Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉི་ཤུ་པ།

58 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


58  collapse section
58  collapse section
 
11   
 
 
 
  
 
 
  
  
  
  
  
  
  
17   
  
  
 
  
 
  
  
  
ལེའུ་ཉི་ཤུ་རྩ་གསུམ་པ།
  
 
 
  
  
  
 
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
expand section
  


58 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousལེའུ་ཉི་ཤུ་རྩ་གསུམ་པ།next

ལེའུ་ཉི་ཤུ་རྩ་གསུམ་པ།


DTG020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་བའི་འདམ་རྫབ་ལས་སྒྲོལ་པའི། །ཡང་དག་རྡོ་རྗེ་འཆང་ཕྱག་འཚལ། །གཏོར་མ་སྣ་ཚོགས་མན་ངག་གི །འགྲེལ་པ་བདག་གིས་བཤད་པར་བྱ། །ད་ནི་གཏོར་མའི་དེ་ཁོ་ན་ཉིད་ལ་སོགས་པ་ལེའུ་ཉི་ཤུ་རྩ་གསུམ་པའི་བཤད་པ་གསུངས་པ། དེ་ནས་གཏོར་མའི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང་ནང་དུ་སོན་པ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ །འདིའི་རྒྱས་པ་འཆད་པར་འགྱུར་བས་ཕྱི་དང་ནང་གི་བདག་


DTG020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཅན་ནོ། །དེ་ལྟར་ཇི་ལྟའི་ཆོ་ག་ཞེས་བྱ་བའི་རིམ་པ་ཇི་ལྟ་བས་སྦྱིན་པར་བྱའོ། །ཅི་བྱས་ནས་ཞེས་བྱ་བ་དེ་གསུངས་པ། མཁའ་འགྲོ་ཞེས་བྱ་བ་སྟེ་འཆད་པར་འགྱུར་བའི་ལེའུ་ལྔ་བཅུ་པར་གསུངས་པའི་མཁའ་འགྲོ་རྒྱ་མཚོའི་སྐུར་དམིགས་པར་བྱའོ། །རྣལ་འབྱོར་དབང་ཕྱུག་ནི་རྣལ་འབྱོར་ཐམས་ཅད་ཀྱི་མཆོག་གི་རྣལ་འབྱོར་འཛིན་པ་པོ་སྟེ། ཇི་ལྟར་ལྷའི་དབང་པོ་ལྷ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་དེ་དེ་བཞིན་ནོ། །གོ་ཆ་ལ་སོགས་སྲུང་བ་ཞེས་བྱ་བ་ནི་ཇི་ལྟར་གོ་ཆའི་སྔགས་ཀྱི་ལེའུ་རྣམས་སུ་སྲུང་བ་གསུངས་པ་དེ་བཞིན་དུ་བྱའོ། །སོགས་པའི་སྒྲས་ར་བ་དང་གུར་ལ་སོགས་པ་ཡང་ངོ༌། །དེ་ནས་ཏིང་ངེ་འཛིན་སྔོན་དུ་གོམས་པས་སྐད་ཅིག་གིས་དམིགས་པར་བྱའོ། །ཏིང་ངེ་འཛིན་ནི་དུ་བ་ལ་སོགས་པས་བསྒྲུབས་པ་གང་ཕྱིས་ཡང་ཐམས་ཅད་བྱའོ་ཞེས་བྱ་བའོ། །དེ་ལྟར་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་སངས་རྒྱས་ཉིད་དུ་བྱེད་པས་དགོས་པར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དགོས་པ་ཐམས་ཅད་ཀྱི་ཐོག་མར་དམིགས་པར་བྱའོ། །པདྨའི་སྣོད་ནི་གཞག་པར་བྱ། །ཕྱི་རོལ་དུ་ཞེས་བྱ་བ་ནི་ས་ལའོ། །ཇི་ལྟར་ནང་གི་བདག་ཉིད་དུ་བསམ་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་དུ་ཡང་རྫས་གཞག་པར་བྱའོ་ཞེས་བྱ་བའོ། །གཞན་རྟོགས་པར་སླའོ། །རྩེ་མོར་བྱས་ཞེས་བྱ་བ་ལ་སོགས་པས་སྐྱེ་གནས་ཀྱི་ཕྱག་རྒྱ་གསུངས་ཏེ། མཐེབ་མཛུབ་གཉིས་ཀྱི་རྩེ་མདུད་པ་ནི་སྲོག་དང་ཐུར་སེལ་གཉིས་ལྟེ་བའི་དབུས་སུ་མཉམ་པར་གཟུང་བར་བྱའོ། །ངེས་པར་གུང་མོ་རྩེ་མོ་ཞེས་བྱ་བ་ནི་གུང་མོ་དང་མིང་མེད་དང་མཐེའུ་ཆུང་གི་སོར་མོ་གསུམ་གསུམ་རྩེ་མོའི་རྣམ་པར་གཞག་པར་བྱ་སྟེ་རིམ་པ་ཇི་ལྟ་བས་འོག་དང་སྟེང་དང་ལྟེ་བའི་དབུས་ལས་ལ་ལ་ནཱ་དང་ར་ས་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའོ། །མཐེ་བོང་རྡོ་རྗེ་ཞེས་བྱ་བ་ནི་སྣ་གཉིས་ཀྱི་དབུགས་ནང་དུ་འཇུག་པ་དང་དབུགས་ཕྱིར་འབྱུང་བ་ཡོངས་སུ་བརྟན་པས་བཅིང་བར་བྱ་ཞིང་འགོག་པར་བྱའོ། །དཔྲལ་བའི་ཕྱོགས་སུ་བཞག་པ་ནི་སྔོན་དུ་བཤད་པའི་བཅིང་བ་བྱས་པས་བྱང་ཆུབ་ཀྱི་སེམས་དཔྲལ་བའི་དབུས་སུ་སོན་པ་ཞེས་བྱ་བའི་དོན་ཏོ། །བསྐྱར་ཞིང་བཟླས་པས་འཁོར་བར་བྱ། །ཞེས་བྱ་བ་ནི། སྒྲོན་མའི་འཁོར་


DTG020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་བཞིན་སྟེང་དང་འོག་ཏུ་བསྐྱོད་པར་བྱའོ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །ཞེས་བྱ་བ་ནི་ཕྱག་རྒྱ་འཆིང་བའི་བར་སྐབས་སུ་ཐུར་སེལ་གྱི་རླུང་དགུག་སྟེ་བརྟན་པའི་ལྟ་བ་རྣམས་ཀྱིས་སོ། །སྔགས་པས་དེ་བྱས་པ་མཆོག་གོ་ཞེས་བྱ་བ་ནི་རྣལ་འབྱོར་པས་སེམས་མཉམ་པ་ལ་ཞུགས་པས་བྱའོ། །དེའི་ཕྱིར་སྤྱི་བོར་ཕཊ་ཅེས་སྒྲ་ལས་ནི་ཞེས་བྱ་བ་ནི་གཞོམ་དུ་མེད་པའི་སྒྲ་ཐོས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་བཅུ་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །འདི་རྣམས་ཐམས་ཅད་ཡོངས་སུ་བསྡུ་བར་བྱ་སྟེ་ནཱ་དེའི་ནང་དུ་ཡོངས་སུ་ཐིམ་ནས་འགྲོ་བའོ། །སྙིང་གར་ཕྱག་རྒྱ་ནི་པདྨའི་ཕྱག་རྒྱ་སྟེ་འདི་རྣམས་ཐམས་ཅད་ཀྱི་གནས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དོ། །དེ་ཡང་གཡོན་དང་གཡས་པའི་སྦྱོར་བས་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་སྣའི་བུ་ག་དག་གིས་ཏེ་དེ་ཡང་འབབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འདིས་རབ་ཏུ་སྦྱོར་བ་གསུངས་པ། གཡོན་དང་གཡས་པའི་ལག་པ་དག་གིས་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་རླབས་གཉིས་བཅིར་བར་བྱའོ། །འཁོར་བཞིན་པ་མཁའ་འགྲོ་མའི་དམ་པའི་བདེ་བ་ཞེས་བྱ་བ་ནི་སྲོག་ལ་སོགས་པའི་རྩ་ཐམས་ཅད་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་འཁོར་བའོ། །འོག་གི་སྒོར་མི་འགྲོ་བས་དེའི་ཕྱིར་རྒྱུན་གྱི་བདེ་བ་མི་གཡོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་དུ་ཡང་ཡི་གེའི་དོན་ཇི་ལྟ་བ་བཞིན་བྱའོ། །འདིའི་ཡང་སྔགས་གསུངས་པ། ཨོཾ་ཨ་ར་ལི་ཞེས་བྱ་བ་ལ་སོགས་པས་ཏེ་ཨ་ར་ལི་བདེ་བའོ། །དེ་ལས་བྱུང་བ་ནི་ཧོའི་ཡི་གེ་སྟེ་འདོད་ཆགས་ཆེན་པོའི་རང་བཞིན་གྱིས་སོ། །ཛཿཞེས་བྱ་བ་ནི་བདེ་བ་འགུགས་པའོ། །ཧཱུཾ་གི་ཡི་གེ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་ཏེ་རྣལ་འབྱོར་མ་དེ་དབུས་སུ་གཞུག་པའོ། །བཾ་གི་ཡི་གེ་ནི་རབ་ཏུ་འབབ་པ་འཆིང་བའོ། །ཧོཿའི་ཡི་གེ་ནི་རང་གི་སེམས་ཀྱི་བདེ་བས་དགའ་བའོ། །དེ་ལྟར་བཛྲ་ཌཱ་ཀ་ཞེས་བྱ་བ་ནི་ཁམས་ཐམས་ཅད་འཛག་པའོ། །ཌཱ་ཀི་ནི་ཞེས་བྱ་བ་ནི་རྩ་ཐམས་ཅད་དོ། །ས་མ་ཡ་སྟྲཾ་དྲྀ་ཤྱ་ཞེས་པ་ནི་དེ་རྣམས་ཐམས་ཅད་ཀྱི་དབུགས་རྣམས་ཨ་ཝ་དྷཱུ་ཏཱིར་དུས་གཅིག་ལ་ཡོངས་སུ་བསྡུ་བའོ། །ཧོཿའི་ཡི་གེ་ནི་དེར་རོ་


DTG020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཉམ་པར་ཁྱབ་པོ། །དེ་ལྟར་རྡོ་རྗེ་ཐལ་མོ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ཐམས་ཅད་བདེ་བ་བཅུའི་རང་བཞིན་ནོ། །གྱེན་དུ་ཁ་ཕྱེ་ཞེས་བྱ་བ་ནི་རབ་ཏུ་རྒྱས་པར་འགྱུར་བའོ། །གཏོར་མ་སྦྱིན་ཞེས་བྱ་བ་ནི་སྲོག་དང་སེམས་ཐིམ་པར་བྱས་ནས་སོ། །མཚན་ཕྱེད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དུས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདིའི་སྤྱིའི་གསང་སྔགས་གསུངས་པ། ཨོཾ་ཁ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་གྱི་ཡི་གེ་ནི་རྣམ་པ་ཐམས་ཅད་ཀྱི་སྒྲའི་གཟུགས་ཏེ་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་དངོས་པོས་སོ། །ཁའི་ཡི་གེ་ནམ་མཁའི་འདུ་ཤེས་ཅན་གྱིས་སོ། །དེས་རྣམ་པར་རྟོག་པ་ཐམས་ཅད་ཟ་བའི་ཕྱིར་ཁཱ་ཧིའི་སྒྲ་ཐོས་པའོ། །སངས་རྒྱས་ཉིད་པས་བདག་ཏུ་འཛིན་པ་རྣམས་དེ་སྤོང་པས་ཁཱ་ཧི་སྒྲ་གཉིས་པའོ། །དེ་ལྟར་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གནོད་སྦྱིན་ལ་སོགས་པ་རྣམས་ཏེ་དེའི་རང་བཞིན་གྱིས་སེམས་ལས་བྱུང་བའི་ཇི་ལྟར་གསུངས་པ་བྱེད་དོ། །འདིའི་བརྟེན་པར་བྱེད་པ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་སྟེ། སྔགས་རབ་ཏུ་འཇུག་པའིའོ། །དེ་ལྟར་སྔོན་དུ་བཤད་པའི་སྔགས་བརྒྱ་ལམ་ན་མདོར་བསྡུས་ནས་བརྗོད་པས་འཇུག་པ་དང་གནས་པ་དང་ལྡང་བར་བྱ་སྟེ་དེ་ཚེ་འཇུག་པ་ཙམ་གྱིས་དེ་དེ་བཞིན་དུ་གསུངས་པར་འགྱུར་རོ། །ད་ནི་ཚོགས་ཀྱི་འཁོར་ལོའི་ཆོ་ག་གསུངས་པ། གཏོར་མ་དང་སྟོན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་རྟོགས་པར་སླའོ། །འོན་ཀྱང་དེ་ལྟར་འཁོར་ལོ་ཆེན་པོ་ནི། བཅོ་ལྔ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་ཀྱི་རྣམ་པས་བྱའོ། །དེ་ལྟར་གཏོར་མའི་དེ་ཁོ་ན་ཉིད་དང་དེ་བཞིན་དུ་འཁོར་ལོ་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་གསུངས་པ། གཏོར་མ་དབུས་བདག་ཉིད་སྦྱོར་བས། ཆོ་ག་དང་ནི་བཅས་པས་བྱ། །ཕྱི་རོལ་ལྷ་མོ་མཐོང་བ་ལས། །ཕྱག་རྒྱའི་དངོས་གྲུབ་མི་འཐོབ་པོ། །འཁོར་ལོ་ཡང་ན་དཔའ་བོ་སོགས། །མཆོད་པ་ཡང་ནི་ལྟ་བ་སྟེ། །བཟའ་དང་བཏུང་བ་བཟའ་ཆེན་དང༌། །བཏུང་བྱ་བ་ལྡག་བྱ་ལ་སོགས་བྱ། །བཟའ་བས་ཐམས་ཅད་མཁྱེན་པ་འཐོབ། །བཏུང་བས་རྣམ་པར་རྟོག་པ་སྤོང༌། །བཟའ་བས་རྣལ་འབྱོར་


DTG020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫགས་པའོ། །བཏུང་བྱས་དངོས་གྲུབ་ཐམས་ཅད་འགྲོ། །བལྡག་བྱས་ཆོས་ནི་སྟོན་པའོ། །མཆོད་པས་སེམས་ཅན་འདུལ་བ་སྟེ། །བདུག་སྦོས་ཀྱིས་ནི་ཡེ་ཤེས་བྱེད། །དྲི་ཡིས་གཉིས་མེད་འཐོབ་པར་འགྱུར། །མེ་ཏོག་བདེ་ཀུན་ཕུན་སུམ་ཚོགས། །མར་མེས་ཡེ་ཤེས་སྐྱོབ་པའོ། །ལྷ་བཤོས་ཀྱིས་ནི་སེམས་ཅན་ཀུན། །འགེངས་བྱེད་གང་གིས་དུས་ཤེས་སོ། །སིལ་སྙན་གྱིས་ནི་སྐད་ཀུན་གྱིས། །ཆོས་སྟོན་བྱེད་དེ་ཕྱག་གིས་ནི། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ལག་པ་ཁ་སྦྱར་བས་བསམ་གཏན། །དེ་སོགས་ཡོན་ཏན་དུ་མ་ནི། །ཇི་ལྟར་རྒྱུད་དུ་གསུངས་པའོ། །ཞེས་བྱ་བ་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཏོར་མ་དང་འཁོར་ལོ་མཆོད་པའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའི་བཤད་པའོ།། །།


previousལེའུ་ཉི་ཤུ་རྩ་གསུམ་པ།next