Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉི་ཤུ་པ།

58 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


58  collapse section
58  collapse section
 
11   
 
 
 
  
 
 
  
  
  
  
  
  
  
17   
  
  
ལེའུ་བཅུ་བདུན་པ།
 
  
 
  
  
  
  
 
 
  
  
  
 
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
expand section
  


58 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousལེའུ་བཅུ་བདུན་པ།next

ལེའུ་བཅུ་བདུན་པ།


DTG020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོ་ཆ་རྡོ་རྗེ་སེམས་དཔའ་བཤད། །ཕག་མོ་དང་མཆོག་ཟག་མེད་པའི། །སྔགས་ལ་རྒྱུན་དུ་བདག་བཏུད་ནས། །བསྲུང་བ་ཐམས་ཅད་རྫུ་འཕྲུལ་ཆེ། །འཇིག་རྟེན་རྣམས་ཀྱི་དོན་མང་པོ། །རྒྱས་བཏབ་པ་ཡི་བྱེད་པ་སྟེ། །དངོས་གྲུབ་ཆེན་པོ་སྟེར་བ་ཉིད། །འགྲེལ་པ་རྒྱ་ཆེན་ཡང་བྱའོ། །ད་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་གོ་ཆའི་སྔགས་བསྐྱེད་པའི་ཆོ་གའི་མཚན་ཉིད་དང་གནས་


DTG020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ངེས་པ་དང་ཕྱི་དང་ནང་གི་བདག་ཉིད་ཀྱི་བསྲུང་བ་གསུངས་པ། དེ་ནས་གཞན་ཞེས་བྱ་བ་ལ་སོགས་པས་ཏེ་རྡོ་རྗེ་སེམས་དཔའ་སྙིང་གར་ཞེས་བྱ་བ་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་རྡོ་རྗེ་སྟེ་དེ་དང་ལྡན་པས་ན་སེམས་དཔའོ། །དེ་རྣམ་པར་ཞུ་བ་དང་ཁྱོད་ཀུན་དུ་སྦྱོང་བས་ཏྭ་ཞེས་བྱའོ། །རྡོ་རྗེ་འཛག་པ་བདེ་བ་ཆེན་པོ་མཆོག་གི་རྩ་ལས་འབབ་པར་འགྲོ་བའི་དོན་གྱིས་སོ། །མཆོག་ཏུ་གཉིས་སུ་མེད་པའི་སྲུང་བའི་ཧཾ་གི་ཡི་གེ་ནི་འཆད་པར་འགྱུར་བའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་ལྟར་སྙིང་གར་ཡང་དག་པའི་ཡེ་ཤེས་རྡོ་རྗེ་ཕག་མོའི་རང་བཞིན་ལ། ཨཱ་ལིའི་སྦྱོར་བ་ཞེས་བྱ་བ་ནི་ཨཱ་ལི་ཨའི་ཡི་གེ་ལ་སོགས་པ་དབྱངས་བཅུ་དྲུག་གི་ཕྲེང་སྟེ་དེ་རྣམས་ཀྱི་ཚེས་གཅིག་ལ་སོགས་པ་ནས་ཉའི་བར་གྱི་ཟླ་བའི་བར་གྱི་ཆ་ཤས་མི་གཡོ་བ་ཉིད་ཀྱིས་སྦྱོར་བ་བཅུ་དྲུག་གི་དུས་ཀྱི་ནང་དུ་ཞུགས་པས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་དེའི་ངོ་བོས་རྒྱས་གདབ་བར་བྱ་སྟེ་ཆོས་ཐམས་ཅད་ལ་དམིགས་པ་མེད་པའི་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱག་རྒྱ་སྟེ་དེའི་ཕྱག་རྒྱས་གདབ་པར་བྱའོ། །དེ་ལྟར་མདོར་བསྟན་པའི་རྒྱས་པར་བཤད་པ་གསུངས་པ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ཏེ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་མི་ཚིག་པ་དང་མི་ཉམས་པ་དང་སྙི་བ་མ་ཡིན་པའི་སྙིང་པོ་སྲ་བའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ངོ་བོ་ཞི་བ་སྟོང་བ་ཉིད་ནི་རྡོ་རྗེར་བརྗོད་དེ་འདི་ནི་རྡོ་རྗེ་སྙིང་པོའི་དོན་ཏོ། །སེམས་དཔའ་གསུངས་པ། སེམས་དཔའ་ནམ་མཁའ་དང་གཅིག་པའོ་ཞེས་བྱ་བ་སྟེ། རང་གིས་རིག་པའི་བདག་ཉིད་ཅན་ནི་ནམ་མཁའ་སྟེ་སེམས་དཔའ་སྔོན་རྒྱས་པར་བཤད་པ་དེ་དང་གཅིག་པ་སྟེ་རྡོ་རྗེའི་སྙིང་པོ་ཉིད་དུ་དེ་ལྟར་གནས་ཏེ་སེམས་དཔའ་ཡང་དེ་དང་མཉམ་པ་ནི་ནམ་མཁའ་བཞིན་ཏེ་རང་གི་ཡི་གེས་སོ། །སྤྲོས་པ་ཐམས་ཅད་ནུབ་པར་གྱུར་པ་ཉིད་ཀྱིས་སོ། །དེ་བཞིན་དུ་སྙིང་ག་གསུངས་པ། སྙིང་ག་རྣམ་ཤེས་ཕྲ་མོ་ཞེས་བྱ་བ་སྟེ་བདེ་བ་ཐམས་ཅད་ཀྱི་གནས་དེར་ཡང་དག་པའི་ཡེ་ཤེས་རིག་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་བདག་ཉིད་ཀྱིས་རྣམ་པར་ཤེས་


DTG020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་གཟུགས་ཕྲ་བ་ཉིད་ཀྱིས་གང་གི་ཚེ་དེའི་མཐུ་སྟོབས་ཐམས་ཅད་དུ་འགྱུར་བས་ནི་སེམས་ཅན་རྣམས་ལ་གཟིགས་པའི་ཕྱིར་རོ། །ཨཱ་ལི་གསུངས་པ། ཨཱ་ལི་གཏུམ་མོའི་མ་ཞེས་བྱ་བ་ནི་གཏུམ་མོའི་གཟུགས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་འབར་བ་སྟེ་གང་གི་ཚེ་དབུས་མར་དེའི་ཚེ་གཏུམ་མོའི་མ་སྟེ་དེ་ཉིད་རྡོ་རྗེ་ཕག་མོའོ། །ཨཱ་ལི་ཆ་ཤས་བཅུ་དྲུག་ནི་ཨཱ་ལི་ཡི་གེ་ལ་སོགས་པ་ནུབ་པར་གྱུར་པ་དེར་སྟོང་བ་ཉིད་ནག་པོའི་ཚེས་གཅིག་ལ་སོགས་པ་ནས་སྟོང་གི་བར་དུ་སྟེ་དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །དེ་ཡང་ཡི་གེ་ཉིད་ཅེས་བྱ་བ་ནི་མི་ཟད་པ་ཉིད་ཀྱིས་དང་རྣམ་པར་མི་ཉམས་པའི་སྦྱོར་བས་མཆོག་ཏུ་ཟག་པ་མེད་པ་སྟེ་དེས་དབང་པོ་ཐམས་ཅད་ལ་རྒྱས་གདབ་པར་བྱའོ། །དབང་པོ་ལ་སོགས་པ་ཐམས་ཅད་བག་ཆགས་སུ་བཟུང་བ་ལ་མངོན་པར་ཞེན་པས་གནས་ཏེ། འདོད་པ་ལྔ་ལ་སོགས་པ་འདོད་པ་དེས་མ་རིག་པ་ལ་སོགས་པ་འབྱུང་ངོ༌། །དེ་ནུབ་པར་གྱུར་པ་ཉིད་ཀྱིས་དབང་པོ་ཐམས་ཅད་ཀྱི་འཛིན་པ་མེད་པ་དང་ཚར་གཅད་པར་བྱ་བའི་ཕྱིར་སྔོན་དུ་གསུངས་པའི་རིགས་པས་རྒྱས་གདབ་པར་བྱ་སྟེ། མི་བདེན་པ་ཉིད་ཀྱིས་གཞག་པར་བྱའོ། དེ་ལྟར་དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་རྒྱས་པར་བཤད་པ་གསུངས་པ། དེ་ཕྱིར་གསུངས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སྔོན་དུ་བཤད་པ་རྣམས་ཀྱིས་ཏེ། འོན་ཀྱང་སྔོན་དུ་རྣལ་འབྱོར་པ་འཇིག་རྟེན་པ་ཀུན་རྫོབ་ཏུ་ཨོཾ་ཧའི་རྣམ་པའི་ཡི་གེ་གཉིས་ཀྱིས་བསྲུང་བའོ། །དེ་ཉིད་ཀྱང་རྟག་ཏུ་གཞོམ་མེད་ཅེས་བྱ་བ་ནི་དུས་ཐམས་ཅད་མཉམ་པར་གཞག་པས་མཉམ་པར་འཇོག་པ་དེའི་གོ་འཕང་རྗེས་སུ་དྲན་པས་སོ། །འདིའི་དེ་ལྟར་ངེས་པའི་ཚིག་གསུངས་པ། རྣམ་སྣད་བརྗོད་པ་ཨོཾ་གྱི་ཡི་གེ་བརྗོད་པས་ཞེས་བྱ་བའོ། །ལྷག་མ་ལས་ཞེས་བྱ་བ་ནི་དེའི་ནཱ་ད་སྟེ་ཧའི་ཡི་གེ་གཞོམ་དུ་མེད་པ་ཞེས་བྱ་བའོ། །དེ་ཡང་རྡོ་རྗེ་བསྐྱེད་པས་ཞེས་བྱ་བ་ནི་པདྨ་དང་རིགས་ཅན་དག་ཀུན་དུ་སྦྱོར་བ་གོམས་པའི་དུས་ལས་གང་གི་ཚེ་བརྗོད་དུ་མེད་པའི་སྒྲ་སྒྲོགས་སོ། །དེ་ཉིད་རྡོ་རྗེ་ཉེ་བར་བསྐྱོད་པའི་སྒྲ་སྟེ་ལྷག་མ་ལས་ཞེས་བྱ་བར་འབྲེལ་ལོ། །དེའི་ཕྱིར་ཡང་བཞེངས་པའི་


DTG020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །དེ་ལྟར་ས་བོན་གྱི་ཡི་གེ་རྣམས་སུ་ཨོཾ་ཧའི་ཡི་གེ་སྙིང་གའི་དབུས་སུ་དཀྱིལ་འཁོར་ནི་སྔོན་བཞིན་ཏེ་གཟུགས་དང་བཞུགས་ཚུལ་ལ་སོགས་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་དེ་ཉིད་དེ་ལྟར་རྡོ་རྗེ་ཕག་མོ་ལ་སོགས་པས་འཁྱུད་པ་ནི་གཉིས་པའི་སྲུང་བའི་འཁོར་ལོ་གསུངས་པ་སྟེ་ལྟེ་བའི་འཁོར་ལོ་དེ་ལྟར་སྔོན་བཞིན་ནོ། །ཨོཾ་གྱི་ཡི་གེའི་རྗེས་ལ་བཾ་གྱི་ཡི་གེའོ། །འོན་ཀྱང་རྩའི་ཡི་གེས་བྱང་ཆུབ་ཀྱི་སེམས་འབབ་པས་དེ་ཉིད་སྔགས་ཀྱི་གཟུགས་ཨ་ཝ་དྷཱུ་ཏཱིར་སྤྱོད་པ་སྟེ་རྡོ་རྗེ་འཛིན་ཞེས་བྱ་བ་ནི་མཛེས་པ་བརྒྱན་པར་བྱ་བའི་རྡོ་རྗེ་རང་གི་རིག་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཨ་ཝ་དྷཱུ་ཏཱིའི་ནད་དུ་འཛིན་པའི་ཕྱིར་རྡོ་རྗེ་འཆང་སྟེ་མཆོག་ཏུ་ཟག་པ་མེད་པའི་གཟུགས་ཞེས་བྱའོ། །འདིར་བྱས་པར་གྱུར་པས་ཁ་སྦྱོར་འདི་སྲུང་བའི་འཁོར་ལོ་ཆེན་པོ་སྟེ་དེ་ལྟར་རྡོ་རྗེ་ཕག་མོ་ལ་སོགས་པའི་ཡང་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་ནོ། །དེས་ཀྱང༌། འབྱུང་པོ་ལ་སོགས་འབྱུང་མི་འགྱུར། །ཞེས་བྱ་བ་ནི་སྣ་ཚོགས་པའི་བགེགས་བྱེད་པ་རྣམས་འབྱུང་པོ་ཡི་དགས་ཏེ་སོགས་པའི་སྒྲས་གནོད་སྦྱིན་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །འཁོར་ལོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་སྔོན་དུ་བཤད་པའི་ཡི་གེ་གཅིག་རྣམས་ཏེ་དེ་ཉིད་དངོས་པོའི་དབྱེ་བ་རེ་རེ་ཁམས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་གང་གི་ཕྱིར་དེ་ཉིད་དེའི་ཕྱིར་སྔགས་ཀྱང་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་ཏེ་དེའི་སྔགས་ཡང་གསུངས་པ། ཨོཾ་ཧ་ཞེས་བྱ་བ་ལ་སོགས་པ་སྟེ་དངོས་གྲུབ་ཐམས་ཅད་སྟེར་བ་པོ་ནི་ཁ་སྦྱོར་གྱི་སྦྱོར་བ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་པ་པོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཤེས་རབ་ཐབས་བདག་ཉིད། །ཅེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་སེམས་དཔའ་བདེ་བར་དྲན། །ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །རང་ཞེས་བྱ་བ་ལ་སོགས་པ་ནི་འདིར་སློབ་པའི་ལམ་གྱི་དུས་སུ་སྲུང་བའི་འཁོར་ལོ་ལ་སོགས་པས་བསྒོམ་པའི་ལམ་གྱིས་བསྒྲུབ་པའི་བདེ་བ་དེའི་ཚེ་ལམ་གྱིས་གྲོལ་ལོ། །རྫོགས་ལྡན་དུ་ཡང་ཞེས་བྱ་བ་ནི་རྫོགས་ལྡན་གྱི་དུས་ཀྱི་མི་རྣམས་ལ་རང་གིས་བདེ་བར་འབྱུང་ངོ༌། །དེ་


DTG020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐོང་པའི་ལམ་གྱིས་སམ་རང་གིས་དཀྱིལ་འཁོར་གྱི་འཁོར་ལོ་མཐོང་བར་འགྱུར་རོ། །དེ་ལྟར་འདིའི་སྲུང་བ་རྫོགས་ལྡན་ཞེས་བྱ་བ་ནི་རྒྱུད་རྣམས་སུ་འཇུག་པའི་ལམ་ལས་སོ། །རྫོགས་ལྡན་ཉིད་ཅེས་བྱ་བ་ནི་རྫོགས་ལྡན་གྱི་དུས་སུ་དེ་དེ་བཞིན་དུ་བཤད་དེ། འོན་ཀྱང་སྣ་ཚོགས་པ་འཇིག་རྟེན་རྫོགས་ལྡན་དུ་ཤེས་པར་བྱ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པའི་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་རྣམས་ཀྱི་དེ་ཉིད་དུ་ལུས་ལས་རྫོགས་ལྡན་དུ་འབྱུང་བར་འགྱུར་རོ། །སྣ་ཚོགས་ལྡན་ཞེས་བྱ་བའི་གཞུང་གིས་ཏེ་ཁམས་སུ་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཏེ་ལྷག་མ་རྟོགས་པར་སླའོ། །འདིར་འདུས་པ་འབྱུང་བ་ནི་ཞེས་བྱ་བ་ནི་འདིར་རྫོགས་ལྡན་ལ་སོགས་པའི་དུས་རྣམས་སུ་འདུས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་འཇོམས་པ་སྟེ། དེའི་ཕྱིར་ཅི་ཞེ་ན། བཤད་པ་འདིར་གང་རྣམས་སླར་ཡང་རྫོགས་ལྡན་གྱི་དུས་སུ་སེམས་ཅན་འབྱུང་བ་སྟེ་སྔོན་དུ་བཤད་པའི་མཚན་ཉིད་རྣམས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་རྣམས་རང་ཉིད་ཀྱིས་ཏེ། དེ་ཡང་གང་རྣམས་ཡིད་ཀྱི་ཡུལ་ལ་སོགས་པའི་དངོས་པོ་ལ་ཡོངས་སུ་རྟོག་པར་བྱེད་དོ། །སྔོན་གྱི་བག་ཆགས་ཀྱིས་དགེ་བ་དང་དགའ་བ་ལ་སོགས་པའི་མཚན་ཉིད་ཀྱིས་དེ་ཐམས་ཅད་དེའི་སྐད་ཅིག་ལ་མངོན་སུམ་དུ་འབྱུང་བར་འགྱུར་རོ། །དེ་ཡང་མ་ལུས་པ་གང་གི་ཚེ་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་གཟུགས་དང་བཞུགས་ཚུལ་ལ་སོགས་པ་དང་དབྱི་བས་རྣམས་སྔོན་དུ་འདི་རྣམས་རྣལ་འབྱོར་མའི་རྒྱུད་དང་ཉེ་བར་བརྗོད་པས་སོ། །དེས་ཧའི་ཡི་གེ་ངེས་པར་གཟུད་བའམ་གང་གི་ཕྱིར་གྱི་དོན་ནོ། །དེ་ལྟར་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་རྒྱ་ཆེ་བར་ལཱ་མའི་མཚན་ཉིད་ཀྱི་ལེའུར་གྱ་ཆེ་བས་བཤད་དོ། །འདི་གསུངས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །དཔལ་ཞེས་བྱ་བ་ལ་སོགས་ལས་ལེའུ་ཡོངས་སུ་རྫོགས་པའི་ཚིག་གོ །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་བ་གྲུ་གཟིངས་ལས་རྡོ་རྗེ་སེམས་དཔའ་དར་རྡོ་རྗེ་ཕག་མོའི་གོ་ཆའི་སྔགས་བསྐྱེད་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་ལེའུ་བཅུ་བདུན་པའི་བཤད་པའོ།། །།


previousལེའུ་བཅུ་བདུན་པ།next