Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉི་ཤུ་པ།

58 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


58  collapse section
58  collapse section
 
11   
 
 
 
  
 
 
  
  
  
  
  
  
  
17   
  
  
 
  
 
  
  
ལེའུ་ཉི་ཤུ་རྩ་གཉིས་པ།
  
  
 
 
  
  
  
 
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
expand section
  


58 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousལེའུ་ཉི་ཤུ་རྩ་གཉིས་པ།next

ལེའུ་ཉི་ཤུ་རྩ་གཉིས་པ།


DTG020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟ་མཆོག་ལ་ནི་ཕྱག་བྱས་ནས། །གཏུམ་མོ་ཐམས་ཅད་ཀྱིས་མ་ཡི། །ལུས་ཀུན་གྱི་ནི་སྲུང་བ་ཡི། །རང་གི་འགྲེལ་པ་བརྗོད་པར་བྱ། །ད་ནི་རྟ་མཆོག་དང་དེ་བཞིན་དུ་གཏུམ་མོའི་སྲུང་བའི་ལེའུ་ཉི་ཤུ་རྩ་གཉིས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་བྱེད་པ་དགེ་བའོ། །ཞེས་བྱ་བ་ནི་འཆད་པར་འགྱུར་བས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ལས་རྣམ་པར་གཟུང་བས་སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུ་སྟེར་བ་པོ་ཉིད་ཀྱི་ཕྱིར་བྱ་བ་ཐམས་ཅད་བྱེད་པའོ། །ཕཊ་ཧཾ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས་སྔགས་ཀྱི་སྲུང་པ་རྣམས་ཏེ་དེ་དེ་བཞིན་དུ་གསུངས་སོ། །ཀུན་དུ་སྒྲ་གམ་མགོ་བོར་ཞེས་བྱ་བ་ནི་ལེའུ་ཉི་ཤུ་རྩ་གཅིག་པར་གསུངས་པ་སྟེ། འདིར་ཡང་ཕ་རོལ་པ་རྣམས་ཀྱི་རྨོངས་པར་བྱ་བའི་དོན་དུའོ། །མིང་མེད་པ་གཟུང་བ་དང་འཛིན་པའི་རྣམ་པ་ཐམས་ཅད་སྤངས་པའོ། །ཕཊ་ཅེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །རྟ་མཆོག་ཏིང་ངེ་འཛིན་དུ་ཞེས་བྱ་བ་ནི་རླུང་དང་རྣམ་པར་ཤེས་པ་གཉིས་སུ་མེད་པ་དེ་ཉིད་རྡོ་རྗེ་དང་པདྨ་ཀུན་དུ་སྦྱར་བའི་དུས་སུ་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་ཡེ་ཤེས་ཀྱིས་སྲོག་གི་རླུང་ནང་དུ་ཐིམ་པར་བྱས་ནས་གོམས་པ་རྒྱུན་མི་འཆད་པས་རྟ་མཆོག་གཡོ་བ་མེད་པ་དབུགས་མཆོག་ཏུ་ཡང་དག་པར་སྦྱོར་བ་ལས་ཡེ་ཤེས་དེ་ལྷག་པར་རྟོགས་ཤིང་འཐོབ་པ་སྟེ། དེའི་རང་བཞིན་དུ་གནས་པའོ། །ཏིང་ངེ་འཛིན་དུ་འཕོ་བ་དང་བྲལ་བར་རོ། །བདག་གི་བ་ཞེས་བྱ་བ་ནི་གཅིག་པུ་མེད་པས་རྟ་མཆོག་གི་ཏིང་ངེ་འཛིན་དུ་ཞེས་བྱ་བ་ནི་ངེས་པའོ། །འདི་བྱས་པས་ཕཊ་ཧཾ་གི་ཡི་གེ་རྣམས་ཀྱི་ངེས་པའི་ཚིག་གསུངས་པ། འཁོར་བ་ཞེས་བྱ་བ་ལ་སོགས་པས་ཏེ། དེ་ལྟར་འཁོར་བ་བཀས་པ་སྟེ། རྣལ་འབྱོར་པ་ཞེས་བྱ་བ་ནི་རྟ་མཆོག་གི་བདེ་བ་རྣམ་པར་བཟུང་པས་རྡོ་རྗེའི་བུ་ག་རྣམས་སུ་ཕཊ་བལྟ་བའོ། །མྱ་ངན་ལས་འདས་པ་བཀས་ཞེས་བྱ་བ་ནི་གཏུམ་མོའི་མྱ་ངན་ལས་འདས་པའི་མཚན་ཉིད་འབྱུང་བ་ཉིད་ཀྱིས་སོ། །དེ་བཞིན་དུ་ཡང་ཡེ་ཤེས་མིན་ཡང་རྣམ་རྟོག་གོ་ཞེས་བྱ་བ་ནི་དེ་ཡང་མེད་པ་སྟེ་བཀས་པ་ཞེས་བྱ་བ་ནི་གཉིས་པ་གཏུམ་མོའིའོ། །སྔགས་པས་གཉིས་མེད་ཅེས་བྱ་བ་


DTG020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་རླུང་དང་རྣམ་པར་ཤེས་པ་ཐིམ་པ་དེ་ལ་དེ་སྐད་བཤད་དོ། །དེ་ལྟར་བྱས་པ་ཡོད་པས་ཧཾ་གི་ཡི་གེའི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །གལ་ཏེ་དེ་སྲིད་མེད་ན་དེའི་ཚེ་སྐྱོན་ཡོད་དོ། །སྐྱོན་ནི་མེད་དོ། །དེ་ཇི་ལྟར་སྐྱོན་མེད་འདིར་རྣལ་འབྱོར་དངོས་གྲུབ་བརྗོད་དུ་མེད་ཅེས་བྱ་བར་གཞག་པར་གྱུར་ན་ཡང་ཀུན་མཁྱེན་ལ་སོགས་པ་བརྗོད་དུ་མེད་པ་ཉིད་དུ་འགྱུར་རོ། །ཅིས་ཤེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་ནོ། །ཇི་ལྟར་ཡིད་ལ་བྱ་བ་ལ་སོགས་པ་དང་སོ་སོར་ཡིད་ལ་བྱ་བ་ལ་སོགས་པ་སྔོན་མ་ལ་ལྟོས་པས་གནས་ཏེ་དེ་ཡང་མེད་པར་འགྱུར་རོ། །དེ་དང་བྲལ་བས་ཀྱང་མི་འགྱུར་རོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ཉིད་ཏིང་ངེ་འཛིན་དང་བྲལ་བས་མི་འགྱུར་རོ། །དེ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཙམ་ཉིད་ཀྱང་མེད་ཅེས་བྱ་བ་ལ་སྐྱོན་མེད་དོ། །འོན་ཀྱང་སེམས་ཅན་རྣམས་ཀྱི་ཉེ་བར་སྤྱོད་པའི་རྒྱུད་དམ་པའི་བྱ་བ་བྱེད་པ་ཙམ་ནི་ཡོད་དེ་གཞན་དུ་ན་མུ་སྟེགས་ཅན་ལ་སོགས་པ་བྱེད་པ་དམ་པ་མ་ཡིན་པ་སྡང་བ་བྱེད་པའི་ལྟ་བར་འགྱུར་རོ། །ཁྱད་པར་དུ་ནི་བྱང་ཆུབ་མེད་ཅེས་བྱ་བ་དེ་ལ་དེ་བཞིན་དུ་བཤད་དོ། །དེ་ལྟར་སྔོན་དུ་བཤད་པ་རྣམས་ཀྱི་མདོར་བསྟན་པའི་ཚིག་རྣམས་ཀྱི་རྒྱས་པར་བཤད་པའི་ཚིག་རྣམས་གསུངས་པ། གཏུམ་མོའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་ནས། ཐམས་ཅད་ཅེས་བྱ་བའི་བར་དུ་རྟོགས་པར་སླའོ། །དེ་བཞིན་དུ་རྟ་མཆོག་གིས་གསུངས་པ། ཀུན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ནས་བདག་ཉིད་ཀྱི་རྣམ་པའིའོ། །ཆུང་ངུ་ཞེས་བྱ་བ་ནི་ཉེས་པར་བྱས་པའི་ལས་སོ། །ཟ་བ་ཞེས་བྱ་བ་ནི་སའི་ཡི་གེའི་སྟེ་བལྡད་ཅིང་འཆའ་བ་ནི་ཟ་བ་སྟེ་བག་ཆགས་ལའོ། །དེ་རྣམས་སུ་འབར་བ་སྟེ་གཏུམ་མོའི་མེ་མྱུར་བའི་སྐད་ཅིག་གིས་སོ། །ཕ་རོལ་འགྲོ་ཞེས་བྱ་བ་ནི་པ་རའི་དོན་ནོ། །དེ་ལྟར་གཏུམ་མོས་མེར་བསྲེགས་པས་ཡེ་ཤེས་ཀྱི་གཟུགས་བག་ཆགས་ཐམས་ཅད་ཡེ་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཕག་མོའི་རིགས་ལས་བྱུང༌། །ཞེས་བྱ་བ་ནི་ལེའུ་གཉིས་པར་གསུངས་པའི་ཕག་མོའི་ཡི་གེ་རྣམས་སུ་དེའི་ལྷག་མའི་ཡེ་ཤེས་དེར་རིགས་


DTG020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏུམ་མོའི་ཡེ་ཤེས་དང་ཁྱད་མེད་བ་བརྗོད་དུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣལ་འབྱོར་གང་གིས་བསྐྱེད་པ་གསུངས་པ། ཟླ་བའི་རྩིས་སུ་སྐར་མདག །ཅེས་བྱ་བ་སྟེ། ཇི་ལྟར་གནམ་སྟོང་བྱེ་བྲག་མེད་པ་ཟད་པའི་ཟླ་བ་དེའི་དངོས་པོ་ཙམ་ནི་ཟླ་བའི་རྩིས་སོ། །སྐར་མ་ཞེས་བྱ་བ་ནི་དྲང་སྲོང་བདུན་ལ་སོགས་པ་རྣམས་ཀྱིས་ཏེ་དེ་རྣམས་ཀྱིས་སྣང་བ་ཙམ་མོ། །དེའི་དུས་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་རྟོག་པ་ལ་སོགས་པ་ཐམས་ཅད་བསྲེགས་པའི་དུས་སོ། །དེའི་ཚེ་སླར་ཡང་ཡོངས་སུ་ཤེས་པའི་ལྷག་མའི་དངོས་པོ་ཙམ་ལས་སྐྱེ་སྟེ། དེས་ཎའི་ཡི་གེ་བཤད་དོ། །དེའི་ཕྱིར་སྐར་མའི་བདག་པོ་ཟླ་བ་ཞེས་བྱ་བ་སྟེ། ཧཾ་གི་ཡི་གེ་དེར་ཆ་ཤས་འཕེལ་བ་ལས་ཞེས་བྱ་བར་དགོངས་སོ། །སྐར་མ་ལྟ་བུ་ནི་བདེ་བ་ཙམ་མོ། །དེ་ལྟར་སྙིང་རྗེ་བྱ་བར་རིག་པར་བྱ་སྟེ་གང་གིས་དེ་ཞུ་བ་སྙིང་རྗེའི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་འབྱིན་པ་དང་ཡོངས་སུ་སྡུད་པའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་རྣམས་ཀྱི་སྲུང་བའི་སྔགས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དྲུག་རྣམས་ཀྱི་མདོར་བསྡུས་ནས་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དགོས་པའི་མཚན་ཉིད་ཅེས་བྱ་བ་ནི་སྔོན་དུ་བཤད་པའི་བྱེད་པའི་དབང་གིས་དགོས་པའི་མཚན་ཉིད་ཙམ་དུ་ཇི་ལྟར་འགྱུར་པ་དེ་བཞིན་དུ་ཤེས་པར་བྱ་སྟེ། ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྟ་མཆོག་དང་གཏུམ་མོའི་སྲུང་བའི་གོ་ཆའི་སྔགས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆོ་ག་རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། །།


previousལེའུ་ཉི་ཤུ་རྩ་གཉིས་པ།next