Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  expand section
  collapse section
   
   
ལེའུ་གཉིས་པ། དཀའ་བའི་རྟོག་པ་སེལ་བ་བཤད་པ།
   
   
  expand section
  expand section


 
previousལེའུ་གཉིས་པ། དཀའ་བའི་རྟོག་པ་སེལ་བ་བཤད་པ།next

ལེའུ་གཉིས་པ། དཀའ་བའི་རྟོག་པ་སེལ་བ་བཤད་པ།


DTG020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་འབྲས་བུ་ཐབས་གཞན་འབྱུང་བར་བྱ་བའི་ཕྱིར། ལྷ་མོས་གསོལ་བ་བཅོམ་ལྡན་འདས། །ཞེས་པ་ནི། ལྷ་མོ་ནི་ཞུ་བ་པོ་སྟེ། སྟོན་པའི་ཚིག་གོ །གསོལ་བ་ནི་བྱེ་བྲག་གི་དོན་བཤད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་ནི་འཆད་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོ་སྟེ། བཅོམ་ལྡན་འདས་ཀྱི་བྱེ་བྲག་ནི་གོང་དུ་བཤད་པ་དང༌། འོག་ནས་འཆད་པར་འགྱུར་བའོ། །གསང་བ་ཞེས་པ་ཇི་ལྟར་ལགས། །ཞེས་པ་སྟེ་གསང་བ་ནི་བཞིའི་བྱེ་བྲག་དབྱེ་བ་དང༌། བཞི་པོ་དེའི་དོན་གསང་བའོ་ཞེས་པ་ནི་ཚིག་གི་ཕྲད་དོ། །ཇི་ལྟར་ལགས་པས་ནི་ཞུ་བའི་ཚིག་སྟེ། འཆད་བ་པོ་ཆེ་བར་འགྱུར་བའི་ཡན་ལག་དང༌། རྒྱུད་ཀྱི་དོན་དཀོན་པར་གྱུར་པའི་ཡན་ལག་དང༌། རྒྱུད་མཛེས་པར་གྱུར་པའི་ཡན་ལག་སྟེ། ཐམས་ཅད་ལ་སྦྱར་བར་བྱའོ། །དེའི་འཁོར་ལོ་ཇི་ལྟར་ལགས། །དེ་ཡི་རྡོ་རྗེ་ལྟར་ལགས། །དེ་ཡི་པདྨ་ཇི་ལྟར་ལགས། །ཞེས་པ་ནི་འཁོར་ལོ་དང་རྡོ་རྗེ་དང་པདྨ་ནི་གོང་དུ་བཤད་ཟིན་ཏོ། །འོག་ནས་ཀྱང་འཆད་པར་འགྱུར་བས་སྐབས་འདིར་མ་བཤད་དོ། །ཇི་ལྟར་ལགས་པ་ནི་གོང་དུ་གསུངས་པའི་ཡིན་ཡན་ལག་གསུམ་དང༌། འཁྲུལ་པ་དང་བཅས་ཤིང་ཐེ་ཚོམ་དང་བཅས་པའི་ཕྱིར། ཞུ་བ་པོའི་ཚིག་གོ །དེ་རེ་རེའི་བྱེ་བྲག་ཞལ་ནས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


DTG019_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ནི། བཅོམ་པ་དང་ལྡན་པའི་བྱེ་བྲག་ནི་བཤད་ཟིན་ཏོ། །ཡི་གེ་གསུམ་གྱིས་འཆད་པ་པོ་སྟོན་ཏོ། །ཡི་གེ་གསུམ་གྱིས་ཞུ་བ་པོའི་དོན་བཞི་པོ་སྟོན་ཏོ། །ཡི་གེ་གཉིས་ཀྱིས་དོན་བཞི་པོ་གསུངས་ཤིག་པར་བསྟན་པའོ། །གཞན་ཡང་གང་བཀའ་སྩལ་ན། ཞུས་པའི་དོན་བཞི་བཀའ་སྩལ་ཏོ། །གང་ལ་བཀའ་སྩལ་ན་ལྷ་མོ་ལ་སོགས་པའི་འཁོར་འདུས་པ་ལ་བཀའ་སྩལ་ཏོ། །གང་གིས་བཀའ་སྩལ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གང་གི་ཕྱིར་བཀའ་སྩལ་ཞེ་ན། འཁྲུལ་པ་དང་ཐེ་ཚོམ་ཡོངས་སུ་གཅད་པའི་ཕྱིར་བཀའ་སྩལ་པ་སྟེ། གཞན་དག་ཏུ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །གསང་བ་ཞེས་པ་རྣམ་པ་བཞི། །ཞེས་པ་ནི། གྲངས་ཀྱི་དབྱེ་བ་སྟོན་པ་སྟེ། ཨ་དང་ཕཊ་དང་ཨེ་དང་བཾ་དང༌། ཐིག་ལེ་རྣམས་གསལ་བའོ། །གསང་བའི་ཕོ་བྲང་དང་པོ་སྟེ། །ཞེས་པ་ནི། རྡོ་རྗེའི་སྣ་རྩེ་ནས། གནས་གསུམ་ན་གནས་པ་སྟེ། འཁོར་ལོ་བཞིའི་དང་པོ་ཡིན་པས་དང་པོ་ཞེས་བྱའོ། །ཀུན་རྫོབ་སྟེང་སྒོ་སྣ་རྩེ་ལས་ཐ་དད་པར་ཤེས་པར་བྱའོ། །གཞན་ཡང་གསང་བའི་ཨའི་རྣམ་པའི་རྩའི་མདུད་པ་དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པ་དེ་ཉིད་གསང་བས་ན་གསང་བར་གནས་པའོ། །ཕོ་བྲང་ནི་བདེ་བའི་རྟེན་དང༌། གནས་དང༌། གཞལ་ཡས་ཁང་དང༌། འཁོར་ལོ་སྟེ་མིང་གི་རྣམ་གྲངས་སོ། །དང་པོ་ནི་བདེ་བ་རྟེན་པའི་གནས་ཀྱི་དང་པོ་ཁོ་ན་ཡིན་པས་དང་པོའོ། །རྟེན་ནི་ཚིག་གི་ལྷག་མ་སྟོན་པ་ཡིན་ནོ། །དེ་ནས་གསང་བའི་དབང་བསྐུར་ཕྱིར། །ཞེས་བྱ་བ་ནི། གསང་བའི་འཁོར་ལོ་དེ་ནས་སོ། །གསང་བའི་དབང་ནི་ཤེས་རབ་སྟོན་པའི་རང་བཞིན་ཡིན་ལ། ཐབས་ཡེ་ཤེས་བཞིའི་རང་བཞིན་ག་པུར་གཉིས་ཐ་མི་དད་པ་ནི་གསང་བའི་དབང་ངོ༌། །བསྐུར་བ་ནི་སློབ་མའི་རོ་མའི་འཁོར་ལོར་ཏེ་ལོངས་སྤྱོད་མཉམ་པར་སྦྱར་བའོ། །ཕྱིར་ནི་གསང་བའི་ཕོ་བྲང་ལ་བརྟེན་ནས་གསང་བའི་དབང་བསྐུར་བའི་གཏན་ཚིགས། ཡང་ན་ངེས་པའི་ཚིག་ཏུ་ཤེས་པར་བྱའོ། །དེ་ཡང་རྒྱུད་གཞན་ནས་གསུངས་པ། གནས་གསུམ་འདས་ནས་གནས་གསུམ་གསུངས། །བདེ་བའི་གོ་བཟློག་སྦྱོར་བ་ནི། །དང་པོ་བདེ་བ་ཐ་མ་སྟེ། །ཐ་མ་དེ་བཞིན་དང་པོར་འགྱུར། །ཞེས་གསུངས་སོ། །གཉིས་པ་རིག་པའི་ཕོ་བྲང་སྟེ། །ཞེས་པ་ནི། སྟེང་གི་


DTG019_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣ་རྩེ་ལས་ཐ་དད་པ་གསང་བའི་རྡོ་རྗེའི་སྣ་རྩེ་ནས་དྲུག་ན་གནས་པ་སྟེ། གཉིས་པའི་གཅིག་སྔོན་དུ་སོང་བ་ལས་འབྱུང་བ་སྟེ། གསང་བ་ཕོ་བྲང་ལ་ལྟོས་ནས་གཉིས་པ་འབྱུང་བའོ། །རིག་པ་ནི་ཁྱད་པར་གྱི་དོན་རིག་པར་བྱེད་པའོ། །ཕོ་བྲང་སྟེ་ཞེས་པ་ནི་བཤད་ཟིན་ཏོ། །བཞི་པའི་དོན་ནི་རིག་པའི་ཕྱིར། །ཞེས་པ་ནི། བཞི་པ་ནི་གསུམ་པ་ལ་ལྟོས་ནས་འབྱུང་བ་སྟེ། གསུམ་པའི་དོན་ནི་ཤེས་རབ་ཡེ་ཤེས་ཏེ་མེ་ཏོག་ལྟ་བུའོ། །མེ་ཏོག་ལས་བྱུང་བའི་དྲི་ལྟ་བུ་ནི་བཞི་པའོ། །དོན་ནི་རང་རིག་པའི་ཡེ་ཤེས་ཏེ། དེ་ཉིད་རིག་པའི་ཕྱིར་ན་རིག་པའི་ཕྱིར་ཞེས་གསུངས་སོ། །དྲི་དེ་ཉིད་མེ་ཏོག་ལས་ཐ་དད་པ་ཡང་མ་ཡིན། མེ་ཏོག་ཉིད་ཀྱང་དྲི་མ་ཡིན་པ་དེ་བཞིན་དུ། བཞི་པ་ཡང་གསུམ་པ་ལས་ཐ་དད་པ་ཡང་མ་ཡིན་ཏེ། གསུམ་པ་ཉིད་ཀྱང་མ་ཡིན་ནོ། །གསུམ་པ་ལས་ཐ་དད་ན་ནི་གསུམ་པོ་དོན་མེད་པར་འགྱུར་ལ། གསུམ་པ་ཉིད་ཡིན་ན་བཞི་པ་དགོས་པ་མེད་པར་འགྱུར་རོ། །དེའི་ཕྱིར་གསུམ་པ་དེ་ཉིད་རང་བཞིན་མེད་པར་གྱུར་པ་ནི་བཞི་པའོ། །དེ་ཡང་ལུང་ལས། སྟོང་ཉིད་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའང་སྟོང་ཉིད་ཡིན། །མེ་ཏོག་དད་ནི་དྲི་ཡི་ཚུལ། །ཕན་ཚུན་བརྟེན་པའི་མཚན་ཉིད་ཅན། །ཞེས་གསུངས་སོ། །གསུམ་པ་རྟ་མགྲིན་འཁོར་ལོ་སྟེ། །ཞེས་པ་ནི། གསུམ་པ་རྡོ་རྗེའི་རྩེ་མོ་ནས། སོར་གཉིས་ན་རྟེན་ཡོད་དེ། གཉིས་ལས་ལྟོས་ནས་གསུམ་འབྱུང་བའོ། །རྟའི་མགྲིན་པ་ལྟ་བུའི་རྩའི་འདབ་མའོ། །འཁོར་ལོ་ནི་བསྐོར་བའི་དོན་ཏོ། །དེ་ཡི་མགྲིན་པར་གནས་པའི་ཕྱིར། །ཞེས་བྱ་བ་ནི། དེའི་མགྲིན་པ་ནི་ཀུན་རྫོབ་སྟེང་གི་མགྲིན་པ་ལས་ཐ་དད་པ་དང༌། རྡོ་རྗེ་བ་གམ་གྱི་མགྲིན་པ་ན་གནས་པས་ན་གནས་པའོ། །ཕྱིར་ནི་བཤད་ཟིན་ཏོ། །བཞི་པ་གསང་བ་བདེ་སྐྱོང་སྟེ། །ཞེས་པ་ནི་བཞི་པ་ནི་གསུམ་ལ་ལྟོས་ནས་འབྱུང་བ་སྟེ། སྣ་རྩེ་ནས་སོར་བཞིན་གནས་པའོ། །གསང་བ་བདེ་སྐྱོང་ནི་བདེ་བའི་གོ་བཟློག་སྦྱོར་བས། ཁྱད་པར་གྱི་བདེ་བ་སྐྱེས་པས་སོ། །སྡིག་པ་སྦྱོང་ཕྱིར་བདེ་སྐྱོང་སྟེ། །ཞེས་པ་ནི། སྡིག་པ་ནི་མཚན་མ་ལ་སོགས་པ་སྟེ། དེ་ཉིད་སྦྱངས་ཏེ་བདེ་བ་ལ་སེམས་གནས་པས་བདེ་སྐྱོང་ངོ༌། །གཞན་ཡང་འཁོར་ལོ་བཞི་པོ་དེའི་ཉམས་སུ་མྱོང་བ་དང༌། ལས་གསུངས་པ། གསང་བའི་ཕོ་བྲང་དུ་སེམས་


DTG019_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟིན་ན། ལྟེ་བ་མན་ཆད་བདེ་བས་གང་སྟེ། རྩའི་སྙིགས་མ་ཀུན་འོད་དུ་ཞུ་བ་སྟེ། རྡོ་རྗེ་སྣ་རྩེ་འགགས་པ་སྙམ་བྱེད་པ་ལ་སོགས་པ་རྟགས་དྲུག་བྱུང་བ་ནི། ཐུར་སེལ་གྱི་རླུང་ཁེགས་པ་སྟེ། ཁམ་གྱི་ཟས་ཀྱི་སྲིད་པ་ཆུད་པར་འགྱུར་ཏེ། ཁ་ཟས་ཀྱི་ཚོད་གཟུང་བ་ལ་སོགས་པ་བསྲུང་བ་བཅུའོ། །དེ་ལས་ཀྱང་བདེ་བ་ཁྱད་པར་ཅན་རིག་པའི་ཕོ་བྲང་དུ་སྐྱེ་སྟེ། སྙིང་ག་མན་ཆད་གང་བར་འགྱུར་རོ། །རྩའི་དངས་མ་འོང་དུ་ཞུ་སྟེ། ལུད་པ་དང་སྣ་བས་ལ་སོགས་པ་རྒྱུན་འཆད་དོ། །དེ་ཡང་སྲོག་གི་རླུང་དང་མཉམ་པའི་རླུང་ཁེགས་པའོ། །སྙིང་འདར་བ་ལ་སོགས་པའི་རྟགས་དྲུག་དང༌། སྙིང་གར་སྨན་དང་སྣུམ་དང་དྲི་བཟང་པོ་བྱུག་པ་ལ་སོགས་པ་བསྲུང་བ་བརྒྱད་དོ། །དེ་ལས་ཀྱང་ཁྱད་པར་ཅན་གྱི་རྟེན་བདེ་བ་རྟ་མགྲིན་གྱི་འཁོར་ལོས་སྐྱེ་སྟེ། མགྲིན་པ་མན་ཆད་གང་བར་འགྱུར་ནས། རྩ་བའི་རྩ་དང་རྐང་དང་རུས་པ་ཡང་འོད་དུ་བཞུ་སྟེ། བྱང་ཆུབ་སེམས་སུ་འགྱུར་རོ། །དེ་ཡང་གྱེན་དུ་སེལ་བའི་རླུང་ཁེགས་པའོ། །སྐད་ཤིན་ཏུ་སྙན་པ་ལ་སོགས་པའི་རྟགས་དྲུག་འབྱུང་དོ། །སྒྲ་མི་འདོན་པ་ལ་སོགས་པ་བསྲུང་བ་བདུན་ནོ། །དེ་ལས་ཁྱད་པར་གྱི་བདེ་བ་གསང་བ་བདེ་སྐྱོང་དུ་སྐྱེ་སྟེ། ཤ་ལ་སོགས་པ་ཀུན་འོད་དུ་ཞུ་སྟེ། དེ་ཡང་ཁྱབ་བྱེད་ཀྱི་རླུང་ཁེགས་པ་ཡིན་ནོ། །ཐམས་ཅད་བདེ་བའི་ངོ་བོར་སྣང་སྟེ། དཔེར་ན་མིག་སེར་གྱིས་བཏབ་པ་ལས། ཐམས་ཅད་སེར་པོར་སྣང་བ་དེ་བཞིན་དུ་ཐམས་ཅད་བདེ་བའི་ངོ་བོར་སྣང་བ་ལ་སོགས་པ་ལྔ་འབྱུང་ངོ༌། །བདེ་བ་དེ་ལ་ཤེས་པར་མི་བྱ་བ་ལ་སོགས་པ་བསྲུང་བ་གསུམ་མོ། །གཞན་ཡང་ཕྱི་རྟགས་གསུམ་འབྱུང་སྟེ། སྐུའི་རྟགས་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དྲུག་དང༌། གསུང་གི་རྟགས་ལྷའི་སྐད་འབྱུང་བ་ལ་སོགས་པ་བདུན་དང༌། ཐུགས་ཀྱི་རྟགས་ཐོས་བསམ་ལས་མ་བྱུང་བའི་ཚོགས་ཤེས་པ་ལ་སོགས་པ་བདུན་ནོ། །གཞན་ཡང་སྐྱོན་བརྟག་པའི་རིམ་པ་ནི། ནད་གཞི་དང་གདོན་ལ་སོགས་པའི་སྐྱོན་བརྟག་པར་བྱའོ། །དེ་ཡང་ལུང་གཞན་ལས། ཕྱི་རྟགས་ནང་དུ་ཞུགས་པ་དང༌། །ནང་རྟགས་ཕྱི་རུ་བྱུང་བ་དང༌། །ནད་གཞི་གདོན་གྱི་བྱེ་བྲག་རྣམས། །མཁས་པས་བརྟགས་ན་ཁྱད་པར་འབྱུང༌། །ཞེས་གསུངས་སོ། །དེ་རྣམས་དོན་ནི་གསང་བ་སྟེ། །ཞེས་པ་ནི། དེ་རྣམས་ནི་འཁོར་ལོ་བཞི་པོ་རྣམས་སོ། །


DTG019_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་ནི་བདེ་བའི་ཁྱད་པར་དུ་མའོ། །གསང་བ་ནི་སྣོད་དུ་མི་རུང་བ་སྟེ་སྐལ་བ་མེད་པ་ལ་གསང་བའོ། །འོ་ན་ཐམས་ཅད་ལ་གསང་ངམ་ཞེ་ན། བརྟུལ་ཞུགས་བྱེད་ཅིང་གཏོང་ཕོད་ཆེ། །ཞེས་པ་ནི། བརྟུལ་ཞུགས་ནི་རྣམ་པ་གསུམ་སྟེ། རྒྱན་འཆང་བ་དང༌། ཕྱག་རྒྱ་འཆང་བ་དང༌། བདུད་རྩི་མྱང་བའི་བརྟུལ་ཞུགས་ཏེ། རིགས་སུ་འཛིན་པ་དང༌། གཙང་བ་དང་མི་གཙང་བ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་སྤང་བའི་ཕྱིར་བྱེད་པའོ། །གཏོང་ཕོད་ཆེ་བ་ནི། རྟ་དང༌། གླང་པོ་དང༌། རིན་པོ་ཆེ་དང་བང་མཛོད་དང༌། རང་གི་བུ་དང་ཆུང་མ་ལ་སོགས་པས་མཉེས་པར་བྱེད་པའོ། །ཨེ་བཾ་ཟབ་ཅིང་ཆགས་ལ་དགའ། །ཞེས་པ་ནི། ཨེ་ནི་ཤེས་རབ་པདྨ་སྟེ། ཟབ་པ་ནི་ཡོན་ཏན་མདའ་མཁྲང་པའོ། །བཾ་ནི་ཐབས་ཀྱི་རྡོ་རྗེའོ། །ཟབ་པ་ནི་སྐྱེ་གནས་ཀྱི་སྐྱོན་དང་བྲལ་བའོ། །ཆགས་པ་དང་དགའ་བ་ནི་རང་རིག་པའི་འོད་གསལ་བ་དེ་ནི་ཆ་གས་པ་སྟེ། དེ་ཐོབ་པར་བྱེད་ལ་དགའ་བའོ། །གཞན་ཡང་ཨེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཤེས་རབ་བོ། །བཾ་ནི་ཡེ་ཤེས་བཞི་སྟེ་ཐབས་སོ། །ཟབ་པ་ནི་གཉིས་སུ་མེ་པ་སྟེ་ཉན་ཐོས་ལ་སོགས་པས་རྟོག་པར་དཀའ་བས་སོ། །ཆགས་པའི་འབྲས་བུ་མཐར་ཐུག་པ་དེ་ཐོག་པར་འདོད་པའོ། །དགའ་བ་ནི་དེ་ཐོབ་པར་བྱེད་པའི་ཐབས་ལ་དགའ་བ་དང་མགུ་བ་དང༌། རངས་པའོ། །གཞན་ཡང་ཐབས་དང་ཤེས་རབ་ཀྱི་ཆ་ནི། ཡབ་དང་ཡུམ་དང༌། སྦོམ་པོ་དང་ཕྲ་མོ་ལ་སོགས་པ་བཅུ་དྲུག་གི་ཆའོ། །དེ་ཡང་ལུང་གཞན་ལས། ཐབས་དང་ཤེས་རབ་གཉིས་མེད་ཚུལ། །སྣ་ཚོགས་དུ་མ་སྣང་བས་ན། །དེ་ཉིད་ངེས་པར་བྱ་བའི་ཕྱིར། །སྟོང་པ་བཅུ་དྲུག་ངེས་པའོ། །ཞེས་གསུངས་པའོ། །ཁུ་བ་འཛག་ཅིང་རཀྟ་འབབ། །ཅེས་པ་ནི། ཁུ་བ་འཛག་པ་ནི་བྱང་ཆུབ་སེམས་ཁ་བ་ལྟ་བུ་དང་ལྡན་པའོ། །འཛག་པ་ནི་བདེ་བ་སྐྱེ་བའོ། །རཀྟ་འབབ་པ་ནི་བྱང་ཆུབ་སེམས་དམར་ལ་དངས་པ་སྟེ། མཚལ་ཆེན་དང་ལྡན་པའོ། །དེ་ཡང་འཇིག་རྟེན་གྱི་གཡའ་བ་སེལ་ན་འཛག་པའི་བདེ་བ་སྐྱེའོ། །གཞན་ཡང་ཁུ་བ་འཛག་པ་ནི་ཡེ་ཤེས་བཞི་ཡུལ་ལ་འཇུག་པའོ། །རཀྟ་འབབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་དུ་འགྱུར་ཞིང་རྒྱུན་མི་ཆད་པར་འབབ་པའོ། །གཞན་ཡང་བསྐྱེད་པའི་རིམ་པ་ལ་སོགས་པ་བླ་མའི་ཞལ་ན་


DTG019_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པར་བྱའོ། །འདི་ལ་བསྟན་གྱི་གཞན་ལ་གསང༌། །ཞེས་པ་ནི། འདི་ལ་བསྟན་གྱི་བྱ་བ་ནི་གོང་དུ་གསུངས་པའི་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་ཡོན་ཏན་དང་ལྡན་པའོ། །གཞན་ལ་གསང་བ་ནི་གོང་གི་ཡོན་ཏན་དང་མི་ལྡན་པ་ལ་གསང་བའོ། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་རྡོ་རྗེ་ནི་ཐབས་ཀྱི་ངོ་བོ་པདྨ་ནི་ཤེས་རབ་ཀྱི་ངོ་བོ་འོག་མ་ནི་ཚིག་གི་ཕྲད་དོ། །བཞི་པོ་རྣམས་ཀྱི་རྟེན་ཡིན་ཏེ། །ཞེས་པ་ནི། བཞི་པོ་ནི་གསང་བའི་འཁོར་ལོ་ལ་སོགས་པའོ། །གནས་དང་རྟེན་དང་འདུག་ས་ནི་མིང་གི་རྣམ་གྲངས་ཏེ། དེར་གནས་ཞེས་བྱའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །བཞི་པ་རྣམས་ཀྱི་རྟེན་ཡིན་ཏེ། །ཞེས་པ་ནི་དཔེའི་སྒོ་ནས་སྟོན་པ་སྟེ། ཁང་པ་ནི་ཐོག་གཡོགས་པ་ལ་བྱ་སྟེ། གདུང་དང་ཕྱམ་དང་གྲལ་བུ་ལ་སོགས་པ་ཀུན་ཀྱང་ཀ་བ་ལ་བརྟེན་པ་དང་འདྲ་བར་འཁོར་ལོ་བཞི་པོ་ཀུན་ཀྱང་རྡོ་རྗེ་དང་པདྨ་ལ་བརྟེན་པར་ཤེས་པར་བྱའོ། །དེ་ཡང་ལུང་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུད་པོ་བརྟེན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་ཀྱི་དོན་ནི་རྒྱུན་ཡིན་ནོ། །ཞེས་པ་ནི། རྒྱུད་ཀྱི་དོན་ནི་བརྗོད་པར་བྱ་བ་ལམ་དང་འབྲས་བུ་ཚོགས་པ་ལ་བྱའོ། །རྫོད་པར་བྱེད་པ་ནི་རྡོ་རྗེ་འཛིན་པའི་ཞལ་ནས་གསུངས་པའི་མིང་གི་ཚོགས་དང་ཚིག་དང་ཡི་གེའི་ཚོགས་ལའོ། །རྒྱུན་ཡིན་བྱ་བ་ནི་དེ་གཉིས་རྒྱུན་དུ་གནས་པའོ། །གཞན་ཡང་རྒྱུད་ནི་ཐབས་དང་ཤེས་རབ་དང༌། གཉི་གའི་རྒྱུད་དོ། །ཡང་རྒྱུད་ནི་རྒྱུ་དང་འབྲས་བུ་དང༌། ཐབས་ཀྱི་རྒྱུད་དོ། །རྒྱུད་ནི་བཤད་ཟིན་ཏོ། །གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོའི་འབྲེལ་པ་ཡང་དག་པའི་ལམ་སྟོན་པ་ཞེས་བྱ་བ་ལས་དཀའ་བའི་རྟོག་པ་སེལ་བའི་ལེའུ་གཉིས་པའོ།། །།


previousལེའུ་གཉིས་པ། དཀའ་བའི་རྟོག་པ་སེལ་བ་བཤད་པ།next