Nitartha Digital Library
Tibetan
 
previousདཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། ལོངས་སྤྱོད་རྡོ་རྗེ།no next

དཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ།
ལོངས་སྤྱོད་རྡོ་རྗེ།

གསང་ཆེན་པདྨ་ཞེས་བྱ་བ་ལས་ངེས་བསྟན་དང་པོ།


DTG019_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ར་ཧ་སྱ་ནཱ་ལི་ནྱ་ནཱ་མ་ཏཱི་ཀཱ། བོད་སྐད་དུ། དཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །དྲི་མེད་བློ་ཡི་འོད་ཟེར་གྱིས། །སློབ་མ་མཆོག་གི་པད་ཁ་འབྱེད། །ཁམས་གསུམ་མ་ལུས་མཐའ་ཡས་ལ། །ཡེ་ཤེས་སྒྲོན་མ་རབ་ཏུ་གསལ། །ཐམས་ཅད་ཕྱོགས་སུ་དེ་ཉིད་ཉིད། །མཆོག་ལ་དབང་པོ་རྒྱལ་གྱུར་ཅིག །གང་གིས་ཀྱི་མགུར་ལས་རིན་ཆེན་རྒྱུད་ཀྱི་ཕྲེང༌། །མན་ངག་དང་ལྡན་གཞན་གྱི་གཞུང་ལ་སོགས་པ་བྱིན། །དེ་ཡིས་ལྷ་ཡུལ་བརྒྱ་བྱིན་དང་འདྲ་དབང་ཕྱུག་བདག །རེ་ཞིག་གཞན་


DTG019_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་མདུན་དུ་བདག་ལ་འཇིགས་པ་མེད། །འོན་ཀྱང་གཅིག་པུའི་རིན་ཆེན་རྡོ་རྗེ་ཞབས་ཀྱི་མཆོག །བླ་མ་བདག་འཇིགས་ཉི་མ་ཤར་བའི་ཟླ་བ་བཞིན། །གཞན་ཀུན་མཁའ་གནས་ཡིན་ཡང་དེ་དག་སྐར་མ་སྟེ། །དགེ་བའམ་མི་དགེ་གང་ཞིག་དེས་ནི་སྨྲས་མོད་ཀྱང༌། །དེ་ལྟ་མོད་ཀྱི་ཅི་ཞིག་རྨད་བྱུང་བདག་གིས་བྱས། །གང་མཁས་རྣམས་ཀྱིས་རྨི་ལམ་དུ་ཡང་རྙེད་པར་དཀའ། །གསང་ཆེན་ཤིན་ཏུ་གཞོན་ནུ་ཡི་ནི་པདྨའི་མཚན། །མཛེས་པ་དགའ་བཅུ་དྲུག་གིས་ལྷག་པར་བློ་ལྡན་མ། །དཔལ་དང་ལྡན་པ་སྐྱེད་ཚལ་ལེའུ་གང་ཞིག་ལས། །སྙིང་པོའི་ཨུཏྤལ་གང་བ་བདག་གིས་དང་པོ་འདྲེན། །གཞན་ཡང་དེ་རང་ལ་ནི་དབང་བསྐུར་དོན་ཕྱིར་ཏེ། །ལོངས་སྤྱོད་དེ་དག་བདག་གིས་ལོངས་སྤྱོད་རིགས་པ་བཤད། དེ་ལ་དང་པོ་བརྗོད་པ་དང༌། བརྗོད་པར་བྱ་བ་དང༌། འབྲེལ་པ་དང༌། དགོས་པ་དག །དེའི་དགོས་པ་དེ་ལྟར་ནི་ངེས་པར་སྨྲ་བར་བྱའོ། །ཅིའི་ཕྱིར་ཞེ་ན། འདིས་བསྟན་བཅོས་ལ་སྙིང་པོ་ཤེས་སོ། །འདི་ནི་བསྟན་བཅོས་ལ་གཅིག་བུ་བདག་གིས་བྱས་པ་མིན་ལོ། །འོན་ཀྱང་གཅིག་ནས་གཅིག་གི་བླ་མའི་དང་པོའི་རིམ་པས་འོངས་པའོ། །དེ་ལ་གང་ཞིག་སྣ་ཚོགས་མཆོག་གིས་སྐྱེས་ལ་སོགས་པ་ནས་བརྩམས་ནས། །དཔལ་ལྡན་སྔོམ་པའི་སྐྱེད་མོས་ཚལ། །ཞེས་བྱ་བའི་མཐར་ཐུག་པ་ཡན་ཆད་ནི་བརྗོད་པ། དེ་ལས་གང་ཞིག་འདྲེན་པ་ཨུཏྤལ་གང་བ་ནི་བརྗོད་པར་བྱ་བ། ཡང་ན་ཨུཏྤལ་ལ་གང་བ་ནི་བརྗོད་པ། དཔལ་ལྡན་སྔོམ་པའི་སྐྱེས་མོས་ཚལ་བརྗོད་པར་བྱ། དེ་དག་མཉམ་པར་སྦྱོར་བ་ལས་གཉིས་སུ་མེད་པའི་རང་བཞིན་སྦྱོར་བའི་མཚན་ཉིད་ཅེས་བྱ་བ་ནི་འབྲེལ་པ། ཨུཏྤལ་དང་གཉིས་ཀྱི་དབང་བསྐུར་དུས་སུ་གང་ཞིག་བླ་ན་མེད་པའི་མཆོད་པའི་ཚོགས་དེ་ནི་དགོས་པ། མཆོད་པའི་ཚོགས་ཀྱི་སྤྲིན་འཕྲོ་བའི་དུས་སུ་འཁྲུལ་པ་མེད་པའི་སེམས་ཀྱིས་གཉིས་སུ་མེད་པ་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའི་རྒྱལ་པོ་མཆོག་དང་ཆད་པའི་དབུས་སུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་བདག་སྟོང་པ་ཉིད་ཀྱི་རང་བཞིན་བསམས་ཏེ་ཉམས་སུ་མྱོང་བའི་རོ་ལས་གང་ཞིག་འབྲས་བུ་རྙེད་པ་དེ་ནི་དགོས་པའི་དགོས་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྣ་ཚོགས་མཆོག་གིས་སྐྱེས་མེ་ཏོག་དང་བཅས་འབྱུང་བའི་རང་བཞིན་དྲི་མ་མེད། །རིན་ཆེན་ལ་སོགས་ཆུ་ལས་སྐྱེས་པ་གེ་སར་དང་བཅས་དྲི་ཡི་སྦྲང་རྩི་འཛག་པ་ཡིས། །ཡང་དག་ལྡན་པ་དོན་དམ་པ་ཡི་བདེ་བ་སྐྱེད་བྱེད་དཔལ་ལྡན་སྔོམ་པའི་སྐྱེད་


DTG019_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོས་ཚལ། །ཨེ་ཡི་རྣམ་པའི་བྱད་གཟུགས་ཁ་སྦྱར་ནང་ཡོད་གསང་པའི་གཞི་དེ་ལ་ནི་བདག་ཕྱག་འཚལ། གང་ཞིག་སྣ་ཚོགས་མཆོག་གིས་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། ཕྱིའི་དོན་གྱིས་ཨ་ཤྭདྠ་དང་འབའ་ཏ་དང་ཙམ་པ་ཀ་དང་ནཱ་ག་གེ་སར་ལ་སོགས་པ་འཇིག་རྟེན་ལ་མཆོག་ཏུ་གྲགས་སོ། །ནང་གི་དོན་གྱིས་ས་ཞེས་བྱ་བ་ནི་གནས་ཀྱི་གཙོ་བོ་དབུས་ཀྱི་གནས་དེར་འབྱུང་བ་སྐྱེ་བའི་ཤིང་རྣམས་སོ། །དེ་ཡང་ཅི་འདྲ་བ། མེ་ཏོག་དང་བཅས་པ་མེའོ་སེ་བའི་འབྲས་བུ་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་འབྱུང་བའི་རང་བཞིན་དྲི་མ་མེད་པ། འབྱུང་བའི་སྒྲ་ནི་ས་དང་ཆུ་དང་མེ་དང་རླུང་ངོ༌། །སྲ་བ་དང་གཤེར་བ་དང་ཚབ་དང་ཡང་བ་ཞེས་བྱ་བ་ནི་དེ་རྣམས་ཀྱི་མཚན་ཉིད་དོ། །དྲི་མ་མེད་ཅེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའོ། །ཉི་རྡུལ་གྱི་ཚོགས་ཀྱི་ཕྱིར་གཅིག་པའོ། །གཅིག་བུ་མེད་པའི་ཕྱིར་དུ་མ་ཡང་མེད་དོ། །གཅིག་དང་དུམ་དང་བྲལ་བའི་ཕྱིར་ཅི་ཡང་གཟུང་བ་མེད་དོ། །གཟུང་བ་མེད་པས་འཛིན་བ་ཡང་མེད་དོ། །གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གལ་ཏེ་གཞན་དག་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ན་ཇི་ལྟར་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སོ། །དེས་ཐར་པ་ཡང་ཆད་པར་འགྱུར་རོ་ཞེས་སྨན་དེ་ལ་བཤད་པར་བྱའོ། །ཁྱེད་ཀྱི་ཐར་པ་ཇི་ལྟར་དངོས་པོའི་མཚན་ཉིད་དམ་དངོས་པོ་མེད་པའི་མཚན་ཉིད། གང་དངོས་པོའི་མཚན་ཉིད་ནི་བཅོས་མའོ། །གང་ཞིག་དངོས་པོ་མེད་པའི་མཚན་ཉིད་དེ་ནི་ཐར་པ་ཞེས་ཇི་ལྟར་འབྲེལ། ཐར་པ་ནི་རང་བཞིན་ཡེ་ཤེས་ཀྱི་མཚན་ཉིད་ལོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ཡིན་ཏེ། དེ་སྦྱིན་པ་ལ་སོགས་པ་བསོད་ནམས་ལས་སྐྱེ་མ་ཡིན་ནོ། །སྐྱེ་བ་མེད་པ་ལ་ཆད་པར་ཇི་ལྟར་འབྲེལ། སྐྱེ་བ་ལ་ཆད་པ་ཡོད་དེ་ཇི་ལྟར་བུམ་པ་བཞིན་ནོ། །དེ་ལྟར་ཡིན་ན་བསོད་ནམས་ཀྱི་ཚོགས་ལ་དགོས་པ་མེད་ཅེས་གང་ཞིག་རྟོག་པ་དེ་ལ་སེལ་བའི་དོན་སྨྲའོ། །དེའི་ཕྱིར་སྦྱིན་པ་ལ་སོགས་བའི་བསོད་ནམས་ཀྱི་ཚོགས་དགོས་པ་མེད། གལ་ཏེ་མེད་ན་ཡང་བཏང་སྙོམས་སུ་འདུག་གམ་ཅི། བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་ཡེ་ཤེས་ཀྱི་མཚན་ཉིད་ཐར་པ་རྙེད་ཀྱི་སྐྱེ་བ་མ་ཡིན་ནོ། །ཇི་ལྟར་གང་གིས་གང་ལ་རི་བོང་ཅན་གྱི་ཆ་གཅིག་སོར་མོ་ལ་སོགས་པས་སྟོན་གྱི་དེས་བསྐྱེད་དམ་ཅི། དེ་ལྟའི་རིགས་པས་ཐར་པ་ཡང་དེ་བཞིན་ནོ། །དེ་བཞིན་


DTG019_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བླ་མའི་ཞལ་སྔ་ནས་དཔལ་རྫོགས་པའི་བསྒོམ་པའི་རིམ་པ་ལས། དེ་ལྟར་ཐར་པ་བཅོས་མ་མིན། །རང་བཞིན་ཡེ་ཤེས་མཚན་ཉིད་དོ། །གང་ཕྱིར་བསོད་ནམས་ཀྱིས་ནི་རྙེད། །བསོད་ནམས་ལས་ནི་སྐྱེ་བ་མིན། །ཞེས་གསུངས་སོ། །ད་ནི་གང་ཞིག་སྣ་ཚོགས་མཆོག་གིས་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་གཞན་བཤད་པ་ཡོད་པ་དེ་གསལ་བར་སྟོན་ཏོ། སྣ་ཚོགས་ཞེས་བྱ་བ་ནི་སྦྲུལ་པ་དར་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོ་ལ་སོགས་པའོ། །མཆོག་ཅེས་བྱ་བ་ནི་བདེ་བ་ལ་ལམ་གྱི་ཕྱིར། ས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་སྙིང་པོའི་རྟེན་གྱི་ཕྱིར། ཡང་ན་སྦྲུལ་པའི་ལྟེ་བརྟེན་གྱི་ཕྱིར། སྐྱེས་ཞེས་བྱ་བ་ནི་དེར་འབྱུང་བ་རྩའི་བདག་ཉིད་ཀྱི་ཤིང་རྣམས་སོ། །མེ་ཏོག་དང་བཅས་ཞེས་བྱ་བ་ནི་བདུད་རྩི་ཁེངས་པ་ཞེས་བྱ་བའི་དོན་ཏོ། །འབྱུང་བའི་རང་བཞིན་དྲི་མ་མེད་ཅེས་བྱ་བ་ལ། འབྱུང་བ་ནི་དོན་དམ་པར་དེ་ལ་རང་བཞིན་གང་ཡིན་པ་དེ་དག་ཀུན་བརྟགས་ལ་སོགས་པ་དང་བྲལ་བ། དྲི་མ་མེད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། ཡང་ན་ནམ་མཁའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །རིན་ཆེན་ལ་སོགས་ཞེས་བྱ་བ་ནི་པདྨ་རཱ་ག་བཞིན་དུ་ཁ་དོག་གང་ལ་ཡོད་པ་དེ་ནི་པདྨ་རཱ་ག་ཞེས་འདབ་མ་དྲུག་ཅུ་རྩ་བཞི་པའི་ཆུ་སྐྱེས་སོ། །སོགས་པའི་སྒྲས་ལྟེ་བ་དང་གསེར་དང་ལྡན་པ་འདིར་ལྟེ་བ་ནི་འདབ་མ་བརྒྱད་པ། གེ་སར་གྱི་སྒྲ་ནི་རྩ་ཕྲ་མོའི་རྣམ་པའི་འདབ་མ་གསུམ་པ། ཡང་ན་འདབ་མ་གསུམ་པའི་རྣམ་པ་ལ་གང་ལྟེ་བ་ནི་རིན་ཆེན། སོགས་པའི་སྒྲ་ནི་དེའི་ནང་ན་ཡོད་པ་གློ་བུར་བ་ཧའི་རྣམ་པའོ། །ཆུ་ལས་སྐྱེས་པ་ཞེས་བྱ་བ་ལ། ཆུ་ནི་བྱང་ཆུབ་ཀྱི་སེམས། དེ་ལས་སྐྱེས་བ་འབྱུང་བ་མེ་ཏོག་རྣམས་སོ། །དེ་ཡང་ཅི་འདྲ་བར་འགྱུར་བ་ཚུལ་དང་ཐིག་ལེའི་རྣམ་པ་ཅན་གཞན་ཡང་ཅི་འདྲ་བ་ཅི་འདྲ་བ་གེ་སར་དང་བཅས་པ། གེ་སར་གྱི་སྒྲ་ནི་མཐུ་ཆེན་པོའི་སྦྲང་རྩི་ཞེས་བྱ་བའི་དོན་ཏོ། །དྲིའི་སྦྲང་རྩི་འཛག་ཅེས་བྱ་བ་ལ། དྲིའི་སྦྲང་རྩི་ནི་བྱང་ཆུབ་ཀྱི་སེམས། འཛག་པ་ནི་འབབ་པ། བྱང་ཆུབ་ཀྱི་སེམས་བདུད་རྩི་ཆུ་ལས་སྐྱེན་ཡང་བྱང་ཆུབ་ཀྱི་སེམས་འཛག་གོ །ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་མཉམ་པའི་ཕྱིར་ཞེས་དགོངས་པའོ། །དེ་བཞིན་དུ་ཡང་དཔལ་གསང་བ་འདུས་པ་ལས། འབྲས་བུས་རྒྱུ་ནི་རྒྱས་བཏབ་ཅིང༌། །རྒྱུ་ཡིས་འབྲས་བུ་རྒྱས་བཏབ་བོ། །ཞེས་གསུངས་སོ། །


DTG019_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ན་དྲི་ནི་དགའ་བ་སྦྲང་རྩི་ནི་མཆོག་གི་དགའ་བ། འཛག་པ་ནི་ཆད་པའི་དགའ་བའོ། །ད་ནི་སྐྱེད་ཚལ་གྱི་རང་གི་ངོ་བོ་བཤད་དེ། ཡང་དག་ལྡན་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་ལྡན་པ་ནི་མཉམ་པར་སྦྱོར་བའོ། །དེ་ཡང་གང་གིས་གང་ལ་དྲུག་ཅུ་རྩ་བཞི་སང་བརྒྱད་པ་དང་གསུམ་པ་ལ་སོགས་པའི་ལྷན་ཅིག་དཔལ་སྡོམ་པའི་སྐྱེད་མོས་ཚལ་ལའོ། །དཔལ་གྱི་སྒྲ་ནི་མཆོད་པའི་ཚིག །ཡང་ན་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས། སྔོམ་པ་ནི་བདེ་བ་ཆེན་པོའི་རང་བཞིན་སྐྱེད་མོས་ཚལ་ན་བདེ་བ་ཆེན་པོ་ལ་ངལ་སོ་བའི་གནས་ཡང་ན་རོལ་པའི་གནས། དེའི་ཕྱིར་དོན་དམ་པའི་བདེ་བསྐྱེད་པར་བྱེད་པའོ། །དོན་དམ་པ་ནི་མཚན་མ་མེད་པ་གཉིས་སུ་མེད་པ་སྐུ་དང་བྲལ་བ་ཟབ་པ་སྐྱེ་བ་མེད་པ་འགགས་པ་མེད་པ་བརྗོད་དུ་མེད་པ་ནམ་མཁའ་དང་འདྲ་ཞེས་པའོ། །བདེ་བ་ནི་དེའི་ཉམས་སུ་མྱོང་བའི་རོ། །སྐྱེད་བྱེད་ཅེས་བྱ་བ་ནི་མཚན་མ་མེད་པ་ལ་སོགས་པ་ལས་ཉམས་སུ་མྱོང་བའི་རོ་འབྱུང་བར་བྱེད་པའི་དོན་ཏོ། །ཨེ་ཡི་རྣམ་པའི་བྱེད་པ་གཟུགས། །ཞེས་བྱ་བ་ལ་སོགས་པ་ལ། ཨེའི་རྣམ་པའི་སྒྲ་ནི་ཆོས་ཀྱི་འབྱུང་གནས། ཆོས་རྣམས་འབྱུང་བས་ན་ཆོས་ཀྱི་འབྱུང་གནས། དེ་ཉིད་ཤེས་རབ་ཀྱི་བྷ་གའོ། །དེ་ཡང་ཁ་སྦྱར་གྱི་བྱད་གཟུགས་ཏེ། དེ་ལ་ཇི་ལྟར་ཁ་སྦྱར་གུར་གྱི་རྒྱུད་ལས་མཚན་ཉིད་གསུངས་པ་དེ་བཞིན་དུ་འདིར་བདག་གིས་གསལ་བར་བཤད་དེ། སྣུམ་པ་སྲ་བ་འཇམ་པ་ཨཏྤ་ཏྠའི་འདབ་མའི་རྣམ་པ་མཐོ་བ་ཡངས་པ་དཀར་བ་དྲི་མ་མེད་པ་རློན་པ་ཕྲ་མོའི་སྤུའི་མྱུ་གུ་ཅན་གྱི་སྙིང་པོ་ཆུ་བ་དྲི་ཞིམ་པ། སྟེང་གི་སྤུའི་ཕྲེང་བ་ལྟེ་བ་ལས་འདས་ནས་དབུ་བརྒྱན་པ་ཤིན་ཏུ་ཡིད་འཕྲོག་པ་ཉ་གང་བ་འདྲ་བ་ཞེས་པའི་དོན་ཏོ། །དེ་ལ་ཡན་ལག་ཐམས་ཅད་རེག་པས་སློབ་དཔོན་གྱི་དབང་ངོ༌། །གསང་བའི་དོན་གྱིས་འདི་ལ་རང་གི་ངོ་བོ་བཤད་དེ། །བ་སྦྱར་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཤེས་རབ་ཐབས་གཉིས་ཀྱི་རྡོ་རྗེ་དང་པདྨ་འདུས་པ་དེ་ནི་ཁ་སྦྱར་རོ། །ཡང་ན་དེ་དག་གི་འབྱུང་བའི་བདུད་རྩི་འདུས་པས་ཁ་སྦྱར་རོ། །དེ་བཞིན་དུ་དཔལ་རིག་པ་ཆེན་པོའི་རྒྱུད་ཀྱི་ལེའུ་དང་པོ་ལས། མཆོག་གི་དགའ་བ་རྒྱས་པ་ལས། །དབང་པོ་གཉིས་ཀྱི་རིན་ཆེན་རྩེར། །བྱང་ཆུབ་སེམས་ཀྱི་བདུད་རྩི་འབྱུང༌། །དགའ་མོ་འདུས་པའི་ཕྱིར་ཁ་སྦྱར། །ཞེས་གསུངས་སོ། །ཡང་ན་གང་ཞིག་བྱང་ཆུབ་ཀྱི་


DTG019_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་བདེ་པའི་གཞི་དེ་ནི་ཁ་སྦྱར་རོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས། །གང་ལྷའི་ཨེ་ཡི་བྱད་གཟུགས་ནི། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་པོ་ཆེ་ཡི་སྣོད། །ཅེས་གསུངས་སོ། །ནང་ཡོད་ཅེས་བྱ་བ་ལ་ནང་གི་སྒྲ་ནི་ཁ་སྦྱར་གྱི་རྣམ་པ་ལ་སྙིང་པོའོ། །དེ་ཡང་ཤིན་ཏུ་འཇམ་པ་ཕྲ་བ་མི་ཟད་པ་ནམ་མཁའ་དང་འདྲ་པའོ། །ཡོད་པ་ནི་དེའི་ནང་ན་གནས་པ་ཞེས་བྱ་བའི་དོན་ཏོ། །གསང་བའི་གཞི་ཞེས་བྱ་བ་ལ་སོགས་པ་ལ། གསང་པ་ནི་གཞན་མིན་མཆོག་གི་དགའ་བ། གཞི་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་དགོས་པ་ནི་འདི་ཡིན་ཏེ། གང་ཞིག་གསང་བའི་མཆོག་གི་དགའ་བ་དང་གཞི་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རྒྱལ་པོ་རང་བཞིན་དེ་ལ་བདག་ཕྱག་འཚལ་ཞེས་བྱ་བའི་དོན་ཏོ། །ད་ནི་གསང་བའི་དབང་གི་དོན་བཤད་དེ། །འདི་ལྟར་རབ་འོད་སྐྱེད་ཚལ་ལས། །མཆོད་པའི་དོན་དུ་ཨུཏྤལ་གང༌། །རེག་བྱར་གནས་པ་བུང་གཟུགས་ལ། །ཡིད་འཕྲོག་བདག་གིས་བཟོར་བགྱིད་དོ། །འདི་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་དོན་ཏོ། །རབ་འོད་ཅེས་བྱ་བ་ནི་བདེ་བ་ཆེན་པོར་གྲགས་པའི་སྔོམ་པ། སྐྱེད་ཚལ་ནི་དགའ་བ་ཐམས་ཅད་ཤར་བའི་གནས། ཡང་ན་ཁོད་དུ་ཆུད་པའི་གནས་སོ། །མཆོད་པའི་དོན་དུ་ཨུཏྤལ་གང༌། །ཞེས་བྱ་བ་ནི་རང་ལ་བྱིན་གྱིས་བརླབ་པའི་གང་ཞིག་སྲུབ་དང་བསྲུབ་ཐབས་དེ་ནི་མཆོད་པའོ། །དེའི་དུས་སུ་གང་མཆོག་གི་དགའ་བ་ཐོབ་པ་དེ་ནི་དོན་དེས་གང་ཞིག་ཁེངས་པ་དེ་ནི་ཨུཏྤལ་གང་བ། ཨུཏྤལའི་སྒྲ་ནི་གསང་བའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །རེག་བྱར་གནས་པ་བུང་གཟུགས་ལ། །ཞེས་བྱ་བ་ལ། རེག་བྱ་ནི་པདྨ། དེ་གང་ལ་ཡོད་པ་དེ་ནི་པདྨ་ཅན། བཅོམ་ལྡན་མོ་དམ་ཚིག་གི་ཡན་ལག་མོ་དེ་ལ་འཁྱུད་པས་བཞུགས་པ་བྱུང་བའི་གཟུགས་དཔལ་སྔོམ་པ་རྗེ་བཙུན་དེ་ལ་བླ་ན་མེད་པའི་མཆོད་པའི་དོན་དུ་ཨུཏྤལ་གང་བ་བཟོར་བགྱིད་ཅེས་འབྲེལ་ལོ། །ཇི་ལྟར་བཟོར་བགྱིད་པ་དེའི་དོན་བཤད་དེ། ཕག་མོའི་གཟུགས་སུ་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབས་ནས་ཕན་ཚུན་བྱང་ཆུབ་ཀི་སེམས་ཀྱི་མེ་ཏོག་ཡན་ལག་ལ་གདགས་ཏེ། ཕྱི་ནས་ཡང་ཤིན་ཏུ་བསྟན་པའི་ཡིད་ཀྱིས་འཁྲུལ་པ་མེད་པའི་ལྟ་བས་གསང་བའི་གཞི་སྐྱེད་ཚལ་ལས་དྲི་མེད་བྱང་ཆུབ་ཀྱི་སེམས་དགའ་བ་ལ་སོགས་པ་དང་བཅས་པའི་


DTG019_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་ཏོག་དྲངས་ཏེ། ཀུན་དུ་གང་བར་བྱས་ནས་རྗེས་སུ་རང་གི་ག་པུར་གྱིས་བྱུག་བཟོར་བྱས་ཞེས་བྱ་བའི་དོན་ཏོ། །ཡིད་འཕྲོག་ཅེས་བྱ་བ་ལ། ཡིད་ནི་བྱང་ཆུབ་ཀྱི་སེམས། འཕྲོག་པ་ནི་གཟུང་བ། དེའི་དུས་སུ་དགའ་བ་དང་བཅས་པའི་དང་པོའི་ཆུ་བོ་ཐབས་ཀྱི་བྱ་གདོང་མའི་གནས་སུ་བཞག་སྟེ། སློབ་དཔོན་གྱི་དབང་ཐོབ་པ་ལ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ཏེ་ཁའི་པདྨ་ལ་འབབ་པར་བྱའོ། །དེས་ཀྱང་ཨེ་མའོ་ཞེས་མྱང་བར་བྱའོ། །དེའི་དུས་སུ་བདེ་བ་ཆེན་པོ་དང་ཆོས་གཉིས་ཀྱི་དབུས་སུ་སྦོམ་པོ་མཐའ་ལྷག་གིས་དཔའ་རླབས་གཉིས་མནན་པར་བྱ་བཙིར་བར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱ་གདོང་མ་ལ་ཐབས་ཀྱི་གནས་བཤད་དེ། གང་ཞིག་ཆུ་གསུམ་གྱི་རྣམ་པ་རིན་པོ་ཆེའི་རྒྱལ་མཚན་དེ་ནི་ཆོས་ཀྱི་རྒྱལ་པོ་འབྱུང་གནས་ཤེས་རབ་ཀྱི་མཚན། དེ་ལ་གང་གདུ་བུའི་གནས་དེ་ནི་སངས་རྒྱས་རིན་པོ་ཆེའི་སྣོད། དེའི་སྟེང་གི་རིན་ཆེན་ཡལ་གའི་ནང་གི་རྩ་བར་མདུད་པའི་དྲ་བའི་བར་དུ་ཐབས་ཀྱི་ཨུཏྤལའི་རྡོ་རྗེ། དེ་དག་གི་དབུས་སུ་རྟེན་གྱི་གཟུགས་ཀྱིས་རྒྱས་པའི་སྲོག་གི་རྩ་བྱ་གདོང་མ་ཤིན་ཏུ་འཇམ་པ་དྲི་མ་མེད་པ་བསིལ་བ་དཔེ་མེད་མྱོང་བའི་རང་བཞིན་སྒུར་མོའི་རྣམ་པ་གཟུགས་ཀྱིས་སའི་མྱུ་གུ་བཞིན་འབྱུང་བའོ། །ཤེས་རབ་ལ་ཡང་དེ་བཞིན་ནོ། །འོན་ཀྱང་ནང་གི་ཚངས་པའི་སྙིང་པོའི་ནང་ན་ཅུང་ཟད་གསལ་བའི་གཟུགས་སོ། །དེའི་ཕྱིར་འོག་ནས་བཤད་པ་ཡེ་ཤེས་ཀྱི་དབང་ལ་དང་པོ་རེ་ཞིག་ཤེས་རབ་དགོས་སོ། །དུས་ཐམས་ཅད་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ནི་ཨུཏྤལ་གང་བའི་མཚན་ཉིད་བཤད་དེ། དད་པའི་ཞལ་འཁྲི་ཤིང་རྩ་བ། །དབྱུག་པ་རྒྱུ་ནི་བཞི་ཡིན་ནོ། །རེག་བྱའི་རྩ་བརྒྱད་འདབ་མ་སྟེ། འཕོ་བ་ནང་གི་གེ་སར་རོ། །ཞེས་བྱ་བ་ལ། དད་པ་ནི་ཚངས་པ་སྟེ་ཧཾ་གི་རྣམ་པ་འབྱུང་བའི་དོན་གྱི་ཕྱིར། ས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཅན་བདེ་བ་དེའི་ཕྱིར་དང་པ་ནི་ཚངས་པའོ། །ཡང་ན་དད་པའི་སྟེང་ན་གནས་པ་ཚངས་པ། ཞེས་འཇིག་རྟེན་ན་གྲགས་སོ། །ཞལ་ཞེས་བྱ་བ་ནི་དེ་ལ་མགོ་བོ་བཞི་ཡོད་པའོ། །འཁྲི་ཤིང་ནི་རྩའོ། །དེ་ལ་དགོངས་པ་འདི་ཡིན་ཏེ། ཚངས་པའི་ཞལ་བཞི་འཁྲི་ཤིང་གི་རྣམ་པའི་རྩའོ། །དེའི་བདག་ཉིད་ཀྱི་ཨུཏྤལའི་རྩ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཚངས་པ་ཞེས་བྱ་བ་ནི་ཕུང་པོའི་རྣམ་པར་


DTG019_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པ། དེས་འཁྲི་ཤིང་གི་རྣམ་པའི་རྩ་བཞི་ཤིན་ཏུ་ཁེངས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་སྔོམ་པའི་རྒྱ་མཚོའི་རྒྱུད་ལས། ཚངས་པ་ཕུང་པོའི་རྣམ་པར་ཤེས། །ཁྲག་ནི་ཁྱབ་འཇུག་རབ་ཏུ་གྲགས། །རི་ཡི་ཆུ་ནི་ལྷ་ཆེན་པོ། །རྩ་ཡི་སྙིང་པོའི་ནང་ན་ཡོད། ཅེས་གསུངས་སོ། །དབྱུག་པ་ཞེས་བྱ་བ་ནི་སྡོང་བུའོ། །དེ་ཡང་སྲོག་མར་གྲགས་པ། ཡང་ན་དྲུག་ཅུ་རྩ་བཞི་འདུས་པའི་བདག་ཉིད་ཀྱིའོ། །རྒྱུ་ཞེས་བྱ་བ་ནི་སྐད་ཅིག་མ་བཞི། རྣམ་པ་སྣ་ཚོགས་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་འཇོམས་པ་དང༌། རྣམ་པའི་མཚན་ཉིད་ཅེས་རིམ་པའོ། །ཡང་ན་སྐད་ཅིག་རྒྱུར་གྲགས་པ་ཅན་རྩ་བའོ། །རྩ་བ་ལས་འབྲས་བུའོ། །འབྲས་བུ་ནི་འདིར་དགའ་བའི་མཚན་ཉིད་ཅན་སྡོང་བུ་དང་བཅས་པའི་ཨུཏྤལ་ཞེས་བྱ་བའི་དོན་ཏོ། །རེག་བྱའི་རྩ་བརྒྱད་འདབ་མ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་རྩ་ཁ་ཅིག་རེག་བྱའི་གཟུགས། ཁ་ཅིག་རེག་བྱ་དང་བྲལ་བའི་གཟུགས་རེག་བྱ་དང་བྲལ་བ་ནི་ཟུར་གསུམ་དུ་གནས་པ་སྲོག་མ་དང་ལྡན་པ་རེག་བྱའི་གཟུགས་འདབ་མ་བརྒྱད་ལ་གནས་པའོ། །དེ་ལ་རིམ་པ་ནི་འདིའོ། །སྣུམ་པ་ཡངས་པ་རླབས་ཆེན་མ། །རོ་ལྡན་རྩུབ་པ་སྟོབས་མ་དང༌། །ཡན་ལག་མེད་ཞུ་རྣམ་གསལ་ནི། །ལུ་རྒྱུད་རྣམ་པ་ཟླུམ་པོའི་ཚུལ། །དགའ་བའི་ལོངས་སྤྱོད་དུས་སུ་ནི། །སྤྲུལ་བཞིན་དུ་ནི་གདེངས་ཀ་བྱེད། དེ་ཕྱིར་རེག་བྱ་ཞེས་སུ་གྲགས། །དེ་ལྟར་མིན་ན་ངེས་མི་རྙེད། །སྔོམ་པ་རྒྱ་མཚོའི་མཚན་ཉིད་འདི། །རྡོ་རྗེ་མགོན་པོས་བདེ་སྟེར་ནི། །ཞེས་གསུངས་སོ། །གང་ཞིག་རེག་བྱའི་གཟུགས་དེ་ནི་ཨ་ཤོ་ཀའི་འདབ་མའི་རྣམ་པ་བཞིན་ཐམས་ཅད་ཁྱབ་ནས་བདུད་རྩི་འཛག་ཅེས་བདག་གི་དགོངས་པའོ། །འཕོ་བ་ནང་གི་གེ་སར་ཞེས་བྱ་བ་ལ། འཕོ་བ་ནི་གནས་ནས་གནས་སུ་འགྲོ་བ། །ཡང་ན་ཕྲད་པ་ནི་འཕོ་བའོ། །དེ་ལ་མདོར་བསྡུས་པའི་རིམ་པ་བཤད་དེ། ཚེས་གཅིག་གི་ཆུ་ཚོད་གཅིག་གི་བར་དུ་བྱང་ཆུབ་ཀྱི་སེམས་འོད་ཀྱི་དགའ་བའི་ཐིག་ལེའི་གནས་སུ་སྲོག་ཕྲད་པ་ལས་འོད་ཀྱི་སྲོག་ཅེས་བྱ་བ་དང་པོའོ། །ཚེས་གཉིས་པ་ལ་ཆུ་ཚོད་གཉིས་ཀྱི་བར་དུ་སྟོབས་ཀྱི་གནས་སུ་ཉེ་བར་ཕྲད་པ་ལས་ཉེ་བའི་སྟོབས་ཞེས་བྱ་བ་ནི་གཉིས་པའོ། །ཚེས་གསུམ་པ་ལ་ཆུ་ཚོད་གསུམ་གྱི་བར་དུ་སྤྲིན་གྱི་གནས་སུ་ཕྲད་པ་


DTG019_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་མཉམ་པའི་སྤྲིན་ཞེས་བྱ་བ་ནི་གསུམ་པའོ། །ཚེས་བཞི་ལ་ཆུ་ཚོད་བཞིའི་བར་དུ་ཚུལ་གྱི་གནས་གྱེན་དུ་འགྲོ་བ་ཕྲད་པ་ལས་གྱེན་དུ་འགྲོ་བའི་ཚུལ་ཞེས་བྱ་བ་ནི་བཞི་པའོ། །ཚེས་ལྔ་ལ་ཆུ་ཚོད་ལྔའི་བར་དུ་དབུགས་དབྱུང་བའི་གནས་སུ་ཐུར་དུ་འགྲོ་བ་ཕྲད་པ་ལས་དབུགས་འབྱུང་ཐུར་དུ་འགྲོ་ཞེས་བྱ་བ་ནི་ལྔ་པའོ། །ཚེས་དྲུག་པ་ལ་ཆུ་ཆོད་དྲུག་གི་བར་དུ་ཨུཏྤལའི་གནས་སུ་འཇིགས་པ་ཕྲད་པ་ལས་ཨུཏྤལ་འཇིགས་པ་ཞེས་བྱ་བ་ནི་དྲུག་པའོ། །ཚེས་བདུན་ལ་ཆུ་ཚོད་བདུན་གྱི་བར་དུ་འོག་ཀའི་གནས་སུ་ཁྱབ་བྱེད་ཕྲད་པ་ལས་འོག་ཀ་ལའི་ཁྱབ་བྱེད་ཅེས་བྱ་བ་ནི་བདུན་པ། ཚེས་བརྒྱད་པ་ལ་ཆུ་ཚོད་བརྒྱད་ཀྱི་བར་དུ་ཡིད་ཀྱི་གནས་སུ་གཞི་ཕྲད་པ་ལས་ཡིད་གཞི་ཞེས་བྱ་བ་ནི་བརྒྱད་པ། ཚེས་དགུ་པ་ལ་ཆུ་ཚོད་དགུའི་བར་དུ་སྙིང་པོའི་གནས་སུ་ལྷོད་པ་ཕྲད་པ་ལས་སྙིང་པོའི་ལྷོད་པ་ཞེས་བྱ་བ་ནི་དགུ་པ། ཚེས་བཅུ་པ་ལ་ཆུ་ཚོད་བཅུའི་བར་དུ་ཟླ་བའི་གནས་སུ་མཐའ་ཕྲད་པ་ལས་ཟླ་བའི་མཐའ་ཞེས་བྱ་བ་ནི་བཅུ་པ། ཚེས་བཅུ་གཅིག་པ་ལ་ཆུ་ཚོད་བཅུ་གཅིག་གི་བར་དུ་ཉི་མའི་གནས་སུ་ཁྲུང་ཁྲུང་ཕྲད་པ་ལས་ཉི་མ་ཁྲུང་ཁྲུང་ཞེས་བྱ་བ་ནི་བཅུ་གཅིག་པ། ཚེས་བཅུ་གཉིས་ལ་ཆུ་ཚོད་བཅུ་གཉིས་ཀྱི་བར་དུ་དྲག་པོའི་གནས་སུ་ཀུཾ་དྷ་ཕྲད་པ་ལས་དྲག་པོ་ཀུཾ་དྷ་ཞེས་བྱ་བ་ནི་བཅུ་གཉིས་པ། ཚེས་བཅུ་གསུམ་པ་ལ་ཆུ་ཚོད་བཅུ་གསུམ་གྱི་བར་དུ་མཆོག་གི་གནས་སུ་མི་རེམ་པ་ཕྲད་པ་ལས་མཆོག་མི་རིམ་པ་ཞེས་བྱ་བ་ནི་བཅུ་གསུམ་པ། ཚེས་བཅུ་བཞི་ལ་ཆུ་ཚོད་བཅུ་བཞིའི་བར་དུ་སྒྲའི་གནས་སུ་བྱེད་པ་ཕྲད་པ་ལས་སྒྲའི་བྱེད་པ་ཞེས་བྱ་བ་ནི་བཅུ་བཞི་པའོ། །ཚེས་བཅོ་ལྔ་ལ་ཆུ་ཚོད་བཅོ་ལྔའི་བར་དུ་རོའི་གནས་སུ་འོན་པ་ཕྲད་པ་ལས་རོ་འོན་པ་ཞེས་བྱ་བ་ནི་བཅོ་ལྔ་པ། ཚེས་བཅུ་དྲུག་ལ་ཆུ་ཚོད་བཅུ་དྲུག་གི་བར་དུ་ཐོག་གི་གནས་སུ་གསལ་བ་ཕྲད་པ་ལས་ཐོག་གསལ་ཞེས་བྱ་བ་ནི་བཅུ་དྲུག་པའོ། །དེ་རྣམས་ལ་གནས་སྤྱི་བོ་དང་དཔྲལ་བ་དང་སྨིན་དབུས་དང༌། སྣ་དང་རྐན་དང་གླིང་བུའི་རྩེ་མོ་དང་དབུས་དང་ཐ་མ་དང་སྙིང་ག་དང༌། ལྟེ་བ་དང་མདོམས་དང་རྡོ་རྗེའི་རྩ་བ་དང་སྐེ་དང་གདུ་བུ་དང་ཚངས་པའི་གཞི་དང་རིན་ཆེན་སྒོའོ། །འདི་ནི་འཕོ་བ་བཅུ་དྲུག་གི་ངོ་བོ་རླུང་ལས་འདྲེན་པ་གེ་སར་གྱི་ནང་གི་དོན་བླ་མའི་གདམས་ངག་ལས་ཤེས་པར་འདིར་བཤད་དོ། །རྣམ་པ་གསུམ་གྱི་གཟུགས་སུ་


DTG019_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲགས། །ལྟེ་བ་ནམ་མཁའ་བཞིན་དུའོ། །སྣང་བ་གསུམ་གྱི་མེ་ཏོག་གིས། །ལྟེ་བ་ཡན་ཆད་ཤིན་ཏུ་ཁེངས། །ཞེས་བྱ་བ་ལ། རྣམ་པ་གསུམ་གྱི་སྒྲ་ནི་ཐིག་ལེ་གསུམ་ཆར་ཡཾ་གི་རང་བཞིན་ཧའི་རྣམ་པ་གཟུགས་ཞེས་བྱ་བ་ནི་ས་ཆུ་མེ་རླུང་གཟུགས་དྲི་རོ་རེག་བྱ་ཞེས་བྱ་བའོ། །ལྟེ་བ་ནི་རེག་བྱའི་དྲིལ་བུ། ནམ་མཁའ་བཞིན་ཞེས་བྱ་བ་ནི་རྟེན་མེད་པ། ཡང་ན་ནང་སྟོང་པའོ། །དེ་ལ་དགོངས་པ་ནི་འདིའོ། །ཐིག་ལེ་གསུམ་ཆར་ཡཾ་གི་ཡི་གེ་རང་བཞིན་རྣམ་པ་གསུམ་པ་གཟུགས་བརྒྱད་དང་ལྡན་པ་གང་ཞིག་ཡེ་ཤེས་ཀྱི་མེའི་ལྟེ་བ་དེ་ནི་ནང་གི་རེག་བྱ་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །སྣང་བ་གསུམ་གྱི་མེ་ཏོག་ཅེས་བྱ་བ་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་སྟེ་དེ་ཉིད་མེ་ཏོག་རྣམས་ཏེ། དེ་ཇི་ལྟ་བུ་ཞེ་ན། ཟླ་བ་ཉི་མ་མེ་དང་འདྲ་བ་དེའི་རང་བཞིན་དུ་གྱུར་པའམ། ཟླ་བ་ནི་ཁུ་བ། ཉི་མ་ནི་ཁྲག་མེ་ནི་མཐུ། ཡང་ན་རོ་ཞེས་བྱ་བའི་དོན་ཏོ། །ལྟེ་བ་ཡན་ཆད་ཤིན་ཏུ་ཁེངས། །ཞེས་བྱ་བ་ནི་དེ་རྣམས་ཀྱིས་ཡོངས་སུ་གང་ཞེས་བྱ་བའི་དོན་ཏོ། །ཡང་ན་ཟླ་བ་ལ་སོགས་པ་རྟག་ཏུ་འཛག་ཅེས་དགོངས་པའོ། །གཞན་མིན་གཟུགས་ནི་འོང་རབ་ཉིད། །རེག་བྱ་ཡིས་ནི་ཤིན་ཏུ་བསིལ། །དྲི་ནི་ཡིད་འཕྲོག་ཡང་བ་ནི། །མཆོག་གི་དགའ་བ་སྦྱིན་པའོ། །ཞེས་བྱ་བ་ལ། གཟུགས་ཞེས་བྱ་བ་ནི་འོད་རབ། དེ་ནི་རེག་བྱའི་ལྟེ་བ་དང་ལྡན་པའི་ཨུཏྤལ། འོད་རབ་ནི་རིན་པོ་ཆེའི་གདུ་བུའི་ནང་ན་མ་ཞུ་བའི་ཐིག་ལེ་གསུམ་གྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཉི་མ་ཤར་པ། ཡང་ན་བདེ་བའི་བདུད་རྩིའི་གཟུགས་མཐར་འགྲོ་བ་ལ་ཉི་མའི་འོད་ཀྱིས་བཀུག་སྟེ་སྔར་གྱི་བཞག་ཅེས་བྱ་བའི་དོན་ཏོ། །གཞན་མིན་ཞེས་པ་ནི་ངེས་པའི་དོན། རེག་བྱ་ཡིས་ནི་ཤིན་ཏུ་བསིལ། །ཞེས་བྱ་བ་ནི་ཇི་བཞིན་པའི་དོན་ཏོ། །ཡང་ན་རེག་བྱ་ནི་བ་སྤུ་ལངས་པ་ཤིན་ཏུའི་སྒྲ་ནི་ཡུན་རིང་པའི་དུས། རྩའི་སྒྲ་ནི་འདུས་པའི་དོན་གྱི་ཕྱིར་རོ། །བསིལ་བ་ནི་དེའི་དུས་སུ་བདེ་བ་ཆེན་པོ་ཧའི་རྣམ་པ་འདོན་པ། ཡང་ན་འདོད་ཆགས་ཀྱི་མེའི་ཚ་བཞི་བདེ་ཡང་རང་གིས་ཉམས་སུ་མྱོང་བའི་རང་བཞིན་གྱི་ཕྱིར་དགོངས་པའོ། །དྲི་ནི་ཡིད་འཕྲོག་ཅེས་བྱ་བ་ནི་དྲི་ནི་ཞུ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཡིད་ཅེས་བྱ་བ་ནི་རླུང༌། འཕྲོག་པ་ནི་འཛིན་པ། དེ་ལ་དགོངས་པ་ནི་འདི་ཡིན་ཏེ། བླ་མའི་མན་ངག་ལ་ཡེ་ཤེས་ཀྱི་རླུང་གིས་བཀུག་སྟེ་དྲི་འཛིན་ཙམ་གྱིས་རིན་


DTG019_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་ཁར་སླེབས་ན་ཡང་བྱང་ཆུབ་ཀྱི་སེམས་གྱེན་དུ་འགྲོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གྱེན་དུ་ཁྱབ་པའི་ཕྱིར་རོ། །གྱེན་དུའི་སྒྲ་ནི་སྙིང་གའི་གནས་ནས་རོའི་གནས་མན་ཆད་དོ། །མཆོག་གི་དགའ་བ་སྦྱིན་པར་བྱ། །ཞེས་བྱ་བ་ལ་མཆོག་གི་དགའ་བ་ནི་གཟུང་བ་སྐད་ཅིག་དང་རོལ་སོགས་པ་བྲལ་བའི་རང་བཞིན་ངོ་བོའོ། །ཡང་ན་རེག་པར་བྱ་བ་དང་རེག་པར་བྱེད་པ་དང་བྲལ་བའི་ཕྱིར་མཆོག་གི་དགའ་བའོ། །དེ་ཉིད་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ལོངས་སྤྱོད་རྡོ་རྗེ་ས་མཛད་པ་གསང་ཆེན་པདྨ་ཞེས་བྱ་བའི་ངེས་པ་དང་པོའོ།། །།

གསང་ཆེན་པདྨ་ཞེས་བྱ་བ་ལས་ངེས་བསྟན་གཉིས་པ།


DTG020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གསང་བ་བཤད་བྱ་བ། །ཤེས་རབ་ཡེ་ཤེས་རིམ་པ་མཆོག །ཐོབ་པ་རང་གི་ངོ་བོར་གྲགས། །རྒྱས་པར་མ་ཡིན་མདོར་བསྡུས་པ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་ཕྱི་ནས་ཏེ་དབང་བསྐུར་བའི་འོག་ཏུ་སྟོང་ཕྲག་ཕྱེད་དང་བཞིས་མཚན་གྱི་བླ་མའི་ཡང་བླ་མ་སྔོམ་པའི་གོ་རིམས་ཀྱི་ཤེས་རབ་རང་ལ་བྱིན་གྱི་རླབས་ཀྱིས་མཆོད་པར་བྱས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པར་བྱ་ཞེས་བྱ་བ་ནི་དེ་ནས་ཀྱི་དོན་ཏོ། ཡང་ན་ལེགས་དགྱེས་ཆེན་པོའི་དམ་ཚིག་རོལ་པའི་སྐབས་སུ་བཅོམ་ལྡན་འདས་མས་བཅོམ་ལྡན་འདས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ཞུས་ཏེ། དེ་ན་རེ་ནམ་མཁའ་དང་མཉམ་པ་བརྒྱད་སྟོང་པའི་རྒྱུད་ལས་དྲངས་པ་སྔོམ་པ་ཕྱི་མ་ཞེས་བཤད་དོ། །དེ་སྐད་ཟེར་བ་ཡང་རིགས་པ་མ་ཡིན་ནོ། །དེས་ན་ཕྱི་མ་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བའི་ཚིགས་བཅད་ལ་ཡིད་མ་ཆེས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་མི་ཆེས་པ་དེ་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་དོན་ཁྱད་པར་གྱི་ཕྱིར་དགོངས་པ་ཡིན་ན་དེ་ཡང་རིགས་བ་མ་ཡིན་ནོ། །དོན་ནི་རིམ་པས་མཚར་བ་མ་ཡིན་ལོ། །ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་ལོ། །ཇི་ལྟར་ཡེ་ཤེས་ཐིག་ལེའི་རྒྱུད་ལས་རྩ་བ་བརྟག་པ་ཕྱི་མའི་ཡང་ཕྱི་མ་བཤད་པ་སྙིང་པོ་འབྲས་བུ་ཞེས་རིམ་པས་གསུངས་སོ། །ནམ་མཁའ་དང་མཉམ་པ་ཡང་དེ་བཞིན་ནོ། །ཡང་ན་དེ་ནས་ཀྱི་སྒྲ་ནི་ནུ་མ་མེ་ཐོབ་སྲ་བ་ཙནྡན་རློན་པའི་དྲིས་ཁྱབ་པ་གསང་བའི་ཆུ་སྐྱེས་ཀྱི་སྙིང་པོ་རྡོ་རྗེའི་མེ་ཏོག་གི་མཆོད་པས་ཀུན་དུ་མཆོད་པར་བྱས་ཏེ། རྗེས་སུ་མཉམ་པར་འབྱུང་བའི་ཐིག་ལེ་གཉིས་འདུས་མའོ། །དེའི་ཕྱིར་གསང་བའོ། །ཡང་ན་ཉན་ཐོས་ལ་སོགས་པས་རྙེད་པར་དཀའ་བའི་ཕྱིར་གསང་བའོ། །


DTG019_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ན་ཐིག་ལེ་གཉིས་ཀྱི་འདུས་པ་ལས་གང་ཞིག་ཉམས་སུ་མྱོང་བའི་རོ་དེ་ནི་གསང་བའོ། །ཡང་ན་ཤེས་རབ་ཐབས་ལ་སོགས་པ་ལས་མཚན་མའི་ཡེ་ཤེས་ལས་བྱུང་བ་རྟེན་བརྟེན་པ་བྱིན་གྱིས་རླབས་ཆར་ཡང་ཐིག་ལེའི་ཚུལ་དགའ་བ་སྐད་ཅིག་རོ་སྦྱོར་བ་ཐབས་བསམ་གཏན་ལ་སོགས་པ་དང་བྲལ་བ་གང་ཡིན་པ་དེ་ནི་གསང་བའོ། །བཤད་ཅེས་བྱ་བ་དེ་ནི་དེ་ལྟར་གྱུར་པ་ལ་མཆོག་ཟབ་པའི་དོན་གྱིས་དོན་གསལ་བར་བྱེད་པའོ། །ཡང་ན་དོན་ནི་གཞན་མི་བྱེད་པ། ཡང་ན་བཤད་ཅེས་བྱ་བ་ནི་བྱས་པས་སོ། །དོན་དམ་པ་ལ་བཤད་པ་ཡོད་པ་དེ་ལྟ་བུ་མ་ཡིན་ནོ། །འོན་ཀྱང་ཀུན་རྫོབ་ཀྱི་རང་བཞིན་ཡོད་དོ། །ཡང་ན་མཚན་གྱི་བླ་མ་ལས་སྔོམ་པའི་གསང་བའི་བླ་མ་ལས་བཤད་ཅེས་བྱ་བའི་དོན་ཏོ། །མཚན་ནི་པདྨའོ། །བླ་མ་ནི་ལྟེ་བ། སྔོམ་པ་ནི་རྡོ་རྗེའོ། །གསང་བ་ནི་བྱང་ཆུབ་ཀྱི་སེམས། བླ་མ་ནི་གྱེན་དུ། བཤད་ཅེས་བྱ་བ་ནི་བླུགས་པ། ཡང་ན་ཐིམ་པ། དེ་ལ་མན་ངག་ནི་འདི་ཡིན་ཏེ། མཚན་གྱི་བླ་མའི་པདྨའི་ལྟེ་བའི་དབུས་ནས་གཉིས་ཀྱི་གསང་བའི་བྱང་ཆུབ་ཀྱི་སེམས་སྔོམ་པའི་རྡོ་རྗེ་ལ་སྙིང་ག་ནས་རིམ་པས་རོའི་གནས་ཡན་ཆད་རང་རིག་པར་བྱས་ཏེ་རྗེས་སུ་འདྲེན་གྱེན་དུ་འཕོ་བར་བྱས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ནང་གི་སྦྱིན་སྲེག་གི་ལེའུ་ལས། གཉིས་ཀྱིས་མཆོག་ནི་དགུག་པར་བྱ། །དེ་ལྟའི་རྗེས་ལ་ངེས་པ་ནི། །ཞེས་གསུངས་སོ། །དེ་བཞིན་དུ་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས། དེ་བཞིན་གཤེགས་པའི་སྣང་བ་ལ། མཆོག་གི་རྗེས་ལ་སྣང་བ་ནི། སྣང་བ་མཆེད་སོགས་དང་བྲལ་བ། །གང་ནས་འོངས་པ་དེ་རང་འགྲོ། །འགྲོ་བའི་ཕྱིར་ན་འོད་རབ་བོ། །ཞེས་གསུངས་སོ། །དཔལ་བླ་མ་ཆེན་པོའི་ཞལ་སྔ་ནས་ནང་གི་པདྨ་ལས། རང་བཞིན་གྱིས་ནི་འོད་རབ་སྐུ། །རྫས་ཀྱི་མཆོག་ནི་རྟོག་པ་མེད། །འོན་ཀྱང་ཆགས་པའི་དྲི་མས་ཁྱབ། །གྱེན་དུ་བརྟན་པས་དྲི་མ་མེད། །ཅེས་གསུངས་སོ། །འགོ་བ་དང་གྱེན་དུ་བརྟན་པ་རིགས་པ་བི་གཞུང་ཡིན་ནོ། །དེ་ལྟ་མ་ཡིན་ན་ཇི་ལྟར་ཚངས་པའི་སྤྱོད་པ་དང་ལྡན་པས་རྡོ་རྗེ་འཛིན་པའི་ས་ཞེས་གསུང་ངོ༌། །དེའི་ཕྱིར་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ལ་སོགས་པ་གང་ཞིག་འཛིན་པ་དེ་ནི་རིགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་མལ་བ་དང་ཐ་མལ་པ་མ་ཡིན་པ་ལ་ཁྱད་པར་མེད་པར་འགྱུར་རོ། །གྱེན་དུ་དོན་མི་


DTG019_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པས་བླ་མས་གསུངས་པ་ལ་ཡིད་ཆེས་པར་བྱའོ། །དེ་བཞིན་དུ་སློབ་དཔོན་ནག་པོས། ལུང་ལས་ཡིད་ནི་ཆེས་པ་སྟེ། དེ་བཞིན་བླ་མ་ལ་ཡིད་ཆེས། རང་གི་ཡིད་ནི་ཆེས་པ་དང༌། དེ་བཞིན་བླ་མ་ལ་ཡིད་ཆེས། ཐམས་ཅད་ཡིད་ཆེས་ཀྱི་ནང་ན། །བླ་མ་གཏན་ཚིགས་ཡིན་པར་འགྱུར། །ཞེས་གསུངས་སོ། །གྱེན་དུ་ནི་མཐའ་དང་བྲལ་བ་མཐའ་ལ་སོགས་པའི་ནང་དུ་ཤར་པའོ། །དེ་བཞིན་དུ་སྔོམ་པའི་རྒྱ་མཚོ་ལས། །མཆོག་གི་རྫས་ནི་གསང་བ་ཆེ། །རང་བཞིན་དགའ་བ་འཕོ་བ་མེད། །མཐའ་སོགས་དང་བྲལ་གྱེན་དུའི་གནས། །ཨ་ཤྭ་ད་ཐ་བཞིན་མི་ཟད་པ། །ཞེས་གསུངས་སོ། །ཐོག་ནས་ཐོག་མ་ཐོག་མ་ཐ། །མཐའ་དང་ཐོག་མས་གྱེན་པོ་བྲལ། །འདི་ལྟའི་རྡོ་རྗེ་རྐང་པ་དགྱེས། །གང་ཤེས་པ་དེ་མཁས་པ་ཡིན། །རྒྱུད་ནི་དུ་མ་ཤེས་ན་ཡང༌། །དེ་ལྟ་མིན་ན་ཕྱུགས་དང་མཚུངས། །དེ་ནི་དཔལ་དབང་ཐིག་ལེ་ལས། །དྲངས་ནས་རབ་ཏུ་གསལ་བའོ། །ད་ནི་དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱ་བའི་ཚིགས་བཅད་འདི་ལ་གང་ཞིག་ཕྱོགས་གཞན་བཤད་པ་ཡོད་པ་དེ་གསལ་བར་བསྟན་ཏེ། ཨ་ཐཱ་ཏ་ར་ཧ་སྱཾ་ཝཀྵུ་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་སྙིང་པོ། ཡང་ན་དོན་ཐམས་ཅད་འདུས་པ་དེའི་ཕྱིར་འདི་ཡན་ལག་ཐམས་ཅད་ཀྱི་དོན་བཤད་པར་བྱའོ། །ཨ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་པོའི་སྐྱེ་བ་མེད་པའི་ཕྱིར་ནམ་མཁའི་རང་བཞིན། ནམ་མཁའི་རང་བཞིན་གྱི་ཕྱིར་ངོ་བོ་ཐམས་ཅད་ཀྱི་མཆོག་ངོ་བོ་ཐམས་ཅད་ཀྱི་མཆོག་གི་ཕྱིར་དོན་ཆེན་པོ། །དོན་ཆེན་པོའི་ཕྱིར་ཡི་གེ་མཆོག་ཡི་གེའི་མཆོག་གི་ཕྱིར་སྲོག་ཆེན་པོ། སྲོག་ཆེན་པོའི་ཕྱིར་འབྱུང་བ་མེད་པ། འབྱུང་བ་མེད་ན་ཡང་ཐམས་ཅད་སྐྱེ་བའི་རྒྱུ། རྒྱུའི་ཕྱིར་གཉིས་སུ་དབྱེ་བའི་དོན་བྱེད་དོ། །ཀུན་གཞི་རྣམ་པར་ཤེས་པ་ལ་གནས་བྱེད་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་རང་བཞིན་དངོས་པོའི་རྒྱུར་གྲགས་པ་དྲན་པ་སྦྱིན་ནོ། །རྒྱུ་ཡོངས་སུ་སྨིན་པའི་འབྲས་བུ་རྣམ་པ་སྣ་ཚོགས་གྲགས་པ་ལོངས་སྤྱོད་སྟོན་པར་བྱེད་དོ། །དེའི་དུས་སུ་བདེ་བ་ཆེན་པོའི་ཚངས་པའི་གཞི་ནི་ཡོད་པའི་བྱང་ཆུབ་ཀྱི་སེམས་པ་སུ་ལངས་པའི་མཚན་མས་སྨིན་མའི་འཁོར་ལོར་དབང་བྱེད་དོ། །དེ་ནི་ཨའི་རྣམ་པའི་དོན་ཉིད་དོ། །ད་ནི་ཐཱའི་རྣམ་པའི་དོན་བཤད་དེ། ཐཱ་ཞེས་བྱ་བའི་མཐར་རོ། །


DTG019_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡངས་པའི་རང་བཞིན་གྱི་ཕྱིར། ཡང་ན་ཁྱབ་པར་བྱེད་པའི་ཕྱིར། ཡང་ན་ཡང་དག་པར་བདེ་བསྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ཡང་གཉིས་སུ་དབྱེ་བའི་དོན་བདེ་དེ། རྣམ་པ་ཐམས་ཅད་ཀྱི་རང་བཞིན་གྱི་ངོ་བོ་ཡོངས་སུ་ཤེས་པས་རྣམ་པར་སྨིན་པའི་ངོ་བོ་ཉིད་ཀྱི་དགའ་བ་སྐྱེད་པར་བྱེད་དོ། །སྣང་བ་འབྱུང་བའི་རྒྱུ་ཡང་སྦྱིན། དེའི་སྐབས་སུ་སྨིན་མའི་འཁོར་ལོ་ལ་ཡོད་པའི་བྱང་ཆུབ་ཀྱི་སེམས་རྡུལ་གྱི་མཚན་མ་ལས་ལོངས་སྤྱོད་འཁོར་ལོར་ལོངས་སྤྱོད་མྱོང་བར་བྱེད་དོ། །དེ་ནི་ཐཱའི་རྣམ་པའི་དོན་ཏོ། །ད་ནི་ཏའི་རྣམ་པའི་དོན་བཤད་ཏེ། ཏ་ཞེས་བྱ་བབ་ནི་སྣང་བའོ། །ཆུ་བོ་ཐམས་ཅད་དང་བྲལ་བའི་ཕྱིར། ཡང་ན་བསིལ་བའི་འོད་ཟེར་རབ་འོད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། ཡང་ན་གཏི་མུག་གི་མུན་ནག་བཅོམ་པའི་ཕྱིར་རོ། །དེ་ཡང་གཉིས་སུ་དབྱེ་བའི་དོན་བྱེད་དེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཆད་པ་ལ་རྣམ་པར་འཇོམས་པ་ལ་ཆོས་བརྟན་པར་བྱེད་དོ། །སྦྱོར་བ་ལ་གསལ་བའི་རྒྱུ་ཡང་སྦྱིན་ནོ། །དེའི་དུས་སུ་ལོངས་སྤྱོད་འཁོར་ལོ་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བའི་མཆི་མའི་མཚན་མས་ཆོས་ཀྱི་འཁོར་ལོར་བརླག་པར་འགྱུར་ཏོ། དེ་ནི་ཏའི་རྣམ་པའི་དོན་ཏེ། །ད་ནི་རའི་རྣམ་པའི་དོན་བཤད་དེ། ར་ཞེས་བྱ་བ་ནི་སྦྱོར་བའོ། །ཉི་མའི་མཚན་ཉིད་ཀྱི་ཐབ་སྐྱི་རྡོ་རྗེའི་རྣམ་པའི་ཕྱིར། ཡང་ན་དགའ་བར་བྱེད་པའི་ཕྱིར། རེ་ཞིག་ཉི་མའི་མཚན་ཉིད་ཐབས་སུ་གྲགས་པ་རའི་རྣམ་པ་མེད་པ་ཡིན་ན་དེ་ཇི་ལྟར་རི་བོང་འཛིན་ལས་འབྱུང་བ། ཡང་ན་གྲུབ་པ། རི་བོང་འཛིན་ལ་འབྱུང་བ་མེད་པས་ཤེས་རབ་ཀྱི་མངལ་གྱི་པདྨའི་ལྟེ་བའི་གནས་སུ་སྦྱོར་བ་མེད་པར་འགྱུར་རོ། །སྦྱོར་བ་མེད་པ་འཆད་པར་འགྱུར་རོ། །ཆད་པས་བདེ་བ་ཆེན་པོའི་ཐོབ་པ་མེད་དོ། །མཐོ་བ་པས་རང་བཞིན་ཡེ་ཤེས་ཀྱི་མཚན་ཉིད་ཐར་པ་ཤིན་ཏུ་རིང་བར་འགྱུར་རོ། །དེ་བས་ན་སྦྱོར་བ་ནི་འདི་གཙོ་བའི་དོན་ནོ། །དེ་ཡང་གཉིས་སུ་དབྱེ་བའི་དོན་བྱེད་དེ། ཤེས་རབ་མའི་པདྨའི་ནང་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་ཉི་མའི་འོད་ཤིན་ཏུ་ཚ་བ་ཐབས་ཀྱི་གཟུགས་ཀྱིས་འཛིན་པའི་དོན་བྱེད་དོ། །ད་ནི་ཐབས་ལས་བྱུང་བའི་གཟུགས་ཀྱིས་རི་བོང་འཛིན་དཀར་པོའི་འོད་སླ་བའི་རྣམ་པའི་མཚན་ཉིད་ཀྱི་ངོ་བོ་གཏོང་ཕོད་བྱེད་དོ། །རྣམ་པར་དཔྱོད་པ་ལ་རྒྱུ་ཡང་སྦྱིན་ནོ། །དེའི་སྐབས་སུ་


DTG019_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོད་པའི་མཚན་མས་ཆོས་ཀྱི་འཁོར་ལོ་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་ལྟེ་བའི་དབུས་སུ་དབང་བྱེད་དོ། །དེ་ནི་རའི་རྣམ་པའི་དོན་ཏོ། །ད་ནི་ཧའི་རྣམ་པའི་དོན་བཤད་དོ། ཧ་ཞེས་བྱ་བ་ནི་ཡེ་ཤེས་སོ། །བདེ་བ་ཐམས་ཅད་ཀྱི་རྟེན་གྱི་ཕྱིར། ཡང་ན་གློ་བུར་གྱི་ཕྱིར། ཡང་ན་རྟག་ཏུ་འབྱུང་པའི་ཕྱིར་རོ། །དེ་ཡང་གཉིས་སུ་དབྱེ་བའི་དོན་བྱེད་དེ། །ཉི་མའི་མཚན་ཉིད་ཅན་དགའ་བའི་ངོ་བོ་བྱང་ཆུབ་སེམས་སྟེང་ན་རོའི་ནང་ན་འཛིན་པར་བྱེད། རི་བོང་ཅན་གྱི་མཚན་ཉིད་སྲོག་མའི་འོག་ཏུ་ནང་དུ་འཛིན་པར་བྱེད་དེ། དབུས་སུ་ཉིད་ཀྱི་རྟེན་མེད་པའི་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་རོལ་པར་བྱེད་དོ། །དེའི་དུས་སུ་ཁ་དོག་འགྱུར་བའི་རྟགས་ལས་ལྟེ་བ་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཨུཏྤལའི་རྩ་བར་ལོངས་སྤྱོད་མྱོང་བར་བྱེད་དོ། །དེ་ནི་ཧའི་རྣམ་པའི་དོན་ནོ། །ད་ནི་སྱའི་རྣམ་པའི་དོན་བཤད་དེ། །སྱའི་རྣམ་པ་ནི་དངོས་པོའོ། །རྣམ་པ་ཐམས་ཅད་སྟོན་པའི་ཕྱིར། ཡང་ན་འབབ་པའི་ཕྱིར་རོ། །དེ་ཡང་གཉིས་སུ་དབྱེ་བའི་དོན་བྱེད་དེ། ཉི་མའི་མཚན་ཉིད་ཅན་སྟེང་ན་མི་སྣང་བར་བྱེད། རི་བོང་ཅན་དཀར་པོའི་འོད་ཟེར་ཆང་པའི་བདག་ཉིད་ཅུང་ཟད་ཀྱང་ཆུབ་ཟད་བཏུང་བ་བཏུང་སྙོམས་ཀྱི་ཡེ་ཤེས་ལ་རྒྱུ་ཡང་སྦྱིན་ནོ། །དེའི་སྐབས་སུ་དྲན་པ་མེད་པའི་རྟགས་ལས་རྡོ་རྗེའི་པདྨའི་རྩ་བ་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྙེ་མའི་སྐེར་བརླག་པར་འགྱུར་རོ། །དེ་ནི་སྱའི་རྣམ་པའི་དོན་ཏོ། །ད་ནི་ཝའི་རྣམ་པའི་དོན་བཤད་དེ། ཝའི་རྣམ་པ་ནི་རྟེན་ནོ། །རྣམ་པ་དང་བྲལ་བ་ཡིན་ཡང་བདེ་བ་ཐམས་ཅད་ཀྱི་གཞིའོ། །གཞིའི་ཕྱིར་བདེ་བ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུའོ། །དེ་ཡང་གཉིས་སུ་དབྱེ་བའི་དོན་བྱེད་དེ། མ་འོངས་པའི་ཆད་པའི་དགའ་བ་ལ་བཏང་སྙོམས་བྱེད་དེ། །རྣམ་པར་འབྱེད་པ་ལ་ཡང་སྒྱུ་སྦྱིན་ནོ། །དེའི་སྐབས་སུ་མི་གཡོ་བའི་ལྟ་བའི་མཚན་མས་རིན་པོ་ཆེའི་སྙེ་མའི་སྐེ་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་ནང་གི་དཔྲལ་བར་ལོངས་སྤྱོད་མྱོང་བར་བྱེད་དེ། །དེ་ནི་ཝའི་རྣམ་པའི་དོན་ནོ། །ད་ནི་ཀྵེའི་རྣམ་པའི་དོན་བཤད་དེ། ཀྵེའི་རྣམ་པ་ཞེས་བྱ་བ་ནི་རྣམ་པར་འབྱེད་པའོ། །ཡོངས་སུ་འགྲོ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །ཡང་ན་བག་ཆགས་དང་བཅས་པའི་བདེ་ན་པའི་འཛིན་པ་བཅོམ་པའི་ཕྱིར། ཡང་ན་གཞན་གྱི་གནས་ན་ཡོད་པ་ཤིན་ཏུ་ཟབ་པའི་བདེ་བ་དགུག་པའི་ཕྱིར་རོ། །དེ་ཡང་གཉིས་སུ་དབྱེ་བའི་


DTG019_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་བྱེད་དེ། མ་རིག་པའི་སྤྲིན་གྱིས་ཁྱབ་པ་འོད་ཉི་མ་སྟོང་ལ་ལམ་དག་པར་བྱེད་དོ། །ཡང་དག་འོད་རབ་ཀྱི་རྒྱུ་ཡང་སྦྱིན་ནོ། །དེའི་དུས་སུ་སྐད་འགག་པའི་རྟགས་ལས་སྐྱེ་མེད་འགག་མེད་ནམ་མཁའ་བཞིན། རྨད་དུ་བྱུང་བ་སྐུ་མེད་གཏིང་རིང་ཟབ་པ་དྲི་མ་མེད་དཔེ་མེད་བརྗོད་མེད་མཚན་མ་མེད་པ་ཉམས་སུ་མྱོང་བའི་ངོ་བོ་ཐོག་མ་དབུས་ཐ་མ་མེད་པ་བདེ་བ་ཆེན་པོའི་རྣམ་པར་གྲགས་པའི་དཔལ་ལ་རང་བཞིན་དགའ་བའི་རྒྱལ་པོ་ཐམས་ཅད་ལ་དབང་བྱེད་པའོ། །རེ་ཞིག་སྐད་འགག་པ་ལ་སོགས་པའི་མཚན་མ་འབྱུང་བ་མེད་ན་ཇི་ལྟར་རང་བཞིན་དགའ་བ་ཡེ་ཤེས་པ་ཆེན་པོ་རྙེད། དེ་བས་འདིར་མཚན་མ་ལ་སོགས་པ་དང་པོ་གཙོ་བོའི་དགོས་པའོ། །གང་གི་ཕྱིར་ཞེ་ན། མཚན་མ་ལས་ནི་ཡིད་ཆེས་པ་སྐྱེ་བར་འགྱུར་རོ། །ཡང་དག་པར་ཡེ་ཤེས་སྐྱེ་བའི་རྒྱུ་བདག་ལ་ཡོད། མཚན་མ་ལ་སོགས་པ་ནི་ཡང་དག་པའི་ཡེ་ཤེས་མ་ཡིན་ནོ། །མཚན་མ་ཙམ་ཡིན་ནོ། །ཇི་ལྟར་ཉེ་བ་ན་མེ་ཡོད་ཀྱང་དུ་བ་མེད་ན་མི་ཤེས་སོ། །དེ་ལྟར་རང་བཞིན་དགའ་བ་ལུས་ཀྱི་ནང་ན་ཡོད་ན་ཡང་མཚན་མ་ལ་སོགས་པ་མེད་ན་མི་ཤེས་མི་རྙེད་ཅེས་བྱ་བའི་དོན་ཏོ། །ད་ནི། དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱ་བའི་ཚིགས་བཅད་ཀྱི་དོན་བྱེད་ཐམས་ཅད་ཀྱི་མཐར་ཐུག་པ་གསང་སྔགས་ཀྱི་དངོས་གྲུབ་བརྙེས་པ་ཁ་ཆེའི་སློབ་དཔོན་དཔལ་རིན་ཆེན་རྡོ་རྗེའི་ཞབས་ཀྱི་བཀའ་དྲིན་གྱིས་འདིར་བདག་གིས་མདོར་བསྡུས་ཏེ་བཤད་དེ། ཚིག་མངས་པས་འཇིགས་པའི་ཕྱིར་ཐམས་ཅད་བདག་གིས་མ་བཤད་དོ། །གང་གི་ཕྱིར་ཞེ་ན། རྩོད་པའི་དུས་ཀྱི་ཕྱིར་སེམས་ཅན་ཚེ་ཐུང་བ་དང༌། ཤེས་རབ་ཆུང་བའི་དོན་གྱི་ཕྱིར་ཞེས་བྱའོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་རིམ་པ་ལས་ཡང་དག་པའི་དོན་བཤད་དེ། ཤེས་རབ་ཡེ་ཤེས་རིམ་པ་མཆོག །ཅེས་བྱ་བ་ལ། ཤེས་རབ་ལ་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས། ཡང་ན་ཤེས་རབ་ལས་གང་ཞིག་ཡེ་ཤེས་དེ་ནི་ཤེས་རབ་ཡེ་ཤེས་སོ། །ཤེས་རབ་ནི་འདིར་གཉིས་སུ་དབྱེ་སྟེ། རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པ། རྣམ་པ་དང་བཅས་པ་ནི་སྔར་བསྟན་པའི་མཚན་ཉིད་དང་ལྡན་པའོ། །རྣམ་པ་མེད་པ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཡེ་ཤེས་ནི་འདིར་ཐབས་ཏེ། དེ་ཡང་གཉིས་སུ་དབྱེའོ། །ཡེ་ཤེས་སུ་གྲགས་པ་དང༌། ཡེ་ཤེས་ལས་བྱུང་བར་གྲགས་པའོ། །གང་ཞིག་ཤེས་རབ་མ་ལས་མཚན་མ་དང་བཅས་པའི་བདེ་བ་ཤེས་


DTG019_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དེ་ནི་ཡེ་ཤེས་སུ་གྲགས་པ། རང་འོད་ལས་བྱུང་བ་མཚན་མ་དང་བྲལ་པའི་བདེ་བ་ཉམས་སུ་མྱོང་བ་ཤེས་པ་དེ་ནི་ཡེ་ཤེས་ལས་བྱུང་བར་གྲགས་པའོ། །རིམ་པ་ཞེས་བྱ་བ་ནི་གནས། དེ་ཡང་གང་ལ་ཐ་མ་ལ་སོགས་པའི་གང་ཟག་ལ་ཐ་མའི་སྒྲ་ནི་ཙནྡན་གྱི་གང་ཟག་ཙམ་གཟུང་བའི་ཕྱིར་ཇི་ལྟ་བའི་ཙནྡན་ལ་སྐད་ཅིག་ཙམ་དྲི་ཡོད་པའོ། །དེ་ལ་སྙིང་གའི་བསམ་གཏན་གྱི་གནས་ལ་སོགས་པའི་སྒྲ་ནི་འབྲིང་རབ་ཀྱི་རབ་པོ། །འབྲིང་ནི་པདྨ་དཀར་པོའི་གང་ཟག་ཡང་དང་ཡང་དོན་བཤད་པས་ཅུང་ཟད་འཛིན་པ་ཇི་ལྟར་པདྨ་ཆུའི་ནང་ན་ཡོད་ན་ཡང་ཆུ་མ་འཛིན། ཤིན་ཏུ་འཇོམས་པས་ཅུང་ཟད་འཛིན་ནོ། །དེ་ལ་ལྟེ་བའི་སྙིང་པོར་རོ། །རབ་ནི་ཨུཏྤལའི་གང་ཟག་དེ་ལ་བསྟན་པ་ཙམ་གྱིས་དོན་བློ་ལ་འཛིན་པ་དེ་ནམ་ཡང་བརྗེད་པ་པོར་བར་མི་བྱེད་པ་ཇི་ལྟར་ཨུཏྤལ་སྐམས་ན་ཡང་དྲི་དང་ཡང་མི་འབྲལ། དེ་ལ་རྒྱལ་མཚན་གྱི་རྩ་བར་རབ་ཀྱི་རབ་ནི་རིན་པོ་ཆེའི་གང་ཟག་ཐམས་ཅད་ཉིད་ཀྱིས་ཤེས་གཞན་མ་ལ་ཡང་གསལ་བ་སྣང་བར་བྱེད་དེ། ཇི་ལྟར་རིན་པོ་ཆེ་བཅོས་མ་མ་ཡིན་པའི་ཕྱིར་ཉིད་ཀྱིས་སྣང་བར་བྱེད་པར་འགྱུར། དེ་ལ་རིན་ཆེན་གཏེར་དེའི་ཕྱིར་མཆོག་གོ །ཅིའི་ཕྱིར་ཞེ་ན། གཞན་རྣམས་ཀྱིས་རྙེད་པར་དཀའ་བའི་ཕྱིར་རོ། །ཅིའི་ཕྱིར་རྙེད་པར་དཀའ་ཞེ་ན། རྟེན་གཞི་མེད་པའི་ཕྱིར་རོ། །ཡང་ན་སྤྲོས་བ་དང་བྲལ་བའི་ཕྱིར། དེ་བས་ན་རིན་པོ་ཆེའི་གང་ཟག་ལ་ཞེས་བསྟན་པ་རིན་པོ་ཆེའི་གང་ཟག་ཉིད་མི་བསྐྱོད་པ་སྟེ། བསྐྱོད་པ་མེད་པས་མི་བསྐྱོད་པ། བསྐྱོད་པ་ནི་རང་གི་གནས་ནས་འཕོ་བ། གང་ལ་བསྐྱོད་པ་མེད་པ་དེ་ནི་མི་བསྐྱོད་པའོ། །འཇིག་རྟེན་གྱི་ཁམས་གཞན་ན་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་བྱ་བ་ནི་མེད་དོ། །འདིས་ནི་ཤེས་རབ་ཡེ་ཤེས་ལ་བསྐྱེད་རིམ་རྫོགས་རིམ་ཞེས་བཤད་དོ། །བསྐྱོད་པ་ནི་རླབས་དང་བཅས་པ། རྫོགས་པ་ནི་དེ་རང་གི་བདག་ཉིད། འོན་ཀྱང་འཕོ་པ་དང་བྲལ་བའོ། །ཡང་ན་བསྐྱེད་པ་ནི་མཚན་གྱི་བླ་མ་ལ་སོགས་པའོ། །རྫོགས་པ་ནི་མཁའ་འགྲོ་མ་དྲ་བའི་སྡོམ་པའོ། །ཡང་ན་བསྐྱེད་པ་ནི་སྐད་ཅིག་རོ་དགའ་བ་ལ་སོགས་པ། རྫོགས་པ་ནི་རང་བཞིན་དགའ་བའོ། །ཐོབ་བ་ཞེས་བྱ་བ་ལ། ཐོབ་པ་ནི་འཕོ་བ་མེད་པའི་བདེ་བ་ཉམས་སུ་མྱོང་བ། རང་གི་ངོ་བོར་གྲགས་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་སྦྱིན་པས་སྤྲོས་པ་


DTG019_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་དང་བྲལ་བའི་ཡེ་ཤེས་རྙེད་པའོ། །རྒྱས་པར་མ་ཡིན་མདོར་བསྡུས་པ། །ཞེས་བྱ་བ་ལ། མདོར་བསྡུས་པ་ནི་བསྡུས་པ་སྟེ་གསུམ་དང་བྲལ་བ་ཞེས་དགོངས་པའོ། །རྒྱས་པར་མ་ཡིན་ཞེས་བྱ་བ་ནི་གསུམ་པ་ཉིད་དུ་ངེས་པའོ། །ཡང་ན་མདོར་བསྡུས་མིན་འོ་ན་ཀྱང་རྒྱས་པར་རོ་ཞེས་སྦྱར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། བསྒྲུབ་པའི་དུས་སུ་དགའ་བ་སྐད་ཅིག་རོ་མཚན་མ་ལ་སོགས་པ་རྒྱས་པ་ལས་མདོར་བསྡུས་པ་མིན་ཞེས་དགོངས་པའོ། །གྲུབ་ནས་ཉམས་སུ་མྱོང་བའི་རོས་རྒྱས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་མདོར་བསྡུས་མིན་ཞེས་མཚན་གྱི་བླ་མ། རྒྱས་པར་མིན་ཞེས་བྱ་བ་ནི་འཁོར་ལོ་སྡོམ་པ། ཡང་ན་མདོར་བསྡུས་མིན་ཕག་མོ། །རྒྱས་པར་མ་ཡིན་བཅོམ་ལྡན་འདས། །ཞེས་བརྡའི་ཚིག་གོ །དཔལ་ལྡན་ཧེ་རུ་ཀ་ཡི་སྦྱོར། །འདོད་པ་ཐམས་ཅད་དོན་གྲུབ་བྱེད། །སྒོ་ང་ལས་སྐྱེས་སྐུ་དང་བྲལ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །ཞེས་བྱ་བ་ལ། དཔལ་ལྡན་ཧེ་རུ་ཀ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་དང་བྲལ་བ། སྦྱོར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཡེ་ཤེས་ལ་མཉམ་པར་འཁྱུད་པ། ཡང་ན་བདེ་བ་ཆེན་པོ་ལ་དུས་གཅིག་ཏུ་ཤར་བ། ཡང་ན་རྒྱས་པ་དང་མདོར་བསྡུས་པ་དེ་དག་དང་བྲལ་བའི་ཉམས་སུ་མྱོང་བའི་རོས་ཁྱབ་པ། འདོད་པ་ཐམས་ཅད་དོན་འགྲུབ་ཅེས་བྱ་བ་ལ་འདོད་པ་ཐམས་ཅད་ནི་འདོད་པ་ཐམས་ཅད་དགའ་བ་བཅོ་ལྔའོ། །དེ་རྣམས་ཀྱི་དོན་ནི་བཅུ་དྲུག་པ། དེ་ལ་གྲུབ་བྱེད་ཅེས་བྱ་བ་ནི་བཅོམ་ལྡན་འདས། དེ་བས་ན་དེའི་འདོད་པ་ཐམས་ཅད་དོན་གྲུབ་བྱེད་ཅེས་བྱའོ། །སྒོ་ང་ལས་སྐྱེས་སྐུ་དང་བྲལ། །ཞེས་བྱ་བ་ལ། སྒོ་ངའི་སྒྲ་ནི་ཐིག་ལེ་དེ་ལས་སྐྱེས་པ་ནི་འབྱུང་བ། ཡང་ན་རྫོགས་པ་ཞེས་བྱ་བའི་དོན་ཏོ། །སྐུ་དང་བྲལ་ཞེས་བྱ་བ་ལ། སྐུ་ནི་ཕུང་པོ་ལ་སོགས་པའི་མཚན་མའི་རྟེན་གྱི་རྣམ་པ་ཅན་དེ་དང་བྲལ་བ། ཡང་ན་རྣམ་པ་དང་བྲལ་ན་ཡང་ཡེ་ཤེས་སྦྱིན་པ། ཡང་ན་སྒོ་ང་ནི་ནམ་མཁའི་རང་བཞིན་བདེ་བ་ཆེན་པོ་རྫོགས་པའི་ཕྱིར་རང་འབྱུང༌། དེ་ལས་སྐྱེ་བ་དེར་ཤར་བ་ཞེས་བྱ་བའི་དོན་ཏོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །ཞེས་བྱ་བ་ལ། ཕྱི་མའི་སྒྲ་ནི་རྟག་ཏུ་ཤར་བའི་ཕྱིར་རབ་མཆོག་གོ །རང་འབྱུང་གི་ཕྱིར་དེ་ལས་ཀྱང་ཕྱི་མ་ཞེས་བྱ་བ་ནི་མཆོག་གི་ནམ་མཁའི་རང་བཞིན། ཡང་ན་ཕྱི་མ་ལས་ཞེས་བྱ་བ་ནི་མཆོག་གི་དགའ་བའི་ཉི་མའི་ཡེ་ཤེས་ལས་བྱུང་བའི་


DTG019_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲགས་པ་འོད་རབ་རང་བཞིན་དགའ་བ་ཕྱི་མ་ཞེས་ཤེས་རབ་དཔལ་གྱི་དགོངས་པའོ། །ཀྱང་གི་སྒྲ་ནི་ངེས་པའི་དོན་ཏོ། །ཡང་ན་ཕྱི་མ་ལས་ཀྱང་ཞེས་བྱ་བ་ནི་མཚན་གྱི་བླ་མ་ལས་དཔལ་ལྡན་པ་ཕྱི་མ་གསང་བ་ཆེན་པོའི་ཡེ་ཤེས་སྦྱིན་པའི་ཕྱིར་རོ། །དེས་ནི་ཧེ་རུ་ཀ་ལ་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་བཤད་ཅེས་སྦྱར་རོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པའི་དོན་གྱི་ཇི་བཞིན་རང་གི་ངོ་བོ་བཤད་དེ། བདེ་བ་ཐམས་ཅད་ཀྱི་ནི་རྟེན། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །གསང་བ་མཆོག་གི་དགྱེས་པ་ནི། །དུས་གསུམ་ཡེ་ཤེས་བྲལ་བ་ཡི། །ཞེས་བྱ་བ་ལ། སྔར་བཤད་པའི་དབང་བསྐུར་བ་ཐོབ་མཚན་དང་ལྡན་པའི་ཤེས་རབ་ཁོང་དུ་ཆུད་པར་བྱས་ཏེ། སྐྱབས་སྦྱིན་ཕྱིའི་འདོད་ཆགས་ཀྱི་བག་ཆགས་ཀྱི་ཉོན་མོངས་པ་གཅད་པའི་ཕྱིར་ནང་གི་རེག་བྱ་ཉམས་སུ་མྱོང་བའི་དོན་དུ་རབ་ཀྱི་བླ་མ་ལ་ལག་པའི་པདྨར་བྱིན་ནས་བླ་མས་འདི་སྐད་སྨྲ་བར་བྱའོ། །ཀྱི་སེམས་དཔའ་ཆེན་པོ་བདེ་བ་ཐམས་ཅད་ཀྱི་རྟེན་རྩ་བའི་དྲ་བའི་སྡོམ་པའི་དགྱེས་པ་ལ་དུས་གསུམ་དང་བྲལ་བའི་གནས་སུ་བདག་གི་ཚིག་གིས་ནང་གི་ལྷ་བས་ཡེ་ཤེས་ཆེན་པོ་བསྙེན་པར་གྱིས། བསྙེན་པ་ཙམ་གྱི་དཔེ་མེད་མཆོག་གི་དགའ་བའི་རྟེན་ཁྱོད་ཀྱིས་རྙེད་དོ། །ཡང་དེ་རང་གི་དོན་གསལ་བར་བཤད་དེ། རྟེན་ཞེས་བྱ་བ་ནི་མཆོག་གི་དགའ་བའི་ས། དེ་གང་ལ་བདེ་བ་ཐམས་ཅད་ལ། བདེ་བ་ཐམས་ཅད་ཀྱི་སྒྲས་ནི་བདེ་བ་ཆེན་པོ་ཞེས་དགོངས་པའོ། །དེ་ཡང་ཡེ་ཤེས་ལས་བྱུང་བའི་སྐབས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་མཁའ་ལ་འགྲོ་བས་མཁའ་འགྲོ་མ། ཡང་ན་དངོས་པོ་ཐམས་ཅད་བཅིར་བའི་ཕྱིར་མཁའ་འགྲོ་མ། ཡང་ན་རེག་པར་དགའ་བའི་ཕྱིར་མཁའ་འགྲོ་མའི་སྒྲ་ནི་རྩའོ། །དེ་རྣམས་ཀྱི་དྲ་བ་ནི་ཚོགས། ཡང་ན་འདུས་པ་དེ་ཉིད་སྡོམ་པའོ། །ཡང་ན་སཾ་ཞེས་བྱ་བ་ནི་བདེ་བ། བཱ་ར་ཞེས་བྱ་བ་ནི་གཙོ་བོ། །དེ་ཉིད་སྡོམ་པས་བསྡུས་པས་སྡོམ་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྡོམ་པ་ནི་སྦས་པ། ཡང་ན་གཟུང་བ། ཡང་ན་སྤྱོད་པ་ཞེས་དགོངས་པའོ། །ད་ནི་དེ་ལ་གནས་ཕུན་སུམ་ཚོགས་པ་བཤད་དེ། གསང་བ་ཞེས་བྱ་བ་ལ། གསང་བ་ནི་དྲུག་ཅུ་རྩ་བཞིའི་འདབ་མར་ཁོང་དུ་ཆུད་པ། མཆོག་ཅེས་བྱ་བ་ནི་འདབ་མ་བརྒྱད་པ་


DTG019_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་པ། དགྱེས་པ་ཞེས་བྱ་བ་ནི་འདབ་མ་གསུམ་པར་སྤྱོད་པའོ། །ཡང་ན་གསང་བའི་དགའ་བ་ནི་སྤྲོས་པ། མཆོག་ཅེས་བྱ་བ་ནི་མཆོག་གི་དགའ་བས་གཟུང་བ། དགྱེས་པ་ཞེས་བྱ་བ་ནི་ཆད་པའི་དགའ་བས་སྦས་པའོ། །ཡང་ན་གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་རང་བཞིན་དགའ་བ་ངེས་དེ་རུ་དེ་རང་སྤྱོད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་ཙམ་གྱིས་ནི་ཉིད་རྫོགས་པར་འགྱུར་ཞེས་དགོངས་པའོ། །དེ་ཡང་ཇི་ལྟ་བུར་འགྱུར་ཞེ་ན། བཤད་པ། དུས་གསུམ་ཡེ་ཤེས་དང་བྲལ་བ། །དུས་གསུམ་ཞེས་བྱ་བ་ནི་དགའ་བ་གསུམ། ཡེ་ཤེས་ནི་དེ་ལ་རྩོམ་པ། བྲལ་བ་ནི་དེས་སྤངས་པ། ཡང་ན་དུས་གསུམ་ནི་འགོག་པ་དང་འདོད་པ་དང་དཔྱིད། ཡེ་ཤེས་ནི་དེ་རྣམས་དག་པའི་སྦྱོར་བ། བྲལ་བ་ནི་དེས་འདས་པའོ། །ཡང་ན་དུས་གསུམ་ནི་སླར་ལོངས་སྤྱོད་དབང་གི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས། ཡེ་ཤེས་ནི་དེའི་རྟེན། བྲལ་བ་ནི་དོན་ཇི་ལྟ་བའོ། །ཡང་ན་ངེས་སྦངས་པ། གང་གི་ཕྱིར་ཞེ་ན། རང་བཞིན་དགའ་བ་ནི་ཀུན་རྫོབ་ཀྱི་གཟུགས་བཟུང་བ་ཙམ་གྱིས་ཡང་དག་པར་མི་རྙེད་དོ། །གང་གི་ཚེ་ཉམས་སུ་མྱོང་བ་མེད་པ་དེའི་ཚེ་མཚན་མ་དང་བཅས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ལས་རྣམ་པ་དང་བྲལ་བའོ། །ཇི་ལྟར་ཤིན་ཏུ་ལང་ཚོལ་བབ་པའི་གཞོན་ནུ་མ་སྐྱེས་པའི་སྦྱོར་བ་མེད་པས་ལེགས་དགྱེས་ལ་བདེ་བ་མི་ཤེས་སོ། །དེ་ལྟར་རྣལ་འབྱོར་བ་ཡང་ཉམས་སུ་མྱོང་བ་མི་ཤེས་པས་རང་བཞིན་དགའ་བ་བདེ་བ་ཆེན་པོའི་རྒྱལ་པོ་མི་རྙེད་དོ། །དེ་བས་འཛིན་པའི་བདུད་རྩི་ལ་ཡང་ཉམས་སུ་མྱོང་བ་དགོས་སོ། །དེ་ལྟ་མ་ཡིན་ན་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་ཡེ་ཤེས་དོན་མེད་པར་འགྱུར་རོ། །ད་ནི་ཉམས་སུ་མྱོང་བ་ལ་རིག་པའི་ཆ་ཙམ་བཤད་དེ། རང་དགའ་ཉམས་སུ་མྱོང་བའི་དགོས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་མ་ཡིད་མ་ཚིག་སེམས། །རྡོར་སེམས་མཆོག་གི་བདེ་བའོ། །ཞེས་བྱ་བ་ལ། རབ་དགའ་ཞེས་བྱ་བ་ནི་ཕྱིའི་རྟེན་དང་བདེ་བ་ལ་སོགས་པ་ལས་མ་སྐྱེས་པའོ། །རང་གི་རྫོགས་པ་ཇི་ལྟར་ནམ་མཁའོ། །ཉམས་སུ་མྱོང་བ་ཞེས་བྱ་བ་ནི་རོ་ཐམས་ཅད་ཐིམ་པ་ཇི་ལྟར་བྱེ་མའི་ནང་དུ་ཆུའོ། །དངོས་པོ་ཞེས་བྱ་བ་


DTG019_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་གནས་དང༌། ཡང་ན་འབྱུང་བ། ཇི་ལྟར་འབྱུང་བ་དེའི་དོན་བཤད་དེ། རང་འོད་རིག་མ་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་འབྱུང་བར་བྱས་ནས་རྣམ་པ་དང་བཅས་པའི་ནང་དུ་གཞག་སྟེ་ཚངས་པའི་རུས་པའི་དབྱུག་པའི་རྩེ་མོ་སྟོང་ཉི་མ་བྱེ་བའི་འོད་དང་མཉམ་པའི་ཚུལ་རྣམ་པར་བསམས་ཏེ། དེའི་རྩེ་མོའི་གཙག་བུས་དབུས་ཀྱི་གནས་འབིགས་པར་བྱའོ། །ཕུག་པ་ཙམ་གྱིས་དཔེ་མེད་རོའི་ཉམས་སུ་མྱོང་བ་སྐྱེའོ། །སྐྱེས་པ་ཙམ་གྱིས་ཡང་དག་བའི་ཤེས་རབ་ཡེ་ཤེས་ཐོབ་པ་དེས་རྙེད་དོ། །དེའི་ཕྱིར་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་ཉིད་མཆོག་གི་དབང་ཕྱུག་གིས་གསུངས་སོ། །དེ་ཡང་གང༌། མཁའ་འགྲོ་མ་ཡི་དམ་མ་ཚིག་སེམས། །མཁའ་འགྲོ་མ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ། །དེ་ལ་དམ་ཚིག་ནི་བདེ་བ་ཆེན་པོའོ། །བདེ་བ་ཆེན་པོ་ལ་བརྟེན་སེམས་དཔའ་དཔལ་ཧེ་རུ་ཀ་མགོན་པོའོ། །ཡང་ན་སེམས་དཔའི་སྒྲ་ནི་སྙིང་པོའོ། །སྙིང་པོའི་ནི་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོའོ། །རྡོར་སེམས་མཆོག་གི་བདེ་བའོ་ཞེས་བྱ་བ་ལ། རྡོ་རྗེ་ནི་མི་ཤིགས་པ། ཡང་ན་རང་བཞིན་རླུང་གི་ངོ་བོ། ཡང་ན་སེམས་དཔའི་སྒྲ་ནི་རྣམ་མཁའི་རང་བཞིན། མཆོག་ནི་གཟུང་བ་དང་འཛིན་པ་སྤངས་ན་ཡང་ཉམས་སུ་མྱོང་བ་ཤིན་ཏུ་བསལ་བའི་ངོ་བོ། །བདེ་བ་ནི་ནང་གི་རེག་བྱ་བ་ལྟ་བ་ཙམ་གྱིས་དཔེ་མེད་རོ་སྐྱེ་བར་བྱེད་པའོ། །ཡང་ན་སྦྱིན་པ་ཞེས་བྱ་བའི་དོན་ཏེ། ད་ནི་དེ་ལ་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་བཤད་དེ། དེ་ནི་རང་བྱུང་བཅོམ་ལྡན་འདས། །དཔའ་བོ་མཁའ་འགྲོ་མ་སྡོམ་པ། །ཚུལ་གྱི་ངོ་བོ་ལས་བྱུང་གྲངས། །དེ་བཞིན་དུ་ནི་གཤེགས་པའོ། །ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནང་གི་རེག་བྱ་སྦྱིན་བདག །རང་བྱུང་ནི་གཞན་མས་བྱས་པའི་ཕྱིར་དགོངས་པའོ། །གཞན་མའི་སྒྲ་ནི་དགའ་བ་ལ་སོགས་པ། དེའི་ནང་ན་བཞུགས་ན་ཡང་དེ་ལས་མ་སྐྱེས་པ། དེའི་ཕྱིར་རང་འབྱུང་ངོ༌། །དེ་ཉིད་སྐལ་བ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས། ཡང་ན་ཉོན་མོངས་པའི་བདུད་གཏི་མུག་ཉིད་བཅོམ་པའི་ཕྱིར་བཅོམ་ལྡན་འདས། ཡང་ན་སྲིད་པ་དང་མྱ་ངན་ལས་འདས་པར་འཛིན་པ་བཅོམ་པའི་ཕྱིར། བཅོམ་ལྡན་འདས། ཡང་ན་གནས་པ་དང་སྐྱེ་བ་དང༌། འཇིག་པར་


DTG019_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པའི་ང་རྒྱལ་བཅོམ་པའི་ཕྱིར་བཅོམ་ལྡན་འདས། ཡང་ཅན་ཆོས་ཀྱི་དབྱིངས་ནམ་མཁའ་བཞིན་དུ་ཀུན་དགའ་བའི་གནས་སུ་བཞུགས་པའི་ཕྱིར་བཅོམ་ལྡན་འདས་སོ། །བཞུགས་ཤིང་ཁྱབ་འཇུག་དང་ལྷ་ཆེན་པོ་དང་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པས་འབད་པས་བཙལ་ཡང་མ་རྙེད་པའི་ཕྱིར་དཔའ་བོའོ། །ཡང་ན་སེམས་ཅན་ཐམས་ཅད་ལ་ཕན་པའི་རྒྱུའི་ཕྱིར་སྲིད་པའི་རྒྱ་མཚོའི་ནང་ན་བཞུགས་ན་ཡང་ཆགས་པ་ལ་སོགས་པའི་ཆུས་མི་གོས་པ་དེ་བས་ན་དཔའ་བོའོ། །སྲིད་པའི་སྒྲ་ནི་ཕུང་པོ་ལྔའོ། །ཡང་ན་མཁའ་འགྲོ་མའི་སྡོམ་པའོ། །ཇི་ལྟར་མཁའ་འགྲོ་མའི་སྡོམ་པ་སྲིད་པ་ཡིན་ཞེས་པ་དེ་ལ་དོན་སྨྲའོ། །མཁའ་འགྲོ་མའི་སྒྲ་ནི་དང་པོའི་བདུད་རྩི་ལས་སྐྱེ་བ། སྡོམ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ལས་རླུང༌། རླུང་ལས་མེ། མེ་ལས་ཆུ། ཆུ་ལས་ས། ས་ལས་ཕུང་པོ། ཕུང་པོ་ལས་སྐྱེ་མཆེད། སྐྱེ་མཆེད་ལས་ཡེ་ཤེས་རང་བཞིན། དེ་ལ་རིམ་པ་འདི་ཡིན་ཏེ། ཆགས་པ། འཇིགས་པ། མི་དགའ་བ། ཞི་བ་དང༌། ང་རྒྱལ། སྙིང་རྗེ། སོ་སོར་རྟོག་པ། བདག །ཡིད། སྲིད་པ། རྣམ་པར་རྟོག་པ། རིག །རིག་བྱེད། ངོ་ཚ། མི་དགེ་བ། མཚན་ཉིད་དང་བྲལ་བ། ལེན་པ། འདུས་པ། བཀྲེས་པ། སྐོམ་པ། མི་བཀྲེས་པ། ནད་དེ་ནི་སྣང་བ་མཆེད་པའི་གནས་ལ་རྒྱུ་སྦྱིན་སེམས་ཀྱི་རང་བཞིན་ཉི་ཤུ་རྩ་གཉིས། ད་ནི་སྣང་བ་ཐོབ་པའི་རྒྱུ་སྦྱིན་ལས་བྱུང་བའི་ཉི་ཤུ་རྩ་བཞི་བཤད་དེ། ཆགས་པ་དང་བྲལ་བ། ཁྲོ་བ། མ་རུངས་པ། ས་ཧ་ས་མ། ང་རྒྱལ། གཏི་མུག །བརྟན་པ། སྟོབས། ཕྱི། བསལ་བ། དབེན་པ། མ་ཡིན་པ། འཕྲོག་པ། བྱེད་པ། རྩལ། བརྩོན་འགྲུས། ངོ་ཚ་མེད་པ། སྐུལ་པ། ཡ་མཚན་དུ་གྱུར་པ། དྲག་པོ། །དབུལ་བ། རྒོད་པ། གྱ་གྱུ། སྒེག་པའོ། །དྲན་པ་མེད་པ། འཁྲུལ་པ་གཡོ་བ། ལེ་ལོ། མི་དགའ་བ། མི་སྨྲ་བ། ཐེ་ཚོམ། གནས་མེད་པ། དེ་ནི་འོད་རབ་ཀྱི་གནས་ལ་རྒྱུ་སྦྱིན་མ་རིག་པའི་རང་བཞིན་བརྒྱད་དོ། །དེ་ལྟ་བུ་སེམས་དང་སེམས་ལས་བྱུང་བ་དང༌། མ་རིག་པའི་སྣང་བ་གསུམ་གྱི་བདག་ཉིད་ལྔ་བཅུ་རྩ་བཞིའི་གྲངས་བཅོམ་ལྡན་འདས་ཀྱིས་སྡོམ་པའི་རྒྱ་མཚོ་ལས་རྒྱས་


DTG019_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བཤད་དེ། འདིར་མདོར་བསྡུས་པས་མིང་ཙམ་བརྡར་བྱས་སོ། །སེམས་དང་སེམས་ལས་བྱུང་བ་དང་མ་རིག་པ་དང་སྣང་བ་གསུམ་ཐ་མ་འཕྲིང་རབ་བྱེ་བྲག་ཏུ་བརྒྱ་རྩ་བརྒྱད་གྲངས་མཚན་མོ་དང་ཉིན་མོ་ངལ་མི་སོ་བས་སྲིད་པ་དང་མྱ་ངན་ལས་འདས་པའི་རྒྱུར་གྱུར་པའི་དོན་དུ་ཡང་དང་ཡང་བསྐོར་ཞེས་འབྲེལ་ལོ། །དེ་ལྟ་བུ་སྣང་བ་གསུམ་གྱི་བདག་ཉིད་ཐ་མ་དང་འབྲིང་ལ་སོགས་པ་མཚན་མོ་དང་ཉིན་མོ། མཚན་མོ་ནི་དུས་གསུམ་དུ་གྲགས་པ་མ་རིག་པ་དང་སྟོབས་ཆེན་ཞེས་བྱ་བ་ཤིན་ཏུ་འཕེལ། དེས་འཛིན་པ་དང་པོར་བསྟན་པའི་རང་བཞིན་རིམ་པས་སེམས་པས་སེམས་ཅན་གྱི་ཁམས་ཚོར་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པའི་རླུང༌། རླུང་དང་ལྡན་པ་མ་རིག་པའི་རྟེན་ཏེ། མཚན་མོ་དང་ཉིན་མོའི་བར་དུ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྲོག་གི་གྲངས་སྤྱོད་ཅིང་སོ་སོའི་དངོས་པོས་བཞི་པོ་ལ་སྔར་ཇི་ལྟར་འོད་པ་དེ་བཞིན་དུ་ཐིམ། ཇི་ལྟར་ཐིམ་པ་དེའི་དོན་བཤད་དེ། །དང་པོ་ས་ནི་ཆུ་ལ་འགྲོ། །ཆུ་ནི་མེ་ལ་འགྲོ་བའོ། །མེ་ནི་རླུང་ལ་རྗེས་སུ་སྟེ། །རླུང་ནི་རྣམ་པར་ཤེས་པ་འཇུག །དེ་ལས་ཡང་ལས་ཀྱི་རླུང་གིས་བསྐུལ་བས་བར་མདོའི་གཟུགས་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བ་ལེན། དེ་ནི་མདོར་བསྡུས་པས་སྲིད་པར་སྐྱེ་བ་བསྟན་ཏོ། །ད་ནི་དཔལ་ཧེ་རུ་ཀ་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་རང་གི་ངོ་བོར་སྣང་བ་ཤར་བ་བཤད་དེ། འབྱུང་བ་ཚུལ་གྱི་ངོ་བོ་ལས། །ཞེས་བྱ་བ་ནི་མཆོག་གི་གསང་བའི་མན་ངག་གི་དོན་དེ་ལ་གྲུབ་པ་ཐོབ་པའི་བླ་མའི་མན་ངག་མེད་པར་ཡི་གེའི་སྒྲའི་ང་རྒྱལ་གྱིས་ཁ་ཅིག་འདི་སྐད་སྨྲའོ། །འབྱུང་བ་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བས་དེ་ལས་ནམ་མཁའི་སྙོམས་པས་འཁོར་ལོ་གསུམ་དུ་འགྱུར་བའོ། །ཁ་ཅིག་ན་རེ་ཧཱུཾ་ཕཊ་ཀྱི་རྣམ་པ་ལས་ཁ་ཅིག་ན་རེ་རླུང་དང་མེའི་སྦྱོར་བ་ལས། ཁ་ཅིག་ན་རེ་ཚངས་པའི་བཞི་རྐན་རྒྱས་པ་ལས། ཁ་ཅིག་ན་རེ་སྨིན་མའི་འཁོར་ལོའི་སྟེང་འོག་ཡངས་པས་དབུས་ཀྱི་ཕྲ་མོའི་བུ་གའི་ཐིག་ལེས་འབིགས་པ། ཁ་ཅིག་ན་རེ་ཡེ་ཤེས་རྫོགས་པས། ཁ་ཅིག་ན་རེ་ཡེ་ཤེས་མ་རྫོགས་པས་འབྱུང་བ་ལ་སོགས་པའི་དོན་བཤད་དོ། །དེས་ཇི་ལྟར་བསྒོམས་པ་རྣམས་དངོས་གྲུབ་ཐོབ། འོན་ཀྱང་སྒོམ་པ་


DTG019_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་དངོས་གྲུབ་མི་འགྲུབ་སྟེ་སླར་ལ་བསྟན་བཅོས་བྱེད་པ་ཡང་དམྱལ་བར་འགྲོའོ། །བཤད་པར་བྱེད་པ་ལ་ནི་སྐྱོན་མེད་དོ། །དེ་བས་མི་ཤེས་པའི་ཕྱིར་མི་སྨྲ་བདེ་བདུད་རྩིའོ། །བདག་ཀྱང་ཡེ་ཤེས་པས་དེར་ང་རྒྱལ་མི་བྱེད་དོ། །འོ་ན་ཀྱང་འདིར་གཏན་ཚིགས་ཡོད་དོ། །རྒྱལ་པོ་ཆེན་པོའི་རྒྱལ་པོ་མཆོག་གི་དབང་ཕྱུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་རྡོ་རྗེ་ཆེན་པོའི་གནས་ཨུ་རྒྱན་དུ་སྐྱེས་པ་ཉིད་དཔལ་ཧེ་རུ་ཀའི་རྗེ་བཙུན་དཔལ་ཨིནྡྲ་བྷཱུ་ཏི་མགོན་པོ་དེའི་མངོན་སུམ་དུ་གྲུབ་པ་ཐོབ་པ་དང་ལྟར་བཞུགས་པ་ཨ་བ་དྷཱུ་ཏཱི་ཞབས་ཀྱིས་པདྨ་དེ་ལས་རིག་བྱེད་ཐམས་ཅད་ཀྱི་མཐར་ཐུག་པ་གསང་སྔགས་གྲུབ་པ་བརྙེས་པ་ཁ་ཆེའི་སློབ་དཔོན་དཔལ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་གང་ཞིག་རྙེད་པ་དེ་ནི་རྨད་དུ་བྱུང་བ་དཔེ་མེད་པའི་ལམ་དེའི་ཞལ་སྔ་ནས་བདག་ལ་བཀའ་དྲིན་གནང༌། བདག་གིས་ཀྱང་གཞན་མ་ཡིན་པར་བཟུང༌། ཕྱི་ནས་དེ་ཉིད་བདག་རང་དགའ་བའི་དོན་གྱི་ཕྱིར། ཡང་ན་རང་གི་སྐལ་བ་དང་ལྡན་པའི་སློབ་མ་ལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དྲིས་པ་ཞེས་འབྲེལ་ཏེ། གང་ཞིག་བྱུང་བ་ལ་སོགས་པའི་དོན་དེ་ནི་རྫོགས་པའི་རིམ་པའོ། །དེ་ཡང་གཉིས་སུ་དབྱེར་ཡོད་དེ། གནས་ཀྱི་བདག་ཉིད་དང༌། དེ་བཞིན་དུ་འབྲས་བུའི་བདག་ཉིད། རྫོགས་པའི་རིམ་པ་ལ་གཉིས་ཀྱི་བྱེད་བྲག་མེད་ཀྱང་དེ་ལྟ་མོད་ཀྱི་རྙེད་པའི་དོན་དུ་ཉམས་སུ་མྱོང་བའི་གནས་སྐྱོན་མེད་པར་འགྱུར་རོ། །དེ་བས་བླ་མའི་མན་ངག་ལས་འདིར་ཅུང་ཟད་དགོངས་པ་སྨྲའོ། །འབྱུང་བ་ཞེས་བྱ་བ་ནི་རིན་པོ་ཆེའི་གཙུག་གཏོར་ཆར་ཡང་དང་ཐིག་ལེ་སྦྱར་བས་སྙིང་གར་ཚུལ་གྱི་ངོ་བོ། ཚུལ་གྱི་ངོ་བོ་ལས་རིན་ཆེན་གཏེར་ཐམས་ཅད་མཚན་གྱིས་རྒྱས་པ་ཚུལ་ཙམ་གྱི་རང་བཞིན་ཡེ་ཤེས་ཀྱི་སྐུའོ། །དེ་ནི་གནས་ཀྱི་བདག་ཉིད་དོ། །ད་ནི་འབྲས་བུའི་བདག་ཉིད་བཤད་དོ། འབྱུང་བ་ནི་འཆད་པ། ཚུལ་ནི་དགའ་བ། འབྱུང་བ་ཚུལ་འཆད་པའི་དགའ་བ། ངོ་བོ་ལས་ཞེས་བྱ་བ་ནི་སྡོམ་པས། སྡོམ་པའི་སྒྲ་ནི་བསྡུས་པར་གྲགས་པ་སྲིད་པ་མཆོག་གི་དགའ་བའོ། །དེ་ལས་རང་འབྱུང་བཅོམ་ལྡན་འདས་དཔའ་བོ་མཁའ་འགྲོ་མའི་སྡོམ་པ་རང་བཞིན་དགའ་བ་བདེ་བ་ཆེན་པོའི་རྒྱལ་པོའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཆད་པའི་དགའ་བ་མྱ་ངན་ལས་འདས་པ་ཚུལ་བསྡུས་པ་ལས་


DTG019_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གི་དགའ་བ་སྲིད་པའི་ངོ་བོ་ཉིད་མཆོག་གི་དགའ་བའི་ངོ་བོར་གྲགས་པ་ལས་སྲིད་པ་དང་མྱ་ངན་ལས་འདས་པ་དང་བྲལ་བའི་རང་བཞིན་དགའ་བ་གཞན་མིན་རྫོགས་རྙེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་གཅིག་བུ་བསྡུས་པ་མ་ཡིན་པ་ཆད་པའི་དགའ་ལས་རང་བཞིན་དགའ་བ་རྙེད་པ་མི་སྲིད་དོ། །ཇི་ལྟར་ནམ་མཁའ་ལ་འགེགས་པའོ། །དེ་ནི་འབྱུང་བ་ལ་སོགས་པ་མཆོག་གི་གསང་བ་ཆེན་པོའི་མན་ངག་མི་སྣང་བ་བསྲུང་བའི་ཕྱིར་བདག་གི་ཤེས་རབ་ཏུ་གསལ་ལོ། །ད་ནི་མཆོག་གི་དབང་ཕྱུག་ལ་སྣང་བ་ཤར་བ་ལ་གཤེགས་པ་དང་རང་གི་ངོ་བོ་ལ་འཇུག་པ་བཤད་དེ། དེ་བཞིན་དུ་ནི་གཤེགས་པའོ། །ཞེས་བྱ་བ་ལ། ཇི་བཞིན་ཆད་པའི་དགའ་བའི་སྦྱོར་བའི་ཚུལ་གྱི་ངོ་བོའི་ཡེ་ཤེས་ལས་འོངས་ཏེ་འདས་པ་དང་མ་འོངས་པ་གཟིགས་ནས་ཆད་པ་ལ་རྣམ་པར་འབྱེད་པར་བྱས་ཏེ། དེ་བཞིན་གཤེགས་ཞེས་རང་གི་ངོ་བོའི་ནང་དུ་འཇུག །ཅེས་བྱ་བའི་དོན་ཏོ། །ཡང་ན་ཆད་པ་རྣམ་པར་འབྱེད་པའི་སྦྱོར་བ་ལས་གཤེགས་ཞེས་དགོངས་པའོ། །ད་ནི་མཆོག་གི་དབང་ཕྱུག་ལ་རྣམ་པ་ཐམས་ཅད་ཀྱི་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་བཤད་དེ། མེད་པ་མ་ཡིན་ཡོད་པའང་མིན། །དམ་ཚིག་སྤྱོད་པས་ཐོབ་པ་ཡིན། །ཉམས་སུ་མྱོང་བའི་རང་ངོ་ཕྱིར། འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་བྱ་བ་ལ། མེད་པ་མ་ཡིན་ཞེས་བྱ་བ་ནི་དེས་ཀུན་རྫོབ་ཀྱི་རྣམ་པའི་སྣང་བའི་བརྡར་བྱས་སོ། །ཡོད་པའང་མིན་ཞེས་བྱ་བ་ནི་དེས་དོན་དམ་པའི་ལྟ་བ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་གང༌། སྟོང་པ་ཉིད་དེ་ནི་རང་བཞིན། གང་རང་བཞིན་དེ་ནི་སྟོང་པ་ཉིད་དེ་དག་ལས་ནི་རྣམ་པ་ཐམས་ཅད་ཀྱི་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྟེན་མེད་པའི་ཕྱིར་དོན་དམ་པར། རྟེན་དང་བཅས་པའི་ཕྱིར་ཀུན་རྫོབ་ཀྱི་སྣང་བའོ། །དེའི་ཕྱིར། དམ་ཚིག་སྤྱོད་པས་ཐོབ་པ་མིན། །ཞེས་བྱ་བའི་ཚིག་གསུངས་སོ། །ཡང་ན་དམ་ཚིག་ཅེས་བྱ་བ་ནི་རྩ། དེ་རྣམས་ལ་སྤྱོད་པ་ནི་སྦྱོར་བ། ཡང་ན་ཀུན་སྤྱོད་ཡང་ན་རེག་བྱས་འབྱུང་བ། ཡང་ན་ཁོང་དུ་ཆུད་པ་ལས་བདུད་རྩི་རོ་འཛག་པའོ། །ཐོབ་པ་ནི་དེའི་རོས་ཤེས་པ་ཇི་བཞིན་དགའ་བའི་ཡེ་ཤེས་ཆེན་པོ་དཔལ་སྡོམ་པའི་རྒྱལ་པོའོ། །རང་གི་ཉམས་མྱོང་རང་བཞིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་


DTG019_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། རང་གི་སྒྲ་ནི་བག་ཆགས་ལ་སོགས་པ་དང་བྲལ་བའི་ཡིད་ཀྱི་རྣམ་པར་ཤེས་པ། ཉམས་སུ་མྱོང་བ་ཞེས་བྱ་བ་ལ། ཉམས་སུ་མྱོང་བ་ནི་ཡེ་ཤེས་ཀྱི་ངོ་བོས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཚོར་བ། རང་བཞིན་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལས་རྣམ་པར་འདས་པ། ཡང་ན་རང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང་བྲལ་བའི་རང་བཞིན་ཉམས་སུ་མྱོང་བ། ཡང་ན་རང་གི་སྒྲ་ནི་རང་བཞིན་དགའ་བ། ཉམས་སུ་མྱོང་བ་ནི་དེ་ལས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་ལྟ་བ། ལྟ་བ་ཙམ་གྱིས་ནི་རང་བཞིན་ཡོངས་སུ་ཤེས་པ། ཡོངས་སུ་ཤེས་པས་ཐམས་ཅད་ཕྱི་མ་ཡིན། ཕྱི་མ་ཡིན་པས་འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བས། འཇིག་རྟེན་གསུམ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས། ཡང་ན་འཇིག་རྟེན་གསུམ་ནི་དགའ་བ་གསུམ་མོ། །རྙེད་པར་དཀའ་བ་ནི་མཚན་མ་དང་བཅས་པའི་དགའ་བ་ལ་སོགས་པ་མི་ཐོབ་པའོ། །གང་གི་ཕྱིར་ཞེ་ན། རང་གི་ཉམས་སུ་མྱོང་བའི་རང་བཞིན་གྱི་ཕྱིར་ཞེས་དགོངས་པའོ། །མཚན་མ་དང་བཅས་པའི་ཡེ་ཤེས་ལས་གང་རྙེད་པ་དེ་ཀུན་རྫོབ་ཀྱི་གཟུགས་སོ། །མཚན་མ་མེད་པས་གང་རྙེད་པ་དེ་ནི་དོན་དམ་པའོ། །དེ་བཞིན་དུ་ཤཱན་ཏ་རཀྵི་ཏའི་ཞལ་སྔ་ནས། སྲིད་པ་དང་མྱ་ངན་ལས་འདས་པར་བསྟན་པ་ལས། རྟེན་དང་བཅས་པའི་རང་བཞིན་དགའ། །དགའ་བ་གསུམ་གྱི་རྒྱུ་ཅན་ནོ། །རྟེན་དང་བྲལ་བའང་དེ་བཞིན་དུ། །དགའ་བ་གསུམ་གྱིས་ཡངས་པའོ། །ཞེས་གསུངས་སོ། །གང་ཞིག་རྟེན་དང་བཅས་པ་དང་རྟེན་དང་བྲལ་བ་དེ་དག་གི་སྤངས་པ་དེ་ནི་རང་གིས་ཉམས་སུ་མྱོང་བའི་རང་བཞིན་ཞེས་བདག་གི་དགོངས་པའོ། །ད་ནི་ཡེ་ཤེས་ཆེན་པོའི་བདག་ཉིད་ལ་རྟེན་མེད་པ་ལ་བཞུགས་པ་བཤད་དེ། དངོས་རྟེན་རྣམ་པར་འབྱེད་པ་ལ། །ཐོག་མ་དབུས་དང་ཐ་མར་གནས། །སྲུབ་དང་བསྲུབ་ཐབས་སྦྱོར་བ་ནི། །ཇི་བཞིན་གནས་ལ་སོགས་པར་བསྟན། །ཞེས་བྱ་བ་ལ། དངོས་པོ་ཞེས་བྱ་བ་ནི་ཡེ་ཤེས་ལ་འཁྲུལ་པ་མ་ཡིན་པའི་ལྟ་བ། རྟེན་ཞེས་བྱ་བ་ནི་ཡེ་ཤེས་ལས་འདས་པའི་ཡེ་ཤེས་ལས་བྱུང་བ་བརྟན་པ། དེ་དག་མ་ཁྱབ་པའི་ཕྱིར་རྣམ་པར་འབྱེད་པ། རིམ་པས་མི་རྙེད་པའི་ཕྱིར་དེ་ཡང་རྟེན་མེད་པའོ། །


DTG019_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་དོན་དམ་པའི་ཕྱོགས་སོ། །ཀུན་རྫོབ་ཀྱི་ཕྱོགས་ལ་དངོས་པོ་ནི་བདེ་བ། རྟེན་ནི་གསང་བའི་པདྨའི་སྙིང་པོ་ཡེ་ཤེས་ནི་སྙིང་པོའི་གནས་སུ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ། རྣམ་པར་འབྱེད་པ་ནི་གཉིས་སུ་དབྱེ་སྟེ། རྟེན་གྱི་རྣམ་པར་འབྱེད་པ་དང༌། དེ་བཞིན་དུ་བརྟན་པའི་རྣམ་པར་འབྱེད་པའོ། །གང་ཞིག་ཡེ་ཤེས་ལ་ལྟུང་བ་དེ་ནི་རྟེན་གྱི་རྣམ་པར་འབྱེད་པ། ཡེ་ཤེས་ལ་སོགས་པ་རྣམ་པར་འབྱེད་པ་བྱས་ནས་ཤར་དང་ནུབ་དང་བྲལ་བའི་ཚུལ་གྱི་ནམ་མཁའ་ལ་གང་ཞིག་སྣང་བ་མེད་པ་དེ་ནི་རྟེན་པའི་རྣམ་པར་འབྱེད་པ་ཞེས་བྱ་བའི་དོན་ཏོ། །ཐོག་མ་དབུས་དང་ཐ་མར་གནས། །ཞེས་བྱ་བ་ལ། ཐོག་མའི་སྒྲ་ནི་ཤར་བ། དབུས་ནི་གསལ་བའི་སྣང་བའི་ངལ་སོ། །ཐ་མ་ནི་མི་སྣང་བའི་ངལ་སོ། །ཡང་ན་ཐོག་མ་དབུས་ཐ་མ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱི་སྣང་བ་གསུམ། དེ་ལ་རྟག་ཏུ་དངོས་པོ་དང་རྟེན་དང་ཡེ་ཤེས་དང་རྣམ་པར་འབྱེད་པའི་རང་བཞིན་ཞུགས་ཞེས་དགོངས་པའོ། །ཡང་ན་ཐོག་མ་ནི་མ་ཤར་བ། ཐ་མ་ནི་མ་ནུབ་པ། དབུས་ནི་རྟེན་མེད་པའི་རང་བཞིན་བཞུགས་པའོ། །ད་ནི་མཆོག་གི་དབང་ཕྱུག་ལ་མཐར་ཕྱིན་པའི་རྟེན་གྱི་གནས་བཤད་དེ། སྲུབ་དང་བསྲུབ་ཐབས་སྦྱོར་ཞེས་བྱ་བ་ལ། སྲུབ་ནི་ཐབས་ཀྱི་རང་བཞིན་སྲིད་པ། བསྲུབ་ཐབས་ནི་ཤེས་རབ་ཀྱི་བདག་ཉིད་མྱ་ངན་ལས་འདས་པ། སྦྱོར་བ་ནི་དེ་དག་གི་རང་གི་ངོ་བོ་ཤེས་ནས་སྤྲོས་པ་མེད་པའི་སེམས་ཀྱི་ངལ་སོ་བའི་རྟེན་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྲུབ་ནི་ཡེ་ཤེས། བསྲུབ་ཐབས་ནི་ཡེ་ཤེས་ལས་འབྱུང་བ། སྦྱོར་བ་ནི་དེ་དག་རོ་མཉམ་པ། རོ་མཉམ་པ་ལས་ནང་གི་རེག་བྱའི་ལྟ་བ་ཕྱིའི་དངོས་པོ་ལས་རྙེད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཇི་བཞིན་གནས་ལ་སོགས་པ་བསྟན། །ཞེས་བྱ་བ་ལ། ཇི་བཞིན་ནི་སྤྲོས་པ་དང་བྲལ་བའི་སེམས་ཀྱིས་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རྟེན། དེ་བཞིན་གནས་དང་ཉེ་བའི་གནས་ལ་སོགས་པ་ཡེ་ཤེས་ལ་བརྟེན་བྱ་ཞེས་དགོངས་པའོ། །ཡང་ན་གནས་ནི་རྟེན་དང་བཅས་པའི་བདེ་བ་ཆེན་པོའོ། །སོགས་པའི་སྒྲ་ནི་རྟེན་མེད་པ་ཇི་ལྟར་རྟེན་དང་བཅས་པ་བསྟན་པ་དེ་ལྟར་དེ་རང་རྟེན་མེད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་གནས་ནི་སྤྲུལ་པའི་འཁོར་ལོ་དེ་ལ་ཇི་ལྟར་དང་པོ་གྲུབ་


DTG019_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རྒྱུད་ལས་བསྟན་པ་དེ་ལྟར་བྱ་ཞེས་དགོངས་པའོ། །ཇི་ལྟར་བྱ་བ་དེའི་དོན་བཤད་དེ། སྟོང་པ་ཉིད་བཅུ་དྲུག་དང༌། དགའ་བའི་གནས་མཚན་མ་ལ་སོགས་པ་རྣམས་ཀྱ་དོན་གྱིས་སྲུབ་དང་བསྲུབ་ཐབས་ཀྱི་སྦྱོར་བ་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བའི་འབྲས་བུའི་རོ་ཐོབ་པ་དེ་ཁོ་ན་ཉིད་ཤེས་པས་བྱ་ཞེས་དགོངས་སོ། །དེ་ལ་རེ་ཞིག་བླ་མའི་མན་ངག་ལས་རིམ་པ་ཙམ་བཤད་དེ། གང་ཞིག་བདེ་བའི་སྒོ་བའི་ལྟེ་བས་བརྒྱན་པ་འདབ་མ་བརྒྱད་ཀྱི་གསང་བ་ཆེན་པོའི་ཆུ་སྐྱེས་རྩ་བའི་གེ་སར་གྱིས་ཁྱབ་པའི་གཞི་དེ་ནི་གནས་སོ། །ཡང་ན་གནས་ནི་རྟེན་གང་ལ་རྩའི་འཁོར་ལོའི་སྒྲ་ནི་སྤྲུལ་ལ་དང་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་གཞིའོ། །ཡང་ན་གནས་རྟེན་ནི་ལུས་སོ། །དེས་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་འཁྱུད་པས་ལྟ་བ་སྤྱོད་ཅིང་གཉིད་སྐྱེའོ། །དེའི་དུས་སུ་གང་གི་མིག་ལ་སོགས་པ་སྟོང་པ་ཉིད་དུ་མཐོང་ཞེས་ནང་སྟོང་པ་ཉིད་འདི་ལྟར་ཚོར་ན་དེའི་ཚེ་འདོད་པའི་དགའ་པའི་མཚན་ཉིད་མོས་པས་སྤྱོད་པ་ཐོབ་པར་འགྱུར། གནས་ལ་སོགས་པ་འདིར་ས་རྣམས་ཀྱི་དོན་གྱིས་དགའ་བ་ལ་སོགས་པ་ཤེས་པར་བྱའོ། །གང་ཞིག་ཛཱ་ལན་དྷ་ར་ལ་སོགས་པ་དེ་ནི་འཇིག་རྟེན་གྱི་ལམ་གང་ཞིག་ནང་གི་དེ་ནི་ཁྱད་པར་ཅན་གང་ཕྱི་དང་ནང་དེ་དག་དང་བྲལ་བ་དེ་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་བརྟེན་པ་དེ་ནི་གནས་ཀྱི་བསྟན་པའོ། །ད་ནི་ཉེ་བའི་གནས་ཀྱི་དོན་བཤད་དེ། གསང་བ་ཆེན་པོ་ཆུ་སྐྱེས་ཀྱི་དབུས་སུ་གང་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་ནི་ཉེ་བའི་གནས་སོ། །དེ་ལ་བདུན་པ་ལས་འཁོར་བ། དེའི་དུས་སུ་ཕྱིའི་གཟུགས་ལ་སོགས་པ་སྟོང་པ་ཞེས་པ་ཕྱི་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་དེ་ལ་འདར་བའི་དགའ་བའི་མཚན་ཉིད་རབ་ཏུ་དགའ་བ་གང་ཞིག་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་བདེ་བ་ལ་བསྐྱེད་པའི་གནས་དེ་ནི་ཞིང༌། དེ་ལ་འདུས་པ་ལས་མྱོང་བ། དེའི་དུས་སུ་ཕྱི་ནང་བདེ་བ་རྣམས་ལ་ཕྱི་ནང་བདེ་བས་སྟོང་པ་ཞེས་ཕྱི་ནང་སྟོང་པ་ཉིད་གང་གི་ཚེ་ཤེས་པ་དེའི་ཚེ་འགྲོ་བའི་དགའ་བའི་མཚན་ཉིད་དྲི་མ་མེད་པ་གང་ཞིག་བདེ་བ་ངལ་སོ་བའི་གནས་དེ་ནི་ཉེ་བའི་ཞིང་ངོ༌། །དེ་ལ་ནུ་མ་རེག་པ་ལས་སྐོམ་པ། དེའི་དུས་སུ་སྟེང་འོག་ཆོས་ཐམས་ཅད་ལ་གང་ཞིག་སྟོང་པ་དེ་ཡིད་སྟོང་པ་ཞེས་སྟོང་པ་ཉིད་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཚོར་


DTG019_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དེའི་ཚེ་དགའ་བའི་མཚན་ཉིད་འོད་བྱེད་པ། གང་ཞིག་བདེ་བ་ལ་གཞན་མིན་འབྱུང་བ་དེ་ནི་འདུན་པ། དེ་ལ་མ་མཆུའི་བདུད་རྩི་འཐུང་བ་སྦྱིན་པ་ལས་འདར། དེའི་དུས་སུ་སྟེང་འོག་ལ་སོགས་པ་བདེ་བ་རྟེན་གྱི་གནས་ཤར་ལ་སོགས་པ་སྟོང་པ་ཞེས་ཆེན་པོ་སྟོང་པ་ཉིད་གང་གི་ཚེ་ཤེས་པ་དེའི་ཚེ་རྒྱས་པའི་དགའ་བའི་མཚན་ཉིད་འོད་འཕྲོ་བ་གཞན་མིན་འབྱུང་བའི་བདེ་ལ་གང་ཞིག་ཡོངས་སུ་ལོངས་སྤྱོད་ལས་འདོད་པ་དེ་ནི་ཉེ་བའི་འདུན་པ། དེ་ལ་སེམས་སོ་བཏབ་པ་ལས་སྒེག་པ། དེའི་དུས་སུ་གང་དོན་དམ་པའི་བདེ་བ་མྱ་ངན་ལས་འདས་པའི་མཚན་ཉིད་དེ་ནི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་སྟོང་པ་ཞེས་དོན་དམ་པ་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་མདུང་གི་དགའ་བའི་མཚན་ཉིད་སྦྱང་དཀའ་བའོ། །གང་ཞིག་གསང་བའི་དཔྲལ་བའི་སྟེང་བདེ་བའི་བདུད་རྩིའི་ཐིགས་པ་གསུམ་གཅིག་ཏུ་བྱེད་པ་དེ་ནི་འདུས་པའོ། །དེ་ལ་སྦྱོར་བ་ལས་བྱེད་པ། དེའི་དུས་སུ་གང་ཞིག་ཀུན་གྱི་ཁམས་ཀྱི་བདག་ཉིད་དགའ་བ་གསུམ་སྟེ་དེ་རང་གིས་སྟོང་པ་ཉིད་ཅེས་འདུས་བྱས་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་འབྱུང་བའི་དགའ་བའི་མཚན་ཉིད་མངོན་སུམ་དུ་གྱུར་པ་བདེ་བའི་བདུད་རྩིའི་ཐིགས་པ་གསུམ་གཅིག་ཏུ་བྱེད་པ་ཙམ་གྱིས་གང་བཅོས་མ་མེད་པའི་འཛུམས་པ་དང་འབྱེད་པ་ལ་སོགས་པ་དེ་ནི་ཉེ་བའི་འདུས་པའོ། །དེ་ལ་བསྐྱོད་པ་ལས་བྱ་རྨྱངས་དེའི་དུས་སུ་གང་ཞིག་འབྱུང་བ་དང་གནས་པ་དང་འགོག་པ་དང་བྲལ་བ་འདུས་མ་བྱས་བདེ་བ་དེ་རེ་རེ་རང་གིས་སྟོང་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་མཆོག་གི་དགའ་བའི་མཚན་ཉིད་རིང་དུ་སོང་བའོ། །བདེ་བ་ལ་རླབས་པ་དང་འབྱུང་བའི་དུས་སུ་གང་ཞིག་ཚོར་བ་དེ་ནི་དུར་ཁྲོད། དེ་ལ་དམ་པར་འཁྱུད་པ་ལས་རྔམ་པ། དེའི་དུས་སུ་ཆགས་པ་དང་བྲལ་བ་དེ་དག་རྟག་པ་དང་ཆད་པ་བཅོམ་པ་དེ་དག་གཉིས་ཀྱིས་སྟོང་པ་ཞེས་མཐའ་ལས་འདས་པ་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་འབར་བའི་དགའ་བའི་མཚན་ཉིད་མི་གཡོ་བའོ། །བདེ་བ་ལ་རླབས་པ་ཐོབ་པ་ཞེས་གང་ཞིག་དྲན་པའི་རྣམ་པར་ཤེས་པ་དེ་ནི་ཉེ་བའི་དུར་ཁྲོད། དེ་ལ་སྐེའི་སྒྲ་ལས་བ་སྤུ་ལངས་པ་དེའི་དུས་སུ་བདེ་བ་ལ་སྤྱོད་པས་ཐོག་མ་དང་ཐ་མ་དབུས་ཀྱི་དངོས་པོ་མེད་


DTG019_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དེ་ལ་ཡང་འགྲོ་བ་མེད་འོད་པ་མེད་པ་ཐོག་མ་དང་ཐ་མ་དབུས་ཀྱིས་སྟོང་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་ཐིག་ལེའི་དགའ་བའི་མཚན་ཉིད་ལེགས་པའི་བློ་གློས། ཡང་དག་པའི་བདེ་བ་གང་ཞིག་རྙེད་པ་དེ་ནི་རིང་པོའོ། །དེ་ལ་མིག་གི་འོམས་དགའ་བའི་མཆི་མ་དེའི་དུས་སུ་བདེ་བ་ལ་རླབས་མེད་པ་ཡང་མ་ཡིན་དེའི་ལོག་པ་དོར་བ་མེད་པ་སྟེ་དེ་ཉིད་ཀྱིས་སྟོང་པ་ཞེས་དོར་བ་མེད་པ་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་མྱོས་པའི་དགའ་བའི་མཚན་ཉིད་ཆོས་ཀྱི་སྤྲིན་ནོ། །ཡང་དག་པའི་བདེ་བས་རྙེད་པ་ལ་གང་ཞིག་རང་གི་ངོ་བོའི་དཔྱོད་པ་དེ་ནི་ཉེ་བའི་རིང་པོའོ། །དེ་ལ་བྲང་བརྡབས་པ་ལས་ཚ་བ། དེའི་དུས་སུ་ཆོས་ཐམས་ཅད་ལ་གང་རང་བཞིན་དེ་གང་གིས་ཀྱང་མ་བྱས། མངོན་པར་འདུས་མ་བྱས་པ་རང་བཞིན་སྟོང་པ་ཞེས་རང་བཞིན་གྱིས་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་ཆད་པའི་དགའ་བའི་མཚན་ཉིད་ཀུན་དུ་འོད། བདེ་བ་ལ་སྐྱེས་པ་ཆད་པ་གང་དུ་སྐྱེད་པ་དེ་ནི་ལམ་མོ། །དེ་ལ་གྲོང་ཁྱེར་ལས་དངོས་སུ་ཆོས་ཐམས་ཅད་བདེ་བའི་རྣམ་པ་འདུས་མ་བྱས་ཏེ། དེ་རང་གིས་སྟོང་པ་ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་ཨུ་དྷའི་དགའ་བའི་མཚན་ཉིད་ཀུན་དུ་སྣང་བ་མ་ཆེད་པའི་འོད་དོ། །བདེ་བ་ལ་གང་ཞིག་སྐྱེ་བ་དང་ཆད་པའི་གནས་ཡོངས་སུ་ཤེས་པ་དེ་ནི་ཉེ་བའི་ལམ། དེ་ལ་བསྐུམ་པ་ལས་བརྟེན། དེའི་འདུས་སུ་སྐད་ཅིག་རོ་བདེ་བའི་ཆོས་ལ་རང་རང་མཚན་ཉིད་ཀྱི་ངོ་བོ་ལ་སོགས་ཀྱིས་སྟོང་པ་ཞེས་རང་གི་མཚན་ཉིད་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚུལ་གྱི་དགའ་བའི་མཚན་ཉིད་ཀུན་དུ་སྣང་བ་ཐོབ་པའི་འོད་དོ། །བདེ་བའི་རྒྱལ་པོ་ལ་གང་ཞིག་འགོག་པ་དེ་ནི་སྦྱོར་བའོ། །དེ་ལ་མཉམ་པར་སྦྱོར་བ་ལས་ཡེ་ཤེས། དེའི་དུས་སུ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དགའ་བའི་ཆོས་དེ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བས་མི་རྙེད་པས་ཞེས་མིང་མིགས་པ་སྟོང་པ་ཉིད་གང་གི་ཚེ་ད་ལྟར་ཤེས་པ་དེའི་ཚེ་ཡེ་ཤེས་ཀྱི་གཉིས་ཀྱི་དགའ་བའི་མཚན་ཉིད་ཡང་དག་པའི་འོད་རབ་བོ། །བདེ་བའི་རྒྱལ་པོ་ལ་འགོག་པའི་སྐབས་སུ་གང་ཞིག་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ཉེ་བའི་སྦྱོར་བ། དེ་ལ་ཧའི་རྣམ་པའི་འདོན་པས་


DTG019_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་འབྱེད་པས། །དེའི་དུས་སུ་འདུས་པའི་དགའ་བའི་བདེ་བའི་ཆོས་ལ་རང་བཞིན་མེད་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་འདུས་པ་འདུས་པའི་མཚན་ཉིད་ཀྱིས་སྟོང་པ་ཞེས་དངོས་པོ་མེད་པ་སྟོང་པ་ཉིད་གང་གི་ཚེ་དེ་ལྟར་ཤེས་པ་དེའི་རང་བཞིན་དགའ་བའི་མཚན་ཉིད་བརྗོད་དུ་མེད་པའི་བདེ་བ་ཆེན་པོའི་སའོ། །དེ་ནི་སྲུབ་དང་བསྲུབ་ཐབས་མཉམ་པར་སྦྱོར་བས་བསྐྱེད་རིམ་རྫོགས་རིམ་གཉིས་ཀྱི་གནས་ལ་སོགས་པའི་དོན་ཞེས་བཤད་དོ། །ཡང་ན་གཅིག་པུ་བསྐྱེད་པའི་རིམ་པས་སྲུབ་པ་ནི་པདྨ་བསྲུབ་ཐབས་རྡོ་རྗེས། ཡང་ན་བསྲུབ་ཐབས་རྩ་སྲུབ་ནི་བྱང་ཆུབ་ཀྱི་སེམས། དེ་དག་མཉམ་པར་སྦྱོར་བའི་གང་མཆོག་གི་དགའ་བ་ལ་དེ་ནི་གནས་ལ་སོགས་པའི་དོན་ཤེས་ནས། སྲུབ་དང་བསྲུབ་ཐབས་སྤྱད་པར་བྱ། །ཞེས་བྱ་བའི་དོན་ཏོ། །ད་ནི་སྔགས་ཀྱི་བསྒོམ་པ་མཉམ་པར་སྦྱོར་བ་ལས་བདེ་བའི་རྒྱལ་པོ་ལ་ཤར་བའི་སྣང་བ་བཤད་དེ། དེ་བཞིན་སྔགས་དང་ལྡན་པར་བྱ། སྔགས་སྤངས་པས་ནི་མི་འགྲུབ་པོ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བ། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གྱི་སྒྲ་ནི་འཁྲུལ་པ་མེད་པའི་སེམས་ཀྱིས་བྱའོ། །ཡང་ན་ཇི་ལྟར་གནས་ལ་སོགས་པའི་དོན་གྱིས་སྲུབ་དང་བསྲུབ་ཐབས་ཀྱི་སྦྱོར་བ་ལས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་ཁོང་དུ་ཆུད་པ་སྔགས་དང་ལྡན་པའི་ཡང་དེ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། སྔགས་ནི་དགའ་བ་ལ་སོགས་པ་ལ། སྲོག་ཏུ་གྱུར་པ་རྒྱུར་གྱུར་པ་དེ་དང་ལྡན་པ་བདེ་བ་ཆེན་པོ་ལ་འབྲས་བུ་འབྱུང་ངོ༌། །འབྱུང་བའི་སྒྲ་ནི་ཐོབ་པའོ། །སྔགས་ཞེས་བྱ་བ་ནི་ལེགས་དགྱེས་ཆེན་པོའི་བདེ་བའི་དུས་སུ་གློ་བུར་དུ་སྒྲ་འདོན་པ། ལྡན་པ་ནི་རང་འོང་ཤེས་རབ་དང་བཅས་པ། སྔགས་སྤངས་པ་ཞེས་བྱ་བ་ནི་དེ་ལ་རྣམ་པ་དང་བཅས་པ་དང༌། དངོས་པ་ལ་སོགས་པས་བཏང་སྙོམས་ལས་སྔགས་ཀྱི་འབྲས་བུ་འགྲུབ་བོ། །ཡང་ན་སྔགས་ནི་རང་བཞིན་དགའ་བ། སྤངས་པ་ནི་ཆད་པའི་དགའ་བ། མི་བགྲུབ་པ་ནི་དོན་ཇི་ལྟ་བ་བཞིན་ནོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཆད་པའི་དགའ་བ་སྤངས་པས་གཞན་མིན་རང་བཞིན་དགའ་བ་མི་རྙེད་དེ། ཇི་ལྟར་མེ་ཏོག་མེད་པར་དྲི་མི་རྙེད། །ཅེས་བྱ་བ་ནི་བདག་གི་དགོངས་


DTG019_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། །ཡང་ན་སྔགས་ནི་ཡིད། དེ་ཡང་བདེ་བའི་བདག་ཉིད། བདེ་བའི་སྒྲ་ནི་རྟག་ཏུ་མ་ནིང་གི་རྟགས། ཡང་ན་ཡེ་ཤེས་ཀྱི་དགོངས་པ་མ་ནིང་རྟགས་ཀྱིས་ངེས་པར་བསྟན་པའོ། །ཡང་ན་སྔགས་ནི་བདེ་བ་ཆེན་པོ་ལ་ཁོང་དུ་ཆུད་པ། སྤངས་པ་ནི་འཛུམས་པ། མི་འགྲུབ་པ་ནི་མི་རྙེད་པ། དེ་ལ་དགོངས་པ་ནི་འདི་ཡིན་ཏེ། བདེ་བ་ཆེན་པོ་ཡང་དག་པར་ཁོང་དུ་ཆུད་པས་འཛུམས་པའི་དངོས་པོ་ཆུང་བ་མི་འགྲོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བ་གཉིས་སུ་མེད་པའི་སྦྱོར་བ་བཤད་དེ། སྦྱོར་བ་ཉིད་ཆོ་གའི་ཡེ་ཤེས་ཞེས་བྱ་བ་ལ་སྦྱོར་བ་ནི་མཉམ་པར་སྦྱོར་བ་ཤེས་རབ་ཐབས་ཡང་དག་པར་འཁྱུད་པ་ཉིད་ཅེས་བྱ་བ་ནི་རྒྱུ། ཆོ་ག་ཞེས་བྱ་བ་ནི་དོན། ཡེ་ཤེས་ནི་རྒྱུ་དང་དོན་གཉིས་ལས་ཤར་བ་ཡེ་ཤེས་བྱུང་བར་གྲགས་པ་འབྲས་བུའོ། །ཡང་ན་སྦྱོར་བ་ནི་སྲིད་པ་ཉིད་ནི་མྱ་ངན་ལས་འདས་པ། ཆོ་ག་ནི་དེ་དག་གཉིས་སུ་མེད་པ། ཡེ་ཤེས་ནི་གཉིས་སུ་མེད་པ་ལ་རྟེན་མེད་པའི་ཚུལ་ལོ། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བ་ནི་དེ་ལྟར་བུའི། སྦྱོར་བའི་ཆོ་གའི་ཡེ་ཤེས་གང་ཞིག་རྒྱུད་ལས་གསུངས་པ་དེ་ཉོན་ཅིག་ཅེས་འབྲེལ་པའོ། །རྒྱུད་ཅེས་བྱ་བ་ནི་རིམ་པ། ཡང་ན་ལམ། ཡང་ན་གསུམ་དང་བྲལ་བའི་གསུམ་གྱི་བདག་ཉིད། ཡང་ན་བརྟན་པ་དང་ངེས་པར་བརྟན་པར་གྲགས་པ། ཡང་ན་ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བར་གྲགས་པ། ཡང་ན་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད། ཡང་ན་རྒྱུད་ཀྱི་སྒྲ་ནི་གཞན་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་བླ་མའི་རྒྱུད་རྣམས་གསལ་ཏེ་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་གཅིག་པུ་ལ་སྦྱོར་བའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ཐབས་ཀྱི་དོན་གྱིས་གསུངས་པ། ཕྱི་ནས་ཡང་སྡོམ་པ་ལ་བླ་ན་མེད་པའི་ཐབས་ཀྱི་དོན་གྱིས་ཉོན་ཅིག་ཅེས་དགོངས་པའོ། །ཉིད་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་སོ། །ཡང་ན་རྒྱུད་ནི་ཡེ་ཤེས་ཀྱི་སྐབས་སུ་འདར་བ་དང་རྡུལ་བ་ལ་སོགས་པ་ཡོངས་སུ་སྨིན་པ་གསུངས་པ་ཞེས་བྱ་བ་ནི་དེའི་དུས་སུ་རྣམ་པ་དང་བཅས་པའི་བདེ་བ་ཡོངས་སུ་བོར་བ། ཡང་ན་མ་སྨིན་པའི་བསམ་གཏན་ལ་ལས་ཀྱི་ཕྱག་རྒྱ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོ་བ་དེར་རང་ལེན་པ་དེ་ལ་འགོག་པའམ་གཟུང་


DTG019_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའམ་དེ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ད་ནི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་དུ་གྲགས་པ་མཆོད་པའི་དེས་བསྟན་བཤད་དེ། འབྲིང་དང་མཆོག་དང་དབུགས་དབྱུང་ནི། །དྲི་ཡི་ཆུ་དང་ལྡན་པ་ཡིས། །རིག་མ་རྟག་ཏུ་མཆོད་བྱས་ཏེ། །རྣལ་འབྱོར་པས་དུས་ཁྱད་པར་གྱིས། །ཞེས་བྱ་བ་ལ། འབྲིང་ནི་སྲོག །མཆོག་ཅེས་བྱ་བ་ནི་ཉེ་བ། དབུགས་འབྱུང་ཞེས་བྱ་བ་ནི་མཉམ་པ། དྲི་ཆུ་ནི་མ་ཞུ་བའི་ཉི་མའོ། །འོད་ཀྱི་བདུད་རྩི་བཅས་པ་ནི་ཡང་དག་པར་ཚོར་བ། དེས་འབྲིང་གི་དུས་སུ་རིག་མ་ཚངས་པའི་གཞི་དབྲལ་བར་རྣམ་པར་སྣང་མཛད་ཀྱིས་མཆོད་པར་བྱས། མཆོག་གི་དུས་སུ་ཚངས་པའི་གཞིའི་སྐེར་སྣང་བ་མཐའ་ཡས་ཀྱིས་མཆོད་པར་བྱ། དབུགས་དབྱུང་བའི་སྐབས་སུ་ཚངས་པའི་གཞིའི་སྙིང་གར་མི་བསྐྱོད་པས་མཆོད་པར་བྱ། །ད་ནི་མཆོད་པའི་ཆོགས་ཡོངས་སུ་རྫོགས་ནས་རྫས་སུ་བསམ་གཏན་སྦྱོར་བའི་མཆོད་པ་ཆེན་པོའི་ཚོགས་བཤད་དེ། འབྲིང་ཞེས་བྱ་བ་ནི་འཛིན་མ། མཆོག་ཅེས་བྱ་བ་ནི་རྟོག་བྱེད་མ། དབུགས་དབྱུང་ཞེས་བྱ་བ་ནི་རྟོག་མྱོང་མ། དྲི་ཞེས་བྱ་བ་ནི་པདྨ། ཆུ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། པདྨའི་གནས་རོ་མ་འཛིན་པའི་དབུས་སུ་གང་ཞིག་ཨ་བ་དྷཱུ་ཏཱི་བཞུགས་པ་དེ་ནི་བདེ་བའི་བདུད་རྩི་དང་ལྡན་པའི་ཨུཔྟལ་གྱིས་རྡོ་རྗེའི་དུས་སུ་རྣལ་འབྱོར་པས་དཔའ་བོའི་སེམས་ཀྱིས་དུས་ཁྱད་པར་ཤེས་ནས་རིགས་རྡོ་རྗེ་ཕག་མོའི་གཟུགས་མཆོད་པར་བྱ་ཞེས་དགོངས་སོ། །ཡང་ན་རིག་མ་ཞེས་བྱ་བ་ནི་རྩ་བའི་རྩེན་རྩིའི་དབང་ཕྱུག་མ། མཆོད་པར་བྱ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུས་སུ་བླ་མའི་མན་ངག་ལས་བདེ་བ་ཆེན་པོ་རང་གིས་རིག་པར་བྱས་ཏེ། བྱ་གདོང་མའི་ནམ་མཁར་རྐན་གྱི་ནང་དུ་རོ་མི་འཇུག་པར་བྱས་ནས་རྩ་བཞི་ཐོབ་པའི་རོ་མྱོང་བ་སྐད་ཅིག་གིས་མངོན་པར་སུ་ཉམས་སུ་མྱོང་ནས་དེའི་རྗེས་སུ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་རང་གི་ངོ་བོས་ཚིམ་པར་བྱ་ཞེས་དགོངས་སོ། །ཡང་ན་ཀོ་ཞེས་བྱ་བ་ནི་བསྐོར་བ་གསུམ་གྱི་རྣམ་པ་དུར་ཁྲོད་ཀྱི་པདྨ་གནས་པ། ལེ་ཞེས་བྱ་བ་ནི་མཚན་མའི་རྣམ་པ་ལྟེ་བ། ཀ་ཞེས་བྱ་བ་ནི་འདོད་པ། བྱང་ཆུབ་ནི་སེམས་ཀྱི་རོའོ། །མཆོད་པ་ནི་ཀུན་དུ་ལོངས་སྤྱོད་


DTG019_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་མན་ངག་འདི་ཡིན་ཏེ། བསྐོར་བ་གསུམ་གྱི་རྣམ་པ་དུར་ཁྲོད་ཀྱི་གནས་སུ་ཡོད་པའི་པདྨ་མཚན་མའི་རྣམ་པའི་ལྟེ་བའི་ནང་ན་ཡོད་པའི་བྱང་ཆུབ་སེམས་སུ་གྲགས་པའི་རོས་མཆོད་པར་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ཡང་ན་ནང་གི་རྟགས། རྣལ་འབྱོར་པས་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཐིམ་པ། ཡང་ན་ཕྱིའི་ཡུལ་ལ་སོགས་པའི་འཁྲུལ་པ་མེད་པའི་ཡིད། དུས་ཞེས་བྱ་བ་ནི་སྤྲོས་པའི་སྐབས། ཁྱད་པར་གྱིས་ཞེས་བྱ་བ་ནི་སྤྲོས་པ་དང་བྲལ་བ་ལས་བདེ་བ་ཐམས་ཅད་ལ་སྤྱོད་པ། དེ་ལ་དོན་ནི་འདི་ཡིན་ཏེ། ནང་གི་རྟགས་ལས་རྣལ་འབྱོར་བས་ཕྱིའི་ཡུལ་ལ་སོགས་པས་མ་འཁྲུལ་པ་ཉམས་སུ་མྱོང་བ་ལ་ཐིམ་པ། སྤྲོས་པའི་སྐབས་སུ་གང་གི་ཚེ་སྤྲོས་པ་དང་བྲལ་བའི་སེམས་ཀྱིས་སྤྲོས་པའི་མཆོད་བྱེད་པ་དེའི་ཚོ་བླ་ན་མེད་པའི་མཆོད་པའི་འབྲས་བུ་མཆོག་གི་དགའ་བ་ཁྱབ། ཡང་ན་གྲུབ། ཅིའི་ཕྱིར་ཞེ་ན། ཉམས་སུ་མྱོང་བ་ལ་ཐིལ་བའི་ཕྱིར་རོལ་དུ་སྤྲོས་པ་གནོད་པར་མི་འགྱུར། ཇི་ལྟར་ཡང་དག་པར་བྱ་ཁྱུད་དུམ་དུག་ཟ་ན་ཡང་དེ་ལ་ཅུང་ཟད་ཀྱང་གནོད་པར་མི་འགྱུར། དེ་ལྟར་བྱང་ཆུབ་ཀྱི་སེམས་སྤྲོ་པ་དུག་ཟ་བ་དང་མཉམ་ཡང་དེ་ལྟ་མོད་ཀྱི་ཉམས་སུ་མྱོང་བའི་བྱིན་གྱི་རླབས་ཀྱིས་མི་གནོད་སྐྱོན་མི་བྱེད་དེས་བྱ་བའི་དོན་ཏོ། །ད་ནི་བླ་ན་མེད་པའི་མཆོད་པ་སྒྲུབ་པ་བཤད་དེ། ཕོ་ཉས་ལྷན་ཅིག་སྐྱེས་པ་གྲུབ། །ཐ་མ་མཆོག་དང་བར་མ་སྟེ། །ནང་དུ་འགྲོ་བའི་ཡིད་ཀྱིས་ནི། །འདོད་པའི་དངོས་གྲུབ་གྲུབ་པར་བྱེད། །ཅེས་བྱ་བ་ལ། ཕོ་ཉའི་དོན་ལ་དུ་མའི་ལུགས་ཡོད་དེ། དེ་ལ་མདོར་བསྡུས་དོན་གྱི་གཉིས་སུ་དབྱེ་བ་གསལ་བར་བཤད་དེ། ཕོ་ཉའི་སྒྲ་ནི་ནམ་མཁའ་ལ་སྤྱོད་པ་དང༌། ས་ལ་སྤྱོད་པ་དང་ས་འོག་ན་སྤྱོད་པའོ། །ཡའི་སྒྲ་ནི་དེ་རྣམས་ཀྱི་གཟུགས་བདེ་བ་སྦྱིན་པ་དཔའ་བོའོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་དེ་དང་ལྷན་ཅིག་བཅོམ་ལྡན་འདས་སྲུབ་དང་བསྲུབ་ཐབས་ཅན་པོའི་གནས་སུ་བཞུགས་ཤིང་ཐབས་དང་བཅས་བའི་ནམ་མཁའ་ལ་སྤྱོད་པ་ལ་སོགས་པ་གྲུབ་རྫོགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྫོགས་པ་དེའི་དོན་བསྟན་ཏེ། ཐ་མ་མཆོག་དང་བར་མ་ཞེས་བྱ་བ་ལ། ཐ་མ་ནི་གཏི་མུག་གི་མཚན་ཉིད་རླག་པ་ཅན། པར་མ་ནི་འདོད་ཆགས་ཀྱི་མཚན་ཉིད་ལོངས་སྤྱོད་ཅན། མཆོག་ནི་ཞེ་སྡང་གི་


DTG019_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་ཉིད་དབང་ཅན་དབང་ལ་སོགས་པའི་དོན་གྱིས་རྫོགས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རང་གིས་རྫོགས་པ་ཞེས་གཞན་གྱི་ཡང་དེ་བཞིན་དོན་བྱེད་དོ། །ཇི་ལྟར་བྱེད་པ་དེའི་དོན་བཤད་དེ། ནང་དུ་འགྲོ་བའི་ཡིད་ཀྱིས་ནི། །འདོད་པའི་དངོས་གྲུབ་གྲུབ་པར་བྱེད། །ཅེས་བྱ་བ་ལ། ནང་གི་སྒྲ་ནི་བྱ་གདོང་མའི་རྣམ་པ་སངས་རྒྱས་རིན་པོ་ཆེའི་སྣོད། འགྲོ་བ་ནི་ནང་དུ་ཐིམ་མ། ཅི་ཞིག་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས། ཡིད་ཀྱིས་ཞེས་བྱ་བ་ལ། ཡིད་ཀྱིས་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོའི་གཟུགས་སུ་བྱིན་གྱིས་བརླབས་ཏེ་བླ་ན་མེད་པའི་མཆོད་པ་བྱ་ཞེས་བྱ་བའི་དོན་ཏོ། །འདོད་པ་ཞེས་བྱ་བ་ནི། ཡེ་ཤེས་ཆེན་པོ་ཐོབ་བའི་འདུན་པ། དངོས་གྲུབ་ནི་ཐོབ་པ་ལ་རྒྱུ། ཡང་ན་ཡིད་ཆེས་བ། གྲུབ་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་གཟུང་བའོ། །ད་ནི་ཕོ་ཉ་ལ་སོགས་པའི་དོན་གནས་ཀྱི་བྱེ་བྲག་གིས་གསལ་བར་བཤད་དེ། ཕོ་ཉའི་སྒྲ་ནི་མེ། ཡའི་སྒྲ་ནི་རླུང༌། ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལས། འགྲུབ་པ་ནི་རྫོགས་ཞེས་བྱ་བའི་དོན་ཏོ། །ཇི་བཞིན་རྫོགས་པ་དེའི་དོན་བཤད་དེ། ཐ་མ་མཆོག་དང་བར་མ་སྟེ། །ཞེས་བྱ་བ་ལ། ཐ་མ་ནི་མེ་འབར་མ། མཆོག་ནི་ཟླ་འབབ་མ། བར་མ་ནི་ཉི་འབབ་མ། ཡང་ཐ་མ་ནི་མངལ་གྱི་དབུས་སུ་འོག་གི་ཆ་ལ་ཁུ་བ་འབབ་པ། མཆོག་ནི་སྟེང་གི་ཆ་ལ་རང་བྱུང་འབར་མ། བར་མ་ནི་དབུས་ཀྱི་ཆ་ལ་ཁུ་བ་དང་རང་བྱུང་གཉིས་ལས་བྱུང་བ་སྦྲང་རྩི་ཆེན་པོ་འབབ་པ། ཡང་ན་ཐ་མ་ནི་མངལ་གྱི་གཡོན་གྱི་ཕྱོགས་ནས་ཟླ་བ་འབབ་པ། མཆོག་ནི་གཡས་ཕྱོགས་ནས་ཉི་མ་འབབ་པ། བར་མ་ནི་ཟླ་བ་དང་ཉི་མ་གཉིས་ཟ་བར་བྱེད་པ་རཱ་ཧུ་ལའི་མཚན་ཉིད་ནི་མེའི་རང་བཞིན་ནོ། །ཡང་ན་ཐ་མ་ནི་མ་འོངས་པ། མཆོག་ནི་འདས་པ། བར་མ་ནི་དེ་དག་སྐྱེ་བར་བྱེད་པ་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྫོགས་པ་དེའི་དོན་དཔལ་རིག་པ་ཆེན་པོའི་རྒྱུད་ཀྱི་རིམ་པས་བཤད་དེ། མཉམ་པའི་དགའ་བ་ལས་མཆོག་ཤར། །མེ་ཏོག་དང་ལྡན་བཞི་པའི་ཚེ། །དང་པོ་བསྐ་བ་རྣམ་པར་སྨིན། །ཟླུམ་པོའི་རྣམ་པའི་རང་བཞིན་ཅན། །འབབ་པ་ཡི་ནི་དུས་ཚོད་དུ། །རླུང་གིས་ཞིག་པར་བྱེད་ཡིན་ཏེ། །དེ་ནི་དུ་མར་བྱེད་པར་གྱུར། །རེག་བྱའི་རྩ་ནི་སྐྱེ་བའོ། །ད་ནི་དེ་རྣམས་ལ་དགོངས་


DTG019_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་བཤད་དེ། ཡེ་ཤེས་གཉིས་ཀྱི་སྣང་བ་ཆེན་པོའི་དམ་ཚིག་སྤྱོད་པ་ལས་རེག་བྱ་བྱེད། རེག་བྱ་ལས་ནང་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་གྱེས་པའི་ཡིད་ཀྱིས་འདོད་པའི་དངོས་གྲུབ་འགྲུབ་པར་བྱེད་དོ། །ཇི་ལྟར་འགྲུབ་པ་དེའི་དོན་བཤད་དེ། ནང་གི་སྒྲ་ནི་བདེ་བ་ཆེན་པོའི་འཁོར་ལོ། དེ་ཡང་གཉིས་སུ་དབྱེ་བར་གནས་ཏེ། རྒྱུའི་བདག་ཉིད་དང༌། དེ་བཞིན་དུ་འབྲས་བུའི་བདག་ཉིད། རྒྱུའི་བདག་ཉིད་སྤྱི་བོའི་གནས། འབྲས་བུའི་བདག་ཉིད་གསང་བའི་ལྟེ་བའི་སྙིང་པོ། །འགྲོ་ཞེས་བྱ་བ་ནི་དེའི་དབུས་སུ་ཡན་ལག་དུ་མ་དང་ལྡན་པའི་བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་གཞོན་ནུའི་པདྨའི་སྡོང་བུའི་སྐུད་པ་འདྲ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་གནས་གཉིས་ཀྱི་རྩ་བར་བསྟེན་ནས་བཞུགས་སོ། ཡིད་ཀྱིས་ཞེས་བྱ་བ་ལ། ཡིད་ནི་བྱང་ཆུབ་ཀྱི་སེམས། དེ་ལ་སྲུབ་དང་བསྲུབ་ཐབས་ཆེན་པོའི་མཉམ་སྦྱོར་དུས་སུ་རྡོ་རྗེའི་རྩེ་མོས་རེག་པ་ཙམ་གྱིས་རེག་བྱའི་པདྨ་བྱང་ཆུབ་སེམས་ཀྱིས་ཁྱབ་པར་བྱེད་དོ། །འདོད་པའི་དངོས་གྲུབ་གྲུབ་པར་བྱེད། །ཅེས་བྱ་བ་ལ། འདོད་པ་ནི་རང་བཞིན་དགའ་བ། དངོས་གྲུབ་ནི་ཐོབ་པ། གྲུབ་པར་བྱེད་ཅེས་བྱ་བ་ནི་གཞན་མིན་རང་བཞིན་ཉམས་སུ་མྱོང་བ་ལ་ནང་དུ་ཐིམ་པར་བྱེད། དེ་ཡང་ཡང་དག་པར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་རྣལ་འབྱོར་གྱི་དབང་པོ་ལ། མ་ཐོབ་པ་ལ་དེ་བཞིན་དུ་མ་ཡིན་ནོ། །མི་བྱེད་ན་ཉེ་བར་བརྟགས་པ་ཙམ་ཐམས་ཅད་ལ་བྱེད། འོན་ཀྱང་རང་གི་སྐྱོན་གྱིས་མི་ཤེས་སོ། །དེ་ཡང་ཡོངས་སུ་མ་སྨིན་པའི་ཡིད་ཀྱིས་འདུས་བྱས་ཀྱི་དེ་བཞིན་དུ་ཡང་འདིར་དཔེ་སྨྲའོ། །དོན་དམ་པའི་འཕེལ་གཏམ་ཐོས་པ་ལ་གང་ཞིག་དེའི་རིགས་དགའ་བ་གྲུབ་པར་འགྱུར་རོ། །ཇི་ལྟར་ཉི་མའི་འོད་ཟེར་ཕྲད་པ་ལས་ཤིན་ཏུ་སྨིན་པའི་པདྨ་ཁ་བྱེ་བ་ཉི་མ་ལ་འདིར་དེ་རྩམ་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་དུ་ཡང་རྣམ་པར་རྟོག་པ་མེད་དོ། །འོན་ཀྱང་རང་གི་སྐྱོན་དང་ཡོན་ཏན་ལས་འབྲས་བུ་སྐྱེའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རྒྱུའོ། །ད་ནི་བླ་ན་མེད་པའི་མཆོད་པའི་དངོས་གྲུབ་གྲུབ་པ་ལ་འབྲས་བུ་བཤད་དེ། རང་རྫས་ཐིག་ལེ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །མཐོང་བ་རེག་པ་གཉིས་དང་ནི། །


DTG019_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོས་པ་དང་ནི་དྲན་པ་ཡིས། །ཞེས་བྱ་བ་ལ། རང་རྫས་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གདུ་བུ། རྫས་ནི་ཞུ་བའི་གཟུགས་བྱང་ཆུབ་ཀྱི་སེམས། ཐིག་ལེ་ནི་ཟླུམ་པོའི་རྣམ་པ། ཡང་ན་གྲངས་ཀྱི་ཚད། སངས་རྒྱས་ཞེས་བྱ་བ་ནི་ཕུར་པོ། ཁྱབ་ཆུབ་སེམས་དཔའི་སྐྱེ་མཆེད་དང༌། ཁམས། མཆོད་པར་བྱ་ཞེས་བྱ་བ་ནི་རྗེད་པར་བྱ་བ། དེ་ལ་དགོངས་པ་ནི་འདི་ཡིན་ཏེ། ཡེ་ཤེས་གཉིས་ཀྱི་སྣང་བ་ཆེན་པོའི་དམ་ཚིག་སྤྱོད་པས་འབྱུང་བ་བདེ་བའི་བདུད་རྩི་རྡོ་རྗེ་རིན་ཆེན་སྐྱེའི་གདུ་བུའི་ནང་དུ་མྱོང་བར་བྱས་ཏེ་བཅོ་ལྔ་དགའ་བའི་ཐིག་ལེའི་གྲངས་སུ་ཕུང་པོ་སྐྱེ་མཆེད་ཁམས་ཀྱི་རང་བཞིན་གྱེན་དུ་བལྟ་བས་ཁྱབ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་རང་ཞེས་བྱ་བ་ནི་བདེ་བའི་གནས། རྫས་ནི་འགྲོ་བ། ཡང་ན་སྤྲོས་པ། དེ་ལ་དོན་ནི་འདི་ཡིན་ཏེ། གང་ཞིག་བདེ་བའི་སྤྲོས་པའི་གནས་དེ་ནི་ཚངས་པའི་ཡེ་ཤེས་ཀྱི་དཔྲལ་བ། ཐིག་ལེ་ནི་གཞན་གྱི་གནས་གཞན་གྱི་སྒྲ་ནི་ཚངས་པའི་ཡེ་ཤེས་དཔྲལ་བའི་སྒོ་ངའི་ལྟེ་བ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་རྒྱས་པའི་འདབ་མ་གསུམ་གྱི་རྩ་བར་མཆོག་གི་དགའ་བའི་གནས་རྣམས། བྱང་ཆུབ་སེམས་དཔའ་ནི་སྒུར་མོའི་རྣམ་པའི་རྩ་བར་མངོན་པར་དགའ་བ་གཞན་གྱི་གནས་རྣམས། དེ་ལྟ་བུའི་གནས་མཆོག་བཞུགས་པ་ལ། མཆོད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་ཞེས་དགོངས་པའོ། །བསོད་ནམས་ཀྱི་སྒྲ་ནི་མཚན་མ་དང་བཅས་པའི་མངོན་པར་དགའ་བ། ཡེ་ཤེས་ཀྱི་སྒྲ་ནི་མཚན་མ་དང་བྲལ་བའི་མཚན་ཉིད་ཆད་པའི་དགའ་བ་དེ་དག་གཉིས་སུ་མེད་པའི་རང་བཞིན་ངོ་བོས་གང་ཞིག་རང་བཞིན་དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་གློ་བུར་གཏིང་རིང་ཟབ་པ་རྒྱ་མཚོའི་རང་བཞིན་དགའ་བའོ། །དེ་ལ་མཐོང་བས་རེག་པས་ཐོས་པ་དྲན་པས་ཉམས་སུ་མྱོང་བའི་སའི་འབྲས་བུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་མཐོང་བས་དགའ་བ། རེག་པས་མཆོག་གི་དགའ་བ། ཐོས་བས་ཆད་པའི་དགའ་བ། དྲན་པས་རང་བཞིན་དགའ་བ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག །ཁྱབ་འཇུག་ལྷ་ཆེན། ཚངས་པ། བརྒྱ་བྱིན། ཉེ་བའི་དབང་པོ། དྲག་པོ། སྐྱེ་བའི་མཆོག །ཉི་མ། ཟླ་བ། སངས་རྒྱས། བྱང་ཆུབ་སེམས་དཔའ་དེ་ཀུན་གྱིས་མཆོད་བཀུར་འགྱུར། ཕྱག་བཀུར་འགྱུར་རོ། །ད་ནི་བླ་


DTG019_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་མེད་པའི་མཆོད་པའི་འབྲས་བུ་ལ་ཇི་བཞིན་དོན་གྱི་ཡོན་ཏན་བཤད་དེ། སྡིག་པ་ཀུན་ལས་གྲོལ་འགྱུར་བ། དེ་བཞིན་དུ་ནི་ཐེ་ཚོམ་མེད། །རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་པར་བྱེད། །ཅེས་བྱ་བ་ལ། གྲོལ་བ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ། ཐམས་ཅད་ཀྱི་སྒྲ་ནི་དངོས་པོ། །སྡིག་པ་ཅེས་བྱ་བ་ནི་ཟད་པ། དེ་བཞིན་དུ་ཞེས་བྱ་བ་ནི་མི་ཟད་པ། ཐེ་ཚོམ་མེད་ཅེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། ཟད་པའི་བདག་ཉིད་ཀྱི་དངོས་པོ་རྣམས་རྣམ་པར་འབྱེད་པར་བྱས་ནས་མི་ཟད་པའི་བདེ་བ་ཆེན་པོའི་གནས་གསལ་བར་བྱེད། ཡང་ན་འདུག་ས་སྦྱིན་པར་བྱའོ། །གནས་རྙེད་པ་ཙམ་གྱིས་ཡེ་ཤེས་ལྔ་འབྱུང་བར་འགྱུར་རོ། །རྣལ་འབྱོར་པ་ཉིད་དང༌། མཆོག་དང༌། བསོད་ནམས་དང༌། དག་བྱེད་དང༌། སྡིག་པ་འཇིག་པ་དང༌། རྣལ་འབྱོར་པ་ཉིད་ཅེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། མཆོག་ཅེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། བསོད་ནམས་ནི་སོ་སོར་རྟོག་པའི་ཡེ་ཤེས། དག་བྱེད་ནི་བྱ་བ་གྲུབ་པའི་ཡེ་ཤེས། སྡིག་པ་འཇིག་པར་བྱེད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས། ཡང་ན་བདེ་བ་ཆེན་པོའི་གནས་ཤེས་པ་ཙམ་གྱིས་ཤེས་རབ་ཡེ་ཤེས། བཟའ་བ་ནི་གསང་བ། སོགས་པའི་སྒྲ་ནི་སློབ་དཔོན་དེ་ལ་དོན་ནི་འདི་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པས་གནས་པ་ལ་སློབ་དཔོན་དང་གསང་བ་ཤེས་རབ་ཡེ་ཤེས་ལ་སོགས་པ་འབད་པས་མི་སྦྱིན་ནོ། །དེ་བཞིན་དུ་ཡང་སྡོམ་པའི་རྒྱ་མཚོ་ལས། །གང་ཞིག་དགེ་སློང་ཚུལ་གནས་དང༌། །གང་ཞིག་ཐེག་ཆེན་རྒོལ་བ་དང༌། །དེ་རྣམས་མཁས་པས་དབང་ལ་སོགས། །ནམ་ཡང་སྦྱིན་པར་མི་བྱའོ། །ཞེས་གསུངས་སོ། །དཀྱིལ་འཁོར་ནང་དུ་དབང་བསྐུར་མིན། །ཞེས་པ་ལ། ཉན་ཐོས་ཀྱི་ཐེག་པས་གནས་པ་ཆོས་གོས་འཛིན་པ་རྣམས་དཀྱིལ་འཁོར་གྱི་ནང་དུ་དབང་བསྐུར་ཐོག་མའི་དོན་ཤེས་ནས་ཡང་དག་པས་སློབ་དཔོན་གྱི་མི་སྦྱིན་ཞེས་ལུང་ངོ༌། །ད་ནི་དམ་ཚིག་ཉམས་པ་ལས་ཕྱོགས་གཞན་བཤད་པ་ཡོད་དེ། དེ་གསལ་བར་བྱའོ། །ཉམས་པ་ཞེས་བྱ་བ་ནི་འབིགས་པ། དམ་ཚིག་ཅེས་བྱ་བ་ནི་ལྷ་མོའི་བདག་ཉིད་ཀྱི་རྩ། ན་ཞེས་བྱ་བ་ནི་ཚུལ། དབང་བསྐུར་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ། དེ་ལ་དོན་ནི་འདི་ཡིན་ཏེ། ལྷ་མོའི་བདག་ཉིད་རྩ་ཚུལ་གྱིས་འབིགས་ནས་


DTG019_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་དུ་འཇུག་པ། བཀུག་ནས་དཀྱིལ་འཁོར་གྱི་ནང་དུ་གཞུག་པར་བྱའོ། །ཡང་དག་པར་འཇུག་པར་བྱེད་པས་རྣལ་འབྱོར་པ་བསྐལ་བ་བྱེ་བ་བརྒྱ་ཡིས་ཀྱང་གྲུབ་པ་གང་ཡང་མི་རྙེད་པ་དེ་ཚེ་འདིས་བླ་མའི་བཀའ་དྲིན་གྱིས་རྙེད་དེ། དེ་ཡང་བརྩོན་འགྲུས་ཆེ་བ་ཡིན། བརྩོན་འགྲུས་ཆུང་ན་ཡང་ཉམས་པ་ལ་སོགས་པའི་དོན་སྤྱོད་པས་བྲ་མོའི་དངོས་གྲུབ་བརྒྱད་འདིར་ཐེ་ཚོམ་མེད་པར་རྙེད་དོ། །ད་ནི་བདུད་རྩི་ལྔའི་ཆོ་ག་བཤད་དེ། སྦྲང་རྩི་ཁྲག་དང་ག་པུར་བཅས། །དམར་དང་ཙནྡན་གྱིས་ལེགས་སྦྱར། །ཚོགས་ཀྱི་དབུས་སུ་བཞག་པ་ནི། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །ཞེས་བྱ་བ་ལ། སྦྲང་རྩི་ཞེས་བྱ་བ་ནི་གཅི་བ། ཁྲག་ཅེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ག་བུར་བཅས་པ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དེ་ལ་དོན་ནི་འདི་ཡིན་ཏེ། དང་པོ་མེ་ཏོག་དང་ལྡན་པའི་གཞོན་ནུ་མ་ཐབས་དང་ལྷན་ཅིག་གང་ཞིག་དགའ་བ་མཉམ་པར་འབྱུང་བ་དེ་ནི་ག་བུར་དང་བཅས་པར་བཤད་དོ། །ཡང་དམར་ཞེས་སྨོས་པ་ནི་ཤ་ཆེན་པོ། །ཙནྡན་ནི་དྲི་ཆེན་པོ། །ལེགས་སྦྱར་ཞེས་བྱ་བ་ནི་དེས་རོ་མཉམ་པར་བྱས་ཞེས་བྱ་བའི་དོན་ཏོ། །ཡང་ན་སྦྲང་རྩི་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའོ། །ཁྲག་ཅེས་བྱ་བ་ནི་དེ་རང་རྣམ་པར་སྨིན་པ་ལས་མཆོག་གི་དགའི་ངོ་བོ་ཉི་མ། ག་པུར་བཅས་ཞེས་བྱ་བ་ནི་ནུར་ནུར་བའི་དངོས་པོར་གྱུར་པ། ཡང་ན་རོ་མཉམ་པའི་གཟུགས་ཀྱིས་ཤར་བ། དམར་དང་ཙནྡན་གྱིས་ལེགས་སྦྱར། །ཞེས་བྱ་བ་ལ། དམར་གྱི་སྒྲ་ནི་ཕག་མོ། འདོད་ཆགས་ཆེན་པོས་ཤིན་ཏུ་ཆགས་པའི་ཕྱིར། ཙནྡན་ནི་དཔལ་ཧེ་རུ་ཀ་དག་པའི་དཀར་བ་དྲི་མ་མེད་པའི་ཕྱིར། ལེགས་སྦྱར་ནི་དཔལ་ཧེ་རུ་ཀ་དང་ཕག་མོའི་ང་རྒྱལ་གྱིས་བདེ་བ་ཆེན་པོའི་རེག་བྱ་ཉམས་སུ་མྱོང་བའི་དོན་གྱི་ཕྱིར་བྱང་ཆུབ་ཀྱི་སེམས་བླ་མའི་མན་ངག་ལས་གཟུང་བར་བྱའོ། །བྱང་ཆུབ་ཀྱི་སེམས་སྤངས་པས་བདེ་བ་ཆེན་པོའི་རེག་བྱ་ཉམས་སུ་མྱོང་བ་སྐྱེ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཚོགས་ཀྱི་ནང་དུ་བཞག་པ་ནི། །ཞེས་བྱ་བ་ལ། ཚོགས་ནི་ཨུཏྤལའི་འཁོར་ལོ། དབུས་ཞེས་བྱ་བ་ནི་དེའི་སྙིང་པོ། བཞག་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ཡང་ན་སྙིང་པོ་གནས་ནས་མི་གཡོ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །ཞེས་བྱ་བ་ལ། ཐམས་ཅད་ཀྱི་སྒྲ་ནི་རྩ་བ་རྡོ་རྗེའི་མཚན་མ་ཞེས་བྱ་བ་ནི་སྡུད་པའི་མཐའི།


DTG019_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་ཞེས་བྱ་བ་གཟུང་བ། དེ་ལ་དོན་ནི་འདི་ཡིན་ཏེ། རྡོ་རྗེའི་རྩ་བ་ནས་སྡུད་པའི་མཐའ་མན་ཆད་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དགའ་བ་རྟེན་པའི་དོན་དུ་གཟུང་བར་བྱའོ། །ཡང་ན་ཐམས་ཅད་ཀྱི་སྒྲ་ནི་གསང་བ། རྡོ་རྗེའི་སྒྲ་ནི་དམ་ཚིག་མ། གསང་བའི་དམ་ཚིག་མ་དེ་དག་མཚན་མ་ནི་རྟགས། སྐུར་བའམ་རོལ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། རེག་བྱ་དང་རྒྱལ་མཚན་གཉིས་ལས་བྱུང་བ་མངོན་པར་གྲགས་པ་ཟླ་བ་ཡེ་ཤེས་ཀྱི་ལྟ་བས་བྱིན་གྱིས་བརླབས་ཏེ་སྤྲོས་པ་དང་བྲལ་བའི་རང་བཞིན་གྱི་རོ་གཅིག་པུར་བྱས་ནས་གཉིས་སུ་མེད་པས་མྱོང་བར་བྱས་ཏེ། མྱོང་བ་ཙམ་གྱིས་ནི་རང་གི་ངོ་བོ་རྙེད་པར་འགྱུར་ཞེས་དགོངས་སོ། །ད་ནི་མྱོང་བའི་ཆོ་ག་བཤད་དེ། སྦོམ་པོ་མཐའ་ལྟག་ཁ་གཉིས་ཀྱིས། །མཉམ་སྦྱོར་ཤེས་པས་རྟག་ཏུ་མྱང༌། །ཟླ་བའི་བཏུང་བ་བཞིན་མྱོང་བས། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་བཞིན་ནོ། །ཡང་ན་སྦོམ་པོ་ནི་རྡོ་རྗེའི་ནོར་བུ། ཐ་ལྟག་ནི་ཆུ་སྐྱེས་གྱི་གཙག་བུ། ཡང་ན་ཐ་ལྟག་ནི་རྟོག་མེད་མ། སྦོམ་པོ་ནི་རྩབ། དེ་དག་གིས་ཁ་ལ་མྱོང་གཟུང་བླང་ཞེས་བྱ་བའི་དོན་ཏོ། །མཉམ་སྦྱོར་ཤེས་པས་ཞེས་བྱ་བ་ལ། མཉམ་སྦྱོར་གྱི་སྒྲ་ནི་སྐུ་གསུང་ཐུགས་མི་གཡོ་བར་གནས་པ། ཡང་ན་མཉམ་སྦྱོར་ནི་ཡེ་ཤེས་དངོས་པོ་དང་དངོས་པོ་མ་ཡིན་པར་འཛིན་པ་སྦངས་པ་སེམས་བྱུང་བ། ཡང་ན་སེམས་དང་སེམས་ལས་བྱུང་བ་དེ་དག་གཉིས་སུ་མེད་པས་རང་བཞིན་མེད་པའི་རང་བཞིན་ཡོངས་སུ་ཤེས་པ། རྟག་ཏུ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ཡང་ན་འགྲོ་བ་གནས་པ་གཉིད་ལོག་པ་སད་བ་ཟས་ཟོས་པ་མ་ཟོས་པ་ལེགས་དགྱེས་ལ་སོགས་ལོངས་སྤྱོད་ལ་རྒྱུན་མ་ཆད་པ་རང་གི་ངོ་བོ་ཡོངས་སུ་ཤེས་པ་རང་གིས་ཉམས་སུ་མྱོང་བའི་དགའ་བ་མཛེས་པའི་རྣམ་པས་རྣལ་འབྱོར་པ་ཉིད་ཐོབ། མཆོག་ཐོབ། བསོད་ནམས་ཐོབ། དག་བྱེད་ཐོབ། སྡིག་པ་འཇིག་པ་ཐོབ། དེའི་ཕྱིར་དེ་བཞིན་དུ་ནི་ཐེ་ཚོམ་མེད་ཅེས་ཉིད་མཆོག་གི་དབང་ཕྱུག་གིས་གསུངས་སོ། །ད་ནི་བདེ་བ་ཆེན་པོའི་ངོ་བོ་ཉིད་ལ་སྒྲུབ་པ་བཤད་དེ། བཟླས་པ་ཙམ་གྱིས་འགྲུབ་པ་ནི། །བསམ་གཏན་གྱིས་དང་བཟླས་པས་སོ། །དམ་ཚིག་རྟག་ཏུ་བསྐྱང་བ་ནི། །སྒྲུབ་པ་གཡོ་བ་མེད་པས་སོ། །


DTG019_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ། འགྲུབ་པ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་སྒྲུབ་པའི་དབང་པོ་ལས་བཟླས་པ་ཙམ་ལ་སོགས་པས་བདེ་བ་ཆེན་པོའི་རྒྱལ་པོ་ལ་རེག་བྱ་རྙེད། ཡང་ན་ཡེ་ཤེས་ལྔ་མངོན་དུ་གྱུར་པར་བྱེད་པས་ཉམས་སུ་མྱོང་བ་ཤེས་པ་ལ་བདེ་བའི་རང་བཞིན་ལ་སྣང་བ་མཐོང༌། བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི། ཀུན་དུ་མྱོང་བ་བསམ་གཏན་གྱིས། །ཞེས་བྱ་བ་ནི་རྣམ་པར་དཔྱོད་པས། བཟླས་པས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས། དེ་ལ་དགོངས་པ་ནི་འདི་ཡིན་ཏེ། །སྤྲོས་པ་དང་བཅས་པའི་བདེ་བ་ཆེན་པོ་ལ་ཀུན་དུ་མྱོང་བའི་རྣམ་པར་དཔྱོད་པའི་ཡེ་ཤེས་ཀྱིས་ཐོབ་བོ། །སྤྲོས་པ་དང་བྲལ་བ་བསམ་གཏན་གྱིས་མ་ཡིན་ལ། བཟླས་པས་ཀྱང་མ་ཡིན་ནོ། །འོ་ན་ཀྱང་བཟླས་པ་ཙམ་གྱིས་ཞེས་བྱ་བའི་དོན་ཏོ། །ཅམ་གྱི་སྒྲ་ནི་ལྟ་བ་ཙམ་ཇི་ལྟར་ལྷ་བ་ཙམ་དེའི་དོན་བཤད་དེ། ཇི་ལྟར་དྲིས་པ་ལ་སོགས་པ་མ་ཡིན་པས་ནམ་མཁའ་ལ་སྤྲིན་མེད་འོད་སྟོང་ལྟ་བ་ཙམ་གྱིས་མཐོང་བ་དེ་ལྟར་བཟླས་པ་དང་བསམ་གཏན་ལ་སོགས་པ་མ་ཡིན་པས་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་བླ་མའི་བཀའ་དྲིན་ལས་ཉམས་སུ་མྱོང་བ་ལྟ་བས་ཚངས་པའི་བཞིའི་ནམ་མཁའི་དབུས་སུ་འོད་སྟོང་རང་བཞིན་དགའ་བ་མཐོང་བ་རྙེད་པ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལ་ཐོབ་པ་དོན་གྱི་ཐབས་བཤད་དེ། རང་བཞིན་དགའ་བ་འོད་སྟོང་ལ་རྙེད་པའི་དོན་དུ་དམ་ཚིག་སྤྱོད་པའི་སྐྱོང་བ་བྱ་བ་ཐབས་ཉིད་མཆོག་གི་དབང་ཕྱུག་གིས་གསུངས་སོ། །དམ་ཚིག་རྟག་ཏུ་སྐྱོང་བ་ནི། །ཞེས་བྱ་བ་ལ། དམ་ཚིག་ནི་འདིར་གཉིས་སུ་དབྱེ་བ་བསྲུང་བ་དང་བཟའ་བ། དུར་ཁྲོད་ཆེན་པོའི་དབུས་སུ་བབ་པ་སྐྱེ་བ་གསུམ་པ་ཚེས་མར་ངོའི་བརྒྱད་པ་ལ་སོགས་པས་གྲུབ་པར་བྱས་པ་སྐལ་ལྡན་མ་ཡིན་པ་ལ་མི་སྦྱིན་ཞེས་བསྲུང་བའོ། །སྐལ་ལྡན་ལ་སྦྱིན་པར་བྱ་ཞེས་བཟའ་བ་དེ་ནི་ངེས་པའི་དོན་ཏོ། །ད་ནི་དྲང་བའི་དོན་ལ་དོན་གསལ་བར་བྱའོ། །དུར་ཁྲོད་ནི་གསང་བའི་སྣ་ལ་རྩ་བའི་ནང༌། གང་གི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ཤིན་ཏུ་རོལ་ཚིམ་པར་བྱེད་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་ལ་དབུས་ནི་སྙིང་པོ་དེ་རུ་འབབ། ཅི་ཞིག །སྐྱེ་བ་གསུམ་པ། ལན་གསུམ་སྐྱེ་བའི་བྱང་ཆུབ་སེམས་འབབ་པ་ནི་རིན་པོ་ཆེའི་གཙུག་ཏོར་ནང་ན་མ་ཉམས་པ། དེ་ཡང་ཚེས་མར་ངོའི་བརྒྱད་པ་ལ་གྲུབ་པར་བྱས་པ་མར་ངོའི་སྒྲ་ནི་མཚན་


DTG019_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ། །དེ་རང་རྟོག་མེད་མ། བརྒྱད་པ་ཞེས་བྱ་བ་ནི་འདབ་མ་བརྒྱད་པའི་པདྨ། སོགས་པའི་སྐྲ་ནི་འདབ་མ་གསུམ་པ་དེ་རུ་གྲུབ་པར་བྱས་པ་དེའི་ནང་གི་ལྟེ་བའི་དབུས་སུ་རང་གསལ་ན་ཞས་བྱ་བའི་དོན་ཏོ། །དེ་ནི་བསྲུང་བའི་དོན་ནོ། །ད་ནི་བཟའ་བའི་དོན་བཤད་དེ། བཟའ་བ་ནི་སྤྲོས་པ་དང་བྲལ་བར་བྱེད་པ། ཡང་ན་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་སྤངས་པའི་ཡེ་ཤེས་ཀྱི་ལྟ་བས་མཚན་ཉིད་དང་བྲལ་བའི་རང་གི་ངོ་བོས་ཉམས་སུ་མྱོང༌། དེ་བཞིན་དུ་ཡང་དཔལ་སྡོམ་པའི་རྒྱ་མཚོ་ལས། དངོས་དང་དངོས་མིན་འཛིན་སྤངས་པས། །མཚན་ཉིད་དང་བྲལ་རང་པོ་རོས། །སྐ་ལ་ལྡན་མོ་གང་ཉམས་སུ་མྱོང༌། །དེ་ནི་གཞན་མིན་བཟའ་བའོ། །ཞེས་གསུངས་སོ། །དེ་ལྟར་གྱུར་པའི་བསྲུང་བ་དང་བཟའ་བསྐལ་ལྡན་མ་ཡིན་པ་ལ་མི་སྦྱིན་ཞེས་བྱ་བའོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། སྐལ་ལྡན་མ་ཡིན་པ་ཆད་པ་དེ་ལ་མི་སྦྱིན་པ་ནི་མཆོག་གི་དགའ་བའི་གནས་སུ་བསྲུང་བ་ཞེས་བྱ་བའི་དོན་ཏོ། དེ་ལྟར་བུའི་དོན་གྱི་དགོངས་པ་ཤེས་ནས་དམ་ཚིག་ལ་སོགས་པ་བསྲུང་བར་བྱ་ཞེས་བདག་གི་དགོངས་པའོ། །གྲུབ་པ་གཡོ་བ་མེད་པས་སོ། །ཞེས་བྱ་བའི་དོན་ཇི་ལྟ་བ་བཞིན་ནོ། །ཡང་གྲུབ་པ་ནི་ཆད་པའི་དགའ་བ་གང་ཞིག་དང་པོ་མི་བདེ་བསྐྱེད་པར་བྱེད་དེ་རང་ཕྱི་ནས་ཞུ་པར་འགྱུར་བས་བདེ་བ་སྐྱེ་བར་བྱེད་དོ། །ཇི་ལྟར་འབྲས་བུ་གསུམ་ལ་སོགས་པ་བཏུང་བ་དང་བཟའ་བས་དང་པོ་མི་བདེ་བར་འགྱུར་བའི་ཡོངས་སུ་སྨིན་པས་དེ་རང་བདུད་རྩིའི་དོན་བྱེད་དོ། །དེ་ལྟ་བུའི་རིགས་པས་ཆད་པའི་དགའ་བ་ཡང་དེ་བཞིན་ནོ། །གཡོ་བ་མེད་པས་ཞེས་བྱ་བ་ནི་ཤིན་ཏུ་བརྟན་པའི་དངོས་པོར་གྱུར་པ། ཡང་ན་ཤོར་བ་ཤི་བའི་སྐབས་སུ་འདུ་ཤས་ཀྱི་ཡེ་ཤེས། ཡང་ན་བསྲུང་བ་ལ་སོགས་པའི་དམ་ཚིག་ལ་ཉམས་སུ་མྱོང་བའི་ལྟ་བའོ། །ད་ནི་དམ་ཚིག་ལ་སྤྱོད་པ་ལ་སོགས་པའི་འབྲས་བུ་བཤད་དེ། དམ་ཚིག་ཉམས་པ་ལས་ནི་འདིར། །དཀྱིལ་འཁོར་ནང་དུ་དབང་བསྐུར་མིན། །རྣལ་འབྱོར་བས་རྟེན་དངོས་གྲུབ་ནི། །བསྐལ་བ་བྱེ་བ་བརྒྱ་ཡིས་ཀྱང༌། །ཞེས་བྱ་པ་ལ། དམ་ཚིག་ཉམས་པ་ལས་ནི་སྔགས་ལ་སོགས་པ་འགྲུབ་པ་ཡང་མིན། དཀྱིལ་འཁོར་གྱི་གྲུབ་པ་ཡང་མིན། དམ་ཚིག་དབང་བསྐུར་གྲུབ་པ་ཡང་མིན། བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང༌། །གྲུབ་པའི་དབང་པོས་རྙེད་པ་ཞེས་དགོངས་སོ། །ཡང་ན་ཉམས་པ་ནི་ཉན་ཐོས་ཀྱི་


DTG019_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐེག་པས་གནས་པ་ལ་གསང་བའི་དོན་བཤད་པ་ལ་ཡང་གནས་གཅིག་པ། དམ་ཚིག་ནི་བསྲུང་བ་དང༌། བཟའ་བ་ལ་སོགས་པའི་དོན་གསལ་བར་བྱེད་པ། བསྲུང་བ་ནི་བདག་ཡིན་པར་བྱའོ། །ཟླ་བའི་བཏུང་བ་བཞིན་མྱོང་པས། །ཞེས་བྱ་བ་ལ། ཟླ་བ་ནི་དུས་གཅིག་ཏུ་ཤར་བའི་བདུད་རྩི། བཏུང་བ་ནི་སྣ་ཚོགས་སྐད་ཅིག་དང་རོའི་རྫས་གྲུབ་པར་བྱས་པ་དེ་ནི་ཟླ་བའི་བཏུང་བ། བཞིན་ཞེས་བྱ་བ་ནི་དཔེའོ། །ཇི་ལྟར་བྲམ་ཟེ་མཆོད་སྦྱིན་གྱི་དུས་སུ་དངོས་པོ་མ་ཡིན་པའི་གཟུགས་བདུད་རྩི་བཞིན་དག་ཕྱིར་ལེན་ཏེ། འོན་ཀྱང་བདེ་བ་ཆེན་པོའི་འབྲས་བུ་སྦྱིན་པ་མཉམ་སྦྱོར་ཞེས་བས་མི་ལེན་ཅིང༌། མཉམ་སྦྱོར་ཤེས་པ་དེ་ནི་མཉམ་སྦྱོར་ཤེས་པའོ། །དེས་རེག་བྱ་ཁོང་དུ་ཆུད་པར་བྱེད་པ་ལ་རེག་བྱའི་ཁའི་ནང་གི་རྐན་གྱི་གནས་སུ་དཔའ་བོ་དང་རྣལ་འབྱོར་མ་ལས་དགོད་པ་བྱས་ནས་གྱེན་དུ་བལྟ་བས་གཟུང་བར་བྱའོ། །མྱོང་བས་ཞེས་བྱ་བ་ནི་སྤྲོས་པ་དང་བཅས་པའི་གཟུགས་རླུང་ལ་སོགས་པ་འགོག་པས་བཟུང་སྟེ་རྗེས་སུ་གཅིག་པ་དང་དུ་མའི་རང་བཞིན་གྱིས་རྣམ་པར་དཔྱད་ནས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཤེས་ནས་ནང་གི་རེག་བྱ་ཉམས་སུ་མྱོང་བའོ། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར།།ཞེས་བྱ་བ་ལ། དངོས་གྲུབ་ནི་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ། ཐོབ་པ་ནི་སྐྱེ་བར་བྱེད་པ། རྟག་པ་ཞེས་བྱ་བ་ནི་ཆད་པ་དང་བྲལ་བའོ། །དེ་ལ་དོན་ནི་འདི་ཡིན་ཏེ། དུས་གཅིག་ཤར་བའི་བྱང་ཆུབ་ཀྱི་སེམས་ཉམས་སུ་མྱོང་བ་ཙམ་གྱིས་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཅན་ཤེས་རབ་ཆད་པ་དང་བྲལ་བའི་དགོས་པ་བྱེད། ཡང་ན་དཔེ་མེད་པའི་འབྲས་བུ་སྦྱིན་ནོ། །ད་ནི་བདུད་རྩི་ལྔའི་འབྲས་བུ་བཤད་དེ། །དེ་ནི་བདུད་རྩི་ལྔ་ཡིན་འགྱུར། །དངོས་གྲུབ་ཐམས་ཅད་རབ་བྱེད་པ། །མཆོད་བཞི་དེ་བཞིན་རྣལ་འབྱོར་པ། །མཉམ་པར་འཁྱུད་པ་དེ་ཉིད་འཛིན། །ཞེས་བྱ་བ་ལ། དེ་ནི་བདུད་རྩི་ལྔ་དེ་ནི་གཉིས་སུ་མེད་པའི་མཆོད་པའི་སྐབས་སུ་དཔྱད་པར་བྱའོ། །ཡང་ན་ལྔའི་སྒྲ་ནི་དེ་བཞིན་གཤེགས་པ་ལྔའོ། །བདུད་རྩི་ཞེས་བྱ་བ་ནི་དེ་རྣམས་ཀྱི་ངོ་བོའོ། །དེ་ལ་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ལྔའི་བྱིན་གྱིས་རླབས་ཀྱི་རང་གི་ངོ་བོས་གང་ཞིག་གཉིས་སུ་མེད་པའི་མཆོད་པའི་དམ་ཚིག་སྤྱོད་པ་དེ་ནི་དངོས་གྲུབ་ཐམས་ཅད་རབ་ཏུ་བྱེད་དོ། །དངོས་གྲུབ་ཐམས་ཅད་རབ་ཏུ་བྱེད། །ཅེས་བྱ་བ་ནི་ཉེ་བར་བརྟགས་པ་ཙམ་སྟེ། འོ་ན་ཀྱང་


DTG019_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་རབ་ཏུ་བྱེད་ཅེས་བྱ་བའི་དོན་ཏོ། །མཆོད་བཞི་ཞེས་བྱ་བ་ནི་སྔགས་དམ་ཚིག་ཡེ་ཤེས་དེ་ཁོ་ན་ཉིད་ཅེས་སོ། །ཡང་ན་ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བཞིའོ། །དབང་པོ་གཉིས་སུ་མེད་པའི་སྦྱོར་བའི་དུས་སུ་མངོན་པར་དགའ་བས་ཁོང་དུ་ཆུང་པ། ཡང་ན་སྐད་ཅིག་བཞིའི་བར་དུ་ཚངས་པའི་རྐན་གྱིས་ཕྲད་པ་ལས་ཡེ་ཤེས་མེའི་སྦྱོར་ཐབས་ཀྱིས་བདུད་རྩི་མྱོང་པ་དེ་ནི་མཆོད་བཞིའོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་རྣལ་འབྱོར་པ། མཉམ་པར་འཁྱུད་པ་དེ་ཉིད་འཛིན། །དམ་ཚིག་གི་ཡང་དེ་བཞིན་ནོ། །དེ་ཁོ་ན་ཉིད་ནི་བཞི་པ། དེ་སྐབས་སུ་ཡང་ཕུང་པོའི་རྣམ་པར་ཤེས་པའི་རིན་པོ་ཆེ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་ཡི་གཟུགས་རྟེན་མེད་པའི་དོན་དམ་པ་རྙེད་པར་མི་འགྱུར་རོ། །རྙེད་པའི་སྒྲ་ནི་གསལ་བ་སྟེ། དེ་སྐྱེ་བ་མ་ཡིན་ནོ། །ཀུན་རྫོབ་ཀྱི་གཟུགས་ཀྱི་རྟེན་རེག་ཁམས་མི་དགོས་པའི་བརྒྱད་པའི་དང་པོ་གཉིས་པ་ཁོང་དུ་ཆུད་པ་ལས་འོད་ཟེར་འབྱུང་བར་བྱེད་པས་ཞེས་བྱ་བར་དགོངས་སོ། །ད་ནི་དེ་ལ་རྙེད་པའི་དོན་དུ་སྙིང་པོའི་མཆོག་གི་ཐབས་བཤད་དེ། གང་གི་ཐབས་ཀྱིས་རྙེད་ཙམ་གྱིས་སངས་རྒྱས། ཡང་ན་རྡོ་རྗེ་འཛིན་པར་འགྱུར་རོ། །ལྷ་དང་མི་ཡི་བདེ་བ་ནི། རྡོ་རྗེ་མཐེའུ་ཆུང་གི་ནང༌། །འདུས་བྱས་གཉིག་ཤེས་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ལ། ལྷའི་དང་མིའི་དང་ལྷ་མིའི་དང༌། ལྷའི་སྒྲ་ནི་ཤེས་རབ། མིའི་སྒྲ་ནི་ཐབས། དེ་དག་ལྷ་མི་ཤེས་རབ་ཐབས་གཉིས་ལས་གང་ཞིག་འབྱུང་བ་དེ་ནི་བདེ་བའོ། །ཡང་ན་བདེ་བ་ཞེས་བྱ་བ་ནི་བཞིར་དབྱེ་བའི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་མཐེའུ་ཆུང་གི་ནི་ནང༌། །ཞེས་བྱ་བ་ལ། རྡོ་རྗེ་མཐེའུ་ཆུང་སྟེ་གསང་བའི་རིན་པོ་ཆེའི་སྙེ་མའོ། །ནང་ཞེས་བྱ་བ་ནི་དེའི་ཚངས་པའི་རྐན། འདུས་བྱས་ཞེས་བྱ་བ་ནི་གང་ཞིག་བཞིར་དབྱེ་བའི་བདེ་བ་ཆེན་པོའི་རེག་བྱའི་རྒྱལ་པོ་གསང་བའི་ལྟེ་བའི་གཞིའི་ནང་ན་འབབ་པ་དེ་ལ་འདུས་པར་བྱེད་གཅིག་ཏུ་བྱེད་པ་ནི་འདུས་བྱས་ཞེས་བྱ་བའི་དོན་ཏོ། །ཡང་ན་ལྷའི་ཞེས་བྱ་བ་ནི་མཆོག་གི་དགའ་བ། མིའི་ཞེས་བྱ་བ་ནི་ཆད་པའི་དགའ་བ། །དེ་དག་གི་དབུས་སུ་ཡོད་པ་གང་ཞིག་ཡེ་ཤེས་དེ་ནི་བདེ་བ། དེ་བླ་མའི་མན་ངག་ལས་དང་རང་གི་བསོད་ནམས་ཀྱི་སྟོབས་ཀྱིས་འདུས་བྱས་རོ་གཅིག་ཏུ་བྱས་ནས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བའི་ལྟ་བས་མཆོག་དང་ཆད་པ་ཤེས་


DTG019_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་རྡོ་རྗེ་མཐེའུ་ཆུང་རིན་པོ་ཆེའི་སྙེ་མའི་ནང་དུ་གཟུང་པར་བྱ། ཉམས་སུ་མྱོང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བ་ཙམ་གྱིས་ཨཱ་ལི་ཀཱ་ལི་ཤེས་རབ་ཐབས་མཉམ་པར་འཁྱུད་པ་སྲུབ་དང་བསྲུབ་ཐབས་ཕྱག་རྒྱ་སྔགས་རིམ་པ་གསང་པའི་གཞི་སངས་རྒྱས་རིན་པོ་ཆེའི་སྣོད་སྐད་ཅིག་རོ་དགའ་བ་བདུད་རྩི་རྩ་རླབས་ལོངས་སྤྱོད་དབང་རྟེན་དང་བརྟེན་པ་ཡེ་ཤེས་སྣང་བ་ཤར་བ་ནུབ་པ་འཕོ་བ་ཐིག་ལེའི་ཚུལ་ལ་སོགས་པ་མཚན་མ་དང་བཅས་པ་མི་དམིགས་པས་བརྗོད་དུ་མེད་པ་ནམ་མཁའ་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་རང་རྫོགས་པ་མཐོང་ཐོབ་ཅེས་བྱ་བའི་དོན་ཏོ། །བཅུ་དྲུག་ཆར་ཡང་མི་ཕྱོད་དོ། །ཞེས་བྱ་བ་ལ། དེ་ལྟ་བུར་གྱུར་པ་ལས་གཞན་གྱི་ཡེ་ཤེས་ལ་སོགས་པ་ཆ་བཅུ་དྲུག་གི་ཆ་གཅིག་ཀྱང་འཛིན་པ་མི་ཕོད་མི་ཐོབ་ཅེས་བྱ་བའི་དོན་ཏོ། །ཡང་ན་ཆར་ཡང་ཞེས་བྱ་བ་ནི་དུས། ཡང་ན་སྦྱོར། དེ་ཡང་གང་གིས་གང་ལ་དེ་སྨྲའོ། །མཆོག་གི་མཚན་ཉིད་སྲིད་པའི་ལྷན་ཅིག་ཆད་པའི་མཚན་ཉིད་མྱ་ངན་ལས་འདས་པ་ལའོ། །མི་ཕོད་ཅེས་བྱ་བ་ནི་མི་སྲིད་པ། བཅུ་དྲུག་ཅེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ཡང་ན་སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར་རོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། སྲིད་པ་དང་མྱ་ངན་ལས་འདས་པའི་མཚན་ཉིད་མཆོག་དང་ཆད་པའི་སྦྱོར་བ་ལས་སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་ལ་ཆ་བཅུ་དྲུག་གི་ཆ་གཅིག་ཀྱང་ཐོབ་པ་མི་ཕོད་མི་སྲིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ནམ་མཁའ་གང་བའི་ཟླ་བ་ལའོ། །ད་ནི་དཀྱིལ་འཁོར་གྱི་དོན་བཤད་དེ། རི་ཡི་གཏིང་རིང་ཕུག་ཏུ་ནི། །རྒྱ་མཚོ་ཆེན་པོའི་ཆུ་དོགས་སུ། །དང་པོའི་གྲུབ་པ་དུར་ཁྲོད་ལ། །དེ་རུ་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ལ། རི་ཞེས་བྱ་བ་ནི་མཚོག་མ། གཏིང་རིང་ནི་སྙིང་པོ། །ཕུག་ཅེས་བྱ་བ་ནི་དེའི་དབུས། དེ་ཡང་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་དྲ་བ་དང་ལྡན་པ། རི་ཡང་སྣ་ཚོགས་ཤིང་གིས་མཛེས་པ། སྣ་ཚོགས་དྲི་མ་མེད་པའི་ཤྭའི་ཆུ་བབ་པ། མཆོག་མ་རིའི་ཕུག་ཀྱང་སྣ་ཚོགས་དྲི་མ་མེད་པའི་ཆུ་འབབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ཆུ་འབབ་པའོ། །རྒྱ་མཚོ་ཆེན་པོའི་ཆུ་དོགས་སུ། །ཞེས་བྱ་བ་ལ། ཆེན་པོ་གང་ཡིན་པ་དེ་རྒྱ་མཚོ། རྒྱ་མཚོ་ཆེན་པོ་དེའི་དོགས་ནི་རྒྱ་མཚོ་ཆེན་པོའི་དེའི་དོགས། གསང་བའི་ལྟེ་པའི་གནས་དེའི་རྒྱ་མཚོ་ཆེན་པོའི་དོགས་གསང་བའི་གནས་སུ་ཐིག་ལ་སོགས་ལ་གདབ་པར་བྱའོ། །ཐིག་ལ་སོགས་པ་གདབ་བའི་སྒྲ་ནི་བདེ་བའི་ཞེས་དང༌། ལྡན་པའི་ཞེས་རྩའི་


DTG019_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་སྤྱོད། དེ་ཡང་སྲོག་དང་རྩོལ་བ་མཉམ་པར་གཞག་པས་སོ། །དང་པོ་གྲུབ་པ་དུར་ཁྲོད་ལ། །ཞེས་བྱ་བ་ལ། དང་པོའི་སྒྲ་ནི་ཐོག་མ་མེད་པ། གང་ལ་ཐོག་མ་མེད་པ་དེ་ནི་ཐོག་མ་མེད་པ། གྲུབ་པ་ཞེས་བྱ་བ་ནི་མ་བཅོས་པ་རང་བྱུང་བ། ཡང་ན་དང་པོ་གྲུབ་པ་ཞེས་བྱ་བ་ནི་གཞན་མིན་སྒྲོས་བ་དང་བྲལ་བའི་ཡེ་ཤེས་དེའི་ཕྱིར་རང་བྱུང༌། ཇི་ཞིག །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྣམ་པར་རྟོག་པ་སྲེག་པར་བྱེད་པའི་དུར་ཁྲོད་དོ། །དེ་རུ་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ལ། དེ་རུ་ཞེས་བྱ་བ་ནི་འདས་མ་ཐག་པ་སྨྲས་པའི་གནས་སུ། དཀྱིལ་འཁོར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས། འདྲི་བར་བྱ་ཞེས་བྱ་བ་གསང་བའི་རྡོ་རྗེ་ཕྲེང་བའི་དང་དུ་བཟོར་བྱ་བཀྲམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་དང་པོ་གྲུབ་པའི་དུར་ཁྲོད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལ་གང་ཞིག་གསང་བའི་བཤད་པ་ཡོད་པ་དེ་གསལ་པར་བསྟན་ཏེ། དང་པོའི་སྒྲ་ནི་རོ་མ། འཛིན་མ། འཕྲོག་མ། གྲུབ་ཅེས་བྱ་བ་རྟོག་མ་མེད་མ། དུར་ཁྲོད་ཅེས་བྱ་བ་ནི་དེ་རྣམས་ཀྱི་སྲོག། དེ་ཡངས་དང་ཆུ་དང་མེ་དང་རླུང་དང་བྲལ་བ། དེ་རུ་ཞེས་བྱ་བ་ནི་ནམ་མཁའ། དཀྱིལ་འཁོར་ཞེས་བྱ་བ་ནི་རང་བཞིན་ཡེ་ཤེས། བྲི་བ་ཞེས་བྱ་བ་ནི་མཆོག་གི་དབང་ཕྱུག །དེ་ལ་དོན་ནི་འདི་ཡིན་ཏེ། འཛིན་མ་ལ་སོགས་པ་རྟོག་མེད་རང་བཞིན་གྱི་རླུང་སྲོག་དུར་ཁྲོད་ཆེན་པོའི་ནམ་མཁར་ཡེ་ཤེས་ཀྱི་ངོ་བོའི་དཀྱིལ་འཁོར་གྱི་དབུས་སུ་མཆོག་གི་དབང་ཕྱུག་བསྒོམ་པར་བྱའོ། །ཡང་ན་དང་པོ་གྲུབ་པའི་དུར་ཁྲོད་ཅེས་བྱ་བ་ནི་རང་བཞིན་དགའ་བ། དེ་རུ་ཞེས་བྱ་བ་ནི་གང་རང་བཞིན་གྱི་རླུང་གི་གནས། དཀྱིལ་འཁོར་ཞེས་བྱ་བ་ནི་གཞན་མིན། བྲི་བར་བྱ་ཞེས་བྱ་བ་ནི་རེག་པར་བྱའོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། རང་བཞིན་གྱི་རླུང་གི་གནས་སུ་དེ་རང་དང་ལྡན་པ་རང་བཞིན་དགའ་བའི་དུར་ཁྲོད་ཆེན་པོའི་ནང་གི་རེག་བྱས་ཉམས་སུ་མྱོང་བར་བྱའོ། །ཉམས་སུ་མྱོང་བ་ཙམ་གྱིས་སྤྲོས་པ་དང་བྲལ་བའི་རང་བཞིན་དགའ་བ་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་པའི་རང་བཞིན་གྱི་བདག་ཉིད་དང་པོ་གྲུབ་པའི་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་སྐྱེས་བུའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བརྒྱད་ཅུས་སྐུ་བརྒྱན་པ། རྨད་དུ་བྱུང་བ་རྣམ་པ་ཐམས་ཅད་ཀྱི་གཅིག་པུ་བདེ་བ་ཆེན་པོའི་རང་བཞིན་གྱི་ངོ་བོ་དམ་ཚིག་ཆེན་པོའི་ཡན་ལག་མས་འཁྱུད་པ་དཔལ་འཁོར་ལོ་སྡོམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་བའི་རྗེ་བཙུན་


DTG019_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་བཞུགས་སོ། །འགྱེལ་ཀྱང་ཉི་མས་སྐམ་མི་འགྱུར། །ཆུས་ཀྱང་རུལ་བ་མ་ཡིན་ནོ། །དེ་ལྟར་ཡ་མཚན་གཟུགས་གྲགས་པ། །ཨུཏྤལ་གང་བ་བདག་གིས་བྱས། །ཞེས་བྱ་བ་ལ། འགྱེལ་ཞེས་བྱ་བ་ནི་རང་གི་གནས་ཉམས་པ། རང་གི་གནས་ཀྱི་སྒྲ་ནི་ཚངས་པའི་མཚོ། །ཀྱང་གི་སྒྲ་ནི་ངེས་པའི་དོན་ཏོ། །ཉི་མ་ཞེས་བྱ་བ་ནི་མཆོག །སྐམ་མི་འགྱུར་ཞེས་བྱ་བ་ནི་དོན་ཇི་བཞིན་ནོ། །ཡང་ན་རང་གི་ངོ་བོ་ལས་ཉམས་པར་མི་བྱེད། རང་གི་དབང་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། །གསང་བའི་རྡོ་རྗེ་གྲགས་པ། ཨུཏྤལ་གང་བ། རང་གི་གནས་ཚངས་པའི་མཚོ་ལས་འགྱེལ་ཀྱང་ཁུ་བའི་སྤྲོ་བ་ཐུབ་ཀྱང་མཆོག་གི་ཉི་མའི་ཆ་བས་སྐམ་པར་མི་བྱེད། རང་གི་ངོ་བོ་ལས་གཞན་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཆུས་ཀྱང་རུལ་བ་མ་ཡིན་ནོ། །ཞེས་བྱ་བ་ནི་རང་གི་མཚན་ཉིད་ལས་གཞན་དུ་མི་འགྱུར། ལོག་པར་མི་བགྱིད་ཅེས་བྱ་བའི་དོན་ཏོ། །ཆུས་ཞེས་བྱ་བ་ནི་ཞུ་བའི་མཚན་ཉིད་ཆད་པས། དེ་ལ་དགོངས་པ་ནི་འདི་ཡིན་ཏེ། ཆུའི་ནང་ན་འགྱེལ་ཀྱང་ཆུའི་རང་བཞིན་དུ་གྱུར་ཀྱང༌། དེ་ལྟ་མོད་ཀྱི་ཞུ་བའི་མཚན་ཉིད་ཆད་པས་རུལ་པར་མི་བྱེད། རང་གི་མཚན་ཉིད་ལས་གཞན་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེ་ན། རང་བཞིན་དགའ་བའི་ཉམས་སུ་མྱོང་པའི་རོ་ཡིས་ཤིན་ཏུ་ཁེངས་པས། ཕྱི་ཞེས་བྱ་བའི་དགོངས་པའོ། །དེའི་ཕྱིར། དེ་ལྟར་ཡ་མཚན་གཟུགས་གྲགས་པ། །ཨུཏྤལ་གང་བ་བདག་གིས་བྱས། །ཞེས་བྱ་བའི་ཚིགས་བཅད་བསྟན་པའོ། །བདག་གིས་ཞེས་བྱ་བ་ནི་སློབ་དཔོན་ཤེས་རབ་དཔལ་གྱིས་ཞེས་བྱ་བའི་དོན་ཏོ། །འདི་དག་བརྒྱད་གཉིས་ལོ་ལྡན་མ། །འབྲེལ་པ་ལ་སོགས་ཨུཏྤལ་སྤྱན། །གཞན་གྱི་སྙིང་ག་འབིགས་ཁོ་ན། །འདུས་པ་ནུ་མ་མདའ་དང་འདྲ། །ལྟེ་བ་རྐེད་པ་ཟླ་བཞིན་དགྱེས། །དབུས་སོགས་དམ་ཚིག་རྨད་དུ་བྱུང༌། །སྐུ་སྨད་ལ་སོགས་པ་ཡི་མཆོག །མན་ངག་པདྨ་ལྡན་པའོ། །ཐོས་པས་སྡིག་པ་འཇིག་པར་བྱེད། །ལྟ་བས་དགའ་བ་འཕེལ་བར་མཛད། །རེག་བྱས་ཡེ་ཤེས་སྐྱེ་བར་བྱེད། །སྤྱོད་པས་ཐར་བ་སྦྱིན་པའོ། །བསོད་ནམས་ཅན་དུ་སྐལ་ལྡན་གང༌། །སུ་ཞིག་མཁས་ཆེན་རབ་མཆོག་གང༌། །དེ་ལ་དེ་འདྲ་བདག་སྐྱེས་གཞན། །བདག་ཉིད་ཚིག་གིས་སྦྱིན་པར་བྱ། །རྒྱ་གར་ཁ་ཆེའི་མཁན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པ་གསང་ཆེན་པདྨ་ཞེས་བྱ་བ་ལས་ངེས་བསྟན་གཉིས་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།


previousདཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། ལོངས་སྤྱོད་རྡོ་རྗེ།no next