣམས་སོ། །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་སྤྱོད་པ་རྣམས་ཡོངས་སུ་དག་པ་སྟེ། སྤྱོད་པ་དེ་དག་ཡོངས་སུ་མ་དག་པ་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་ཞེས་ཡོངས་སུ་སྲེད་ཅིང་སྲུང་བ་མེད་པ་རྣམས་སོ། །ཆོས་སྟོན་པ་ལ་རྣ་བ་བཏུད་ད་ཉན་པ་དང༌། མི་ཉན་པ་དང༌། གཉིས་ཀའི་མཚན་ཉིད་ཅན་ལ་སེམས་བཏང་སྙོམས་སུ་མཛད་པ་ནི་དྲན་པ་ཉེ་བར་གནས་པ་རྣམས་སོ། །སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའི་མཚན་ཉིད་འདི་ནི་བསྙེལ་བ་མེད་པའི་ཆོས་ཉིད་དོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱིས་བོན་དང་བག་ལ་ཉལ་རྩད་ནས་བཏོན་པ་འདི་ནི་བག་ཆགས་ཡང་དག་པར་སྤངས་པའོ། །དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱ་བ་ནས་ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཞེས་བྱ་བའི་བར་དུ་ནི་མ་འདྲེས་པའི་ཆོས་རྣམས་སོ། །ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཡོངས་སུ་དག་པའི་སྐུ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་འདི་ནི་ཐུབ་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེད་དེ། ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཁ་ན་མཐོ་བ་མེད་པར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པས་དགའ་བ་དང་བདེ་བའི་རོ་ཉམས་སུ་བསྟར་བའོ། །གང་ཟག་པ་མེད་པའི་ཆོས་རྣམས་ནི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བརྙེས་པ་འདི་ནི་ཐུབ་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། གང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་རང་བཞིན་གྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཟག་པ་མེད་པ་ཡིན་པ་ལས་གློ་བུར་གྱི་དྲི་མ་དང་བྲལ་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་དག་ཅིང་བདེན་


DTG019_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཐོབ་པ་འདི་ནི་མ་བཅོས་པའི་རང་བཞིན་གྱི་སྐུ་ཡིན་ནོ། །དེ་ལྟར་སྐུ་རྣམ་པ་བཞི་པོ་འཁོར་ལོའི་ཚུལ་གྱིས་ལྟེ་བ་ལ་སོགས་པར་རིམ་བཞིན་དུ་རྣམ་པར་གཞག་པ་དང༌། ལེའུ་བཅུ་གཅིག་པར། དང་པོར་ཆོས་ཀྱི་འབྱུང་གནས་བསམ། །ཞེས་བྱ་བ་ལ་སོགས་པར་མདོར་བསྟན་པ་བཤད་པར་བྱ་བའི་ཕྱིར། ཡང༌། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དབུས་སུ་ཞེས་བྱ་བ་ནི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་བའི་ལྟེ་བ་ལའོ། །སྡེ་ཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར། །ཞེས་བྱ་བ་ནི་ཡི་གེ་ཨོཾ་སྟེ། སྔར་བསྟན་པའི་སྡེ་ཚན་བརྒྱད་པོ་རྣམས་ཀྱིས་ཀུན་ནས་བསྐོར་བའོ། །དེ་ལ་སྡེ་ཚན་བརྒྱད་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི་དང་པོའོ། །ཀ་ཁ་ག་གྷ་ང་རྣམས་ནི་གཉིས་པའོ། །ཙ་ཚ་ཛ་ཛྷ་ཉ་རྣམས་ནི་གསུམ་པའོ། །ཊ་ཋ་ཌ་ཌྷ་ཎ་རྣམས་ནི་བཞི་པའོ། །ཏ་ཐ་ད་དྷ་ན་རྣམས་ནི་ལྔ་པའོ། །ཕ་ཕ་བ་བྷ་མ་རྣམས་ནི་དྲུག་པའོ། །ཡ་ར་ལ་ཝ་བཞི་ནི་བདུན་པའོ། །ཤ་ཥ་ས་ཧ་བཞི་ནི་བརྒྱད་པའོ། །ཀྵ་ཞེས་བྱ་བ་ནི་ཀ་དང་ཥ་ཉིད་ལས་གུད་ན་མེད་པའི་ཕྱིར་ཡང་མི་བསྟན་ཏོ། །དེ་ལྟར་སྡེ་ཚན་བརྒྱད་པོ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་སྟེ། པདྨའི་དབུས་ཀྱི་འདབ་མ་བརྒྱད་ལ་ཀུན་ནས་བསྐོར་ཏེ་བྲི་པར་བྱའོ། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་སྔགས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སོ། །འབྱུང་བ་ནི་འཁོར་ལོ་འདི་བསྒོམ་པ་གོམས་པ་ཕུལ་དུ་བྱུང་བ་ལས་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་དེ་རྣམས་ཀྱིས་སྤྲུལ་པའི་སྐུ་ཐོབ་པར་བྱེད་པའི་ཕྱིར་རོ། །གཞན་ཡང་ཅི་ཡང་རུང་བ་སྐྱེ། །ཞེས་བྱ་བ་ནི་བརྟན་པ་དང་གཡོ་བ་རྣམས་དེ་ལས་སྐྱེ་བའི་ཕྱིར་རོ། །ཡང་ན་སྡེ་ཚན་བརྒྱད་ཀྱི་ཡི་གེ་འདི་དག་ལས་སྔགས་ཀྱི་དེ་ཁོ་ན་ཉིད་འབྱུང་བ་དང༌། གཞན་ཡང་ཞེས་བྱ་བ་སངས་རྒྱས་ཉིད་དང་ཐུན་མོང་གི་དངོས་གྲུབ་ཕྲ་མོ་གཞན་དག་ཀྱང་སྐྱེ་བའོ། །ཆོས་ཀྱི་འཁོར་ལོ་གསུངས་པ། ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །ཅེས་བྱ་བ་ནི་ཐོག་མ་དང་ཐ་མའི་དངོས་གྲུབ་རྣམས་སྟེར་བའི་ཕྱིར་རོ། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ལ་སྒྲ་ལྔ་ནི་དབྱངས་ཡིག་དང་པོ་དང༌། གསུམ་པ་དང༌། ལྔ་པ་དང༌།


DTG019_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུ་གཅིག་པ་དང༌། དབུས་ན་གནས་པའི་ཧཱུཾ་གི་འོག་ན་གནས་པའི་དབྱངས་ཡིག་དྲུག་པ་རྣམས་སོ། །ཡང་དག་པར་ལྡན་པ་ནི་ཆོས་ཀྱི་འཁོར་ལོ་དང་སྦྱར་ཏེ། འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཧཱུཾ་གནས་པའི་ཆོས་ཀྱི་འཁོར་ལོ་དེ་ཉིད་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའོ། །ཡ་རལ་ཝ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་ཡང་སྦྱར་ཏེ། སྔར་བཤད་ཟིན་ཏོ། །ལོངས་སྤྱོད་ཀྱི་འཁོར་ལོ་གསུངས་པ་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ། རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཞེས་བྱ་བ་ལ་རོ་ནི་ཉམས་སུ་མྱོང་བ་སྟེ། རང་རིག་པའི་རང་བཞིན་ཉམས་སུ་མྱོང་བའི་རྟེན་དེ་འཛིན་པར་བྱེད་པའོ། །ཆ་རྣམས་བཞི་པོ་དག་གིས་ནི། །ཞེས་བྱ་བ་ནི་དབྱངས་ཡིག་གཉིས་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་དང༌། བཅུ་གཉིས་པ་རྣམས་སོ། །ཀུན་ནས་ཡོངས་སུ་བསྐོར་བ་ནི་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་བཀོད་པའི་ཕྱི་རོལ་དུ་བསྐོར་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའོ། །བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སུམ་ཅུ་གཉིས་དང་ལྡན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ནི་བྱང་ཆུབ་ཡིན་ལ། དེའི་དབུས་ཀྱི་ལྟེ་བ་ལ་མགོ་མེད་པའི་ཧ་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་འདབ་མ་རྣམས་ལ་བཀོད་པ་ནི་ལྡན་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བྱེད་པའོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་ནི་གཡོན་པའོ། །ཉི་མ་ནི་གཡས་པའོ། །སུའི་ཞེ་ན་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི་སྟེ་སྐྱེས་པ་དང་བུད་མེད་རྣམས་ཀྱིའོ། །དེ་དག་གིས་ནི་སྐྱེས་པ་དང་བུད་མེད་མཚོན་པར་བྱེད་དོ། །འགྲོ་དང་འོང་བ་ངེས་པར་བརྗོད། །ཅེས་བྱ་བ་ལ་འགྲོ་བ་དང་འོང་བ་ནི་གཡས་དང་གཡོན་གྱི་རླུང་གི་འཇུག་པ་དང་འབྱུང་བ་ཡིན་ལ། ངེས་པར་བརྗོད་པ་ནི་དེ་དག་དགོས་པ་སྒྲུབ་པའོ། །ཡང་ན་མཁའ་འགྲོ་མ་དང་བཅས་པའི་དཔའ་བོ་རྣམས་འགྲོ་བ་དང་འོང་བ་རྒྱུ་ཞེས་བྱ་བར་བརྗོད་པར་བྱ་སྟེ། ཅི་ཞིག་ཅེ་ན། གཡས་གཡོན་གྱི་རླུང་སྟེ། རླུང་ལ་ཞོན་ནས་འགྲོ་འོང་བྱེད་པའི་ཕྱིར་རོ། །དེ་ལྟར་ནང་དུའང་བསྟན་པའི་ཕྱིར། གནས་གཉིས་པ་ནི་མཉམ་པར་


DTG019_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་འདྲ་བས་ན་གནས་ཏེ་གཡས་གཡོན་གྱི་རྩའོ། །མཉམ་པ་ནི་དེར་རྒྱུ་བའི་རླུང་ངོ༌། །ཞོན་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུའོ། །འོག་དང་སྟེང་དུ་ཡང་དག་བརྟན། །ཅེས་བྱ་བ་ལ་འོག་ནི་ལྟེ་བའོ། །སྟེང་ནི་སྤྱི་གཙུག་གོ །བརྟེན་པ་ནི་རྩ་བ་དང་རྩེ་མོ་ངེར་སྦྱར་བའོ། །དབྱངས་ཡིག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཡིན་པས་ན་དབྱངས་ཏེ་མ་ནིང་སྤངས་པའི་དབྱངས་ཡིག་བཅུ་གཉིས་སོ། །སྟེང་བལྟས་ཞེས་བྱ་བ་ནི་རྩ་གཉིས་ཀ་ལས་ཚངས་པ་ལ་སོགས་པའི་རླུང་ཕྱིར་རྒྱུ་བ་ནི་གོ་རིམས་བཞིན་སོར་བཞི་དང་དྲུག་དང་བཅུ་གཉིས་དང་བཅུ་དྲུག་གི་བར་དུ་སྟེང་གི་ནམ་མཁའ་ལ་རྒྱུ་བ་ན་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱི་སྐུད་པར་བརྒྱུ་བའོ། །ཀ་སོགས་ཞེས་བྱ་བ་ནི་སྤེལ་ཞེས་བྱ་བ་དང་སྦྱར་ཏེ། ཀ་ལ་སོགས་པ་དང་སྤེལ་བའོ། །ཇི་ལྟར་ཞེ་ན། རླུང་ཕྱིར་རྒྱུ་བ་ནི་དབྱངས་ཀྱི་སྐུད་པ་དེ་ཉིད་ལ་དེའི་རྗེས་སུ་འཇུག་པ་ཡིན་པས། ཀ་ལ་སོགས་པའི་ཕྲེང་བ་བྲིའོ། །འོག་ཏུ་བལྟས་པ་ཞེས་བྱ་བ་ནི་གང་གི་ཚེ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པའི་ཚེ། ཨ་ལ་སོགས་པའི་སྐུད་པ་དང་ཀ་ལ་སོགས་པའི་ཕྲེང་བ་ཁ་འོག་ཏུ་བལྟས་པར་བྲིའོ། །དེས་ན་རླུང་ཕྱིར་རྒྱུ་བ་ལ་ནི་དེ་དག་སྟེང་དུ་བལྟ་བར་ཤེས་པར་བྱ་ལ། ནང་དུ་འཇུག་པ་ལ་ནི་འོག་ཏུ་བལྟ་བར་ཤེས་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ངོས་གཉིས་ཞེས་བྱ་བ་གསུངས་ཏེ། ངོས་ཀྱི་སྒྲ་ནི་མཚུངས་པ་ཡིན་ལ་གཉིས་ནི་འབྱུང་བ་དང་འཇུག་པ་ཡིན་ནོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཁ་ཅིག་ན་རེ་ནི་ཞེས་བྱ་བ་ནི་ཚིག་ཁ་བསྐང་བ་ཡིན་ཏེ། དེ་ཡང་ཇི་སྐད་དུ། ནི་དང་སྟེ་དང་པ་ལ་སོགས། །ཁ་བསྐང་དྲུག་ཏུ་མཁས་པས་བཤད། །ཅེས་ཟེར་བའི་ཕྱིར་རོ། །དེ་ལྟར་ན་ངོས་གཉིས་ནི་གཡས་གཡོན་གྱི་ཕྱོགས་གཉིས་སོ། །སྤེལ་བ་ནི་དེ་དང་སྤེལ་བ་སྟེ། ཨཱ་ལིའི་ཕྲེང་གི་གཡས་གཡོན་གཉིས་སུ་ཀཱ་ལིའི་ཕྲེང་བ་གཉིས་གཉིས་བྲི་བའོ། །དབུས་སུ་དེ་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ནི་གཡས་གཡོན་གྱི་རླུང་གི་ཕྲེད་བ་འཇུག་པ་དང་འབྱུང་བ་དེའོ། །དབུས་སུ་སྦྱར་བ་ནི་འཇུག་པ་དང་འབྱུང་བ་དེ་རེ་རེ་ཞིང་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམ་


DTG019_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གསུམ་གསུམ་གྱིས་བསྐོར་བའོ། །གཞུང་དེ་ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡང་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྐང་པ་དང་པོ་ནི་ཕྲ་མོའི་མཇུག་བསྡུ་བ་ཞེས་བྱ་བ་ལ་རྩ་དང་སྒྲའི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་རགས་པའི་རྣལ་འབྱོར་བསྟན་པ་ཡིན་ཏེ། དེ་ལ་རྩ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ཉིད་དོ། །སྒྲ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་དོན་རྗོད་པར་བྱེད་པའི་ཚིག་གི་ཚོགས་ཏེ། དངོས་གང་ཞེ་ན། ཨོཾ་པྲ་ཀྲྀ་ཏེ་པྲ་བྷ་སྭ་རཿ་སརྦ་དྷརྨཱཿ་ཞེས་བྱ་བ་ལ་སོགས་པའོ། །རང་བཞིན་ཞེས་བྱ་བ་ནི་མཚུངས་ཤིང་མཉམ་པར་བསྲེ་བ་ཡིན་ཏེ། འོད་གསལ་བར་སྟོན་པའི་སྒྲས་བརྗོད་པ་ཉིད་ལ། འོད་གསལ་བའི་དོན་གྱིས་རྣམ་པར་རྟོག་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྡོ་རྗེ་མཁའ་འགྲོའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་རྡོ་རྗེའོ། །ཅིའི་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བས་མི་ཕྱེད་པའི་ཕྱིར་རོ། །རང་བཞིན་ཞེས་བྱ་བ་ནི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་སྐད་དུ། ཡེ་ཤེས་གཉིས་མེད་གང་ཡིན་པ། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནོ། །ཞེས་བྱ་བ་ལ། སྒྲའི་རང་བཞིན་ནི་དེ་སྟོན་པའི་སྒྲ་སྟེ་བཤད་ཟིན་ཏོ། །མཁའ་འགྲོ་ཞེས་བྱ་བ་ལ་མཁའ་ནི་འདས་མ་ཐག་པའི་ཡེ་ཤེས་སོ། །འགྲོ་བ་ནི་སྐད་ཀྱི་བྱིངས་ལས་རྟོགས་པར་འདྲེན་པས་དེ་རྟོགས་པར་བྱེད་པའི་སྒྲའོ། །ཡང་ན་རང་བཞིན་ནི་རྗོད་པ་དང་བརྗོད་པར་བྱ་བ་དེ་དག་གཉིས་སུ་མེད་པ་ལས་སྐྱེས་པའི་དཔལ་ཧེ་རུ་ཀ་སྟེ། ཇི་སྐད་དུ། བཅོམ་ལྡན་ཧེ་རུ་ཀ་རང་དངོས། །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །ཞེས་ཟེར་བའི་ཕྱིར་རོ། །ངེས་འབྱུང་ཞེས་བྱ་བ་ནི་འདིས་སངས་རྒྱས་ཐམས་ཅད་འདུས་པ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་གང་དུ་འདུས་པ་དང༌། གང་


DTG019_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་སྐྱེ་བར་གྲགས་པ་སྟེ། དངོས་པོ་ཐམས་ཅད་རྣམ་པར་ཕྱེ་ནས་སྟོན་པའོ། །ངེས་འབྱུང་དེ་ཅི་ཞིག་ཅེ་ན། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ཞེས་བྱ་བ་སྟེ། གཉིས་སུ་མེད་པའི་སེམས་ཉིད་དེ་རྡོ་རྗེ་འཛིན་པའོ། །ཡང་དེ་ཇི་ལྟར་བལྟ་ཞེ་ན། ལྷ་མོ་ཀུན་གྱི་རང་བཞིན་གང༌། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མ་ནིང་གི་རྟགས་སུ་བསྟན་པའོ། །རང་བྱུང་གི་ནི་གཟུགས་འདི་ཉིད། །ཅེས་བྱ་བ་ལ། འདི་ཉིད་ནི་འདས་མ་ཐག་པའི་སེམས་སོ། །རང་བྱུང་ནི་རང་རང་གཞན་གྱི་དོན་གྱི་ཕྱིར་ལྷའི་སྐུ་སྣ་ཚོགས་སུ་སྤྲུལ་པ་སྟེ། འདི་དག་ནི་སྔར་བཤད་ཟིན་ཏོ། །སྤྲོ་དང་སྡུད་པར་བྱེད་པ་པོ། །ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའ་ཉིད་སྤྲོ་བ་སྟེ། དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་དང་སྡུད་པར་བྱེད་པའོ། །ཡང་ན་རང་བཞིན་གྱིས་འོད་གསལ་བའི་བདག་མེད་པ་དང༌། ལྷ་ཉིད་དུ་མཉམ་པར་སྦྱོར་བ་བསྟན་པ་ཡིན་ཏེ། སྤྲོ་བ་ནི་སྐྱེ་ཞིང་གནས་པའོ། །སྡུད་པ་ནི་འཇིག་པའོ། །བྱེད་པ་ནི་རྒྱུའོ། །ཨ་ནི་དགག་པ་སྟེ་དོན་དམ་པར་རྒྱུ་ལ་སོགས་པ་དང་སྐྱེ་བ་ལ་སོགས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་སྔགས་རྣམས་ཀྱང་བསྟན་པའི་ཕྱིར་ཡི་གེ་ཕོ་ཉ་ལ་སོགས་ཞེས་བྱ་བ་སྨོས་ཏེ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མོ་ལ་སོགས་པའོ། །སྔགས་ནི་དེ་རྣམས་ཀྱི་ཡི་གེའི་སྔགས་སོ། །དེར་ནི་ཞེས་བྱ་བ་ནི་གནས་ཏེ། བདག་མེད་པའི་གནས་སུ་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་ཆ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་ཐེ་ཚོམ་གྱི་ཚིག་གོ །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཆ་ཞེས་བྱ་བ་ནི་རྗོད་པ་དང་བརྗོད་པར་བྱ་བའོ། །བྲལ་བ་ནི་དེ་དག་སྤངས་པའོ། །ཡང་ན། ཡི་གེ་ཕོ་ཉ་ལ་སོགས་སྔགས། །ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་སྔགས་རྣམས་ཀྱི་གནས་བསྟན་པའི་ཚུལ་གྱིས་སྤྲུལ་པའི་འཁོར་ལོ་ལ་སོགས་པའི་ཁྱད་པར་སྟོན་པ་ཡིན་ཏེ། དེར་ཞེས་བྱ་བ་ནི་གནས་ཏེ། དངོས་པོ་གང་ཞེ་ན། སྤྲུལ་པའི་འཁོར་ལོའི་ལྟེ་བར་རོ། །ཆ་དང་བྲལ་བ་ཞེས་བྱ་བ་ནི་བརྗོད་པ་དང་བྲལ་བའོ། །གཟུགས་མེད་པ་ཞེས་བྱ་བ་ལ། ཨ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་ཡི་གེའོ། །གཟུགས་ནི་ཚོགས་སོ། །རྟག་ཏུ་


DTG019_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་ཚུལ་དུ་གནས་པའོ། །ཡང་ན་གཟུགས་མེད་པ་ཞེས་བྱ་བ་ནི་ལྟེ་བའི་དབུས་ཀྱི་ཡི་གེ་ཨ་དེ་ཉིད་ལས་རྐྱེན་གྱི་བྱེ་བྲག་གིས་ཡི་གེ་ངེས་པ་མེད་པར་འབྱུང་བའོ། །སྨིན་དབུས་པདྨའི་ཟླ་བར་རུ། །ཞེས་བྱ་བ་ལ་སྨིན་དབུས་པདྨ་ནི་གོ་བར་ཟད་དོ། །ཟླ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཆ་ཤས་བཅུ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ཉིད་གསུངས་པ། བཅུ་དྲུག་སྐུད་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུད་པ་ནི་སེམས་ཀྱི་རི་མོ་ཕྲ་མོའོ། །བཅུ་དྲུག་ནི་དབྱངས་ཀྱི་ཡི་གེ་རྣམས་ཏེ། དེས་དེ་དག་བརྒྱུས་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྐོར་བ་ཞེས་བྱ་བ་ནི་མགོ་མེད་པའི་ཧཾ་ལ་ཀུན་ནས་བསྐོར་བའོ། །ཡང་ན་སྐུད་པ་དང་འདྲ་བས་སྐུད་པ་སྟེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིད་དོ། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟས་པས་འཁོར་ལོ་གཉིས་ལ་ས་བོན་རྣམས་བཀོད་པའོ། །དེ་ཉིད་ཀྱིས་ན་ཁ་སྦྱར་རོ། །ལག་གཉིས་ཞེས་བྱ་བ་ནི་ས་བོན་གཉིས་ཀྱི་འོད་ཟེར་རོ། །འཁྱུད་པ་ནི་ཕྲད་པའོ། །དེ་ཉིད་ཀྱིས་ན། རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །ཅེས་གསུངས་ཏེ། ཇི་ལྟར་ལྕགས་ཀྱི་ལུ་གུ་རྒྱུད་ཕན་ཚུན་སྤྲེལ་བས་དོན་བྱེད་པ་ལྟར་བལྟ་བར་བྱའོ། །བསྟན་པ་འདི་ཉིད་ཀྱི་བཤད་པ་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་པདྨ་དབྱེ་བ་དང༌། །ཞེས་བྱ་བ་ལ། རྡོ་རྗེ་ཉིད་སྒྲོའི་ཆུན་པོ་སྟེ་ཡི་གེ་ཧཾ་ངོ༌། །པདྨ་ནི་ལྟེ་བའི་ཨོཾ་སྟེ་དབྱེ་བས་ནི་སྦྲང་རྩིའི་ཆུས་གསལ་བར་བྱས་པའོ། །བསྐྱོད་པ་ཞེས་བྱ་བ་ནི་སྟེང་དུ་གཏུམ་མོའི་འོད་ཀྱིས་བསྐུལ་བའོ། །ལྷག་མ་ནི་གོ་སླའོ། །གཉིས་པར་ན། ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་འདི་ནི་ཕྱི་རོལ་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་ཡིན་ནོ། །ལག་གཉིས་ཀུན་དུ་འཁྱུད་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། འོ་བྱེད་པ་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །སླར་ཡང་རྣམ་པར་གྲོལ་བའི་ལམ། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་སྒོའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་བདེ་བ་སྐྱེ་བའོ། །དེ་ཉིད་ཀྱི་ཐབས་བསྟན་པའི་ཕྱིར། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ཡང་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། བསྐྱོད་པ་ཞེས་བྱ་བ་ལ་སོར་མོའི་རྩེ་མོ་ལ་ཡི་གེ་


DTG019_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྲིཾ་བསྒོམས་ཏེ། ཁ་ཁ་མུ་ཁའི་སྒོར་བྲུང་པའོ། །དེ་ཉིད་ནི་ཆགས་པའི་ལྕགས་ཀྱུ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་དགུག་པའོ། །དེ་ཉིད་ཀྱིས་ན་མི་འཁྲུགས་རྡོ་རྗེས་དཀྲུག་པ་སྟེ་དེས་རྩ་ཐམས་ཅད་དཀྲུགས་ཤིང་བསྐྱོད་པར་བྱའོ། །དེ་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་བྱང་ཆུབ་ཀྱི་སེམས་སོ། །གསལ་ཞིང་ཞེས་བྱ་བ་ལ་མུ་ས་ནི་འཇོམས་པའོ། །ལ་ནི་ལེན་པའོ། །གང་ལས་ཤེས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་བག་ཆགས་ནི་གཞན་དང་མཚམས་སྦྱོར་བའི་ནུས་པའོ། །ལྷག་མ་ནི་གོ་སླའོ། །གསུམ་པར་ན། ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་འདིས་ནི་དེ་ལྟར་ཕྱི་ནང་གི་ཕྱག་རྒྱ་གཉིས་དང་མཉམ་པར་སྦྱོར་བ་ལས་སྐྱེས་པའི་དགའ་བའི་ཁྱད་པར་སྟོན་པ་ཡིན་ཏེ། དེ་ལ་ལག་གཉིས་ཀུན་དུ་འཁྱུད། །ཅེས་བྱ་བ་ནི་ཁུ་བ་དང་བདེ་བའི་སྦྱོར་བའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་དང་པོ་ཀུན་དུ་དགའ་བ་སྐྱེ་བའོ། །སླར་ཡང་རྣམ་པར་གྲོལ་བའི་ལམ། །ཞེས་བྱ་བ་ལ་སོགས་པས་ནི། དེའི་འོག་ཏུ་རྣམ་པར་སྨིན་པའི་སྐད་ཅིག་ལ་མཆོག་ཏུ་དགའ་བ་སྐྱེ་བར་སྟོན་ཏེ། རྣམ་པར་གྲོལ་བའི་ལམ་ནི་བདེ་བའོ། ཚོགས་ནི་བགྲང་བ་སྟེ། སེམས་སུ་བགྲང་བའི་ཁུ་བའོ། །འབབ་པ་ནི་རྒྱུན་ཏེ་གནས་སྐབས་གཉིས་པའོ། །དེ་ཉིད་གང་ཞེན། མཆོག་ཏུ་དགའ་བ་སྟེ་གོ་སླའོ། །སྦྱོར་བ་ཞེས་བྱ་བ་ནི་དཔའ་བོ་དང་རྣལ་འབྱོར་མ་སྦྱོར་བའོ། །ཁ་སྦྱར་བ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྦྱར་བ་སྟེ། དཔའ་བོ་དང་ཐབས་ཀྱི་རང་བཞིན་ཀུན་དུ་དགའ་བ་དང༌། རྣལ་འབྱོར་མ་དང༌། ཤེས་རབ་ཀྱི་རང་བཞིན་མཆོག་ཏུ་དགའ་བར་སྦྱོར་བའོ། །དེ་ཡང་གསུངས་པ། དང་པོ་ཀུན་དགའ་དཔའ་བོ་སྟེ། མཆོག་དུ་དགའ་བ་རྣལ་འབྱོར་མ། །ཞེས་སོ། །དེ་ལྟར་ན་ཀུན་དུ་དགའ་བའི་གནས་སྐབས་ཀྱི་ཁུ་བ་དང་བདེ་བ་ལས་མཆོག་ཏུ་དགའ་བའི་གནས་སྐབས་སུ་ཁུ་བ་དང་བདེ་བ་ལྷག་པར་སྟོན་ཏོ། །དེ་ཡང་གསུངས་པ། ཅུང་ཟད་བདེ་བ་ཀུན་དགའ་སྟེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །


DTG019_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་སོ། །རྡོ་རྗེ་པདྨ་དབྱེ་བ་དང༌། །ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འཇོམས་པའི་སྐད་ཅིག་ལ་ཁྱད་པར་གྱི་དགའ་བ་སྐྱེ་བ་སྟོན་ཏོ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་སྟེ། མི་ཕྱེད་པའི་ཕྱིར་རོ། །པདྨ་ཞེས་བྱ་བ་ནི་བདེ་བ་སྟེ། ཁུ་བའི་སྦྲང་རྩི་འཛིན་པའི་ཕྱིར་རོ། །སྒྲོའི་ཆུན་པོ་ཡང་དེ་ཉིད་དེ། ཁུ་བའི་སྦྲང་རྩི་སྒྱུག་པའི་ཕྱིར་རོ། །དབྱེ་བ་ནི་གསལ་བ་སྟེ། འདས་མ་ཐག་པའི་མཆོག་ཏུ་དགའ་བ་རྒྱུར་གྱུར་པའི་ཁུ་བ་དང༌། བདེ་བ་ལྷག་པར་གྱུར་པ་ལས་ཁྱད་པར་གྱི་དགའ་བ་གསུམ་པ་ཉམས་སུ་མྱོང་བའོ། །བསྐོར་བ་གང་ཕྱིར་བསྐྱོད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་ཀྱིས་ནི་རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བ་སྟོན་ཏོ། །བསྐོར་བ་ནི་ཡུལ་ཐམས་ཅད་བཀུག་པའོ། །བསྐྱོད་པ་ནི་དེ་ལས་ལྷག་པར་གྱུར་པའོ། །ཀུན་ནི་ཕུང་པོ་ལ་སོགས་པའོ། །རིག་པ་ནི་རང་རིག་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ། ཁྱད་པར་གྱི་དགའ་བ་རྒྱུར་གྱུར་པ་ལས་ཁུ་བ་དང་བདེ་བ་ཁྱད་པར་དུ་སྐྱེ་བའི་མཐར་ཐུག་པ་གནས་སྐབས་བཞི་བསྟན་པ་ཡིན་ནོ། །དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་དེ་ཉིད་ཀྱི་ཁྱད་པར་བཤད་པ་ཡིན་ཏེ། དགའ་བ་ནི་ཁུ་བའོ། །མཆོག་ནི་དོན་གྱིས་ན་བཞུགས་པའོ། །ལྷག་མ་ནི་གོ་སླའོ། ཤིན་ཏུ་རྒྱ་ཆེར་དམིགས་པའི་ཞེས་བྱ་བ་ལ་དམིགས་པ་ནི་བརྫུན་ནོ། །ཅི་ཞིག་ཅེ་ན། ཀུན་རྫོབ་སྟེ། དེ་ཁོ་ན་ཉིད་ལ་བསྒྲིབས་པས་ན་ཕུང་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀུན་རྫོབ་སྟེ། དེ་ཉིད་འཁོར་བ་ཇི་སྙེད་པའི་མཐར་རྒྱུན་ཆགས་པས་ན་རྒྱ་ཆེན་ནོ། །བརྡུང་བ་ཞེས་བྱ་བ་ལ་བརྡུང་བ་ནི་དཔྱད་པའོ། །ཨ་ནི་དགག་པ་སྟེ་དཔྱད་མི་བཟོད་པའོ། །དངོས་ཀུན་རྡོ་རྗེས་མིད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། སོགས་པ་ཞེས་བྱ་བ་ནི་ལུང་གཞན་ལས་ཀྱང་བསྒྲགས་པར་སྟོན་ཏེ་དེ་ཡང་ཇི་སྐད་དུ། རྡོ་རྗེས་མིད་པ་ཉིད་དང་ནི། །སྐུ་སོགས་དབྱེར་མེད་ཕྱིར་རྡོ་རྗེ། །དེ་ཉིད་ཕྱིན་ཅི་མ་ལོག་པར། །རྟོགས་པས་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་ཏེ། འདིས་ནི་ལྷན་ཅིག་སྐྱེས་པ་སྟོན་ཏོ། །ཕྱིན་ཅི་མ་ལོག་པ་དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་བསྟན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་རྣམས་ཀྱི་གནས་སྐབས་དང་རང་


DTG019_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་བསྟན་པ་སྟེ་རྟོགས་པའོ། །བརྗོད་པར་བྱ་བ་དང་བརྗོད་པ་གཉིས་སུ་མེད་པས་བསྟན་པ་ཡང་ཡིན་ཏེ། ཇི་ལྟར་གནས་པ་ལྟར་སྟོན་པས་དེ་བཞིན་གཤེགས་པའོ། །ཡང་ན་མིད་པ་ཞས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཏེ་རྡོ་རྗེའི་ནོར་བུའོ། །རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་སྐད་དུ། དུང་དང་ཟླ་འདྲ་དྲི་མེད་བཞིན། །སེམས་ནི་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་ཟེར་བའི་ཕྱིར་རོ། །དེ་ཉིད་དེ་བཞིན་གཤེགས་པ་སྟེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་བསྟན་འགྱུར་ཞེས་བྱ་སྟེ། ཇི་ལྟར་གནས་པའི་ལྷན་ཅིག་སྐྱེས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཡང་ཅི་འདྲ་ཞེ་ན། དེ་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེར་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ནང་དུའོ། །རྟག་སྟོང་ཞེས་བྱ་བ་ནི་བདེ་བ་སྟེ། གཟུང་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །དབུས་སུ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །རང་བྱུང་ཞེས་བྱ་བ་ནི། རང་རིག་པའི་བདེ་བ་ཆེན་པོ་ཉིད་ཀྱིས་སོ། །གང་མིང་ཞེས་བྱ་བ་ནི་གང་གི་མིང་སྟེ་ལྷན་ཅིག་སྐྱེས་པར་རྒྱུད་གཞན་ལས་གསུངས་པའོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་ཐམས་ཅད་རྟོགས་པའི་ཕྱིར་རོ། །སྒྱུ་མ་ཞེས་བྱར་གྲགས་པ་སྟེ། །ཞེས་བྱ་བ་ནི་རྒྱུད་གཞན་ལས་སྒྱུ་མའི་ཡེ་ཤེས་ཞེས་བསྒྲགས་པའོ། །ཡང་ན་སངས་རྒྱས་ཀུན་གྱི་རང་བཞིན་ཞེས་བྱ་བར་སྦྱར་ཏེ། ཇི་སྐད་དུ། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་གང་གི་མིད་བསྒྲགས་པའོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གང་གནས་པ། །ཞེས་བྱ་བ་ཡང་གང་མིང་བསྒྲགས་པ་ཞེས་བྱ་བ་དང་འབྲེལ་ཏོ། །ཀུན་དུ་འགྲོ་བ་མི་ཤིགས་པ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་རྩ་ཐམས་ཅད་དུ་འགྲོ་བའི་ཕྱིར། འདི་ནི་ཞེས་བྱ་བ་སྔ་མ་ཉིད་དང་སྦྱར་རོ། །སེམས་འདི་ཉིད་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་བསྒོམ་པ་བསྟན་པའི་ཕྱིར་པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨའི་སྣའི་རྩེ་མོར་ཏེ་ཆོས་འབྱུང་བའི་ནང་དུ་མི་རྒྱུ་བ་སྟེ། ཁང་བུ་བརྩེགས་པ་དང་རྒྱུ་བ་སྟེ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའོ། །དེ་ཉིད་ནང་གི་བཟླས་པ་ཡིན་པར་བསྟན་པའི་


DTG019_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པས་ན་ཡིད་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་བདེ་བའོ། །བཟླས་པ་ནི་དེའི་བྱ་བའོ། །ཡང་ན་སྐྱེ་ཞིང་འཛག་པས་ན་བཟླས་པ་སྟེ་ཁུ་བའོ། །ལྡན་པ་ནི་ལྷན་ཅིག་སྐྱེས་པའོ། །ཡང་ན་ཡིད་ཀྱི་བཟླས་པ་ནི་གཏུམ་མོའི་རྣལ་འབྱོར་རོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། ངེས་པ་ཞེས་བྱ་བ་ལ་སོགས་པ་ལ་ངེས་པ་ནི་གཏན་ལ་ཕབ་པ་སྟེ། ལུང་དང་རིགས་པས་ཡིད་ཆེས་པའོ། །གོ་འཕང་ནི་གནས་སོ། །སུའི་ཞེན། རྟག་ཏུ་སྟེ། དེ་བཞིན་གཤེགས་པའིའོ། །གནས་ནི་གནས་པ་སྟེ་སྲོག་ཉིད་ཀྱང་དེ་ཡིན་ནོ། །བརྟན་པ་ནི་བརྟན་པའི་འབྲས་བུ་བསྐྱེད་པའི་ཕྱིར་རོ། །ཆོས་དབྱིངས་རང་བཞིན་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཕྱིར་རོ། །རྟག་པ་ནི་དུས་ཐམས་ཅད་པའོ། །ཕྲ་བ་ནི་རང་བཞིན་བལྟ་དཀའ་བའི་ཕྱིར་རོ། །རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དྲི་མའམ། རྡུལ་གྱིས་མ་གོས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་ཡེ་ཤེས་སྐུ་སྟེ། ཕུང་པོ་ལ་སོགས་པ་ཡེ་ཤེས་སུ་བསགས་པའི་ཕྱིར་རོ། །དྲི་མ་མེད་ཅེས་བྱ་བ་ནི་ལུས་ལ་སོགས་པའི་སྤྱོད་པ་ངན་པ་དང་བྲལ་བའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་ཀུན་རྫོབ་ཀྱི་བདེན་པའོ། །རང་བཞིན་ནི་དོན་དམ་པའི་བདེན་པའོ། །ཤེས་པ་ནི་རང་གི་ཡེ་ཤེས་སུ་དབྱེར་མེད་པའོ། །གསལ་བ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། གཞན་དུ་ན་བེམས་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །འབའ་ཞིག་ཅེས་བྱ་བ་ནི་གཉིས་སུ་མེད་པའི་འབའ་ཞིག་ཏུ་བསྒོམས་པའོ། །ཡང་ན་ཞགས་པ་ཞེས་བྱ་བ་ལ་སོགས་པས་ནི་དགུག་པ་བསྟན་པ་ཡིན་ཏེ། ལྟུང་བྱེད་མ་ལ་སོགས་པ་གང་ཡང་རུང་བའི་ལྷ་མོ་ལག་ན་ཞགས་པ་དང་ལྕགས་ཀྱུ་དང་རྡོ་རྗེ་དང་གསལ་ཤིང་ཐོགས་པ་སྤྲོས་ཏེ། བསྒྲུབ་པར་བྱ་བའི་སྙིང་གའི་པདྨར་བཅུག་ལ་དེའི་སྙིང་རྡོ་རྗེ་ལ་སོགས་པས་དཀྲུག་ཅིང་ཞགས་པ་ལ་སོགས་པས་བཅིངས་ནས་ལྕགས་ཀྱུས་བཟུང་སྟེ་སྣ་སྒོ་གཡོན་ནས་འོང་བར་བསྒོམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྙིང་ངོ༌། །ལྷག་མ་ནི་གོ་སླའོ། །ལས་ཀྱི་རྗེས་སུ་མཐུན་པར་སྔགས་བཟླ་བ་བསྟན་པའི་ཕྱིར་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཚུན་


DTG019_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུས་པའི་གསང་སྔགས་ཞེས་བྱ་བ་ནི་དྲག་པོའི་ལས་ལ་སྔགས་ཀྱི་ཡི་གེ་རྣམས་ཐ་གུའི་མདུད་པ་ལྟར་ཕན་ཚུན་རེག་པར་བྱ་བའོ། །བྱེ་བྲག་ཏུ་ནི་ཕྱེ་ནས་སུ། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་སྔགས་ཀྱི་ཕྲེང་བ་འཇུག་པ་ཐ་དད་པར་བྱ་སྟེ། འདི་ལྟར་ཞི་བའི་ལས་རྣམས་ནི་སྔགས་ཀྱི་ཕྲེང་བདག་གི་རྡོ་རྗེའི་སྒོ་ནས་ལྷ་མོའི་པདྨའི་སྒོ་དང༌། ལྷ་མོའི་ཁའི་སྒོ་ནས་བདག་གི་ཁའི་སྒོར་འཇུག་པ་ཡིན་ནོ། །དྲག་པོའི་ལས་ལ་ནི་དེ་ལས་བཟློག་སྟེ། བདག་གི་ཁའི་སྒོ་ནས་ལྷ་མོའི་ཁའི་སྒོ་དང༌། ལྷ་མོའི་པདྨའི་སྒོ་ནས་བདག་གི་རྡོ་རྗེའི་སྒོར་རོ། །ས་བོན་ཕྲེང་བས་དེ་ནས་བསྒོམ། ཧཱུཾ་གི་སྐུད་པས་བརྒྱུ་བར་བྱ། །ཞེས་བྱ་བ་ནི་དྲག་པོའི་ལས་ལ་སྔགས་ཀྱི་ས་བོན་གྱི་ཕྲེང་བའི་ཐོག་མ་དང་ཐ་མར་ཧཱུཾ་དང་སྤེལ་བའོ། །འགོག་པར་གྱུར་ན་ནི་ཞེས་བྱ་བའི་ཏིང་ངེ་འཛིན་གོམས་པའི་དབང་དུ་བྱས་པ་སྟེ་བསྒོམ་པ་ཕུལ་དུ་བྱུང་བའི་དུས་སུའོ། །གོམས་པ་ཟུར་ཞེས་བྱ་ནི་ལུས་དང་སེམས་སུ་བཅས་པའོ། །ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་འཇུག་པར་འགྱུར་བ་སྟེ། ཨ་ཞེས་བྱ་བ་ནི་ཉེ་བར་བསྒྱུར་བ་ཡིན་གྱི་འདིར་དགག་པ་ནི་མ་ཡིན་ནོ། །འདི་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་གཏུ་མ་མོའི་རྣལ་འབྱོར་ཁ་བསྐང་བ་ཡིན་ཏེ། འདི་ཞེས་བྱ་བ་ནི་ཐབས་ཏེ་ཡི་གེ་ཧཱུཾ་ངོ༌། །ལྷག་མ་ནི་གོ་སླའོ། །དུས་མིན་འཆི་བ་ལས་རྒྱལ་ཉིད། །ཅེས་བྱ་བ་ནི་འཆི་བ་སླུ་བའོ། །མཆོད་ཡོན་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །ལྷག་མ་ནི་གོ་སླའོ། །དེ་དག་གི་དོན་དུ་ནི་ལྟུང་བྱེད་མ་ལ་སོགས་པ་གང་ཡང་རུང་བའི་ལྷ་མོ་ཕྱག་ན་ཁ་ཊྭཱཾ་ག་དང་བདུད་རྩིས་གང་བའི་ཐོད་པ་བསྣམས་པར་བསྒོམས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེའི་ཞལ་དུ་མཆོད་ཡོན་གསོལ་ལ་དེ་དང་ལྷན་ཅིག་ཏུ་གྱུར་ནས་ཀ་ར་ཀ་ར་ལ་སོགས་པའི་སྔགས་བཟླས་ན་དུས་མ་ཡིན་པར་འཆི་བ་ལས་རྒྱལ་བར་འགྱུར་རོ། །སྐུ་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་ནི་མངོན་པར་འདུས་བྱས་པའི་དབང་དུ་བྱ་བ་ཡིན་ཏེ། འདུས་མ་བྱས་ཀྱི་སྐུ་དང་བཞིར་བཞེད་པ་ཡིན་ནོ། །ཡང་ན་སྐུ་གསུམ་ནི་སྔར་བསྟན་པའི་འདས་པ་ལ་སོགས་པའི་དུས་གསུམ་སྟེ་རིམ་པར་ཕྱེ་བ་གང་ལས་སྐུ་གསུམ་དང༌། སྔགས་དང་རྒྱུད་དང་འཆི་བ་སླུ་བ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། རིམ་པར་ཕྱེ་བ་བཅོ་ལྔ་པའོ། །རྒྱུད་ཀྱི་


DTG019_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས། ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།


previousལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།next