Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  expand section
  collapse section
   
ལེའུ་དང་པོ། གླེང་སློང་བ་བཤད་པ།
   
   
   
  expand section
  expand section


 
previousལེའུ་དང་པོ། གླེང་སློང་བ་བཤད་པ།next

ལེའུ་དང་པོ། གླེང་སློང་བ་བཤད་པ།


DTG019_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། གུ་ཧྱ་བཛྲ་ཏནྟྲ་རཱ་ཛ་བྲྀཏྟི། བོད་སྐད་དུ། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །དུས་བཞི་ལས་ཀྱང་བྱེ་བྲག་ཏུ། །རྩོད་ལྡན་དུས་ཀྱི་རྣལ་འབྱོར་པ། །འཁྲུལ་པའི་ལམ་འདི་དགག་པའི་ཕྱིར། །ཡང་དག་ལམ་སྟོན་བདག་གིས་བཤད། །དཔལ་ལྡན་འཁོར་ལོ་སྔོམ་པ་རུ། །ཞེས་པ་ནི། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཐམས་ཅད་རང་རིག་པའི་སྣང་པ་དང༌། ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་ཡེ་ནས་ཤེས་པ་སྟེ། བུམ་པའི་དབང་དང་འབྲེལ་བ་དང༌། །གསང་བའི་དབང་དང་འབྲེལ་བ་དང༌། །ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བའོ། །བུམ་པའི་དབང་དང་འབྲེལ་པ་ནི་བསྐྱེད་པའི་རིམ་པ་ལ་སེམས་གནས་པ་སྟེ། རྟེན་དང་རྟེན་ཅན་ཐ་མི་དད་པ་དང༌། ཡུམ་དང་ཡབ་ཐ་མི་དད་པ་སྟེ། གཙོ་བོ་སངས་རྒྱས་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་ཐ་མི་དད་ཅིང༌། སྒྱུ་མའི་རང་བཞིན་དུ་ཤེས་པ་དང༌། དེ་བཞིན་དུ་གཙོ་བོའི་ཡོན་ཏན་གྱི་ཆ་ཡིན་པས་ཐ་མི་དད་ཅིང་སྒྱུ་མའི་རང་བཞིན་ནོ། །ཡེ་ཤེས་བཞིའི་སྣང་བ་ཡིན་པ་དང༌། ཡབ་ཀྱི་ཕྱག་གིས་ཕར་འཁྱུད་པའི་ཡེ་ཤེས་བཞིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་དུ་བྱས་པ་དང༌། ཡུམ་གྱི་ཞབས་ཀྱིས་ཚུར་འཁྱུད་པས་ཡེ་ཤེས་བཞི་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ། གོ་རིམས་བཞིན་དུ་སྦྱར་བར་བྱའོ། །གསང་བའི་དབང་དང་འབྲེལ་པའི་རྟེན་དང་བཅས་པའི་རྫོགས་པའི་རིམ་པ་ལ་སེམས་གནས་པ་སྟེ། སྲོག་དང་རྩོལ་བ་ཐ་མི་དད་པ་དང༌། སིཧླ་དང་ག་པུར་ཐ་མི་དད་པ་དང་ལ་ལ་ནཱ་དང་ར་ས་ནཱ་ཐ་མི་དད་པ་དང་རྩ་དང་བྱང་ཆུབ་སེམས་ཐ་མི་དད་པ་དང༌། ཐིག་ལེ་དང་མནྟྲར་ཐ་མི་དད་པ་སྟེ། གཉིས་ནི་ཐ་དད་པ་དང༌། དེ་སྡང་བ་ནི་བླ་མ་དམ་པ་ལས་ཤེས་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་ནི་ཁྱད་པར་གྱི་རྟེན་དང་བཅས་པའི་རྫོགས་པའི་རིམ་པ་སྟེ། རྟེན་ཐ་མི་དད་པ་དང༌། པདྨ་དང་རྡོ་རྗེ་ཐ་མི་དད་པ་དང༌། ཆོས་དང་ཆོས་ཅན་ཐ་མི་དད་པ་དང༌། དགའ་བ་དང་མཆོག་དགའ་དང་བྲལ་བའི་དགའ་བ་དང་ཐ་མི་དད་པ་སྟེ། དབང་གི་དུས་སུ་ཉམས་སུ་མྱོང་བ་དེ་དག་ཀྱང༌། བསམ་གྱིས་མི་ཁྱབ་ཅིང་སྒྱུ་མའི་རང་བཞིན་ནོ། །དེ་ཁོ་ནའི་དབང་དང་འབྲེལ་པ་ནི་རྟེན་མེད་པའི་རྫོགས་པའི་རིམ་པ་སྟེ། ཐབས་ཀྱི་ཆ་ཡེ་ཤེས་བཞི་དང༌། ཤེས་རབ་ཀྱི་ཆ་ཆོས་ཀྱི་དབྱིངས་ཀྱི་


DTG019_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཐ་མི་དད་ཅིང་རང་རིག་པའི་ཡེ་ཤེས་ཏེ། ནམ་མཁའ་བཞིན་ནོ། །དེ་ཡང་ལུང་ལས་གསུངས་པ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་གློག་གི་རྣམ་པ་སྟེ། །བཞི་པ་མར་མེ་ལྟ་བུ་ཡིན། །ལྔ་པ་ནམ་མཁའ་ལྟ་བུའོ། །དང་པོ་ལ་ནི་བུམ་པ་སྟེ། །གཉིས་པ་གསང་བའི་དབང་བསྐུར་བཤད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་བཞིན་དེ་ལྟར་བཞི་པོའོ། །ཞེས་འབྱུང་བས། དང་པོ་ལ་གཉིས་ཏེ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །དབང་ནི་རྣམ་པར་རྟོག་པ་འཐོར་ཞིང་འཁྲུ་བའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་འོག་མ་འོག་མའི་རྣམ་པར་རྟོག་པར་འགྱུར་རོ། །འབྲེལ་པ་ནི་སྣོད་དུ་རུང་བའི་དབང་དང༌། བཅུད་དུ་རུང་བའི་གདམས་དག་གཉིས་འབྲེལ་པའོ། །ལྡན་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་རང་རིག་པའི་སྣང་བ་སྟེ། རྟག་པ་མ་ཡིན་པ། ཆད་པ་མ་ཡིན་པ། ཡོད་པ་མ་ཡིན་པ། མེད་པ་མ་ཡིན་པ། བརྫུན་པ་མ་ཡིན་བ། འདུས་བྱས་མ་ཡིན་པ། འདུས་མ་བྱས་མ་ཡིན་པ། དག་པ་མ་ཡིན་པ། མ་དག་པ་མ་ཡིན་པ་སྟེ། མཐའ་དང་བྲལ་བའི་ཐ་དད་པ་མེད་པ་སྟེ། དོན་དབུ་མ་དང་ལྡན་པའོ། །དེ་ཡང་ལུང་ལས་གསུངས་པ། གཟུང་འཛིན་ཐ་དད་ཀུན་སྤངས་ཏེ། རྟག་ཆད་ལ་སོགས་མཐའ་དང་བྲལ། །ལྟ་བའི་དབུས་ན་གནས་པ་ལ། །ཤེས་རབ་ཕ་རོལ་ཕྱིན་པའི་མིང༌། །ཞེས་གསུངས་སོ། །ཙཀྲ་ནི་དྷརྨའི་ཙཀྲ་དང༌། མཚོན་ཆའི་ཙ་ཀྲ་དང༌། སྲིད་པའི་ཙཀྲ་དང་རྣལ་འབྱོར་པ་འཁྲུལ་པའི་ལམ་ཡང་དག་པར་སྟོན་པར་བྱེད་པའི་ཕྱིར་དང༌། རྣམ་པར་རྟོག་པ་ཐམས་ཅད་གཅོད་པ་དང༌། ལས་དང་ལས་ཀྱི་རྣམ་པར་སྨིན་པ་སྟེ། གོ་རིམས་བཞིན་དུ་ཤེས་པར་བྱའོ། །སྔོམ་པ་ནི་དེ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ། རང་རིག་པའི་ཡེ་ཤེས་སོ། །གཞན་ཡང་འཁོར་ལོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སྔོམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འཁོར་ལོ་ནི་ནམ་མཁའ་འགྲོ་ལ་སོགས་པ་སྟེ། སྔོམ་པ་ནི་ཧེ་རུ་ཀའོ། །འཁོར་ལོ་ནི་སུམ་ཅུ་རྩ་གཉིས་ལ་སོགས་པ་སྟེ། སྔོམ་པ་ནི་ཧཾ་ལ་སོགས་པའོ། །འཁོར་ལོ་ནི་ཞབས་ཀྱུ་དང་ཟླ་ཚེས་དང༌།


DTG019_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐིག་ལེ་དང༌། ཉི་མ་དང་ཟླ་བ་དང༌། སྔགས་ཀྱི་ཕྲེང་བ་སྟེ། སྔོམ་པ་ནི་ཧའི་རྣམ་པ་ཡོངས་སུ་ཤེས་པའོ། །འཁོར་ལོ་ནི་དགའ་བ་དང༌། མཆོག་དགའ་དང་བྲལ་བའི་དགའ་བ་སྟེ། སྔོམ་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །འཁོར་ལོ་ནི་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་སྟེ། སྔོམ་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན། འཁོར་ལོ་ནི་སངས་རྒྱས་སྤྱན་དང་མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། དམ་ཚིག་སྒྲོལ་མ་སྟེ། སྔོམ་པ་ནི་པདྨའི་དྲ་བ་ཅན་ནོ། །འཁོར་ལོ་ནི་ས་དང་ཆུ་དང་མེ་དང་རླུང་སྟེ། སྔོམ་པ་ནི་ནམ་མཁའོ། །འཁོར་ལོ་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་མཐོང་བའི་ལམ་དང༌། སྒོམ་པའི་ལམ་མོ། །སྔོམ་པ་ནི་མཐར་ཕྱིན་པའི་ལམ་མོ། །འཁོར་ལོ་ནི་མོས་པ་སྤྱོད་པའི་ས་གཉིས་དང༌། བྱང་ཆུབ་སེམས་དཔའི་ས་བཅུའོ། །སྔོམ་པ་ནི་རྡོ་རྗེ་འཆང་གི་ས་གསུམ་མོ། །འཁོར་ལོ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །སྔོམ་པ་ནི་ཨ་ཝ་དྷཱུ་ཏཱིའོ། །གཞན་བྱེ་བྲག་གི་འཁོར་ལོ་དང་སྔོམ་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱ་སྟེ། གཞུང་མངས་པའི་འཇིགས་པས་མ་གསུངས་སོ། །འཁོར་ལོ་དང་སྔོམ་པའི་དཔེ་ལས་གསུངས་པ། ཆུ་དང་ཆུ་བྲན་ཆུ་བོ་རྣམས། །སྣ་ཚོགས་དུ་མར་འབབ་བྱེད་ཀྱང༌། །རྒྱ་མཚོ་ཆེན་པོར་རོ་གཅིག་འགྱུར། །ཞེས་གསུངས་སོ། །རུ་ཞེས་པ་ནི་རྩ་བའི་རྒྱུད་འཁོར་ལོ་སྔོམ་པ་རུ་ཞེས་པའོ། །གསང་བའི་འཁོར་ལོ་མི་གསུངས་བ། །ཞེས་བྱ་བ་ནི་གསང་བ་ནི་སྤྱིའི་སྒྲ་སྟེ། སྐབས་ཀྱི་སྟོབས་ཀྱིས་སྤྱིའི་སྒྲ་བྱེ་བྲག་ལ་འཇུག་པས། པདྨ་དང་རྡོ་རྗེ་དེ་ཉིད་ཚད་དང་དབྱིབས་གསང་བ་སྟེ། ཚད་ནི་ཚད་མེད་པ་བཞི་རྣམ་པར་དག་པ་སོར་བཞི་དང༌། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་སོར་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པའི་སོར་བཅུ་གཉིས་ཏེ། དེ་ཡང་རྣམ་པར་དག་པ་ཐ་དད་པ་ཚུལ་ཐ་དད་པ་ལས། མཚན་ཉིད་ལ་ཐ་དད་པ་མེད་དོ། །དབྱིབས་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་པས་བུམ་པ་ལྟ་བུ་ལ་སོགས་པ་དང༌། ཆོས་ཐམས་ཅད་འབྱུང་བའི་གནས་ཡིན་པས་ཨེ་ལྟ་བུ་ལ་སོགས་པ་སྟེ་ཐམས་ཅད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །འཁོར་ལོ་ནི་རྡོ་རྗེའམ་པདྨ་དེ་ལ་བརྟེན་པ་བཞི་སྟེ། འོག་ནས་རྒྱས་པར་


DTG019_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོན་པས་རྩིག་པ་དང་རི་མོའི་ཚུལ་དུ་རྟེན་དང་བརྟེན་པར་ཤེས་པར་བྱའོ། །མི་གསུང་བ་ནི་རྩ་བའི་རྒྱུད་དུ་མི་གསུང་བའོ། །གཞན་ཡང་གསུངས་བའི་གྲས་ནི་བསྒྲུབ་པར་བྱ་བ་ཐམས་ཅད་པ་ཁྱབ་སྟེ། དེ་ཉིད་དུ་མའི་ཚུལ་ལམ་བསྐོར་བས་ན་འཁོར་ལོ་ཞེས་གསུངས་སོ། །མི་གསུང་བ་ནི་གོ་སླའོ། །ཡང་ན་གསང་བའི་པདྨ་དང་རྡོ་རྗེ་ལ་གསུངས་ཏེ། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་པདྨ་དེ་ཉིད་གསང་བས་གསང་བར་འགྱུར་ཏེ། དཔེའི་ཕྱོགས་ནས་བསྟན་པ་མེ་ཏོག་པདྨ་འདབ་ནས་སྐྱེས་ཀྱང་འདབ་ཀྱི་སྐྱོན་གྱིས་མ་གོས་པ་བཞིན་ནོ། །དེ་ཉིད་ཀྱིས་ཕར་ནི་རྣམ་པར་རྟོག་པ་འཇོམས་ལ་ཚུར་མི་བརྫི་བས་ན་རྡོ་རྗེ་སྟེ། དེ་ཉིད་གསང་བས་གསང་བར་འགྱུར་རོ། །དེ་ཡང་དཔེའི་ཕྱོགས་ནས་བསྟན་པ། འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་དེས་ཕར་ནི་རྫས་ཐམས་ཅད་འབིགས་ཤིང་འཇོམས་ལ་ཚུར་ནི་གང་གིས་ཀྱང་མི་བརྫི་བས་དེ་བཞིན་དུ་ཤེས་པར་བྱའོ། །བདག་གིས་ཟབ་མོའི་དོན་མ་རྟོགས། །ཞེས་བྱ་བ་ནི། བདག་གི་སྒྲ་ནི་རྡོ་རྗེ་ཕག་མོ་བདག་གིས་ཏེ། མ་འོངས་པའི་སེམས་ཅན་ཀུན་ང་རྒྱལ་བཅག་ཅིང་ཟབ་མོའི་ལམ་ལ་གཞུག་པར་བྱ་བའི་ཕྱིར་གསུངས་ཀྱི། རྡོ་རྗེ་ཕག་མོ་ཉིད་ནི་རྡོ་རྗེ་འཆང་གི་སྤྲུལ་པ་སྟེ། དེ་ཡང་ལུང་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་འཁོར་ཡང་ང༌། ཞེས་བྱ་བ་ལ་སོགས་གསུངས་པས་སོ། །ཟབ་པ་ནི་ཕུང་པོ་མ་ཡིན་པའི་ཐབས་ཏེ། འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་དག་པར་བྱེད་པ་སྟེ། བླ་མའི་ཞལ་ནས་ཤེས་པར་བྱའོ། །ཞེ་སྡང་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་བ་ནི། ཐབས་ཁྱད་པར་ཅན་ནོ། །དོན་ནི་དོན་བྱ་བས་ན་སྟེ་བསྒྲུབ་པར་བྱ་བ་དང༌། རྟོགས་པར་བྱ་བ་དང༌། ཐོབ་པར་བྱ་བས་ན་དོན་ཏོ། །མ་རྟོགས་པ་ནི་ཟབ་མོའི་དོན་དེ་ཉིད་ཁོང་དུ་མ་ཆུད་ཅིང་ཐེ་ཚོམ་དང་བཅས་པ་དང༌། འཁྲུལ་པ་དང་བཅས་པ་དང་ལྷའི་བུའི་བདུད་དང་བཅས་པ་སྟེ། བླ་མ་དམ་པ་ལ་རག་ལས་ཞེས་བྱའོ། །གཞན་ཡང་བདག་གི་ནི་ཞུ་བ་པོ་སྟེ། རྡོ་རྗེ་ཕག་མོའོ། །ཟབ་མོའི་དོན་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ། རྣམ་པར་རྟོག་པ་མ་བྲལ་བར་གཙང་བ་དང་མི་གཙང་བ་ལས་སོ་སོར་རྟོག་པ་དང་སྒྲ་མཁན་དང༌། མཁན་པོ་དང༌། སོ་སོར་ཐར་པའི་དགེ་སློང་ལ་སོགས་


DTG019_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་རྟོགས་པར་མི་འགྱུར་བས་ན་ཟབ་པ་དང་ཕྲ་བ་དང་གཏིང་དཔག་དཀའ་བའོ། །མ་རྟོགས་པ་ནི་ཐམས་ཅད་གཅིག་གི་ངོ་བོར་མ་རྟོགས་པའོ། །དེ་ཕྱིར་ཁྱོད་ཀྱིས་བདག་ལ་གསུངས། །ཞེས་བྱ་བ་ནི། དེའི་ཕྱིར་སྒྲ་ནི་གཏན་ཚིགས་སམ་ངེས་པའི་ཚིག་ཡིན་ཏེ། གང་གི་ཕྱིར་ན་ཟབ་ཅིང་ཕྲ་བ་སྟེ་དེའི་ཕྱིར་རྟོགས་ཤིང་ཁོང་དུ་ཆུད་ཅེས་བྱ་བར་གསུངས་སོ། །ཁྱོད་ཀྱིས་ཞེས་པ་ནི་འཆད་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོའོ། །བདག་ལ་ཞེས་བྱ་བ་ནི་ཞུ་བ་པོ་སྟེ། མ་འོངས་པའི་སྐྱེ་བོ་ཀུན་ཚོགས་བསགས་པའི་དོན་དུའོ། །གསུངས་ཞེས་པ་ནི་ཟབ་པའི་ལམ་སྟེ། དེ་ཉིད་དུ་སེམས་ཅན་ཀུན་ཞུགས་པའི་ཕྱིར་གསུངས་ཞེས་བྱའོ། །གཞན་ཡང་སྣོད་དུ་མི་རུང་བ་ཀུན་ལ་ཐབ་མོའི་དོན་མ་བསྟན་པ་དེའི་ཕྱིར་རོ། །འཆད་པ་པོས་ཞུ་བ་པོ་ལ་དོན་ཕྱིན་ཅི་མ་ལོག་པ་བསྟན་པའམ། འཆད་པ་པོ་ཆེ་བར་འགྱུར་བའི་ཕྱིར་དང༌། ཞུ་བ་པོ་ཆེར་དད་པ་དང༌། སྣོད་དང་ལྡན་པའི་ཕྱིར་དང༌། རྒྱུད་ཀྱི་དོན་ཤིན་ཏུ་དཀོན་པའི་ཕྱིར་ཁྱོད་ཀྱིས་བདག་ལ་གསུངས་ཞེས་བྱ་བར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། བཅོམ་པ་ནི་བདུད་བཞི་བཅོམ་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ཕུང་པོའི་བདུད་བཅོམ་པ་དང༌། འདོད་ཆགས་སྐུ་རུ་རྣམ་པར་དག་པ་དང༌། ཞེ་སྡང་ཐུགས་སུ་རྣམ་པར་དག་པ་དང༌། གཏི་མུག་གསུང་དུ་རྣམ་པར་དག་པས་ཉོན་མོངས་པའི་བདུད་བཅོམ་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ས་བ་ཅུའི་རྡོ་རྗེ་འཛིན་པ་ལ་སྐུའི་སྒོ་ནས་ཆོས་འཆད་པ་དང༌། ཐུགས་ཡང་དག་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་སྟེ། ཀུན་ལ་ཁྱབ་པའི་ཚུལ་ཏེ་ཡང་དག་པའི་སངས་རྒྱས་འབའ་ཞིག་གི་སྤྱོད་ཡུལ་ལོ། །སྤྲུལ་པའི་སྐུ་ནི་གསུང་གི་སྒོ་ནས་ཆོས་འཆད་པ་སྟེ། ཉན་ཐོས་དང་རང་རྒྱལ་བ་དང༌། མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བའོ། །དེ་དག་ཀྱང་འདོད་ཆགས་ལ་སོགས་པ་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ལུང་ལས་ཀྱང༌། འདོད་ཆགས་སྐུ་ལ་གཏི་མུག་གསུང༌། །ཞེ་སྡང་ཐུགས་སུ་ཤེས་པར་བྱ། །ཐམས་ཅད་དུ་ནི་སྤྲུལ་པའི་སྐུ། །ཉན་ཐོས་ལ་སོགས་པ་ཡིས་མཐོང༌། །བྱང་ཆུབ་སེམས་དཔའི་རྫོགས་ལོངས་སྤྱོད། །ཆོས་སྐུ་སངས་རྒྱས་སྤྱོད་ཡུལ་ཏེ། །ཞེས་གསུངས་སོ། །ཚངས་པ་ལ་སོགས་པའི་


DTG019_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་འཁྲུལ་པར་སྟོན་པ་དང༌། ཉན་ཐོས་ལ་སོགས་པ་རང་འདོད་ཀྱི་བྱང་ཆུབ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་བུའི་བླ་མ་ཡོངས་སུ་སྤངས་པ་སྟེ། ཡང་དག་པའི་ལམ་ལ་ཞུགས་ནས། ཡང་དག་པའི་འབྲས་བུ་ཐོབ་པས་ལྷའི་བུའི་བདུད་བཅོམ་པ་སྟེ། ད་ཡང་ལུང་ལས། ཕ་མ་དག་གམ་བླ་མ་དང༌། །བཙུན་མོ་དག་གམ་ལྷ་ཡི་བུར། །བདུད་ཀྱིས་ཡང་དག་སྤྲུལ་ནས་ཀྱང༌། །ལོག་པའི་ལམ་དང་འབྲས་བུ་སྟོན། །ཞེས་གསུངས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་ཞིང་སྐྱེ་བ་མེད་པའི་འཆི་བདག་གི་བདུད་བཅོམ་པ་སྟེ། འཆི་འཕོ་བ་ནི་རྣམ་པ་གཉིས་ཏེ། རྣམ་པར་འཆད་པའི་འཆི་འཕོ་བ་དང༌། བསམ་གྱིས་མི་ཁྱབ་པའི་ཡོངས་སུ་གྱུར་པའི་འཆི་འཕོ་བའོ། །དེ་ཡང་གཉེན་པོ་ནི་བྱེ་བྲག་གི་ཡེ་ཤེས་བཞི་དང༌། དགའ་བ་བཞི་དང༌། ཚད་མེད་པ་བཞི་དང༌། བསྡུ་བའི་དངོས་པོ་བཞི་དང༌། སྐད་ཅིག་མ་བཞི་དང༌། འབྱུང་བ་བཞི་དང༌། ཡུམ་བཞི་དང། སྐུ་བཞི་དང༌། འཁོར་ལོ་བཞི་དད། ཐིག་ལེ་བཞི་ལ་སོགས་པ་དང་ལྡན་པས་ན་ལྡན་པའོ། །ཡང་ན་རིགས་ལྔ་དང༌། སྐུ་ལྔ་ལ་སོགས་པ་དང་ལྡན་པ་སྟེ། དེ་ཡང་ལུང་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་ནི་སྤྲུལ་སྐུ་དང༌། །ཆོས་སྐུ་མཛད་དང་བཅས་པ་དང༌། །ཚད་མེད་ལ་སོགས་དེ་བཞིན་ནོ། །ཡང༌། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་སོ། །འདས་པ་ནི་རྣམ་པ་གཉིས་ཏེ། ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་འབྲས་བུ་མཐར་ཕྱིན་པ་ཐོབ་པ་དང༌། སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པ་སྟེ། ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་དེས་བྱིན་གྱིས་བརླབས་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་དང་འདྲ་བ་འབྱུང་བ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་ལྟ་བུ་དེའི་བྱིན་གྱིས་བརླབས་པ་ལས་སྤྲུལ་པའི་སྐུ་ཆར་གྱི་རྒྱུན་ལྟ་བུ་འབྱུང་བར་འགྱུར་རོ། །དེ་ཡང་ལུད་ལས། ངང་པ་རབ་དགའ་ཆུ་དང་འོ་མ་འདྲེས་པ་འབྱེད་པ་ལྟར། །ཤེས་རབ་ཀྱིས་ཀྱང་ཆོས་རྣམས་རྣམ་པར་འབྱེད། །ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལས། །སྐུ་གཉིས་སྐྱེ་བའི་ཆོ་འཕྲུལ་སྤྲིན་དང་ཆར། །ཞེས་གསུངས་སོ། །བཀའ་ནི་


DTG019_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཆད་པ་པོའི་རྒྱུད་ཀྱི་དོན་ཏོ། །སྩལ་པ་ནི་རྒྱུད་ཀྱི་དོན་སྟོན་པའོ། །ཉོན་ཅིག་ལྷ་མོ་སྤྱན་བཟངས་རིང༌། །ཞེས་པ་ནི། ཉོན་ཅིག་ཅེས་པ་ནི་རྣམ་པར་རྟོག་པ་དང་གཡེང་བ་ཐམས་ཅད་སྤངས་ཏེ་ཡིད་གཞུངས་པས་ཉོན་ཅིག་ཅེས་པའོ། །ལྷ་མོ་ནི་བོད་པའི་སྒྲའོ། །སྤྱན་ནི་ཤིན་ཏུ་གཅེས་པ་དང༌། །གསལ་བར་བྱེད་པས་སྤྱན་ནོ། །བཟང་བ་ནི་རིགས་ཀྱི་ཁྱད་པར་དང༌། ལོངས་སྤྱོད་ཀྱི་ཁྱད་པར་དང༌། ལང་ཚོའི་ཁྱད་པར་དང༌། རྒྱན་གྱི་ཁྱད་པར་དང༌། རྟེན་གྱི་ཁྱད་པར་དང་ལྡན་པའོ། །རིང་བ་ནི་སེམས་ཅན་གྱི་དོན་ལ་རྟག་ཏུ་གནས་པའོ། །དེ་ཡང་ལུང་ལས། རྟོག་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་བདེ་བར་གཤེགས་སོགས་པའི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཡང་དག་དོན་ལྟ་ཁྱད་པར་རྟག་ཏུ་འཕགས། །ཞེས་གསུངས་སོ། །གསང་བའི་འཁོར་ལོ་ཤིན་ཏུ་ཟབ། །ཅེས་བྱ་བ་ནི། རྣམ་པ་གཉིས་ཏེ་སྤྱི་དང་ཁྱད་པར་རོ། །དེ་གཉིས་ལས་ཀྱང་ཁྱད་པར་གྱི་གསང་བ་སྟེ། བུམ་པའི་དབང་དང་འབྲེལ་པ་ལས་ཀྱང་གཞན་པ། གསང་བའི་དབང་དང་འབྲེལ་པ་ལས་ཀྱང་གཞན་པ། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་སྟེ། ཚིག་གི་དབང་དང་གཟུགས་བརྙན་གྱི་དབང་ཡང་ཐ་དད་པ། མངོན་པར་རྟོགས་པའི་དོན་གྱི་དབང་དང་འབྲེལ་བ་ནི་གསང་བའོ། །འཁོར་ལོ་གསང་བ་བདེ་སྐྱོང་དང༌། རྟ་མགྲིན་དབང་གི་འཁོར་ལོ་དང༌། གསང་བའི་འཁོར་ལོ་དང༌། རིག་པའི་འཁོར་ལོའོ། །གཞན་ཡང་གསང་བ་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་གསང་བའི་འཁོར་ལོ་སྟེ། གང་ལ་གསང་ཞེ་ན། དབང་དང་མི་ལྡན་པའི་སྐྱེ་གནས་ཀྱི་སྐྱོན་ཡོངས་སུ་མ་དག་པ་དང༌། སྐལ་བ་དང་མི་ལྡན་པ་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་པ་དང༌། རྐྱེན་གྱི་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་པ་དང༌། རྐྱེན་གྱི་སྐྱེ་གནས་རྒྱུན་ཆད་པ་དང༌། ཡང་དག་པའི་བླ་མའི་ཞལ་ནས་མཐོས་པ་དང༌། གཉེན་པོའི་སྟོབས་དང་མི་ལྡན་ཞིང་འདོད་ཆགས་ཀྱི་དབང་དུ་གྱུར་པ་དེ་ལ་གསང་ཞེས་གསུངས་སོ། །གང་གསང་ན། དགའ་བ་བཞི་ལ་སོགས་པ་སྐྱེ་བའི་རྟེན་དུ་གྱུར་པ། འཁོར་ལོ་བཞི་པ་དེ་དག་གསང་བའོ། །དེ་ཡང་ལས་དད་པོ་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དབང་དུ་མཛད་པ་སྟེ།


DTG019_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱའི་ཡན་ལག་གོ །དེ་ཡང་གང་ཟག་གི་བྱེ་བྲག་གིས་གཉིས་ཏེ། སྐལ་པ་དང་མི་ལྡན་པའི་ལས་ཀྱི་ཕྱག་རྒྱལ་བརྟེན་པ་དང༌། ལས་ཀྱི་ཕྱག་རྒྱ་དངོས་ལ་བརྟེན་པ་དང༌། ལས་ཀྱི་ཕྱག་རྒྱ་དངོས་ལ་བརྟེན་པ་དང༌། ལས་ཀྱི་ཕྱག་རྒྱའི་གཟུགས་བརྙན་ལ་བརྟེན་པའོ། །སྐལ་བ་དང་མི་ལྡན་པ་ལ་ནི་ལས་ཀྱི་ཕྱག་རྒྱའི་ཡན་ལག་བཅོ་བརྒྱད་ལ་བརྟེན་ཏེ། ལག་གི་འདུ་བྱེད་དང༌། བཟོར་བྱས་པ་དང༌། སྔགས་དང་སྨན་ལ་སོགས་པ་གསུངས་སོ། །དེ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཀྱང་གཞན་པ། དམ་ཚིག་གི་ཕྱག་རྒྱ་ལས་ཀྱང་གཞན་པ། ཆོས་ཀྱི་ཕྱག་རྒྱ་ལས་ཀྱང་གཞན་པ་སྟེ། གཞན་པ་བཞི་པོ་འདིས་ནི་གང་ཟག་མཆོག་གི་དབང་དུ་གསུངས་པའོ། །དེ་ཉིད་ལས་ཐ་དད་པའི་དོན་དེ་གསང་བའོ། །གང་གིས་གསང་ཞེ་ན། གསང་བའི་དོན་དང་ལྡན་པའམ། དབང་དང་མན་ངག་ཏུ་འབྲེལ་པའི་བླ་མ་དམ་པ་དེས་གསང་ངོ༌། །གཞན་ཡང་རོ་བརྒྱད་མའམ། མཚན་མ་ལྔའམ། ས་ནོན་པའམ་གཟི་བྱིན་དང་ལྡན་པའི་བླ་མ་དེས་གསང་ངོ༌། །གང་གི་ཕྱིར་གསང་ཞེ་ན། གསང་སྔགས་ཀྱི་རྒྱུ་འམ། རྟེན་ནི་དམ་ཚིག་ཡིན་པས། དམ་ཚིག་བསྲུང་ཞིང་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བ་དེའི་ཕྱིར་གསང་བའོ། །གཞན་ཡང་བློ་དམན་ཞིང་སྣོད་དུ་མི་རུང་བ། སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་ཕྱིར་གསང་བའོ། །གང་ཞེས་པ་དང་དེ་ཞེས་པ་ནི་རིང་ན་འདུག་ཀྱང་འབྲེལ་པར་འགྱུར་རོ། །དེ་དག་ལུང་ལས། གསང་བ་དེ་ཉིད་འཁོར་ལོ་སྟེ། འཁོར་ལོ་དེ་ཉིད་གསང་བ་ཡིན། །གང་ལ་གསང་དང་གང་གསང་དང༌། གང་གིས་གསང་དང་གང་ཕྱིར་གསང༌། །གང་ཞེས་པ་དང་དེ་ཞེས་པ། །རིང་ན་འདུག་ཀྱང་འབྲེལ་པར་འགྱུར། །ཞེས་གསུངས་སོ། །ཤིན་ཏུ་ཟབ་པ་ནི་མཐའ་མེད་པའི་ཕྱིར་ན་ནམ་མཁའ་དང་མཉམ་པར་གསུངས་སོ། །ཐམས་ཅད་གསལ་བར་བྱེད་པས་ན་ཉི་མ་ལྟར་གསུངས་སོ། །བསིལ་བར་བྱེད་པས་ཟླ་བ་ལྟར་གསུངས་སོ། །རྟེན་པ་དང་སྡུད་པ་དང་སྲེག་པ་དང་གཡོ་བ་དང༌། གོ་འབྱེད་པའི་ཕྱིར་ན། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལྟར་གསུངས་སོ། །ཟབ་ཅིང་དཔག་དཀའ་བས་རྒྱ་མཚོ་ལྟར་གསུངས་སོ། །ཤིན་ཏུ་ལྷུན་སྡུག་ཅིང་གཞན་གྱིས་བསྐྱོད་པར་མི་ནུས་པས་ན་རི་རབ་ལྟར་གསུངས་སོ། །རྒྱུད་འདི་ཤིན་ཏུ་འབྱུང་བ་དཀོན་པའི་ཕྱིར་


DTG019_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨུ་དུ་མྺཱ་རའི་མེ་ཏོག་ལྟར་གསུངས་སོ། །སྐྱེ་བ་མེད་པ་ལས་མ་ལུས་པ་སྐྱེས་པས་རྡུལ་ཕྲ་རབ་ལྟར་གསུངས་པ་ལ་སོགས་པ་དང༌། སོ་སོའི་ཤིན་ཏུ་ཟབ་པ་ནི་བླ་མའི་ཞལ་ནས་ཤེས་པར་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་ཚུལ་དུ་གསུངས་པས་ཤིན་ཏུ་ཟབ་པའོ། །དེ་ཡང་ལུང་ལས། ཇི་ལྟར་ནད་པ་སོ་སོ་ལ། །སྨན་པས་སྨན་རྣམས་སྟེར་བ་བཞིན། །དེ་བཞིན་སྣ་ཚོགས་གཅིག་གི་དོན། །དེ་ཕྱིར་ཤིན་ཏུ་ཟབ་པར་གསུངས། །ཞེས་གསུངས་སོ། །རྒྱུད་རྣམས་ཀུན་དུ་མ་གསུངས་པ། །ཞེས་བྱ་བ་ནི། རྒྱུད་ནི་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་དང༌། མན་ངག་གི་རྒྱུད་དོ། །རྣམས་ནི་དུ་མའི་སྒྲ་སྟེ། དཔལ་གསང་བ་འདུས་པ་དང༌། དཔལ་ཀྱེའི་རྡོ་རྗེ་ལ་སོགས་པའོ། །ཀུན་དུའི་སྒྲས་ནི་གོང་དུ་གསུངས་པའི་རྒྱུད་ཀུན་དུའོ། །མ་གསུངས་པ་ནི་ཟབ་པའི་དོན་གཞན་མ་གསུངས་པའོ། །གཞན་ཡང་རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་ནི་ལ་བོར་ལོ་དེ་བརྗོད་པར་ནུས་པའི་ཡི་གེ་འདུས་པ་སྟེ། འབྲས་བུའི་རྒྱུད་དོ། །གཞན་ཡང་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་སུ་མེད་པའི་རྒྱུད་དེ། དེ་ཡང་བརྗོད་པར་བྱ་བའི་རྒྱུད་དང༌། རྗོད་པར་བྱེད་པའི་རྒྱུད་གཉིས་སོ། །བརྗོད་པར་བྱ་བའི་རྒྱུད་ནི་སེམས་ཅན་ཀུན་ལ་རང་བཞིན་གྱིས་གནས་པའི་རྩ་དང་འཁོར་ལོ་རྣམས་སོ། །རྗོད་པར་བྱེད་པའི་རྒྱུད་ནི་རྩ་དང༌། འཁོར་ལོ་དེ་བརྗོད་པར་ནུས་པའི་ཡི་གེ་འདུས་པ་སྟེ། རྒྱུའི་རྒྱུད་ཀྱིས་ནི་བརྗོད་བྱའི་རྒྱུད་དང༌། རྗོད་བྱེད་ཀྱི་རྒྱུད་དོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་བྱའི་རྒྱུད་དང་རྗོད་བྱེད་ཀྱི་རྒྱུད་བླ་མའི་ཞལ་ནས་ཤེས་པར་བྱའོ། །རྣམས་ནི་མདོ་སྡེ་དང་འདུལ་བ་དང་མངོན་པ་སྟེ། སྟོན་པའི་ཞལ་ནས་གསུངས་པའོ། །ཀུན་ནི་སྡེ་སྣོད་གསུམ་པོ་ཀུན་དུའོ། །མ་གསུངས་པ་ནི་རྩ་དང་འཁོར་ལོ་ལ་སོགས་པ་སྡེ་སྣོད་གསུམ་དུ་མ་གསུངས་པའོ། །དེ་ཡང་ལུང་གཞན་ལས། ཇི་ལྟར་མར་དང་ཁ་ར་དང༌། མར་གྱི་སྙིང་པོ་ལ་སོགས་པ། འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་ན་ནི་དུག་ཏུ་འགྱུར། །དེ་བཞིན་ང་ཡིས་གསུངས་པའི་བཀའ། །སྐལ་དང་ལྡན་ན་ལམ་དུ་འགྱུར། །སྐལ་མེད་སྐྲག་ཅིང་སྒྲོ་སྐུར་འདེབས། །དེ་ཕྱིར་ཀུན་དུ་གསུངས་པ་མེད། །ཅེས་གསུངས་སོ། །ཁྱོད་ཀྱི་ངོར་མཛད་ང་ཡིས་བཤད། །ཅེས་བྱ་བ་ནི། ཁྱོད་ཀྱི་ནི་ཞུ་བ་པོ་སྟེ། རྡོ་རྗེ་ཕག་མོ་ཁྱོད་ཀྱིའོ། །


DTG019_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོར་མཛད་པ་ནི་ཞུ་བ་པོ་ལ་ཆེར་དགོངས་ནས་རྒྱུད་ཀྱི་དོན་མཛད་པའོ། །ང་ཡིས་བཤད་ཅེས་པ་ནི་ཞུ་བ་པོ་ལ་སོགས་པ་འཁོར་འདུས་པ་ཀུན་ལ་རྒྱུད་ཀྱི་དོན་བཤད་པར་ཞལ་གྱིས་བཞེས་པའོ། །གཞན་ཡང་ཞུ་བ་པོའི་ངོར་མཛད་པ་ནི་ཡིན་ཏེ། མ་འོངས་པའི་སེམས་ཅན་སྲེད་པའི་སྲད་བུས་དོམ་པོར་བཅིངས་བདེ་གྲོལ་བར་བྱ་བའི་ཕྱིར་མཛད་དེ་བཤད་པ་སྟེ། སྟོན་པ་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱས་པ་དང་འདྲ་བའོ། །མ་འོངས་པའི་སེམས་ཅན་ནི་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་རི་དགས་རྒྱར་ཆུད་པ་དང་འདྲའོ། །དེ་ཡང་ལུང་ལས། སྲིད་པའི་སྲད་བུ་དམ་པོ་གཅད་བྱའི་ཕྱིར། ཤེས་རབ་ལ་བརྟེན་རལ་གྲི་བདག་གིས་བཤད། །འགྲོ་བ་འཁྲུལ་པ་རི་དགས་རྒྱར་ཆུད་འདྲ། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་འདྲ། །ཞེས་གསུངས་སོ། །གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་བ་ཡང་དག་པའི་ལམ་སྟོན་པ་ལས། གླེང་སློང་བའི་ལེའུ་སྟེ་དང་པོའོ།། །།


previousལེའུ་དང་པོ། གླེང་སློང་བ་བཤད་པ།next