Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  expand section
  collapse section
   
   
   
   
ལེའུ་བཞི་པ། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་བསྟན་པ་བཤད་པ།
  expand section
  expand section


 
previousལེའུ་བཞི་པ། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་བསྟན་པ་བཤད་པ།next

ལེའུ་བཞི་པ། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་བསྟན་པ་བཤད་པ།


DTG020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །ཞེས་པ་ནི། ལྷ་མོ་ནི་ཞུ་བ་པོའོ། །གསོལ་བ་ནི་འཇིག་རྟེན་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་དོན་འོག་ནས་ཞུ་བའོ། །བཅོམ་ལྡན་འདས་ནི་སྟོན་པ་པོ་སྟེ། ཐེ་ཚོམ་ཞུ་བའི་གནས་སོ། །ཨེ་བཾ་


DTG019_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པའི་དབུས་གང་དུ། །ཞེས་པ་ནི། ཨེ་ནི་ཡུམ་གྱི་པདྨའོ། །བཾ་ནི་ཡབ་ཀྱི་རྡོ་རྗེའོ། །རྣམ་པ་ནི་སྐྱེ་གནས་དེ་ལ་བརྟེན་པའི་རྩའི་གྲངས་དང༌། འཁོར་ལོའོ། །དབུས་གང་དུ་ནི་དབུས་ཀྱི་རྩ་ཐིག་ལེ་བཞི་པ་རུའོ། །བདེ་བའི་ཁྱད་པར་ཚོལ་བ་ལ། །ཞེས་པ་ནི། བདེ་བ་དགའ་བ་བཞི་པོའི་དོན་ཏེ་ཐིག་ལེ་ལ་བརྟེན་ནས་སྐྱེ་བའོ། །ཁྱད་པར་ནི་ཐ་མལ་པ་ལས་བྱེ་བྲག་ཏུ་དབྱེ་བ་སྟེ། དགོངས་པ་དང་བཅས་པའོ། །འདི་ལ་ཁྱད་པར་མེད་དམ་ཅི། །ཞེས་པ་ནི། འདི་ལས་ནི་གོང་དུ་གསུངས་པའི་ཐབས་འདི་ལས་སོ། །ཁྱད་པར་ནི་གཉེན་པོའི་སྟོབས་སོ། །མེད་དམ་ཅི་ནི་ཞུ་བའི་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་དབེན་པའི་གནས་བཙལ་ལ། །ཞེས་བ་ནི། ཚིག་གོང་མའི་འོག་ཏུ་བཤད་ཟིན་ཏོ། །འཇིག་རྟེན་པའི་ཁ་ན་མ་ཐོ་བ་མེད་པའི་གནས་བཙལ་བར་བྱའོ། །བཟའ་བ་བཅུད་ཅན་སྣ་ཚོགས་དང༌། །ཞེས་པ་ནི། རོལ་པའི་རྣལ་འབྱོར་གྱི་རྐྱེན། ཁ་བའི་ཆང་དང༌། བསྐ་བའི་སྨན་དང༌། ཚོ་བའི་ཤ་དང༌། མངར་བའི་བཏུང་བ་བརྒྱད་དང༌། རོ་དྲུག་གོ །བཏུང་བ་དྲི་ཞིམ་མང་པོ་དང༌། །ཞེས་པ་ནི། བདུད་རྩི་ལྔ་རྒྱུན་དུ་བཏུང་བར་བྱའོ། །གུར་གུམ་ལ་སོགས་དྲི་ཞིམ་དང༌། ཞེས་པ་ནི། གུར་གུམ་དང༌། ཙནྡན་དང༌། ག་པུར་དང༌། ཧུ་ལུ་ཀ་དང༌། གི་ཝང་ཆ་མཉམ་པར་སྦྱར་ཏེ། ལུས་ཁྲུས་བྱས་ལ་དྲིས་བྱུག་གོ །གཞན་ཡང་དབུ་རྒྱན་དང༌། སྟོད་གཡོགས་ལ་སོགས་པས་ལུས་བརྒྱན་པར་བྱའོ། །དེ་དག་ཀུན་ཀྱང་ཞག་ཏུ་དམ་ཚིག་བྱ་པར་གསུངས་སོ། །ཤིན་ཏུ་འཇམ་པའི་སྟན་བཏིང་ལ། །ཞེས་པ་ནི། སྟན་ནི་ནང་ཚངས་ཅན་དང༌། སྟན་ཆེན་པོ་དང༌། སྟག་གི་སྟན་གོ་རིམས་བཞིན་དུ་བཏིང་སྟེ། གོང་དུ་གསུངས་བདེ་དག་ཀྱང་རྣམ་པར་དག་པ་དང་བཅས་པར་ཤེས་པར་བྱའོ། །རྣལ་འབྱོར་མ་ཡི་གནས་དགུ་རུ། །དྲི་ཞིམ་ཐིག་ལེ་རེ་རེ་བྱ། །ཞེས་པ་ནི། ནུ་མ་དང༌། ལག་རྩེ་དང༌། མགྲིན་པ་དང༌། འགྲམ་པ་དང༌། མིག་དང༌། རྣ་བའི་རྩ་བ་དང༌། སྤྱི་བོ་དང༌། ལྟེ་བ་དང༌། གསང་བའི་གནས་དང་དགུ་སྟེ། གོང་དུ་གསུངས་པའི་དྲི་ལྔ་པོ་དེས་ཐིག་ལེ་ཆ་མཉམ་པོ་དགུ་བྱའོ། །རྣལ་འབྱོར་པ་ཡི་གནས་ལྔ་རུ། །དེ་བཞིན་ཐིག་ལེ་ལྔ་ཡང་བྱ། །ཞེས་པ་ནི། པདྨོ་འཛུམ་


DTG019_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། ཚིག་འཇམ་པ་དང༌། ཞེན་པར་བལྟ་བ་དང༌། སེན་མོ་གདབ་པ་དང༌། བྱེད་པ་བསྡམ་པ་དང༌། ལྔ་སྟེ་རང་བཞིན་གྱི་ཐིག་ལེ་ཆ་མཉམ་པར་བྱའོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབ། །ཅེས་པ་ནི། མཁའ་ནི་པདྨ་སྟེ་དེ་བྱིན་གྱིས་བརླབ་པའོ། །གསང་བ་ནི་རྡོ་རྗེ་སྟེ་བྱིན་གྱིས་བརླབ་པར་བྱའོ། །ཨེ་ལས་གྲུ་གསུམ་གཏིང་རིངས་བསམ། །ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐུ་གསུམ་པོ་དེ་ཉིད་རྟོགས་པར་དཀའ་བར་བསམ་མོ། །དེ་ཡི་ནང་དུ་པཾ་ལས་ནི། །པདྨ་འདབ་མ་བརྒྱད་དུ་བསམ། །ཞེས་པ་ནི། པདྨ་དེའི་ནང་དུ་པདྨ་འདབ་མ་བརྒྱད་དེ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་དང༌། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའི་རང་བཞིན་དུ་བསམ་མོ། །དེ་ཡི་དབུས་སུ་འཁོར་ལོ་བསམ། །ཞེས་པ་ནི། པདྨ་ནས་སྤྱི་བོའི་གཙུག་ཏོར་གྱི་བར་དུ། རྩ་དང་འཁོར་ལོར་ཡིད་ལ་དྲན་པར་བྱའོ། །འཁོར་ལོའི་དབུས་སུ་རེག་མི་བཟོད། །ཅེས་པ་ནི། འཁོར་ལོ་དེ་རྣམས་ཀྱི་དབུས་སུ་ཐིག་ལེ་རྣམ་པར་རྟོག་པར་མི་རེག་པར་བསམ་མོ། །དེ་ནས་ཐབས་ཀྱི་རྡོ་རྗེ་དང༌། ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསམ། །ཞེས་པ་ནི། ཡུམ་གྱི་པདྨ་བྱིན་གྱིས་བརླབས་པ་དེ་ནས་ཡབ་ཀྱི་གསང་བ་ལ་རྡོ་རྗེ་རྩེ་ལྔ་པར་བསམ་མོ། །དེ་ཡང་ཡེ་ཤེས་ལྔའི་རང་བཞིན་ནོ། །ཨོཾ་ལས་རྡོ་རྗེའི་མགོ་བོར་བསམ། །ཞེས་པ་ནི། རྡོ་རྗེའི་རྭའི་བར་དུ་ཨཾ་གི་ཆོས་ཀྱི་སྐུའི་ངོ་བོར་གྱུར་པ་སྟེ། ཡུམ་ལྔའི་རང་བཞིན་ནོ། །དེ་ནས་དྲུག་པ་བཤད་པའི་ཕྱིར། །ཕཊ་ལས་རྡོ་རྗེ་བ་གམ་བསམ། །ཞེས་བྱ་བ་སྨོས་ཏེ། བ་གམ་དེ་ཉིད་རིགས་ཀྱི་དྲུག་པའམ། ཡེ་ཤེས་དྲུག་པའམ། དབུགས་ཀྱི་དྲུག་པའི་རང་བཞིན་ནོ། །དེ་ནས་བདེ་བའི་སྟན་ཐོག་ཏུ། །ཞེས་པ་ནི། པདྨ་རྡོ་རྗེ་གཉིས་སྐྱེ་གནས་མི་དམིགས་པར་བྱས་བ་དེ་ནས། སྦྱོར་བའི་གནས་བསྟན་པ་སྟེ། ཤིན་ཏུ་འཇམ་པའི་སྟན་དང༌། ནང་ཚངས་ཅན་གྱི་སྟན་གྱི་སྟེང་དུ། སྟག་གམ་ཞིང་གི་སྟན་བཏིང་སྟེ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རྟགས་དང༌། དབང་པོ་ཐམས་ཅད་ནང་དུ་བསྡུས་པའི་རྟགས་སོ། །སྦྱོར་བ་རྣམ་པ་གསུམ་བྱ་སྟེ། །ཞེས་པ་ནི། འཇིག་རྟེན་པ་ལས་ཁྱད་པར་བསྟན་པའི་ཕྱིར་དང༌། མོས་པ་སྤྱོད་པའི་ས་ལ་སྦྱོར་བ་དང༌། སངས་རྒྱས་ཀྱི་ས་ལ་སྦྱོར་བ་གསུམ་མོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །ཡན་


DTG019_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་ཐབས་དང་སྦྱོར་བ་དངོས། །ཞེས་གསུངས་པ་སྟེ། སྦྱོར་བའི་ཡན་ལག་ནི་གནས་ཉི་ཤུ་རྩ་དགུ་ལ་སོགས་པར་འདོད་པའི་མཚོན་ཆ་འབེབས་པའོ། །སྦྱོར་བའི་ཐབས་ནི་གན་རྒྱལ་དང༌། ཁ་སྦུབ་དང༌། ཅོག་བུ་དང༌། འཕྲེང་དང༌། ལངས་པ་ལྔ་སྟེ། རིགས་ལྔ་དང་ཡུམ་ལྔའི་རང་བཞིན་ཏེ། དེ་ལས་ཕྱེ་བས་རིགས་བརྒྱའི་དབྱེ་བ་དང་སྟོང་ལ་སོགས་པར་འགྱུར་རོ། །སྦྱོར་བ་དངོས་ནི་རྟགས་གསུམ་འབྱུང་བ་ལ་སོགས་པའོ། །འཁོར་ལོ་ཉི་ཤུ་རྩ་དགུ་འམ། ཆགས་པ་སྐྱེ་བའི་དྲི་ཡིས་བྱུག །ཅེས་པ་ནི། གནས་ཉི་ཤུ་རྩ་དགུ་འམ་བཅུ་དྲུག་ཏུ་གུར་གུམ་མམ། ག་པུར་རམ་ཁྱད་པར་གྱི་དྲི་དྲུག་སྦྱར་བའི་ཐིག་ལེ་བྱས་ལ། དེ་ནས་ཁ་རུ་ཡང་ཏམ་པོ་ལ་དང༌། གུར་གུམ་ལ་སོགས་པ་བཅུག་སྟེ། ཕར་བུད་པ་ནི་ཨོཾ་གྱི་ངོ་བོའི་དབུས་སོ། །ཚུར་རྔུབ་པ་ནི་ཧཱུཾ་གི་ངོ་བོའི་དབུགས་ཏེ། ཐུན་མོང་གི་མཚོན་ཆ་བསྟན་པའོ། །བདེ་བ་སྐྱེད་པའི་ཟས་ཟོས་ནས། །ཞེས་པ་ནི། འབྲས་བུ་ནི་བདེ་བ་ཡིན་ལ། དེའི་རྒྱུ་ནི་ཁ་བའི་ཆང་དང༌། ཚོ་བའི་ཤ་དང༌། བཅུད་དང་ལྡན་པའི་ཁ་ཟས་ཀྱི་བྱེ་བྲག་ཁམས་ཀྱི་ཚོད་དང་སྦྱར་ཏེ། ཆུ་ཚོད་དང་ཐུན་ཚོད་ཀྱིས་བཏང་ངོ༌། །དེའི་དུས་སུ་ཡང་ཆུ་རླུང་བསྲུང་བ་དང༌། སྤྱོད་ལམ་ཀུན་དུ་གཟབས་ན་བདེ་བ་སྐྱེད་དོ། །བདེ་བའི་སྟན་ལ་འདུག་ནས་ནི། །ཞེས་པ་ནི། གོང་དུ་གསུངས་པའི་སྟན་དེ་ཉིད་ལ་བག་དང་བཅས་པར་འདུག་པར་བྱའོ། །ཐབས་ཀྱི་གནས་དགུར་འོ་ཡང་བྱ། །ཞེས་པ་ནི། ཤེས་རབ་མའི་གནས་གོང་དུ་གསུངས་པར་མཚོན་ཆ་དགུར་ཤེས་པར་བྱའོ། །ཤེས་རབ་ཀྱིས་ཀྱང་གནས་པར་བྱ། །ཞེས་པ་ནི་གོ་སླའོ། །ཐབས་ཀྱི་ཤེས་རབ་པདྨ་ལ། །འོ་བྱ་པདྨ་རྒྱས་སུ་གཞུག །ཅེས་པ་ནི། ཐབས་ཀྱི་ལྕེའི་རྩེ་མོ་ལ་རྩ་རྒྱས་པར་བྱེད་པའི་སྨན་གྱི་ནན་ཏན་བྱས་ལ། པདྨའི་སྐྱོན་དག་པར་བྱེད་པའི་ནུས་པ་བརྩལ་ཏེ། ལྕེའི་རྩེ་མོས་ལེགས་པར་གཡོས་ན་དེས་པར་རྒྱས་སོ། །ཤེས་རབ་ཀྱིས་ཀྱང་དེ་བཞིན་ནོ། །ཞེས་པ་ནི། ཤེས་རབ་མའི་ལག་པ་ལ་རྡོ་རྗེ་ཟབ་པའི་སྨན་དང༌། རྩ་རྒྱས་པར་བྱེད་པའི་སྨན་ནན་ཏན་བྱས་ཏེ། ལག་པས་རྡོ་རྗེ་སྐྱོན་དང་བྲལ་བར་བྱས་ལ། ལེགས་པར་བསྐྱོད་ན་དུས་གསུམ་དུ་ཟབ་པར་ངེས་སོ། །ཆགས་པ་སྐྱེ་བའི་རྟགས་འབྱུང་སྟེ། །ཞེས་པ་ནི། གོང་གི་སྦྱོར་བའི་ཡན་ལག་གི་ནུས་


DTG019_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྟོབས་ལས་བྱུང་བ། ཆགས་པའི་ཟིལ་དང་ལྡན་པ། ཁ་དོག་དམར་བ། ཁ་སྐོམ་པ་དང༌། མིག་གི་རྫི་མ་ལ་སོགས་པ་རྟགས་བཅུ་གསུམ་འབྱུང་ངོ༌། །དེ་ནས་སྦྱོར་བ་དང་སྦྱོར་བའི་ཐབས་བརྩམ་པའི་ཕྱིར། གཅིག་གིས་གཅིག་འཁྱུད་དེ་ཞེས་གསུངས་ཏེ། གཅིག་གོང་མའི་སྒྲས་ནི་ཡབ་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་སྟེ། ཡེ་ཤེས་བཞིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་དུ་བྱས་པའོ། །འོག་མའི་སྒྲས་ནི་ཡུམ་གྱི་ཞབས་གཉིས་ཀྱིས་ཡབ་ལ་འཁྱུད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་ཡེ་ཤེས་བཞི་པོ་རང་རིག་པའི་ངོ་བོར་གསལ་བར་གྱུར་པའོ། །ཧེ་རུ་ཀ་དང་ཕག་མོར་བསམ། །ཞེས་པ་ནི། དེ་གཉིས་ནི་རྟེན་མི་དམིགས་པར་སྟོན་པ་སྟེ། ཧེ་ནི་རིགས་དང་བྲལ་བར་སྟོན་ཏོ། །རུ་ནི་གཟུགས་ལས་འདས་པར་སྟོན་ཏོ། །ཀ་ཡིས་གང་ལ་མི་གནས་པ་སྟེ། དེ་ཡང་སྣོད་ཀྱི་བྱེ་བྲག་གིས་ཤེས་པར་བྱ་བའོ། །དྲུག་ཞན་པ་ཐམས་ཅད་དང་བྲལ་བའོ། །མོ་ནི་ཞེན་པ་མེད་པའི་སྲས་བསྐྱེད་པའོ། །གཞན་ཡང་ཐབས་དང་ཤེས་རབ་དེ་གཉིས་ཀྱི་བྱེ་བྲག་དང་ལམ་དང༌། དབང་བཞི་ལ་སོགས་པ་བླ་མའི་ཞལ་ནས་ཤེས་པར་བྱའོ། །སྦྱོར་ཐབས་དང་བསྐྱེད་པའི་བྱེ་བྲག་བསྟན་པའི་ཕྱིར། ཤེས་རབ་རྐང་པ་གཉིས་བརྐྱང་ནས། ཐབས་ནི་ཐབས་ལྡན་གྱིས་བསྐྱོད་པས། །ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་འབྲེལ་བར། །རྐང་པ་གཉིས་འཕྲེས་ཀྱི་ཚུལ་དུ་སྐྱོན་དང་བྲལ་བའོ། །རླུང་བཅུ་པོ་གཅིག་གི་ངོ་བོར་བསྡུས་ཏེ། གཏུམ་མོའི་མེ་ཉེས་པ་མེད་པར་སྤར་བར་བྱ་བ་ནི། ཐབས་དང་ལྡན་ཞིང་བསྐྱོད་པའོ། །ནང་རྟགས་ཕྱི་རུ་བསྟན་པའི་ཕྱིར། །ཤེས་རབ་མ་ལ་རྟགས་གསུམ་འབྱུང༌། །ཞེས་པ་ནི། རྒྱུད་དེ་ལས་བྱུང་བའི་འབྲས་བུ་སྐུ་གསུམ་སྟོན་པའོ། །དེ་ཉིད་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། ལུས་འདར་འཕར་བ་སྐུ་ཡི་རྟགས། །ཞེས་པ་ནི། དེ་ཉིད་ཀྱི་ལུས་ཆེར་འདར་བ་དང༌། འཕར་བ་འོང་སྟེ། ཁམས་ཀྱི་སྐྱོན་དང༌། གདོན་དང༌། འདོད་ཆགས་ཀྱི་སྐྱོན་ཀུན་བྲལ་ནས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ༌། །གཞན་ཡང་འོག་མ་གཉིས་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་དོ་བོ་བཤད་པར་བྱ་བའི་ཕྱིར། འདི་ནི་གསང་བའི་དཀྱིལ་འཁོར་རོ། །ཞེས་བྱ་བར་གསུངས་སོ། །དེ་ཉིད་ལས་ཐུན་མོང་གི་


DTG019_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་ཏན་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་བསྟན་པའི་ཕྱིར། འདི་ཡིས་སྐྲ་དཀར་གཉེར་མ་སྤོང༌། །ཞེས་གསུངས་ཏེ། གསང་བའི་བཅུད་ལེན་གྱིས་ཕྱི་དང་ནང་གི་སྐྲ་དཀར་བ་དང༌། གཉེར་མ་སྤོང་བར་བྱེད་པའོ། །ནད་ཀྱི་ཟུག་རྡུ་ཐམས་ཅད་འཇོམས། །ཞེས་པ་ནི། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་པ་མ་ཡིན་པའི་དོན་ཏོ། །འདི་ནི་ཞེས་པའི་ཚིག་གཅིག་ནི་གོང་དུ་བཤད་ཟིན་ཏོ། །ཕྱིའི་དཀྱིལ་འཁོར་བསྒོམ་པ་མིན། །ཞེས་པ་ནི། གསང་བའི་དཀྱིལ་འཁོར་ཉིད་ལ་སེམས་གནས་ན། གཡེང་བའི་རྒྱུ་རྡུལ་ཚོན་དང་ཐིག་ལེ་ལ་སོགས་པ་སྤངས་པའོ། །དེའི་བྱེ་བྲག་བསྟན་པའི་ཕྱིར། སྦྱིན་སྲེག་ལ་སོགས་བྱ་བ་མིན། །ཞེས་གསུངས་ཏེ། ཕྱིའི་སྦྱིན་སྲེག་དང༌། གཏོར་མ་དང་མཆོད་པ་ཀུན་སྤང་ཞེས་གསུངས་སོ། །ད་ནི་རྒྱུད་ཀྱི་ཆེ་བ་དང༌། གནས་དང་ཚད་བསྟན་པའི་ཕྱིར། གསང་བ་རྡོ་རྗེའི་རྒྱུད་འདི་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུད་འདི་ནི་ཐུན་མོང་མ་ཡིན་པའི་དོན་བསྟན་པར་བྱེད་པ་དང༌། ཀུན་གྱིས་ཐོས་པར་མི་འགྱུར་ཞིང༌། རྟོགས་པར་དཀའ་བ་སྟེ། འདོད་ཆགས་རྣམ་པར་དག་པར་བྱེད་པའོ། །གཞན་ཡང་གླེགས་བམ་གྱི་ཚད་ནི་སོར་བཅུ་གཉིས་ཏེ། སྐྱེ་མཆེད་བཅུ་གཉིས་དང༌། འཁོར་ལོ་བཅུ་གཉིས་དང༌། སྐུ་བཅུ་གཉིས་ཀྱི་རང་བཞིན་ནོ། །གནས་ནི་གཞན་གྱིས་མི་མཐོང་ཞིང་མི་རིག་པར་བྱ་བའི་ཕྱིར། གསང་བའི་གནས་ཏེ། ལྟེ་བའམ། སྤྱི་བོར་ཐབས་མཁས་པས་ཁ་ན་མ་ཐོ་བ་མེད་པར་སྦ་བར་བྱའོ། །ད་ནི་རྒྱུད་དེ་བཤད་པའི་གང་ཟག་བསྟན་པའི་ཕྱིར། ཡོངས་སུ་སྨིན་པའི་རྣལ་འབྱོར་མ། །འགའ་ཡིས་མཐོང་ན་གཞན་ལ་སྦས། །ཞེས་པ་སྟེ། ཤིན་ཏུ་རྣམ་པར་དག་པ་དང་བྲལ་ཞིང༌། བརྟུལ་ཞུགས་སྤྱོད་པ་ལ་ཡང་བ་མེད་པ་ནི། ཡོངས་སུ་སྨིན་པའི་རྣལ་འབྱོར་མ་སྟེ། འབྲས་བུ་སྨིན་པ་དང་འདྲའོ། །དེ་ནི་ཤིན་ཏུ་སྣོད་དང་ལྡན་པའོ། །གཞན་གོང་དུ་གསུངས་པའི་ཡོན་ཏན་དང་མི་ལྡན་ཞིང༌། ཉོན་མོངས་པའི་དབང་དུ་གྱུར་པ་ཀུན་ལ་གསང་བ་དང༌། སྦས་པའི་དོན་ཡིན་ཏེ། ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་དང་འདྲའོ། །དེ་ནས་བླ་མ་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར་རོ། །གསང་བ་སྟོན་པའི་བླ་མ་ནི། །སངས་རྒྱས་ཉིད་པས་བཙུན་པ་ཡིན། །ཞེས་པ་སྟེ། ཡང་བ་དང་ཡང་པའི་གཞི་


DTG019_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ཏེ། དེ་ཉིད་ཀྱང་གང་ཞེ་ན། ཡང་བའི་གཞི་ནི་འཇིག་རྟེན་པའི་ལྟ་སྤྱོད་དོ། །ཡང་བ་ནི་གསང་བའི་དོན་འཁྲུལ་པ་སྟེ། དེ་ཉིད་ལ་ཐ་དད་ཅིང་མ་འཁྲུལ་བའི་དོན་སྟོན་པ་ནི། ཡང་དག་པའི་བླ་མ་སྟེ། འཚང་རྒྱ་བའི་འབྲས་བུ་སྟེར་བར་བྱེད་པས་སངས་རྒྱས་ཉིད་པས་བཙུན་ཞེས་བྱ་བའོ། བླ་མ་ནི་འོག་མ་ལས་ཁྱད་པར་དུ་འཕགས་པའོ། །མ་ནི་ཐུན་མོང་མ་ཡིན་པའི་སྲས་སྐྱེད་པར་བྱེད་པའོ། །ད་ནི་སྦྱོར་ཐབས་ཀྱི་བྱེ་བྲག་རྒྱས་པར་བསྟན་པའི་ཕྱིར། གཞན་ཡང་འདོད་པའི་བསྟན་བཅོས་སུ། །གསུངས་པའི་སྦྱོར་ཐབས་ཀུན་བྱས་ནས། །ཞེས་པ་སྟེ། སྦྱོར་ཐབས་ཀྱི་བྱེ་བྲག་གིས་ཀུན་འདར་གྱི་རྩ་ཁ་འབྱེད་པ་དང༌། པདྨ་ཆེ་བའི་སྐྱོན་དང༌། ཆུང་བའི་སྐྱོན་སྤང་པ་བསྟན་པ་དང༌། རྡོ་རྗེ་རིང་བ་དང་ཐུང་བ་དང༌། ཕྲ་བ་དང་སྦོམ་པ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར། དབུ་རྒྱན་དང༌། སྙན་ཆ་དང༌། དཔུང་རྒྱན་དང༌། སེ་མོ་དོ་དང༌། ཁྱོགས་དང༌། བརླ་དང༌། བུད་པ་དང༌། རྐང་གཅིག་དང༌། ཀུན་རྩ་འདྲེན་པ་དང༌། ཁྱུད་ལྡིང་དང༌། དུང་ལ་སོགས་པ་ཉིས་བརྒྱ་དང༌། དྲུག་ཅུ་ཤེས་པར་བྱས་ན། ཁྱད་པར་གྱི་བདེ་བ་སྐྱེ་བའོ། །བདེ་བ་དེ་གང་ལས་སྐྱེ་སྙམ་པ་ལ། ལྔ་བཅུ་ནས་གཟུང་སྟོང་གི་བར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ནི་དྲུག་ཅུ་ལ་དྲོད་དང་འབྲལ་ཏེ་བདུན་ཅུ་ན། བདེ་བ་དང་བྲལ་ལོ། །རྣལ་འབྱོར་མ་ནི་ལྔ་ཚན་བཅུ་ན་དྲོད་དང་འབྲལ་ཏེ་ལྔ་ཚན་བཅུ་གཉིས་ན་བདེ་བ་དང་འབྲལ་ལོ། །དེ་བདེ་བ་དང་ལྡན་པར་བྱ་བའི་ཕྱིར། སྔགས་ཀྱི་སྦྱོར་ཐབས་དང༌། །སྨན་གྱི་སྦྱོར་ཐབས་མཁས་པས་ཨ་ཝ་དྷཱུ་ཏཱིའི་རྩའི་རྣམ་པ་ཡོངས་སུ་རྒྱས་པར་བྱ་སྟེ། སྐྱོན་དང་བྲལ་བའི་བདུག་པའི་སྦྱོར་ཐབས་ཀྱིས་བསྐྱོད་པར་བྱས་ན་ཁྱད་པར་གྱི་བདེ་བའི་རྟེན་ནི་ལྷན་ཅིག་སྐྱེས་པའི་བཅུ་གཉིས་མ་སྟེ། བཅུ་གཉིས་མ་དང་བདེ་མཉམ་པས། །སྔགས་སྐྱེས་མ་ལ་ལང་ཚོ་མེད། །ཅེས་གསུངས་སོ། །ད་ནི་སྦྱོར་བའི་སྐྱོན་བཤད་པར་བྱ་སྟེ། སྦྱོར་ཐབས་མི་ཤེས་སྦྱོར་བྱས་པ། །རླུང་མཁྲིས་བད་ཀན་ཀུན་ནས་སྐྱེ། །ཞེས་གསུངས་ཏེ། སྔགས་ཀྱི་སྦྱོར་ཐབས་དང༌། སྨན་གྱི་སྦྱོར་ཐབས་དང༌། བདུག་པའི་སྦྱོར་ཐབས་མི་ཤེས་པས་བདེ་བ་མེད་པར། ནད་གཞིའི་གཞིར་འགྱུར་རོ། །དེ་ནི་སྒྲ་ཇི་བཞིན་པའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི། ཏིང་ངེ་འཛིན་གྱི་སྦྱོར་ཐབས་མི་ཤེས་པས། འོད་གསལ་


DTG019_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་འབྲས་བུ་མེད་པར། མནར་མེད་པའི་འབྲས་བུ་འབྱིན་པའོ། །དེ་ནས་ཐབས་དང་ཤེས་རབ་གཉིས་ཕན་ཚུན་ཐུན་མོང་བསྟན་པའི་ཕྱིར། ཤེས་རབ་ཀྱིས་ཀྱང་ཐབས་ལ་སྟེ། །ཞེས་བྱ་བ་གསུངས་ཏེ། སྦྱོར་ཐབས་བཞི་པོ་ལ་མཁས་པའི་ཤེས་རབ་མས། ཐབས་ལ་རྟག་ཏུ་བདེ་བ་སྦྱིན་པའོ། །ད་ནི་དམ་ཚིག་བསྲུང་ཞིང་དུས་གསུམ་དུ་དམ་ཚིག་དང་ལྡན་པར་བྱ་བའི་ཕྱིར། སྦྱོར་ཐབས་མཁས་པའི་ཤེས་རབ་མ། །ཐབས་ཀྱིས་རྟག་ཏུ་བསྟེན་པར་བྱ། །ཞེས་གསུངས་སོ། །སྦྱོར་བའི་ལམ་ཁྱད་པར་ཅན་ལ་ཤེས་པས་སྦྱོར་བྱེད་དོ། །ལམ་དེ་ཉིད་ཐབས་ཀྱང་ཡིན་ལ། །དེ་ལ་མཁས་པའི་ཤེས་རབ་མ་དྲུག་སྟེ། ལམ་གྱི་རིག་མ་དང༌། རྒྱུན་གྱི་མ་དང༌། གཉེན་པོ་མ་དང༌། སྐབས་ཀྱི་མ་དང༌། ཡེ་ཤེས་མ་དང༌། ཤེས་རབ་མ་རྣམས་སོ། །ལམ་ནི་དབང་བཞི་དོན་ཐ་དད་ཅིང་འབྲེལ་པར་ཤེས་པ་སྟེ། དེ་རྣམས་དུས་གསུམ་དུ་ཡིད་ལ་དྲན་ཞིང་མ་བརྗོད་པའི་དམ་ཚིག་དང་ལྡན་པའི་ཐབས་སུ་གསུངས་སོ། །དེ་ལས་བཟློག་པ་ནི་དམ་ཚིག་དང་མི་ལྡན་པའོ། །དམ་ཚིག་དེ་ཉིད་ཐུན་མོང་དུ་བསྟན་པའི་ཕྱིར། སྦྱོར་ཐབས་མཁས་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ཡི་གསང་ལ་བརྟེན། །ཞེས་གསུངས་ཏེ། སྦྱོར་བ་ནི་ཤེས་རབ་དང་བྲལ་བའི་ཐབས་ལ་ཤེས་རབ་སྦྱོར་བ་དང༌། ཐབས་དང་བྲལ་བའི་ཤེས་རབ་ལ། ཐབས་སྦྱོར་བར་བྱེད་པ་ནི་སྦྱོར་བ་ཡིན་ཏེ། དེ་ཉིད་གཉིས་སུ་མེད་པར་ཤེས་པ་ནི་མཁས་པ་སྟེ་ཐབས་སོ། །ཐབས་དང་ཤེས་རབ་ཀྱང་སྟེང་འོག་དང༌། གཡས་གཡོན་དང༌། ཁ་དོག་དང༌། དབྱིབས་དང༌། སྐྱེ་གནས་ལ་སོགས་པར་གསུངས་སོ། །དེ་ནི་གསང་བ་ལ་བརྟེན་པའི་ཐེ་ཚོམ་ཡོངས་སུ་བཅད་པ་དང༌། གསང་བའི་ཐབས་བསྟན་པའི་ཕྱིར། གསང་བ་ལ་བརྟེན་པ་ཇི་ལྟར་ལགས་ཞེས་པ་དང༌། དེའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་གསུངས་ཏེ་གོ་སླའོ། །ད་ནི་གསང་བ་བསྟེན་པའི་ཐབས་སམ་ཚུལ་བསྟན་པའི་ཕྱིར་གསུངས་པ། མིང་སྲིང་ཚུལ་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། མིང་སྲིང་གི་ཚུལ་འཇིག་རྟེན་པའི་ཁ་ན་མ་ཐོ་བ་ལ་སོགས་པ་མི་འབྱུང་བ་སྟེ། ངོ་ཚ་དང་མི་ལྡན་པའི་ཕྱིར་རོ། །རྗེ་འབངས་ཀྱི་ཚུལ་ནི་དབང་གི་ཁ་ན་མ་ཐོ་བ་མེད་པ་སྟེ། གཞན་


DTG019_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་རྒན་གཞོན་དང་ངོ་ཚ་བཀུར་བའི་རིམ་པའི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བ་མེད་པའོ། །ད་ནི་ཁ་ན་མ་ཐོ་བ་མེད་པའི་དབེན་པའི་གནས་སུ་སྦྱོར་བ་བསྟན་པའི་ཕྱིར། དབེན་པ་ནི་ཁ་ན་མ་ཐོབ་མེད་པ་སྟེ། དེ་ཉིད་གནས་ཀྱང་ཡིན་ལ་དབེན་པ་ཡང་ཡིན་པས་དབེན་པའི་གནས་སོ། །ཕྱག་རྒྱ་དང་མི་ལྡན་ན་དམ་ཚིག་ཉམས་པའི་ཕྱིར། གལ་ཏེ་མ་བསྟན་དམ་ཚིག་ཉམས། ཚེ་འདི་ཉིད་དུ་དམྱལ་བར་ལྟུང༌། །ཞེས་གསུངས་ཏེ། དབང་དང་ལྡན་ཞིང་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་མ་བསྟེན་ན། གསང་བའི་དམ་ཚིག་ཉམས་ཏེ་ཚེའི་དུས་བྱས་ཏེ། དམྱལ་བར་སྐྱེ་བའོ། །གོང་དུ་གསུངས་པ་དེ་ཉིད་ཀྱི་ཐེ་ཚོམ་ཡོངས་སུ་ཞི་བར་བྱ་བའི་ཕྱིར། ལྷ་མོས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ཞུ་བའི་ཚིག་གསུམ་གསུངས་ཏེ། མན་ངག་མེད་པའི་རྣལ་འབྱོར་པ་སྤང་བ་དང༌། བདེ་བ་ཁྱད་པར་མེད་པ་སྤང་བ་དང༌། ཕྱག་རྒྱ་མ་བསྟེན་ན་ཉེས་པ་ཇི་ལྟར་འབྱུང་ཞེས་ཞུས་པའོ། །དེའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་གསུངས་སོ། །ལན་དེ་ཉིད་ཞུ་བ་པོ་ཉིད་ཀྱི་ངོར་མཛད་དེ་གསུངས་པའི་ཚིག་གསུང་བའོ། །བདེ་བ་ལ་གནས་གསང་བའི་དོན། །ཁྱོད་ཀྱི་ངོར་མཛད་ང་ཡིས་བཤད། །ཅེས་གསུངས་ཏེ། ལམ་ཁྱད་པར་ཅན་དེ་ཉིད་ཀྱི་ཉེས་བ་སྤངས་ཏེ། ལམ་ལ་གནས་པ་བསྟན་པའོ། །ད་ནི་དྲི་བའི་ཚིག་གི་བྱེ་བྲག་བསྟན་པ་དེའི་ལན་བྱེ་བྲག་ཏུ་གསུངས་པ། སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང༌། སྟན་ཡང་གཅིག་ལ་མི་འདུག་སྟེ། །ཞེས་གསུངས་ཏེ། ཐབས་ཁྱད་པར་ཅན་དང་མི་ལྡན་པའི་རྣལ་འབྱོར་དང༌། སྟན་དང་གནས་དང་ཡུལ་གཅིག་ཏུ་གནས་པར་མི་བྱའོ། །དེ་དང་གཉིས་ཉོན་མོངས་པའི་བདེ་བ་མི་བཙལ་བའི་ཕྱིར། འདོད་ཆགས་བསམ་པ་ཡང་མི་བཏང༌། །ཞེས་གསུངས་སོ། །བསམ་པ་ཙམ་ཡང་མི་བྱའོ། །ཉོན་མོངས་པའི་དབང་དུ་བྱས་ཏེ། སྦྱོར་བ་བྱེད་པའི་ཉེས་པ་བསྟན་པའི་ཕྱིར། གལ་ཏེ་དེ་འདྲ་བསྟེན་འགྱུར་ན། །འཇིག་རྟེན་ཕལ་པའི་འདོད་ཆགས་ཏེ། །ཞེས་གསུངས་ཏེ། སྦྱོར་ཐབས་ཀྱི་བྱེ་བྲག་གིས་འཁྲུལ་པའི་ལམ་སྤོང་པ་སྟེ། དེ་དང་མི་ལྡན་པའི་གྲོགས་བསྟེན་ནི། འཇིག་རྟེན་པའི་འདོད་ཆགས་ཉིད་དུ་འགྱུར་བའོ། །འཇིག་རྟེན་པའི་འདོད་ཆགས་ལས་འབྲས་བུ་སེམས་ཅན་དམྱལ་བར་


DTG019_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེ་བར་གསུངས། ཤི་ནས་སེམས་ཅན་དམྱལ་བར་སྐྱེ། །ཞེས་བྱ་བ་ལ་སོགས་པ་ཚིག་ལྔ་གསུངས་ཏེ། ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དང་ལྟ་བས། དུས་མ་ཡིན་པའི་ནད་དང་རིམས་འབྱུང་སྟེ། ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། སྡུག་བསྔལ་དཔག་པ་ལས་འདས་པ་མྱོང་ངོ༌། །དེ་ནི་འདོད་ཆགས་ཆེན་པོ་ལས་འབྱུང་བའོ། །དེ་ནས་དམྱལ་བ་དུ་འབོད་དུ་སྐྱེ་སྟེ། ལྕགས་ཀྱི་སོར་བཅུ་དྲུག་པའི་རི་ལ་འཛེག་པ་དང༌། མར་འབབ་པ་ནི། དགའ་བ་བཅུ་བསྟེན་དང་པོ་མི་ཤེས་པ་ལས་འབྱུང་བའོ། །དེ་བཞིན་དུ་ཡར་འཛེག་པ་དང༌། མར་འབབ་པ་ནི་ཐབས་མེད་པའི་ཕྱག་རྒྱ་བསྟེན་པས། ཉོན་མོངས་པའི་རྫུ་འཕྲུལ་ལས་བྱུང་བའོ། །བདེ་བའི་ཁྱད་པར་བསྟན་པའི་ཕྱིར། །དེ་ཕྱིར་སྦྱོར་ཐབས་མཁས་པ་བསྟེན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་དམན་པ་དེ་དགག་པའི་ཕྱིར་དང༌། སྦྱོར་ཐབས་གང་ལ་ཡང་མགོ་མ་རྨོངས་པར་བྱ་བའི་ཕྱིར་རྣལ་འབྱོར་པ་བསྟེན་ཏེ། དེ་ལས་བདེ་བ་ཁྱད་པར་ལྔ་དང་ལྡན་པ་སྐྱེ་བར་གསུངས་སོ། །ཁྱད་པར་མེད་པའི་བདེ་བའི་སྐྱོན་བསྟན་པའི་ཕྱིར། བདེ་བ་ཁྱད་མེད་ལུས་ཟུངས་ཉམས། །རླུང་མཁྲིས་བད་ཀན་ཀུན་ནས་སྐྱེ། །ཞེས་གསུངས་ཏེ། ཐབས་ཁྱད་པར་ཅན་དང་མི་ལྡན་ན། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྣ་ཚོགས་སྐྱེ་བ་དང༌། རླུང་དང་མཁྲིས་པ་ལ་སོགས་པ་ནད་གཞི་ཀུན་སྐྱེ་བ་དང༌། ལུང་ཟུང་ཉམས་པའི་སྐྱོན་བཅུ་གཉིས་འབྱུང་བར་ངེས་སོ། །ཞུ་བའི་ཚིག་ཐ་མའི་ལན་བསྟན་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་རྟག་ཏུ་བསྟེན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་བླ་ན་མེད་པའི་རྣལ་འབྱོར་ནི་ཐུན་དྲུག་གམ་ཐུན་བརྒྱད་དུ་མི་འཆད་པ་རུ་མཆོད་པར་བྱ་བའི་ཕྱིར། ལས་ཀྱི་ཕྱག་རྒྱ་རྟག་ཏུ་བསྟེན་པར་བྱ་བའོ། །ཕྱག་རྒྱ་མ་བསྟེན་དམ་ཚིག་ཉམས། །ཞེས་པ་ནི། དམ་ཚིག་ཉམས་པར་འགྱུར་ཏེ། མཆོད་པ་ལ་སོགས་པ་རྒྱུན་འཆད་པར་འགྱུར་བའི་ཕྱིར་རོ། །གསང་བ་བླ་ན་མེད་པའི་ལྟ་བ་ལ་བརྟེན་ནས་སྤྱོད་ལམ་གྱི་དུས་སུ་ཐ་སྙད་ཀྱི་ལམ་ལ་འཇུག་པའི་ཕྱིར། ཕྱག་རྒྱ་བསྟེན་པའི་དུས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛུབ་མོ་སྟོན་པ་ནི་འོངས་སམ་ཞེས་འདྲི་བའོ། །སྲིན་ལག་སྟོན་པ་ནི་


DTG019_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེགས་པར་འོངས་སམ་ཞེས་དྲིས་པའོ། །མཐེ་བོང་དྲང་པོར་སྟོན་པ་ནི་རྡོ་རྗེ་ཟབ་པའོ། །ད་བཞིན་དུ་སྲིན་ལག་དྲང་པོར་སྟོན་པ་ནི་པདྨ་ཡོངས་སུ་རྒྱས་པའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །དེ་ནི་སེམས་གཟུང་བའི་གནས་བསྟན་པར་བྱ་བའི་ཕྱིར་ཞུས་པ། ལྷ་མོས་གསོལ་པ་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ཞུས་ཏེ། དེའི་ལན་མདོར་བསྡུས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་དང་རྡོ་རྗེ་གཉིས་ཀྱི་འཁོར་ལོར་གཟུང་སྟེ། དེ་ལ་ཡང་གཉིས་ཏེ། རབ་ཀྱིས་སྲོག་དང་རྩོལ་བའི་རླུང་བཀག་ལ། །ཏིང་ངེ་འཛིན་དང་དབུགས་ཀྱིས་གཟུང་ངོ༌། །འབྲིང་དང་ཐམས་བཙན་ཐབས་ཀྱི་སྦྱོར་བ་བཅུས་གཟུང་སྟེ་འགྲོན་བུའི་སྦྱོར་བ་དང༌། ཏང་ཀུ་ལའི་སྦྱོར་བ་དང༌། ཀེར་ཀོའི་སྦྱོར་བ་དང༌། ཀྲུ་སྣའི་སྦྱོར་བ་དང༌། འཕྲེས་ཀྱི་སྦྱོར་བ་དང༌། ཨེ་རའི་སྦྱོར་བ་དང༌། དུང་ལའི་སྦྱོར་བ་དང༌། སྦོམ་པོ་ཛྲ་མོའི་སྦྱོར་བ་དང་བཅུ་སྟེ། བླ་མ་དམ་པའི་ཞལ་ནས་ཤེས་པར་བྱའོ། །གཟུང་བའི་རྟེན་ནི། གསང་བའི་འཁོར་ལོ་བཞི་མན་ངག་གཉེན་པོའི་སྟོབས་བརྗོད་པར་བྱ་བའི་ཕྱིར། གལ་ཏེ་དེ་རུ་མ་ཟིན་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་སྐད་ཅིག་མ་སྔ་མ་ལ་པདྨར་འཕྲོས་པའི་དུས་ན་གོང་བུར་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བསམ་མོ། །དེ་ནས་ཕྱོགས་བཅུར་འཕྲོས་པ་སྤྲུལ་པའི་སྐུར་བསམ་མོ། །དེ་ནས་སྤྲུལ་པའི་སྐུ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྡུ་སྟེ། དེ་ཉིད་ཆོས་ཀྱི་སྐུར་བསྡུ་སྟེ་རང་རིག་པའི་འོད་གསལ་བར་བསྒོམ་མོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་པདྨ་ལས་ལྕེས་བླངས་ཏེ། རོ་མའི་འཁོར་ལོར་བསྟིམ་མོ། །ལྕེ་དང་བྱང་ཆུབ་ཀྱི་སེམས་དང༌། རོ་མ་ཀུན་བྱིན་གྱིས་རློབ་བོ། །དེ་ལྟར་བྱས་ན་གསང་བའི་དམ་ཚིག་དང་ལྡན་པར་ངེས་སོ། །ད་ནི་ཐབས་དང་ཤེས་རབ་གཉིས་བསྐྱོད་པ་དང༌། སྦྱོར་ཐབས་ཐུན་མོང་དུ་གཉི་གས་བྱ་བ་དང༌། བདེ་བའི་ཁྱད་པར་དང་ངོ་བོ་བསྟན་པར་བྱ་བའི་ཕྱིར། ལྷ་མོས་གསོལ་པ་ཞེས་བྱ་བ་ལ་སོགས་པས་ཞུས་པ་དང༌། དེའི་ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མས་ཀྱང་གཏུམ་མོའི་མེ་སྤར་བར་བྱ་བའི་ཕྱིར་རླུང་གིས་བསྐྱོད་པར་བྱའོ། །རྣལ་འབྱོར་


DTG019_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་ཀྱང་རྩ་ཁ་དབྱེ་བའི་ཕྱོགས་སྦྱོར་ཐབས་བྱ་བའོ། །དེ་ལྟར་གཏུམ་མོའི་མེ་སྦར་བ་དང༌། དབུས་ཀྱི་རྩ་ཁ་དབྱེ་བ་ལས་བདེ་བ་ཁྱད་པར་དུ་འཕགས་པ་སྐྱེ་བའོ། །རྣལ་འབྱོར་མ་དང༌། རྣལ་འབྱོར་པའི་བདེ་བའི་ཁྱད་པར་ནི་དར་དང་དར་གྱི་སྣལ་མའི་དཔེས་སྟོན་ཏོ། །རྣལ་འབྱོར་པས་བདེ་བ་ཤས་ཆུང་བ་ལས་མེད་པར་དར་གྱི་སྣལ་མའི་དཔེས་སོ། །ཛོ་གིས་ཆེར་ཉམས་སུ་མྱོང་བ་སྟེ། ཤེས་པ་བརྒྱལ་བ་དང༌། སྐད་འདོན་པ་དང༌། འདར་བ་ལ་སོགས་པའི་རྟགས་ཀྱང་འབྱུང་སྟེ། དར་གྱི་ཤམ་བུ་ཙམ་གྱི་དཔེའོ། །ཛོ་གི་ལ་སུ་ཁམ་ཧཱ་ར་སྐྱེ་བའི་ཕྱིར། ཛོ་གི་ཁོན་བསྒྲུབ་པར་གསུངས་སོ། །ད་ནི་ཞུ་བའི་ཚིག་ཐ་མ་བསྟན་ཏེ། སུ་ཁའི་ས་བོན་གསལ་བའི་འབྲས་བུ་བསྐྱེད་པའི་རྒྱུའི་ནང་ནས་འདི་མཆོག་ཏུ་གསུངས་ཏེ། ཕྱིའི་རབ་གནས་སྦྱིན་སྲེག་དང༌། དབང་བསྐུར་དང་མཆོད་པ་དང༌། བཟླས་པ་ལ་སོགས་པ་ཀུན་གྱིས་ནི། གཡེང་བས་ན་དམན་པའོ། །ཡེ་ཤེས་ལྔ་ནི་འོད་གསལ་ཉིད་དོ། །ད་ནི་ཐེ་ཚོམ་ཡོངས་སུ་ཟད་ནས་ཚོགས་བསགས་པ་བསྟན་པའི་ཕྱིར། དེ་ནས་ལྷ་མོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་རྣམ་པར་དག་ནས་སྟོང་པ་ཉིད་ཀྱི་རང་བཞིན་འཁྱུད་དེ། གསང་བའི་མཆོད་པས་མཆོད་ནས་རང་རང་གི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ། ད་ནི་རྒྱུད་ཀྱི་ཆེ་བ་བརྗོད་པར་བྱ་སྟེ་གསང་བའི་ཡང་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་དང་པོ་ནི་ཐབས་ཀྱི་རྒྱུད་དོ། །གཉིས་པ་ནི་ཧེ་བཛྲ་ལ་སོགས་པའོ། །གསུམ་པ་ནི་ཙཀྲ་སམྦ་རའོ། །བཞི་པ་ནི་འདི་ཉིད་དུ་ཤེས་པར་བྱའོ། །ཤིན་ཏུ་འཁྲུལ་པའི་མུན་པ་ལྟ་བུ་ལ། །ཡང་དག་ལམ་སྟོན་མར་མེ་ལྟ་བུ་བརྩམས། །མར་མེ་འདྲ་བ་བརྩམས་པའི་བདེ་འཐོབ་པས། །ཚེ་འདི་སེམས་ཅན་ཐམས་ཅད་བདེ་ཐོབ་ཤོག །གསང་བ་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་འགྲེལ་པ་ཡང་དག་པའི་ལམ་སྟོན་པ་ལས། རྒྱུ་དང་འབྲས་བུའི་དེ་ཁོན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དཔལ་འཁོར་ལོ་སྔོམ་པ་ལས། བླ་མ་ཌོམྦི་ཧེ་རུ་ཀ་ཞེས་བྱ་བ་བརྟུལ་ཞུགས་བརྙེས་པས་མཛད་པ་རྫོགས་སོ།། །།གུ་རུ་རཏྣ་བཛྲ་དང༌། ལོ་ཙཱ་བ་བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousལེའུ་བཞི་པ། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་བསྟན་པ་བཤད་པ།next