Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  expand section
  collapse section
   
   
   
ལེའུ་གསུམ་པ། གསང་བ་རྟོག་པ་བཤད་པ།
   
  expand section
  expand section


 
previousལེའུ་གསུམ་པ། གསང་བ་རྟོག་པ་བཤད་པ།next

ལེའུ་གསུམ་པ། གསང་བ་རྟོག་པ་བཤད་པ།


DTG020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་ཉིད་བྱེ་བྲག་བཤད་པའི་ཕྱིར། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །དེ་ཡི་དབྱེ་བ་མ་འཚལ་བས། །ཞེས་པ་ནི། ཚིག་གོང་མ་ནི་རྒྱས་པར་བཤད་ཟིན་ཏོ། །དེའི་དབྱེ་བ་ནི་འཁོར་ལོ་རེ་ལ་རྩའི་གྲངས་དང་རིམ་པའོ། །མ་འཚལ་བ་ནི་མི་ཤེས་པ་དང༌། མ་རིག་པ་དང་འཁྲུལ་པ་དང༌། མ་རྟོགས་པའོ། །འཇིག་རྟེན་ཀུན་རྫོབ་ཉིད་དུ་ལྟུང༌། །ཞེས་པ་ནི། འཇིག་རྟེན་ནི་སྔ་མ་འཇིག་ཅིང་ཕྱི་མ་རྟེན་པའམ་འཇིག་རྟེན་ཕལ་པའོ། །ཀུན་རྫོབ་ནི་སླུ་བའི་ཆོས་སོ། །ཉིད་


DTG019_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་ལྟུང་བ་ནི་སླུ་བ་དང་གསོག་དང་གསོབ་ལ་སོགས་པ་འགྲོའོ། །འཁྲིག་པའི་ཟུག་རྡུ་མི་བཟད་པས། །ཞེས་པ་ནི། འཁྲིག་པ་ནི་ཐ་མལ་པའི་འདོད་ཆགས་ཏེ། ཟུག་རྡུ་ནི་དེས་གདུངས་པའོ། །མི་བཟད་པ་ནི་ཤིན་ཏུ་སྡིག་དང་ལྡན་པའོ། །བདག་ནི་འདི་ཉིད་དུ་ནི་འགུམ། །ཞེས་པ་ནི། བདག་ནི་མ་འོངས་པའི་སེམས་ཅན་ཀུན་ཏེ། དེ་ཉིད་དུ་ནི་འདོད་ཆགས་སྐྱེས་པའི་དུས་དེ་ཉིད་དོ། །འགུམ་པ་ནི་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ཞེས་སྡང་ལ་སོགས་པས་སྡུག་བསྔལ་བ་དང༌། ཚེ་འཕོས་ནས་ཀྱང་བསྐལ་པ་གྲངས་མེད་པར་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། དེ་ཡང་ཐ་མལ་པ་སྟེ། ལམ་འཁྲུལ་པ་ལས་ཁྱད་པར་རྙེད་པར་བྱ་བའི་ཕྱིར་ཞུས་པའོ། །དེ་ཡང་ལུང་གཞན་ལས་དཔེའི་སྒོ་ནས་གསུངས་པ། དང་པོ་དེ་ཉིད་རང་བཞིན་ཏེ། །གཉིས་པ་སྨིག་རྒྱུ་ཆུར་འཁྲུལ་དང༌། གསུམ་པ་སྨིག་རྒྱུ་ཉིད་དུ་སྣང༌། བཞི་པ་སྨིག་རྒྱུ་མེད་སྣང་བའོ། །ཞེས་བྱ་བ་གསུངས་སོ། །སྒྲ་ཇི་བཞིན་མ་ཡིན་པ་ནི་བླ་མའི་ཞལ་ནས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། འཆད་པ་པོ་ཐ་མལ་པ་དང་འཁྲུལ་པའི་ཁྱད་པར་བཀའ་སྩལ་པའོ། །གསང་བའི་ཕོ་བྲང་རིམ་པ་དྲུག །ཅེས་བྱ་བ་ནི། ཨ་དང་པོ་ནི་ཨ་སྟེ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྣད་བ་བརྡར་གྱུར་པའོ། །གཉིས་པ་ནི་འབྱུང་བའི་ཡི་གེ་བཞི་སྟེ། སྲ་ཤིང་ཤེས་པའི་རྟེན་དུ་གྱུར་པའོ། །འདོད་ཆགས་ཀྱི་མེ་ཆེན་པོ་དེ་ཐུགས་རྗེ་ཆེན་པོའི་ཆུའི་རྒྱུན་གྱིས་བརླན་པར་བྱེད་པ་དང༌། དབང་པོའི་སྒོ་ཐམས་ཅད་ནང་དུ་སྡུད་པ་དང༌། ཡེ་ཤེས་ཀྱི་མེས་ཧཾ་འཛག་པ་དང༌། རྟོག་པ་བསྲེག་པ་དང༌། ལུས་ཡང་བ་དང༌། མི་རྟོག་པ་ལ་གཡོ་བ་རྣམས་རིམ་པ་བཞིན་དུ་སྦྱར་བར་བྱའོ། །གསུམ་པ་ནི་སྡེ་ཚན་གྱི་དང་པོ་བརྒྱད་དེ་གསང་བའི་གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །བཞི་པ་ནི་དབྱངས་ཡིག་བཅུ་དྲུག་གོ །ལྔ་པ་ནི་དབྱངས་ཀྱི་གཡས་སྐོར་སུམ་ཅུ་རྩ་གཉིས་སོ། །དྲུག་པ་ནི་ཀཱ་ལི་གཡས་སྐོར་གཡོན་སྐོར་དྲུག་ཅུ་རྩ་བཞི་དེ་ཐམས་ཅད་ཀྱང་རྩའི་རང་བཞིན་ནོ། །དེ་དག་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། ཡེ་ཤེས་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། སྟོང་པ་བཅུ་དྲུག་དང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་རུ་གོ་རིམས་བཞིན་རྣམ་པར་དག་པར་ཤེས་པར་བྱའོ། །འདབ་


DTG019_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའི་གྲངས་ནི་ཉིས་འགྱུར་རོ། །ཞེས་བྱ་བ་ནི། བཞི་པའི་ཕྱི་ན་བརྒྱད་དང༌། བརྒྱད་ཀྱི་ཕྱི་ན་བཅུ་དྲུག་ལ་སོགས་པའོ། །རྟ་མགྲིན་གྲངས་ནི་དགུ་རུ་ཤེས། །ཞེས་བྱ་བ་ནི། འདབ་མའི་གྲངས་ནི་དགུ་སྟེ་རྟའི་མགྲིན་པ་ལྟ་བུའོ། །ཐིག་ལེ་སུམ་ཅུ་བདུན་གྱིས་བརྒྱན་པ་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །གསང་བ་བདེ་སྐྱོད་རིམ་པ་གཉིས། །ཞེས་བྱ་བ་ནི། འཁོར་ལོ་ནང་དང་ཕྱི་གཉིས་ཏེ་ཕྱི་ནང་གི་རིམ་པ་ནི་དབང་དང་ཡེ་ཤེས་ཀྱི་བྱེ་བྲག་ཏུ་ཤེས་པར་བྱའོ། །བརྒྱད་དང་ལྔ་བཅུའི་གྲངས་ཡིན་ནོ། །ཞེས་བྱ་བ་ནི། རྩའི་གྲངས་དང་ཐིག་ལེའི་གྲངས་སྟོན་པ་སྟེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བཤད་དང༌། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ། །ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། ལྔ་བཅུ་པོ་དེ་དག་ཀྱང་མཉམ་པར་གནས་པ་སྟེ་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །རིག་པའི་ཕོ་བྲང་འདབ་མ་ལྔ། །ཞེས་བྱ་བ་ནི། རྩའི་གྲངས་དང་ཐིག་ལེའི་གྲངས་ལྔ་སྟེ། ར་ལ་ཤ་ཥ་ས་ལྔ་ནི། ཡེ་ཤེས་ལྔ་དང་རིག་པ་ལྔ་ལ་སོགས་པའོ། །རིགས་ནི་མེ་ཏོག་ལྟ་བུའོ། །ཞེས་བྱ་བ་ནི་དཔེའི་ཕྱོགས་ནས་སྟོན་པ་སྟེ། སྤེན་པའི་མེ་ཏོག་ལྟ་བུའོ། །ད་ནི་རྟེན་གྱི་བྱེ་བྲག་དང༌། སྒྲ་ཇི་བཞིན་མ་ཡིན་པ་བཤད་པར་བྱ་བའི་ཕྱིར། བྷ་ག་རབ་འབྲིང་གསུམ་ཡིན་ཏེ། །ཞེས་བྱ་བ་ནི། བྷ་ག་ནི་འཇོམས་པའི་དོན་ཏེ། རྣམ་པར་རྟོག་པ་འཇོམས་པས་སོ། །རབ་ནི་ཀུན་འདར་གྱི་རྩ་རང་བཞིན་གྱིས་ཡོངས་སུ་རྒྱས་པའོ། །འབྲིང་ནི་ཧེ་རུ་ཀ་མ་གཤེགས་ཤིང་རྡོ་རྗེ་མདའ་ཡིས་མ་ཕོག་བ་སྟེ། ཆ་ཕྲ་བའི་རྐྱེན་གྱིས་ཡོངས་སུ་རྒྱས་པའོ། །ཐ་མ་ནི་སྐྱེ་ཤིང་དང་སྨན་དང༌། སྔགས་ལ་སོགས་པ་འོག་ནས་འབྱུང་བའི་སྦྱོར་བས་ཡོངས་སུ་རྒྱས་པར་འགྱུར་རོ། །གཞན་ཡང་བྷ་ག་ནི་གཉེན་པོ་སྟེ། ཐ་མས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་བསླང་བའི་ཉོན་མོངས་པ་མགོ་གནོན་པ་དང༌། འབྲིང་པོས་ཀྱང་མངོན་དུ་རྒྱུ་བ་མགོ་མནན་པའོ། །རབ་ཀྱིས་ནི་མངོན་དུ་རྒྱུ་དང་པག་ལ་ཉལ་སྤོང་བར་བྱེད་པས་ན་བྷ་གའོ། །རྣལ་འབྱོར་མཁས་པས་བཙལ་བར་བྱ། །ཞེས་བྱ་བ་ནི། རྣལ་བ་ནི་རྩ་དེ་ལ་བརྟེན་པའི་དོན་ཕྱིན་ཅི་མ་ལོག་པ་སྟེ་དེ་ལ་སེམས་འབྱོར་པས་རྣལ་འབྱོར་ཏོ། །མཁས་


DTG019_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་ནི་སྒྲ་ཇི་བཞིན་དང༌། ཇི་བཞིན་མ་ཡིན་པའི་དོན་མཐའ་དག་ཤེས་པའོ། །བཙལ་བ་ནི་རྩ་དེ་འམ་དེའི་དོན་བཙལ་བར་བྱའོ། །སྨན་དང་སྣུམ་གྱི་རི་ལུ་ཡིས། །ཞེས་བྱ་བ་ནི། སྨན་ནི་ལྕ་བ་དང༌། ཉེའུ་ཤིང་དང༌། ར་མཉེ་བ་དང༌། བ་སྤྲུ་བ་དཀར་པོ་དང༌། །གཟེ་མ་ནི་རྩ་བ་ལྔའོ། །གཞན་ཡང་ཡན་ལག་གི་སྨན་ནི་དྲུག་ཅུ་རྩ་བདུན་ཏེ་ཤིན་ཏུ་ཞིབ་པར་བཏག་གོ །སྣུམ་ནི་ཏིལ་ལ་སོགས་པ་བཅུ་གཅིག་གོ །རི་ལུ་ནི་སྨན་སྣུམ་གྱི་རི་ལུ་བྱ་བ་སྟེ་བྱའི་སྒོ་ང་ཙམ་དང༌། སྲན་མ་ཙམ་མོ། །རྣལ་འབྱོར་སོར་མོ་ལ་བསྐུས་ལ། །ཞེས་བྱ་བ་ནི། རྩ་དེའི་དོན་ལ་ཤེས་པར་འབྱོར་པས་ན་རྣལ་འབྱོར་རོ། །སོར་མོ་ནི་དང་འོག་གི་རྩེ་མོའོ། །བསྐུས་བ་ནི་སོར་མོའི་རྩེ་མོར་རི་ལུ་ནན་ཏན་བྱའོ། །གཞང་ཁ་ནས་ཀྱང་ཕྱེ་མས་བདུག །ཅེས་བྱ་བ་ནི། རླུང་གི་སྒོ་དེ་ཉིད་ནས་སྨན་དང་སྣུམ་གྱི་ཕྱེ་མ་དྲོད་དང་ལྡན་པས་བདུག་གོ །དེ་ཡང་ཚད་ཤེས་པར་བྱ་སྟེ་ཁ་དོག་དང༌། དབྱིབས་དང་དག་གི་བྱེ་བྲག་ལ་ཤེས་པར་བྱའོ། །དེའི་ཚད་མ་ཤེས་ན་ནད་གཞི་སྐྱེ་བ་དང༌། གདོན་འཇུག་པ་དང༌། ལུས་སྨད་འཇིག་པ་ལ་སོགས་པ་སྐྱོན་བཅུ་དྲུག་འབྱུང་དོ། །ཚད་ཀྱང་དེ་ཉིད་གྲངས་སུ་ཤེས་པར་བྱའོ། །གསང་བ་ནས་ཀྱང་སྣུམ་གྱིས་བདུག །ཅེས་བྱ་བ་ནི། པདྨ་དེ་ཉིད་སྣུམ་གྱིས་དུགས་བྱ། དུགས་ཚད་དུ་ཕྱིན་ནས་རི་ལུའི་སྦྱོར་བ་བྱ་སྟེ། ཚན་བདུན་ནོ། །དེ་ནས་རྣལ་འབྱོར་ཕོའམ་མོས། །ཞེས་བྱ་བ་ནི། དུགས་བྱས་པ་དེ་ནས་རྩའི་མན་ངག་ཤེས་པ་ནི་རྣལ་འབྱོར་ཏེ་ཕའམ་མ་ནི་སྐྱེ་གནས་གང་འབྲེལ་བའོ། །རྩ་དེ་སོར་མོས་ལེགས་པར་བཙལ། །ཞེས་བྱ་བ་ནི། རྩ་ནི་ཀུན་འདར་མ་སྟེ་གསུམ་འདུས་པའི་མཚན་ཉིད་དེའོ། །སོར་མོས་ནི་མི་བསྐྱོད་པ་སྟེ། ཁྲོ་བོའི་མཛུབ་མོའི་རྩེ་མོ་ལ་རི་ལུས་ནན་ཏན་བྱས་ཏེ། ལེགས་པར་བཙལ་ཏེ་ཐབས་དང་ལྡན་པས་རྟེན་ལས་སོར་བཞི་དྲང་བའོ། །རིང་ཐུང་ཚད་ནི་སོར་གཉིས་ནས། །ཞེས་བྱ་བ་ནི། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་བརྒྱད་པ་ནི་སོར་གཉིས་ན་གནས་སོ། །སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པ་བཅུ་གཉིས་པ་ནི་སོར་བཞི་ན་གནས་སོ། །སྟོང་པ་བཅུ་དྲུག་རྣམ་པར་དག་པའི་བཅུ་དྲུག་པ་ནི་སོར་དྲུག་ན་གནས་སོ། །སོར་བརྒྱད་པར་དུ་བྷ་གར་གནས། །ཞེས་བྱ་བ་ནི། ཁམས་བཅོ་བརྒྱད་རྣམ་པར་དག་པའི་སོར་བརྒྱད་ན་གནས་སོ། །འདམ་ཁ་མ་དང༌། ཡ་ང་


DTG019_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་སྤོང་བ་སྟེ་ཉི་ཤུ་ལྔ་མ་ནི་ལྟེ་བ་དང༌། སྙིང་ག་སྟེ་དེ་ཡང་ཆོས་ཅན་ནི་དང་པོ་ཁོ་ན་ན་གནས་པ་སྟེ། ཆོས་ལང་ཚོའི་རིམ་པས་གནས་འཕོ་བའོ། །གཞན་ཡང་སྨན་དང་སྣུམ་ནི་བརྟེན་པ་དང༌། རྟེན་དེ་ལྷ་དང་གཞལ་ཡས་ཁང་དང༌། རྩ་དང་དབུགས་དང༌། རྩ་དང་བྱང་ཆུབ་ཀྱི་སེམས་དང༌། བདེ་བ་དང༌། སྟོང་བ་ཉིད་དེ་ཅི་རིགས་པར་སྦྱར་བར་བྱའོ། །གཞན་ཡང་སྒྲ་ཇི་བཞིན་མ་ཡིན་པ་ནི་བླ་མའི་ཞལ་ནས་ཤེས་པར་བྱའོ། །ཤེས་རབ་བྷ་ག་ཆེ་ཆུང་དང༌། །ཞེས་བྱ་པ་ནི། ཤེས་རབ་ནི་སྐྱེ་གནས་དང་ལྡན་པའི་རྣལ་འབྱོར་མའོ། །བྷ་ག་ནི་པདྨ་སྟེ་དེ་ལ་བརྟེན་ནས་དུག་རྣམས་འཇོམས་པ་སྟེ། ཟུང་གསུམ་ཨེ་ལྟ་བུས་སོ། །ཆེ་བ་ནི་རྟེན་དེ་ཉིད་ཆེ་བ་སྟེ་ཁྱད་པར་གྱི་བདེ་བ་སྐྱེ་བར་མི་ནུས་པའོ། །ཆུང་བ་ནི་རྟེན་དེ་ཉིད་ཧ་ཅན་ཡང་ཆུང་བས་བདེ་བ་སྐྱེ་བར་མི་འགྱུར་བར་ནད་ཀྱི་ཟུག་རྡུ་བསྐྱེད་པའོ། །གཞན་ཡང་ཤེས་རབ་ནི་བལྟ་བར་བྱ་བ་དང༌། ལྟ་བར་བྱེད་པ་སྟེ་སོ་སོར་རྟོག་པའི་ཤེས་རབ་དང༌། དེའི་ཡུལ་ལོ། །བྷ་ག་ནི་མཉེན་པའོ། །ཆེ་བ་ནི་རྟག་པའི་མཐའོ། །ཆུང་བ་ནི་ཆད་པའི་མཐའོ། །དེ་བཞིན་བྷ་ག་གྲང་དྲོ་དང༌། །ཞེས་བྱ་བ་ནི། དེ་བཞིན་གྱི་སྒྲ་ནི་གང་གི་ཕྱིར་སྐྱོན་དེ་བཞིན་ནོ། །བྷ་ག་ནི་འདུག་སྟངས་ཀྱིས་ཟུར་གསུམ་པ་དེ་ཉིད་དོ། །གྲང་བ་ནི་ཆུ་རླུང་ཤས་ཆེ་བ་སྟེ། ཕ་ལས་ཐོབ་པ་གསུམ་པོ་ནི་ཞེ་སྡང་ཆུའི་ཁམས་སོ། །མ་ལས་ཐོབ་པ་གསུམ་ནི་འདོད་ཆགས་རླུང་གི་ཁམས་ཏེ། གཏི་མུག་ནི་གཉི་གའི་རྒྱུ་སྟེ་གྲང་བ་ནི་སྐྱོན་དང་ལྡན་པའོ། །དྲོ་བ་ཕ་ལས་ཐོབ་པ་གསུམ་དང༌། མ་ལས་ཐོབ་བ་གསུམ་པོ་མེའི་ཁམས་ཤས་ཆེ་བ་འབྲས་བུ་འབྱིན་པ་སྔ་ན་སྐྱོན་དང་ལྡན་ནོ། །དེ་མ་ཡིན་པའི་ཡོན་ཏན་དང་ལྡན་ནོ། །གཞན་ཡང་བྷ་ག་ནི་བུམ་པའི་དབང་ལ་སོགས་པ་བཞིའོ། །གྲང་བ་ནི་དམ་ཚིག་དང་མི་ལྡན་པའོ། །དྲོ་བ་ནི་དམ་ཚིག་དང་ལྡན་ཞིང་ཡེ་ཤེས་ཀྱི་མེས་རྣམ་པར་རྟོག་པ་བསྲེག་པའོ། །དེ་ཡང་ལུང་གཞན་ལས་གསུངས་པ། འགྲོ་བའི་ཆོས་རྣམས་ཡེ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །ཅེས་གསུངས་སོ། །དེ་ལ་རྣལ་འབྱོར་མཁས་པ་ཡིས། །ཞེས་བྱ་བ་ནི། དེ་ལ་ནི་གང་གི་སྐྱོན་དེ་ཉིད་ལའོ། །རྣལ་བ་ནི་དོན་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དོ། །དོན་དེ་ལ་ཤེས་པ་འབྱོར་པས་ན་རྣལ་འབྱོར་རོ། །མཁས་པའི་སྒྲས་ནི་དོན་མ་འཁྲུལ་བ་མཐའ་དག་


DTG019_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སྦྱར་བར་བྱའོ། །བྷ་ག་ཆེ་ན་བདེ་བ་ཆུང༌། །ཞེས་བྱ་བ་ནི། བྷ་ག་ནི་འཇོམས་པས་ན་བྷ་ག་སྟེ་ཐ་མལ་པའི་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །ཆེ་བ་ནི་ཐ་མལ་པའི་འདོད་ཆགས་ལ་སོགས་པ་ཤིན་ཏུ་ཡང་ཆེ་བའོ། །བདེ་བ་ཆུང་བ་ནི་གཉེན་པོའི་སྟོབས་ཤས་ཆུང་བ་སྟེ། གཞན་ཡང་ཆེ་བཞི་རྣམ་པར་རྟོག་པ་ཆེ་བའོ། །ཆུང་དུ་བྱ་བ་ནི་བླ་མ་ལ་བརྟེན་པའི་གདམས་ངག་གི་སྟོབས་ཀྱིས་རྣམ་པར་རྟོག་པ་དེ་ཉིད་སྤང་བར་བྱའོ། །དཔེར་ན་ལན་ཚྭའི་རྒྱ་མཚོའི་ནང་དུ་སྐྱུ་རུ་ར་ཐིག་པ་གཅིག་བླུགས་པ་དང་འདྲ་བའོ། །བྷ་ག་ཆེ་ན་ཆུང་དུ་བྱ། །ཞེས་བྱ་བ་ནི། བྷ་ག་ནི་གོང་དུ་བཤད་ཟིན་ཏོ། །ཆེ་ན་ཆུང་དུ་བྱ་བ་ནི་སྦྱོར་ཐབས་ཀྱི་བྱེ་བྲག་དང༌། སྔགས་དང་སྨན་དང་རིན་པོ་ཆེའི་སྦྱོར་བས་ཆེ་བ་སེལ་བར་བྱའོ། །ཆུང་ན་དེ་བཞིན་བསྐྱེད་པར་བྱ་བ་ནི། ཆུང་བ་ནི་པདྨ་དེ་རྡོ་རྗེའི་མདས་བསྣུན་དུ་མི་རུང་བའོ། །བསྐྱེད་པ་ནི་རིགས་དང་མཐུན་པའི་ཤིང་བུ་ལ་སྲོག་ཆགས་ཀྱི་རྒྱུད་མས་བསྲུང་བ་བྱ་སྟེ་སྨན་དང་སྣུམ་གྱིས་ནད་ཀྱི་ཟུག་རྡུ་སེལ་བར་བྱས་ལ་དེས་བསྣུན་པས་ཚད་དང་ལྡན་པས་ཆེ་བར་འགྱུར་རོ། །གཞན་ཡང་ཆུང་བ་ནི་གཉེན་པོའི་སྟོབས་ཆུང་བ་སྟེ་ཐ་མལ་པའི་འདོད་ཆགས་ཀྱི་སྤྱོད་པ་ལ་སོགས་པའོ། །བསྐྱེད་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མ་ཆགས་པའི་སྤྱོད་པ་ལ་སོགས་པ་བསྐྱེད་པའོ། །གྲང་ན་དེ་བཞིན་བསྲོ་བར་བྱ། །ཞེས་བྱ་བ་ནི། གྲང་བ་ནི་པདྨ་དེ་མེའི་ཤས་ཆུང་བ་སྟེ་ཧཾ་འཛག་པའི་ཡོན་ཏན་དང་མི་ལྡན་པའོ། །གོང་གི་སྐྱོན་བསལ་བདེ་བཞིན་དུ་བསྲོ་བར་བྱ་སྟེ། བཅུད་དང་ལྡན་པའི་ཤ་དང༌། བསྐ་བའི་ཆང་དང༌། འབྲས་བུའི་སྨན་ཉི་ཤུ་རྩ་བདུན་དང༌། ཚ་བ་ལྔས་ལུས་ལ་དྲོད་བསྐྱེད་དོ། །གཞན་ཡང་གྲང་བ་ནི་མཐའ་དང་མ་བྲལ་བའོ། །དྲོ་བ་ནི་མཐའ་དད་བྲལ་བས་ནམ་མཁའ་ལྟ་བུའོ། །ཆུ་རྣམས་ཆེ་ན་ཆུང་དུ་ཞེས་བྱ་བ་ནི། ཆུ་ཆེ་བ་ནི་སྐྱོན་མདའ་ལྟར་གྲང་བ་སྟེ། དེ་བསལ་བའི་ཐབས་བྱ་བ་ནི་འདོད་པའི་བརྩོན་ཆ་དགུའམ། བཅུ་གཅིག་གམ། བཅོ་ལྔའམ། ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་བདུན་གྱིས་ཆུ་དེ་སེལ་བར་བྱའོ། །འདི་འདྲའི་བྷ་ག་གང་ལ་ཡོད། །ཅེས་བྱ་བ་ནི། འདི་འདྲའི་ཁྱད་པར་ཅན་ནོ། །བྷ་ག་ནི་ཐབས་དེས་འཇོམས་པའོ། །གང་ལ་ཡོད་པ་ནི་གང་ཟག་གི་རྒྱུད་ལ་ཡོད་པའོ། །བུད་མེད་འདི་ལ་བྷ་ག་མང༌། །ཞེས་བྱ་བ་ནི། བུད་མེད་


DTG019_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ངོ་ཚ་དང་བྲལ་ཞིང་ཁྲེལ་དང་བྲལ་པ་སྟེ་འཇིག་རྟེན་པའི་ངོ་ཚ་མེད་པ་ནི་འཇིག་རྟེན་ལས་འདས་པའི་ངོ་ཚ་དང་ལྡན་པ་སྟེ་གཞན་དུ་ཡང་སྤྱར་བར་བྱའོ། །འདི་ལ་ནི་འཇིག་རྟེན་པའི་ངོ་ཚ་མེད་པ་ལ་སོགས་པ་དང་ལྡན་པས་འདི་ལའོ། །བྷ་ག་ནི་བདུད་བཞི་ལ་སོགས་པ་འཇོམས་པའོ། །མང་བ་ནི་དེ་དང་ལྡན་པའོ། །དེ་ཕྱིར་བུད་མེད་བཅོམ་ལྡན་འདས། །ཞེས་བྱ་བ་ནི། དེའི་ཕྱིར་ནི་གོང་གི་ཡོན་ཏན་དེ་དང་ལྡན་པའི་ཕྱིར་རོ། །བུད་མད་ནི་ངོ་ཚ་མེད་ཅིང་ཁྲེལ་མེད་པ་སྟེ། འཇིག་རྟེན་པའི་ཁ་ན་མ་ཐོ་བ་མེད་པར་དགོན་པའམ། དུར་ཁྲོད་དག་ཏུ་བདུད་རྩི་ལྔ་དང༌། ཤ་ལྔ་དང༌། རུས་པའི་རྒྱན་ལ་སོགས་པ་དང༌། ཕྱག་རྒྱ་ལ་རོལ་བར་བྱེད་ན་ཡང་འཇིག་རྟེན་པའི་ངོ་ཚ་མེད་པའོ། །ཁྲེལ་མེད་པ་ནི་རྣལ་འབྱོར་སྟོབས་དང་ལྡན་པས་དུས་སུ་གྲོང་ཁྱེར་ཆེན་པོའི་དབུས་སུ་སོང་སྟེ་བདུད་རྩི་ལ་སོགས་པས་སྤྲུལ་པ་སྟོན་པའོ། །དེ་ཡང་དང་པོ་ནི་བདག་གི་དོན་དེ་རིགས་སུ་འཛིན་པ་དང༌། གཙང་བ་རླུང་འཛིན་པ་དང༌། འཇིག་རྟེན་པའི་སྤྱོད་པ་ཀུན་སྤངས་ཏེ་མཁའ་འགྲོ་མའི་སྤྱོད་པས་དངོས་གྲུབ་ཐོབ་པས་སོ། །འོག་མ་ནི་གཞན་གྱི་དོན་ཏིང་ངེ་འཛིན་གྱི་ཟས་དང༌། ལྡན་པ་ནི་ཁམ་གྱི་ཟས་དང་བྲལ་བ་སྟེ་མ་འོངས་པའི་རྣལ་འབྱོར་པ་སྤྲུལ་པ་དང༌། བསྒྱུར་བ་དང་མི་ལྡན་པ་ཟབ་མོའི་སྤྱོད་པ་དང༌། ལྟ་བ་བྱེད་པ་ལ་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པ་དེ་བསལ་བས་ནའོ། །བཅོམ་པ་ནི་བསྐྱེད་པའི་རིམ་པས་འཇིག་རྟེན་པའི་རྣམ་པར་དག་པར་རྟོག་པ་བཅོམ་པའོ། །ལྡན་པ་ནི་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང༌། གཞལ་ཡས་ཁང་དང་ལྡན་པའོ། །འདས་པ་ནི་འཇིག་རྟེན་པའི་སྤྱོད་པ་ལས་འདས་པའོ། །གཞན་ཡང་བཅོམ་པ་ནི་བསྐྱེད་པའི་རིམ་པ་ཉིད་དོ། །ལྡན་པ་ནི་རྩ་དང་འཁོར་ལོ་ཡིན་ཏེ། འདས་པ་ནི་བསྐྱེད་པ་དེ་ཉིད་ལ་མི་གནས་པས་སོ། །གཞན་ཡང་གོང་མ་གོང་མས་འོག་མ་བཅོམ་པ་དང༌། འོག་མ་འོག་མ་ལ་མི་གནས་པ་དང༌། གོང་མ་གོང་མ་ཡོན་ཏན་དང་ལྡན་པ་སྟེ། ཅི་རིགས་པར་སྦྱར་རོ། །ཐབས་ཀྱི་རྡོ་རྗེ་ཕྲ་སྦོམ་དང༌། །ཞེས་བྱ་བ་ནི། ཐབས་ནི་ཡེ་ཤེས་བཞི་པའི་རང་བཞིན་ཏེ་ཧེ་རུ་ཀའོ། །རྡོ་རྗེ་ནི་བཞི་སྟེ། དོན་གྱི་རྡོ་རྗེ་དང་རྫས་ཀྱི་རྡོ་རྗེ་གསུམ་ལས་ཐ་དད་པ་སྟེ་གསང་བའི་རྡོ་རྗེ་དེ་ཉིད་དོ། །ཕྲ་


DTG019_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་མ་ཎའི་ཚད་དང་མི་ལྡན་པ་སྟེ། གླང་པོ་ཆེའི་རྩེ་མོ་ཙམ་མོ། །དེ་ཉིད་ཀྱང་ཅི་རིགས་པར་བླ་མའི་ཞལ་ནས་པྲ་མ་ཎ་དང་ལྡན་པར་བྱའོ། །སྦོམ་པ་ནི་སྟོབས་དད་མི་ལྡན་པ་ལ་སོགས་པ་དབྱེ་བ་ལྔ་སྟེ་དེ་ཉིད་ཀྱང་སྟོབས་དང་ལྡན་པ་ལ་སོགས་པ་ཤེས་པར་བྱའོ། །གཞན་ཡང་ཐབས་ནི་གང་ཟག་གི་རྒྱུད་དོ། །རྡོ་རྗེ་ནི་དེའི་སེམས་སོ། །ཕྲ་བ་ནི་རྟོག་པ་ཕྲ་བའོ། །སྦོམ་པ་ནི་རྣམ་རྟོག་ཆེ་བ་སྟེ་དེ་ཉིད་སྤང་ཞིང་མི་རྟོག་པ་བསྐྱེད་པར་བྱའོ། །རིང་བ་དང་ནི་ཐུང་བ་ཞེས་བྱ་བ་ནི། རིང་བ་ནི་ཚད་ལས་ཐ་དད་པ་སྟེ། བདེ་བ་མི་སྐྱེད་པར་ནད་ཀྱི་ཟུག་རྡུ་བསྐྱེད་པའོ། །ཐུང་བ་ནི་ཚད་དང་མི་ལྡན་པ་སྟེ། བདེ་བ་ཡང་མི་སྐྱེད་ནད་གཞི་ཡང་མི་སྐྱེད་པ་སྟེ། དེ་གཉི་གའི་སྐྱོན་བླ་མའི་ཞལ་ནས་ཤེས་པར་བྱའོ། །གཞན་ཡང་རིང་བ་དང་ནི་བསྐལ་པ་གྲངས་མེད་པར་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། དེ་ཉིད་ལས་ཐར་པར་བྱའོ། །ཐུང་བ་ནི་བདག་གི་དོན་འབའ་ཞིག་དང༌། ཚེ་འདིའི་གྲགས་པའི་དབང་དུ་རྣལ་འབྱོར་སྤྱོད་པ་སྟེ། དེ་བ་སལ་བ་འཕེན་པ་རིང་པར་བྱའོ། །ཤེས་རབ་ཇི་བཞིན་ཐབས་ལའོ། །ཞེས་པ་ནི། གོང་དུ་གསུངས་པའི་རྩ་དྲངས་པ་ལ་སོགས་པ་དང༌། སེམས་ཅན་ཀུན་དེ་བ་ཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་སོ། །གཞན་ཡང་ཤེས་རབ་ལ་གསང་བའི་འཁོར་ལོ་བཞི་ཡོད་པ་དེ་བཞིན་དུ་ཐབས་ལའང་ཡོད་པར་གསུངས་པའོ། །དེ་ཡི་གནས་སུ་གཟུང་བར་བྱ། །ཞེས་པ་ནི། དེའི་གནས་ནི་རྩའི་མདུད་པ་བཞི་པོ་དེའོ། །གཟུང་བ་ནི་དབུགས་དང་ཏིང་ངེ་འཛིན་གྱི་བྱང་སེམས་བདེ་བ་དང་བཅས་པ་རྩའི་མདུད་པ་དེར་གཟུང་བའོ། །གཞན་ཡང་གནས་ནི་ཆོས་འབྱུང་བའི་གནས་ཏེ། རང་རིག་པའོ། །གཟུང་བ་ནི་རང་རིག་པ་དེ་ལ་སེམས་གཟུང་བ་སྟེ། དབང་པོའི་སྒོ་གཞན་དགག་པ་ནི་སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱའོ། །གསང་བའི་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་ཡང་དག་པའི་ལམ་སྟོན་པ་ལས། གསང་བ་རྟོག་པའི་ལེའུ་སྟེ་གསུམ་པའོ།། །།


previousལེའུ་གསུམ་པ། གསང་བ་རྟོག་པ་བཤད་པ།next