Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཅིག་པ།


  expand section
   
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་གོ་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ།  ལ་བ་པ།
   
   
   
  expand section
  expand section
  expand section
  expand section
  expand section
   


 
previousདཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་གོ་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ། ལ་བ་པ།next

དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་གོ་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ།
ལ་བ་པ།


DTG021_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སཾ་བ་ར་མཎྜལོ་པ་ཀ་རཏྣ་པྲ་དཱི་པོ་དྱོ་ཏ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་


DTG021_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྡང་དང་བདུད་རྣམས་ཚར་གཅད་ཆགས་ཅན་རྗེས་གཟུང་ཕྱིར། །མ་རུངས་འཇིགས་པའི་སྐུ་དང་ཕྱག་རྒྱ་ལ་འཁྱུད་པ། །ཐུགས་རྗེ་ཆེན་པོའི་རོལ་པས་གཞན་གྱི་དོན་འཇུག་པ། །བཅོམ་ལྡན་འཁོར་ལོ་བདེ་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆོ་ག་ནི། །གསུངས་ཤིང་མཁས་པའི་མཛད་པ་ཡོད་མོད་ཀྱི། །སློབ་མ་གུས་པས་མང་དུ་གསོལ་བཏབ་པས། །ཚུལ་བཞིན་དེ་ཉིད་གསལ་བར་བཤད་པར་བྱ། །སློབ་དཔོན་བསྟན་བཅོས་ཀུན་ཤེས་ཤིང༌། །ཚུལ་ཁྲིམས་ལྡན་ཞིང་སྙིང་རྗེའི་བདག །དྲང་ཞིང་བཟོད་ལ་གཙང་སྦྲ་ཅན། །དད་དང་དྲན་ལྡན་སྙིང་སྟོབས་ཅན། །སྨྲ་མཁས་མི་འཇིགས་དྲན་ཐུབ་པ། །སྒྱུ་རྩལ་དག་ལ་མཁས་ཤིང་གསལ། །མཛེས་དང་ལྡན་པ་དེ་བཞིན་དུ། །གུས་ལྡན་དུལ་ལ་ཁོའ་བཟོ་བ། །རྟག་ཏུ་དམ་པའི་ཆོས་ལ་དགའ། །ཐེག་པ་ཆེ་ལ་མོས་པ་ཅན། །གསང་སྔགས་སྤྱོད་པ་ལ་བསླབས་ཤིང༌། །དཀྱིལ་འཁོར་དག་གི་བྱེ་བྲག་ཤེས། །སློབ་མ་དག་གི་ཚུལ་ཤེས་ཤིང༌། །དེ་བཞིན་སྔགས་དང་རྒྱུད་ཀྱང་འཛིན། །རྗེས་སུ་གནང་ཞིང་དབང་བསྐུར་ལ། །ཆོག་ཤེས་བཟླས་བརྗོད་ལྷུར་ལེན་པ། །སློབ་དཔོན་རིག་ལ་བསྙེན་བཀུར་བྱས། །དཀྱིལ་འཁོར་ཐམས་ཅད་ཁོང་དུ་ཆུད། །གསང་སྔགས་ཀུན་དང་བླ་མ་དང༌། །དེ་བཞིན་གློ་བུར་མགྲོན་མཆོད་བྱེད། །ཕྱག་རྒྱ་ལ་སོགས་བཅིང་བ་དང༌། །དཀྱིལ་འཁོར་བྲི་བའི་ལས་རྣམས་དང༌། །གསང་སྔགས་མཆོད་པའི་སྤྱོད་པ་ལ། །སློབ་དཔོན་གྱིས་ནི་མཁས་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པས། བདག་ཉིད་དངོས་གྲུབ་ཀྱི་ཕྱེད་དུའམ། འཇམ་ཞིང་སྙན་པར་སྨྲ་བ་དང༌། སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཐོས་དང་ཀློག་ལ་སོགས་ལ་བརྩོན། །གསང་བའི་ཆོས་ལ་ལྷག་པར་དང༌། །རྟག་པར་རྒྱུན་ཏུ་བླ་མ་གུས། །སློབ་མས་མེ་ཏོག་ཡོངས་སུ་གཟུང༌། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་གཞན་གྱིས་ལན་གསུམ་དུ་གསོལ་བ་འདེབས་པ་དེ་རྗེས་སུ་གཟུང་བའི་ཕྱིར་ཡིད་དང་རྗེས་སུ་མཐུན་པའི་གནས་


DTG021_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ཡང་རུང་བར་དཔལ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པས། འཁོར་ལོའི་བདག་པོའི་འབུམ་བཟླས་ཤིང༌། །དཀྱིལ་འཁོར་པ་ཡི་དེ་བཞིན་ཁྲི། །ཞེས་ཇི་སྐད་གསུངས་པ་བཞིན་དུ་བཟླས་བརྗོད་བྱས་པས། ལྷའི་མཚན་མ་ཐོབ་པའམ། རང་གི་སེམས་དག་ཅིང་བརྟན་པར་གྱུར་པར་བྱ་སྟེ། སྔོན་དུ་བསྙེན་པའོ། །དེ་ནས་བསྒྲུབ་པར་བྱ་སྟེ། དེ་ཡང་སའི་ཕྱོགས་ཀྱི་མཚན་ཉིད་ནི། །ས་གཞི་ཅི་འདྲ་བཟང་བ་དང༌། །མི་བཟང་བ་དག་བསྒྲགས་པ་ནི། །རབ་ཏུ་བརྟགས་ཏེ་སྤང་དང་བླང༌། །མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོའི་དུམ་བུ་ཅན་དག་དང༌། །ངམ་གྲོག་རུས་པ་སྡོང་དུམ་ཁུང༌། །གྲོག་མཁར་ཐལ་བ་ཚ་སྒོ་ཅན། །གསེག་མ་རྡོ་དང་རྡུལ་དང་སྐྲ། །སྲིན་བུ་གྲོག་སྦུར་ལ་སོགས་མང༌། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤང༌། །མཐོ་དམའ་སྙོམས་ཤིང་གཙང་ལ་སྣུམ། །ཟུག་རྡུའི་ཉེས་པ་རྣམ་པར་སྤངས། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །དཀྱིལ་འཁོར་ས་ནི་གང་དག་གི །ཉེ་འཁོར་དག་ཏུ་ཆུ་མོད་པ། །དེས་ནི་ཤིས་ཤིང་དངོས་གྲུབ་ཐོབ། །ཆུ་དཀོན་པ་ནི་མཁས་པས་སྨད། །ལྗོན་ཤིང་བཟང་པོས་བརྒྱན་པ་དང༌། །བདག་གི་མིག་ཡིད་མགུ་བ་དང༌། །འཚེ་མེད་ཟུག་རྡུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤེས་པ་སྟེ། །མི་ཡིས་དངོས་གྲུབ་ཀུན་འཐོབ་བྱེད། །དེ་བས་སྒྲུབ་པོ་དེར་གནས་བྱ། །བཅོམ་ལྡན་འཁོར་ལོ་བདེ་མཆོག་ལ། །མཆོད་པར་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཕྱིས་འདིར་དཀྱིལ་འཁོར་བྲི་བར་བྱ། །དང་པོ་པུས་ནུབ་ཙམ་བརྐོས་ནས། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་པ་ནི། །དངོས་གྲུབ་དག་ནི་ཡོད་པར་བཤད། །དེ་ལས་བཟློག་པར་གྱུར་ན་ནི། །སྒྲུབ་པ་པོ་ཡིས་ལས་མི་བརྩམ། །བརྩམས་ན་སྡུག་བསྔལ་མྱོང་འགྱུར་ཞིང༌། །ལེགས་པ་དག་ཀྱང་མི་འཐོབ་བོ། །ཟུག་རྡུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །སྦྱང་བ་ལེགས་པར་བྱས་པར་འགྱུར། །དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་


DTG021_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། །ས་གཞི་གང་ན་འཐས་པ་དང༌། །ཐོག་སྟེང་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་ཞིང་བརྟག་པ་དག །ནན་ཏན་དུ་ནི་བྱ་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམའ་ལ་སོགས་སྐྱོན་རྣམས་ཀྱང༌། །དེར་ནི་དོགས་པ་སྐྱེ་མི་དགོས། །རང་བཞིན་ཡོན་ཏན་ལྡན་པའི་ཕྱིར། །རང་བཞིན་གནས་པའི་ས་གཞི་ལ། །བྱི་དོར་ལེགས་པར་བྱས་ནས་སུ། །ལག་པས་རེག་ཅིང་གསང་སྔགས་བཟླས། །དེ་ཡི་སྤྱང་བ་དེ་ཡིན་ནོ། །སྣང་པར་གྱུར་པའི་ལས་རྣམས་དང༌། །གདོན་རྣམས་ཚར་གཅོད་ལ་སོགས་དང༌། །དྲག་ཤུལ་སྤྱོད་པ་དག་ལ་ཡང༌། །ས་ནི་བརྟག་པར་བྱ་མི་དགོས། །སྟེགས་བུ་ནི་ཁྲུ་གང་ནས་བཅུ་དྲུག་གི་བར་དུ་སྟེ། ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱིས་དངོས་གྲུབ་འགྲུབ། །དབུས་སུ་མཐོ་བ་རྒྱལ་སྲིད་དམ། །རིག་པ་འཛིན་པའི་གནས་ངག་ཐོབ། །བྱང་མཐོ་འཆི་འམ་ནོར་འཇོམས་འགྱུར། །ཤར་མཐོ་མྱུར་དུ་རིགས་རྣམས་འཛད། །དབུས་དམའ་སྒྲུབ་པོ་འཇིག་པར་བྱེད། །དེ་བས་དམ་ཚིག་རབ་ལྡན་བྱ། །ཞེས་བྱ་བ་ལ་སོགས་པ་ཡིད་དང་མཐུན་ཅིང་ཉམས་དགའ་བའི་གནས་སུ་དཀྱིལ་འཁོར་གྱིས་ལེགས་པར་འདུས་བྱས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང་གྲོགས་དང་བཅས་པར་བདག་ཉིད་ཁྲུས་བྱས་ཤིང་དྲི་ཞིམ་པོས་བྱུགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་གཏོར་མ་བྱིན་ནས། འདོད་པའི་ལྷའི་རྣལ་འབྱོར་གྱིས་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ས་གཞི་ནམ་མཁའི་རང་བཞིན་དུ་བྱས་ལ། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་བདག་ཉིད་ཀྱི་ནོར་འཛིན་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དྲི་ཞིམ་པོས་བྱུགས་པ་མེ་ཏོག་ཆལ་པར་བཀྲམ་པའི་དཀྱིལ་འཁོར་གྱི་སྟེང་དུ་འདུག་སྟེ། རྒྱལ་བ་རྣམས་ལ་གསོལ་བ་གདབ་པ། མ་ལུས་ཕྱོགས་ན་བཞུགས་པ་ཡི།། མགོན་པོ་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་མོ། །བདག་ནི་དཀྱིལ་འཁོར་འདྲི་བར་བྱེད། །བདག་གིས་བསྒྲུབ་བྱ་གྲུབ་བྱའི་ཕྱིར། །དཀྱིལ་འཁོར་བྱིན་གྱིས་བརླབ་དུ་གསོལ། །ཞེས་བརྗོད་དོ། །བདག་ཉིད་ངོ་བོ་ཉིད་དག་པའི་འཁོར་ལོ་བདེ་མཆོག་གི་གཟུགས་


DTG021_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་དང་དྲིལ་བུས་ལག་པ་བྲེལ་ཅིང་འགྱིང་བ་ལ། རྣལ་འབྱོར་མ་ལོ་བཅུ་གཉིས་ལོན་པའི་ན་ཚོད་བཞི་ཕྱོགས་ཀྱི་ལྷ་མོ་བཞིར་ང་རྒྱལ་བྱས་ལ། རྣལ་འབྱོར་གྱི་བྱ་བ་གཅིག་ལ་གོམས་པའི་ལྷ་མོ་དེ་རྣམས་ཀྱིས་ཚིགས་སུ་བཅད་པ་རེ་རེས་གསོལ་བ་བཏབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །མཚན་ཉིད་དམ་པ་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །དེ་རྣམས་ཀྱིས་གསོལ་བ་འདེབས་པར་རིག་ནས། །དེ་ནས་རྡོ་རྗེ་དང་བཅས་པའི་སོར་མོས་ལ་བསྣུན་པས། སའི་ལྷ་མོ་མདོག་སེར་བརྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཀྱི་ཕྱེད་ཕྱུང་བ། གཡས་པ་དམ་འཆའ་བ་ཁས་ལེན་པ་ལྟ་བུའི་ལག་པ། གཡོན་པ་བུམ་པ་འཛིན་པ་དེ་སྤྱན་དྲངས་ལ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་མཆོད་ནས་ལྷག་པར་གནས་པ་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །དེ་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་དག་ནི་ས་ལྷག་པར་གནས་པའོ། །དེའི་རྗེས་ལ་སེམས་ཅན་གྱི་ཁམས་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་རྣམ་པར་འཁྲུགས་པར་བལྟས་ལ། །ཉོན་མོངས་པ་རྣམས་ལ་ཁྲོས་ཏེ། །ཡི་གེ་མ་ལས་མིག་གཡོན་པར་ཟླ་བ། །ཊ་ལས་མིག་གཡས་པར་ཉི་མ་སྟེ། །ཕྱོགས་ཐམས་ཅད་འབར་བར་བྱེད་ཅིང་ཁམས་གསུམ་ལ་བལྟ་བའི་རྣལ་འབྱོར་པས་རྐང་པའི་འོག་ཏུ་རྡོ་རྗེ་འབར་བ་


DTG021_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒོམ་ཞིང༌། རྡོ་རྗེ་གསོར་བར་བརྩོན་པ་དྲིལ་བུ་དཀྲོལ་ཞིང་འགྱིང་པས། ཧཱུཾ་ཞེས་མགྲིན་པའི་སྒྲ་སྒྲོགས་ཤིང་བགེགས་ཀྱི་ཚོགས་དང་ལྷ་ལ་སོགས་པའི་སྡང་བ་མ་ལུས་པ་བསྐྲད་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །སྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་འབར་བའི་ལུས་ཀྱིས་ནི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ང་ལས་འགའ་འདས་ན། །དེ་དག་ཤིགས་བྱ་གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང༌། རལ་གྲིལ་སོགས་པ་བཅུག་ལ་བརྗོད་པར་བྱའོ། །རྡོ་རྗེའི་གོམ་པས་གར་བྱེད་ཅིང་འཁོར་ལོས་ཡོངས་སུ་བསྐོར་རོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པ་ནས་བྱུང་ནས་གདུག་པ་རྣམས་བསྲེགས་ཏེ་ཕན་ཚུན་བྲོས་པར་བསམ་མོ། །མཐུན་པའི་སྟང་སྟབས་གཡས་གཡོན་བརྐྱང༌། །ཟླུམ་པོ་ས་ག་གྱེན་དུ་འདེགས། །ཐུར་དུ་བསྐྱོད་དང་ཐད་ལོགས་བསྐྱོད། །གོམ་བརྒྱད་གཡས་གཡོན་བསྐོར་གར་བྱའོ། །དེ་མ་ཐག་ཏུ་བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །དེ་ཡང༌། ཤར་ཕྱོགས་ལུགས་དང་མི་མཐུན་དང༌། །ལུགས་མཐུན་གཡོན་མཛུབ་སེ་གོལ་གཏོགས། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་རྐང་པ་རེ་རེ་བརྗོད་པའི་ཚེ། སྔགས་དེ་དང་དེ་ཁ་དོག་དམར་པོ་འབར་བ་ཡིག་འབྲུ་ཆེ་བ་ཕྱོགས་དེ་དང་དེར་ཁ་ནས་འཕྲོས་བ། སྔགས་དེ་དང་དེར་འཕྲོས་པའི་ལྷ་མོ་ཁྭ་གདོང་མ་ལ་སོགས་པ་ཞལ་གཅིག་ཕྱག་གཉིས་མ། ཁ་དོག་དམར་མོ་ཆེར་འབར་ཞབས་འོག་གི་ས་གཞི་ལ་གཞག །ཚངས་པའི་གནས་ལ་དབུ་ཐུག་རབ་ཏུ་ཆེ་ཞིང་གཟུགས་རགས་པ། །ཕྱག་གཡོན་ལྟེ་བ་མན་ཆད་ཟུར་གསུམ་སྟོད་ནི་རང་འདྲ་ཐོགས། །གཡས་པ་ཐོབ་ཅན་རྣམས་རང་རང་ཕྱོགས་སུ་སྤྲོ་བར་བྱ། །དེ་དག་གིས་ནི་བགེགས་རྣམས་ཤིན་ཏུ་ཐག་རིང་བསྐྲད་པར་བསམ། །དེ་ནས་སྔགས་དེ་དང་དེ་དག་ལས་གྲུབ་པའི་རྡོ་རྗེའི་རབ་གྲུ་བཞི་པ་རབ་ཏུ་འབར་བ་རྒྱར་སྒྲུབ་བ་པོ་ཇི་ཙམ་འདོད་པ་བསམས་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་


DTG021_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརླབ་བོ། །དེ་ནས་རྡོ་རྗེའི་ར་བ་ལས། །འོད་ཟེར་རབ་ཏུ་འབར་བའི་ཚོགས། །འཕྲོས་པས་དབུས་སུ་ཡི་གེ་ཧཱུཾ། །ལས་སྒྲུབ་སྣ་ཚོགས་རྡོ་རྗེར་བསམ། །དེ་ལས་རྡོ་རྗེའི་རང་བཞིན་གྱིས། །འོད་ཟེར་འབར་བ་འཕྲོས་པས་འོག་ཏུ་ས་འོག་གི་གཞི་ལ་ཐུག་པར་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སར་བྱས་ལ། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བནྡྷ་ཧཱུཾ་ཞེས་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་ས་དང་རབ་ལས་འོད་འཕྲོས་པས་གུར་རོ། །གུར་ལས་བླ་རེའོ། །བླ་རེ་ལས་མདའི་དྲ་བ་ཞེས་བྱ་བ་ཕྱི་རོལ་དུ་སྟེང་དང་ལོགས་ཀུན་དུ་ཁྱབ་པར་བསམ་ཞིང༌། དེ་དག་ཏུ་ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །ཁྭ་གདོང་མ་ལ་སོགས་པ་བརྒྱད་ནི་ཕྱི་རོལ་དུ། །ཁ་བལྟས་འཁོད་པ་རྣམས་ཀྱི་མདུན་དུ་ཧཱུཾ། །རིང་བོ་བརྒྱད་བལྟས་དེ་དག་ཡོངས་གྱུར་ལས། །དང་པོ་ཁ་ཁྱེར་ཕན་ཚུན་སྤྲང་བརྒྱད་བསམ། །དེ་ནས་ཁྭ་གདོང་མ་ལ་སོགས་པ་འོད་ཟེར་རབ་ཏུ་འབར་བའི་ཚོགས་རྣམས་ཀྱིས་བགེགས་བྲོས་པ་རྣམས་དོང་དུ་ཆུད་ཅིང༌། དོང་གི་ཕ་རོལ་ནས་བགེགས་བྲོས་པ་རྣམས་འོད་ཟེར་འབར་བ་ལྕགས་ཀྱུའི་རྣམ་པས་དྲངས་ཤིང་དོང་དུ་བཅུག་པ་དང༌། ཁྭ་གདོང་མ་ལ་སོགས་པ་དོང་གི་དྲུང་ན་འཁོད་པ་རྣམས་ལ་བདག་ཉིད་ཁྲོ་བོའི་ལྟ་བ་དང་བཅས་པས། ཨོཾ་གྷཿ་གྷཿ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚཱ་ན་ཧུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཧུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་བི་གྷྣཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་དེ་ཕུར་བུ་ཚུགས་ཤིག་པར་བཀའ་བསྒོ་བས་བགེགས་རྣམས་ཀྱི་སྤྱི་བོར་ཕུར་པ་བཙུགས་པ་དང༌། ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། དེ་དག་གི་རྡོ་རྗེ་ཐོ་བས་ཕུར་པ་བརྡུངས་ཏེ། བགེགས་རྣམས་ལ་ཕུར་པ་བཏབ་པས་བགེགས་རྣམས་རྫོགས་པའི་བྱང་ཆུབ་ཐོབ་པར་བྱས་ནས་ཁྭ་གདོང་མ་ལ་སོགས་པ་རྣམས་འོད་འབར་བའི་ཚོགས་སུ་གྱུར་ཏེ། མདའི་དྲ་བ་ལ་ཐིམ་མ་ཐག་ཏུ་ཆུ་ལ་ཆུ་བརྡབས་པའི་ཚུལ་དུ་སླར་ཕྱིར་འཕྲོས་པས་རྡོ་རྗེའི་རབ་ཟླུམ་པོར་གྱུར་པར་བསམས་ལ་ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་དེ་ལས་འོད་ཟེར་འཕྲོས་པས་པདྨའི་དྲ་བ། དེ་ལས་འཁོར་ལོའི་བ།


DTG021_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལས་རྡོ་རྗེ་མེ་འབར་བ་སྟེང་དང་ལོགས་ཀུན་དུ་ཁྱབ་པ་གཡོན་སྐོར་དུ་འཁྱིལ་ཞིང་འབར་བར་བསམས་ཏེ། དེ་བཞིན་དུ་ཨོཾ་པདྨ་པྲཱ་ཀཱ་ར་ཧཱུཾ། ཨོཾ་ཙཀྲ་པྲཱ་ཀཱ་ར་ཧཱུཾ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱ་རྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་ས་ཡོངས་སུ་བཟུང་བའོ། །དེ་ནས་ཡིད་དང་མཐུན་པར་བྱི་དོར་ལ་སོགས་པ་ལེགས་པར་བྱས་པའི་སའི་ཆར་བུམ་པ་རྣམས་ལྷག་པར་གནས་པར་བྱ་སྟེ། དེ་ཡང་གསེར་ལ་སོགས་པ་ལས་གྲུབ་པའམ། ས་ཡི་རང་བཞིན་ནག་པོ་དང༌། །རྩ་བ་མེད་པར་མཆུ་འཕྱང་བ། །མགྲིན་པ་མཐོ་བ་ལྟོ་ཆེ་རྣམས། །ལེགས་པར་བཀྲུས་ཤིང་རྡོ་རྒྱུས་བྱུག །གུ་གུལ་ལ་སོགས་པས་བདུགས་ནས། །རྣམ་རྒྱལ་བུམ་པར་སྣ་ཚོགས་པད། །ལྟེ་བར་བདག་པོའི་མཚན་རྟགས་བྲི། །དཀྱིལ་འཁོར་པ་གཞན་བུམ་པ་རྣམས། །རང་རང་མཚན་མས་མཚན་པར་བྱ། །འོན་ཀྱང་ལས་ཐམས་ཅད་པའི་བུམ་པ་ལས་ཀྱི་ལྷའི་མཚན་མས་མཚོན་པ། མགྲིན་པ་རས་ཟུང་གིས་དཀྲིས་པ། །གསེར་དང་དངུལ་དང་མུ་མེན་དང་མུ་ཏིག་དང་བྱི་རུ་དང༌། ནས་དང་གྲོ་དང་ཏིལ་དང༌། འབྲས་སོ་བ་དང་མོན་སྲན་སྡེའུ་མ་དང༌། བྲྀ་ཧ་ཏི་དང་ཀཎྜ་ཀ་རི་དང༌། ཨ་པ་རཱ་ཛི་ཏ་དཀར་པོ་དང་དཎྜོ་ཏ་བ་ལ་དཀར་པོ་དང༌། ཧ་ས་དེ་བ་རྣམས་དང་ལྡན་པ། ཆུ་གཙང་མ་སྲོག་ཆགས་མེད་པ་ལེགས་པར་བླངས་ལ། བདུད་རྩི་ལྔ་དང་ལྡན་པས་རན་པར་བཀང་བ། ཤིང་ཧ་ས་ཀ་ར་ལ་སོགས་པ་འབྲས་བུ་དང་བཅས་ཤིང་འདབ་མ་དང་ལྡན་པས་ཁ་བརྒྱན་པ། དེ་དག་ལས་འདྲེན་བའི་བུམ་པ་ནི་དབུས་སུ་སྟེ། གཞན་གོ་རིམས་ཇི་ལྟ་བ་བཞིན་དུ་བཞག་ལ། དེ་དང་དེའི་སྟེང་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་མེ་ཏོག་དཀར་པོ་དང་བཅས་པ་བཞག་སྟེ། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ལ། དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་ཕུལ་ནས། དམ་ཚིག་གི་འཁོར་ལོ་དང་གཅིག་ཏུ་བྱས་ཏེ་མཆོད་པ་བྱས་ལ། དེ་དང་དེའི་སྔགས་རྣམས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ལ། མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་བུམ་བར་ཕུལ་བས། དཀྱིལ་འཁོར་གྱི་བདག་པོ་འདོད་ཆགས་ཆེན་པོས་དེའི་


DTG021_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནང་དུ་ཞུ་བར་བསམ། འཁོར་ལོ་དེ་དག་དེ་ཉིད་དུ་ཡེ་ཤེས་ཀྱི་ཆུའི་རྣམ་པར་གྱུར་པར་བལྟའོ། །དེ་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད།། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགྱེས་པ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །འཁོར་ལོ་མཁའ་འགྲོར་ཕྱག་འཆལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཆལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པའི་ངོ་བོ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་བྱ་ཞིང་དྲིལ་བུ་དཀྲོལ་བར་བྱའོ། །དེ་དག་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་སྒོར་རིགས་དང་གཟུགས་དང་ལང་ཚོ་དང་དད་པ་དང་ཐོས་པ་དང༌། གཏོང་བ་ལ་སོགས་པ་དང་ལྡན་པ། སྔགས་ཀྱི་ཚུལ་གྱི་སྐལ་པ་ཅན། །ང་རྒྱལ་ལ་སོགས་པའི་སྐྱོན་མཐའ་དག་དང་བྲལ་བ། དོན་དུ་གཉེར་བའི་སློབ་མ་རྣམས་དང༌། གཞན་ཡང་ཡོན་ཏན་མེད་པ་རྣམས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཁྲུས་བྱས་ཏེ་ཡོན་ཕུལ་བ། མཎྜལ་བྱས་ཤིང་མེ་ཏོག་ཐོགས་པ། ཕྱག་འཚལ་ནས་པུས་མོའི་ལྷ་ང་ས་ལ་གཙུགས་པ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྟེན་པ་རྣམས་ལ། ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱ་སྟེ། རང་གིས་བསླབས་དང་ལྡན་པའི་འཁོར། །བཞི་ལ་རྗེས་སུ་གནང་བ་དང༌། །ཐེག་ཆེན་བློ་ལ་ཡང་དག་པའི། །ཆོ་ག་དེ་བཞིན་གཤེགས་པས་གསུངས། །གསང་སྔགས་དངོས་གྲུབ་དོན་གཉེར་གང༌། །བསོད་ནམས་འདོད་པ་དེ་བཞིན་གཞན། །འཇིག་རྟེན་ཕ་རོལ་ལ་གཞོལ་བ། །ཁ་ཅིག་དཀྱིལ་འཁོར་འདིར་འཇུག་བྱེད། །འཇིག་རྟེན་


DTG021_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་དོན་འདོད་པ་ཡི། །བློ་བཟང་དད་པ་ཆེར་བྱས་འཇུག །འཇིག་རྟེན་འདི་པའི་འབྲས་སྤངས་ནས། །འཇིག་རྟེན་གཞན་དོན་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །འདི་ལས་འཇིག་རྟེན་གཞན་གྱི་མིང༌། །དེ་ཕྱིར་འཇིག་རྟེན་གཞན་དག་གི །དངོས་གྲུབ་དོན་དུ་ཡིད་བརྟན་གྱིས། །ཞེས་དེ་དག་བསྒྲགས་ནས། དེ་རྣམས་ཀྱང་བློས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེ་དང་པདྨ་དག་པར་བྱས་ནས། ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་དམིགས་ཏེ་གསོལ་བ་གདབ་པར་བྱའོ། །རྣལ་འབྱོར་མ་དང་ཞལ་སྦྱོར་བཞུགས། །དགའ་ཆེན་ཁྱོད་བདག་སྟོན་པའི་རྒྱལ་བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་ཆེན་མཆོག་གི་ཕོ་བྲང་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་བརྗོད་ནས། གུས་པ་དང་ལྡན་པའི་སློབ་མ་རྣམས་ལས་གཅིག་གཙོ་བོར་བྱས་ལ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སངས་རྒྱས་དུས་གསུམ་འབྱུང་བ་རྣམས། །རྡོ་རྗེ་གསང་སྔགས་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །ཤཱཀྱ་སེང་གེ་སོགས་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་ཡང་དག་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་མཁྱེན་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དེ་བསྟན་པར་བྱའོ། །ཡང་སློབ་མས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ལ་བཞག །ཅེས་བརྗོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་དྲན་པར་བྱའོ། དེ་དག་ནི་དབང་བསྐུར་བ་ལ་སོགས་པ་ལྔ་འདོད་པའི་སློབ་མའི་ཐུན་མོང་གི་སྡོམ་པའོ། །དེ་ནས་སློབ་དཔོན་གྱི་


DTG021_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡོམ་པ་འཛིན་པར་འདོད་པའི་སློབ་མས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་འཚལ་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་བས། འཁོར་ལོ་མི་ལྡོག་དབང་བསྐུར་མཆོག །སྩལ་ནས་མགོན་པོ་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌།། སངས་རྒྱས་ཀུན་གྱི་དམ་ཚིག་གི །སྡོམ་པ་གསང་བ་བླ་མེད་པ། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་ཁྱོད་ཀྱིས་བདག་ལ་གསུངས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ། །དེ་ནས་གསོལ་བ་བཏབ་པའི་བླ་མས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་འདི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་གཞུག་པར་འཚལ། །ཞེས་སོ། །དེ་ནས་སློབ་དཔོན་གྱིས་བརྗོད་པར་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་བདག་ནི་རབ་ཏུ་འཚལ། །ཞེས་བརྗོད་པར་བྱའོ། །དེ་ནས་བླ་མས་བརྗོད་པར་བྱ་བ་ནི། སངས་རྒྱས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་རིགས་མཆོག་གི །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང༌། །རྩ་བའི་ལྟུང་བ་བཅུ་བཞི་ཡང༌། །ཕས་ཕམ་བཞི་དང་མི་དགེ་བཅུ། །རྣམ་པར་འཁྲུལ་པར་ཆང་བཏུང་བ། །དེ་དག་ཀུན་དུ་སྤང་བར་གྱིས། །སེམས་ཅན་དོན་མིན་བྱ་མིན་སྤོངས། །དམ་པ་ཉེར་བསྟེན་རྣལ་འབྱོར་ཀུན། །ཐེག་པ་དམན་ལ་འདོད་མ་བྱེད། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་མི་སྤོང་འདའ་མི་ཆགས། །ལྷ་སོགས་བརྙས་མིན་རྒྱ་མི་འགོང༌། །འདི་དག་དམ་ཚིག་ཅེས་སུ་བསྟན། །སྡོམ་བརྩོན་ཁྱོད་ཀྱིས་བསྲུང་བར་གྱིས། །དེ་ནས་སློབ་མས་བརྗོད་པར་བྱ་བ་ནི། སངས་རྒྱས་ཐམས་ཅད་བསྡུས་པའི་སྐུ། །སློབ་དཔོན་འདིར་ནི་བདག་ལ་གསོན། །ཁྱབ་བདག་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །དེ་ནས་བླ་མའི་ངག་གིས་འདི། །སྡོམ་པ་ལེགས་པར་བླང་བར་བྱ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །རྫོགས་པའི་བྱང་ཆུབ་ངེས་མཛད་པའི། །


DTG021_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་ཡི། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བཅུ་བཞི་ཡི་ནི་རབ་དབྱེ་བས། །རྩ་བའི་ལྟུང་བ་སྤང་བར་བགྱི། །གཞན་ཡང་ཡན་ལག་ལྟུང་བ་རྣམས། །བདག་གིས་རབ་ཏུ་སྤང་བར་བགྱི། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །མ་བྱིན་བར་ཡང་མི་བླང་ངོ༌། །འདོད་ལ་ལོག་པར་མི་སྤྱད་ཀྱང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དང་ནི། །ཡིད་ཀྱི་རྣམ་པ་གསུམ་དག་གི །དགེ་བ་དག་ནི་བསྐྱང་བར་བགྱི། །དོན་མིན་ཀུན་གྱི་རྩབ་ཡི། །ཆང་འཐུང་རྣམ་འཁྲུལ་སེམས་པ་སྤང༌། །སེམས་ཅན་གདུལ་དོན་མ་གཏོགས་པར། །བྱ་མིན་ཐམས་ཅད་སྤང་བར་བགྱི། །སྐྱེས་བུ་དམ་པ་བསྟེན་བགྱི་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བགྱི། །ཐེག་པ་དམན་ལ་འདོད་པ་ཡང༌། །འབད་པ་ཡིས་ནི་སྤང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་པ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །འཁོར་བ་སྤང་བར་མི་བགྱི་ཞིང༌། །མྱ་ངན་འདས་ལ་ཆགས་མི་བགྱི། །ལྷ་དང་ལྷ་མིན་གསང་བ་པ། །གཙོ་བོ་བདག་གིས་བརྙས་མི་བགྱི། །ཕྱག་རྒྱ་


DTG021_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞོན་པ་མཚོན་ཆ་དང༌། མཚན་མ་འགོམ་པར་མི་བགྱིའོ། །དུས་འདི་ནས་ནི་གཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་དག་ཀྱང་མ་ལུས་གཟུང༌། །དེ་དག་ནི་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཆོ་གའོ། །དེ་ནས་ཞལ་བཞིའི་སྔགས་ཀྱིས་དེ་དག་ལ་ཤིན་ཏུ་བསྲུངས་ལ། དེ་རྣམས་ཀྱི་སྙིང་གར་ཡི་གེ་ཧཱུཾ་ལས་རྡོ་རྗེ། མགྲིན་པར་ཡི་གེ་ཨཱཿ་ལས་པདྨ། མགོ་བོར་ཡི་གེ་ཨོཾ་ལས་འཁོར་ལོ། མཚན་མ་དེ་རྣམས་ཀྱི་ལྟེ་བའི་དབུས་སུ་ས་བོན་དེ་རྣམས་བསམ་པར་བྱའོ། །དེ་ནས་ལངས་ཏེ་དྲི་ཞིམ་པོའི་ཆུས་རྡོ་རྗེ་ཁུ་ཚུར་གྱིས་ཧཱུཾ་ཨཱཿ་ཨོཾ་ཞེས་བརྗོད་ཅིང༌། སྙིང་ག་དང་མགྲིན་པ་དང་མགོ་བོར་བྱུག་པར་བྱའོ། །དེ་ནས་དེ་དག་གི་སྤྱི་བོར་མེ་ཏོག །མདུན་དུ་སྤོས་དང་མར་མེ། སྙིང་གར་དྲི། ལག་པར་ཟས་མཆོག་སྦྱིན་པར་བྱ་སྟེ། ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླས་ལ་སྦྱིན་ནོ། །དེ་ནས་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱིས་མངོན་པར་བསྔགས་པའི་ཨ་ཤྭདྠ་ལ་སོགས་པའི་སོ་ཤིང་མི་འཁྱོག་པ་སྲིན་བུ་མེད་པ་མ་གས་པ་རྨ་མེད་པ། སོར་བཅུ་གཉིས་མཐེའུ་ཆུང་གི་ཚད་ཙམ་རྩེ་མོ་མེ་ཏོག་མཛེས་པ་ཅན་དྲི་ཞིམ་པོའི་ཆུས་བཀྲུས་པ་སློབ་མ་རྣམས་ཁ་བྱང་དུ་བལྟས་པའི་ཐལ་མོར་སྦྱིན་ནོ། །དེ་རྣམས་ཤར་ཕྱོགས་སུ་ཁ་བལྟས་ནས་གནས་པ་ལ་འཆར་བཅུག་ལ། ཟུར་བཞི་པ་ལ་གྲུ་གང་ཙམ་དུ་བ་ལང་གི་ལྕི་བས་བྱུགས་པའི་ས་ལ་ལྟོས་པ་མེད་པར་དོར་བར་བྱའོ། །དེ་ནས་སོ་ཤིང་ལྟུང་བའི་རྗེས་སུ་འབྲངས་ནས་དེ་རྣམས་ཀྱི་ཞི་བ་ལ་སོགས་པའི་དངོས་གྲུབ་འབྱུང་བ་བསྟན་པར་བྱ་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་དུ་ཁ་བལྟས་ནས་ལྷུང་ན། རིམ་པ་ཇི་ལྟ་བ་བཞིན་དུ་ཞི་བ་དང་དྲག་ཤུལ་སྤྱོད་པ་དང་དབང་དང༌། རྒྱས་པ་རྣམས་སོ། །མཚམས་རྣམས་སུ་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་འཐོབ་པོ། །སྟེང་དུ་ཁ་བལྟས་ཏེ་ལྷུང་ན་རིག་འཛིན་གྱི་དངོས་གྲུབ་འཐོབ་བོ། །འོག་ཏུ་ཁ་བལྟས་ཏེ་ལྷུང་ནས་འོག་གི་དངོས་གྲུབ་འཐོབ་བོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་པ་ཡིན་ནོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་བའི་དེ་ཉིད་གསུམ་བཟླས་པའི་ཆུ་འཐོར་འཐུང་བྱ་བའི་ཕྱིར། ཨོཾ་ཧྲཱིཿ་བི་ཤུདྡྷ་སརྦྦ་དྷརྨ་


DTG021_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སརྦྦ་པཱ་པཾ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦྦ་བི་ཀལྤཱཾ་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་སྐྱོར་བ་གསུམ་འཐུང་དུ་གཞུག་གོ །དེ་ནས་ཚད་ལེགས་བའི་སྐུད་པ་སུམ་སྒྲིལ་མདུད་པ་གསུམ་དང་ལྡན་པ། རང་གི་ལྷའི་སྔགས་བཟླས་པ་བྱས་པ་བདག་ཉིད་ཀྱིས་དེ་རྣམས་ཀྱི་དབུང་པ་གཡས་པ་ལ་བཅིངས་པས་ཀུན་ནས་བསྲུང་བར་བྱའོ། །ཡི་གེ་ཧཱུཾ་ལས་སྐྱེས་པའི་ཀུ་ཤ་གསར་བ་མ་ཉམས་པ་ལས་ལས་ཀྱི་ལྷ་མོའི་སྔགས་བཟླས་པ་སྟན་དང་སྔས་སུ་སྦྱིན་པར་བྱའོ། །དེ་ནས་ཆོས་བསྟན་པས་སྤྲོ་བ་བསྐྱེད་པའི་ཕྱིར། ཐམས་ཅད་མཁྱེན་པའི་འཇིག་རྟེན་དུ། ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་འམ་རེས་འགའ་བཞིན། །འབྱུང་འགྱུར་ཡང་ན་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་ཆད་སྡིག་པ་བྱ་བ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་བཅད་པ་ཡིན། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་དང་བཅས། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ནས་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ཕྱིར་ཁྱེད་རྣམས་དོང་བྱེད་བ། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བ་བསྟན་པ་ཐོས་པར་བྱས་ནས། དེ་རྣམས་བཅོམ་ལྡན་འདས་ཀྱི་རྩ་བའི་གསང་སྔགས་ཀྱིས་བསྲུངས་ཏེ། ནངས་པར་རྨི་ལམ་ང་ལ་སྨྲོས་ཤིག་ཅེས་བརྗོད་ལ། དཀྱིལ་འཁོར་གྱི་ཁང་བའི་མཐར་སེང་གེའི་ཉལ་སྟབས་ཀྱིས་དགེ་བའི་སེམས་ཀྱིས་ཉལ་དུ་གཞུག་གོ །སློབ་དཔོན་ཡང་དཀྱིལ་འཁོར་གྱི་ཁང་བར་ཞུགས་ནས་


DTG021_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྲུང་བའི་དོན་དུ་བཅོམ་ལྡན་འདས་ཀྱི་རྩ་བའི་གསང་སྔགས་བཟླས་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ནངས་པར་སྔར་གཏོར་མ་བཏང་ནས་དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་སྟེ། སློབ་མ་རྣམས་བོས་ཏེ་རྨི་ལམ་དྲིས་ཏོ། རི་ལས་ལྷུང་བ་ལ་སོགས་པ་མཚན་མ་མི་དགེ་བ་རྨི་ལམ་ངན་པ་རྣམས་བྱུང་ན་ཞལ་བཞིའི་སྔགས་ཀྱིས་སློབ་མའི་བགེགས་བཟློག་པར་བྱའོ། །དེ་དག་རིག་པའི་དབང་བསྐུར་བ་ལ་སོགས་པའི་སྡོམ་པ་སྔོན་དུ་འགྲོ་བའི་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ས་དེ་ལ་དྲིས་ཉེ་བར་བྱུགས་ནས་མེ་ཏོག་རྣམ་པ་སྣ་ཚོགས་པ་ཆལ་པར་བཀྲམ་ནས་ལྷའི་གནས་རྣམས་སུ་བདུད་རྩི་ལྔའི་ཐིག་ལེ་བྱས་ལ། དེར་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཁོར་ལོ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ལོ། །ཨོཾ་ཨཱཿ་བཛྲ་པུཥྤེ་ཧཱུཾ། ཨོཾ་ཨཱཿ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་ཨཱཿ་བཛྲ་དཱི་པེ་ཧཱུཾ། ཨོཾ་ཨཱཿ་བཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿ་བཛྲ་ནཻ་བི་དྱཻ་ཧཱུཾ། ཞེས་བྱ་བས་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་རྣམས་ཀྱིས་ཡང་དག་པར་མཆོད་ནས། ཧཱུཾ་མཆེ་བ་གཙིགས་ཤིང་འཇིགས་ཆེན་པོ། །རྒྱུ་མའི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཁྲག་འཐུང་དཔལ་ལ་བདག་ཕྱག་འཚལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོ་བ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པའི་འཆིང་བཅད་ཅིང༌། །འཇིག་རྟེན་བྱ་བ་ལ་འཇུག་མ། །དེ་སྙེད་རྣམས་ལ་བདག་ཕྱག་འཚལ།། ཞེས་བསྟོད་པ་བྱས་ནས། དེ་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་ལག་པ་གཡས་པས་སྤོས་སྣོད་ཐོགས་ལ་འཁོར་ལོའི་དབང་བདག་དང་སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་ཁྲག་འཐུང་རྡོ་རྗེ་མཆོག །དམ་པ་རིག་རྒྱལ་ཁྱོད་ཕྱག་འཚལ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ནི། །མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་རིགས། །འགྲོ་བའི་ཚོགས་ཀྱི་དོན་མཛད་པའི། །རྫོགས་སངས་


DTG021_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་རྣམས་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །གང་གཞན་སྔགས་ཀྱི་ལྷ་ཉིད་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །འབྱུང་པོ་རྫོགས་བྱང་ཉེར་གནས་དང༌། །བསྟན་ལ་མངོན་དགའི་སེམས་ཅན་རྣམས། །གང་ཞིག་རྡོ་རྗེའི་མིག་ཅན་རྣམས། །རྡོ་རྗེ་ཅན་ཆེན་ཆེ་གེ་བདག །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་ནི། །ཇི་ལྟར་འབྱོར་བའི་ཡོ་བྱད་ཀྱིས། །འགྲོ་བའི་དོན་ཕྱིར་འབྲི་ལགས་པས། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་བརྩེ་བ་རུ་དགོངས་ནས་ནི། །དཀྱིལ་འཁོར་བཅས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་སྐད་བྱས་ནས་འཁོར་ལོ་དེ་ནམ་མཁའ་ལ་གདེག་པར་བྱའོ། །དེ་དག་ནི་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ནངས་པར་ཉི་མ་འཆར་ཀས་དཀྱིལ་འཁོར་དེ་དྲིས་ཉེ་བར་བྱུགས་ལ། དེའི་རྗེས་ལ་ཐིག་སྐུད་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་རིང་བ་སྦོམས་སུ་སྒོའི་ཉི་ཤུ་ཆ་བདུད་རྩི་ལྔས་བརླན་པ་དྲི་ཞིམ་པོ་ལྔས་བསྒོས་པ་ཁ་དོག་ལྔ་བྱུགས་པ་རྟག་པ་ལ་སོགས་པའི་ས་བོན་ཨོཾ་ཁཾ་ཨཱཾ་ཏྲཱཾ་ཧཱུཾ་རྣམས་ལས་གྲུབ་པའི་ཁ་དོག་ཅན་སྣོད་དུ་བཞག་ལ། རྣལ་འབྱོར་པ་ཡི་གེ་ཛཿ་ལས་གྲུབ་པའི་ཉི་མ་དང་ཟླ་བའི་མིག་ཅན་གྱིས་རྟག་པ་ལ་སོགས་པའི་ཐུགས་ཀར་གནས་པ་དེ་དག་གི་ཁ་དོག་ཅན་གྱི་འོད་ཟེར་གྱི་ཐིག་སྐུད་བལྟས་ལ། ཨོཾ་དིཔྟ་དྲྀཥྚི་ཨཾ་ཀུ་ཤི་ཛཿ་ཞེས་བྱ་བ་འདི་དང༌། ཨོཾ་ཨ་པྲ་ཡཙྪ། ཤ་ཤོ་ཏ་སཱུ་ཏྲ་སྭཱ་ཙ་ཀྲཱ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་རྟག་པའི་གནས་སུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་སྦྱར་ཏེ་གསོལ་བ་བཏབ་པ་དང༌། དེ་རྣམས་ཀྱིས་བཏང་བ་རབ་ཏུ་གཡོ་ཞིང་འབར་བའི་མིག་གི་རྫི་མས་འདྲེན་པའི་འབར་བའི་ལྟ་བས་བཀུག་ལ། ཡེ་ཤེས་ཀྱི་ཐིག་དང་གཅིག་ཏུ་བྱས་ཏེ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱ་སརྦྦ་དྷརྨཱ་ཨ་ནུ་པྲ་བིཥྚ་སྶརྦ་དྷརྨྨཱ་ཧཱུཾ། ཞེས་བརྗོད་ཅིང་ལྔ་པོ་གཅིག་ཏུ་བསྒྲིལ་བར་བྱའོ།། དེ་ནས་སློབ་མ་རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པ་ཐིག་སྐུད་འཛིན་པ་དང་ལྷན་ཅིག་ཏུ་བླ་མ་རྡོ་རྗེ་དྲིལ་བུ་འཆང་བས་ཡེ་ཤེས་ཀྱི་ཐིག་སྐུད་གཡོན་པའི་ཁུ་ཚུར་གྱིས་བཟུང་སྟེ། ཛཿ་ཞེས་བྱ་བ་གསུམ་གྱིས་སློབ་མ་ལ་གཏད་ལ། སློབ་མས་ཀྱང་ཛཿ་ཛཿ་ཛཿ་ཞེས་བརྗོད་ཅིང་འགྲོ་བས་སོང་


DTG021_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། ལྟེ་བའི་སྟེང་དུ་ཐིག་སྐུད་བཟུང་སྟེ། ནུབ་ཏུ་གནས་པ་ཤར་དུ་མངོན་པར་ཕྱོགས་པ་དང༌། ཤར་དུ་གནས་པ་ནུབ་ཏུ་མངོན་པར་ཕྱོགས་བས་གནམ་ཐིག་གདབ་བོ། །དེ་བཞིན་དུ་འོག་གི་ཐིག་ཀྱང་གདབ་པོ། །ཨོཾ་ཨཱཿ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཁྱེད་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་དུས་ལགས་ཏེ་དེ་བས་འདིར་གཤེགས་སུ་གསོལ་ལོ་ཞེས་ཐིག་སྐུད་ཀྱི་སྒྲས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ། ཤར་དང་ནུབ་ཏུ་ཚངས་པའི་ཐིག་གདབ་པར་བྱའོ། །བྱང་དུ་མངོན་པར་ཕྱོགས་པ་དང༌། ལྷོར་མངོན་པར་ཕྱོགས་པ་དང༌། ཐབས་གཅིག་ཏུ་ལྷོ་དང་བྱང་གི་ཐིག་གདབ་པར་བྱའོ། །མེར་གནས་པ་གནོད་སྦྱིན་དུ་བལྟས་པ་དང༌། དབང་ལྡན་དུ་གནས་པ་ཡི་དགས་སུ་བལྟས་པས་ནི་ཤར་གྱི་རྩ་བའི་ཐིག་གོ །རླུང་གི་ཕྱོགས་སུ་གནས་པ་ཡི་དགས་སུ་བལྟས་པ་དང༌། བདེན་བྲལ་དུ་གནས་པ་གནོད་སྦྱིན་དུ་བལྟས་པས་ནི་ནུབ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ། །མེར་གནས་པ་ཀླུའི་ཕྱོགས་སུ་བལྟས་པ་དང༌། བདེན་བྲལ་དུ་གནས་པ་དབང་བོར་བལྟས་པས་ནི་ལྷོ་ཕྱོགས་ཀྱི་རྩ་བའི་ཐིག་གོ །རླུང་གི་ཕྱོགས་སུ་གནས་པ་དབང་པོར་བལྟས་པ་དང་དབང་ལྡན་དུ་གནས་པ་ཀླུར་བལྟས་པས་ནི་བྱང་ཕྱོགས་ཀྱི་རྩ་བའི་ཐིག་གོ །ཆོ་ག་འདི་ཉིད་ཀྱིས་ཚངས་ཐིག་དག་གི་ངོས་གཉིས་སུ་ཐིག་གསུམ་གསུམ་གདབ་བོ། །རྩ་བའི་ཐིག་རྣམས་ཀྱི་ཕྱི་རོལ་དུ་ཆ་ཆེན་བཞི་བཞི་གདབ་བོ། །མེའི་ཕྱོགས་དང་བདེན་བྲལ་དུ་གནས་ནས་མཚམས་ཀྱི་ཐིག་གཉིས་ཀྱང་གདབ་བོ། །ཆ་ཆེན་དང་པོ་ཚངས་ངོས་དོར། །དེ་ནས་ཆ་ཆུང་གཉིས་གདབ་བྱ། །ཆ་ཆེན་གཉིས་པ་ཆ་བཞིར་གདབ། །ཆ་ཆེན་གཉིས་པ་ངོས་གཉིས་ནས། །ཆ་ཆུང་རེ་རེ་གདབ་པར་བྱ། །ཆ་ཆེན་དྲུག་པོ་ཐ་མ་ཡི། །ངོས་ནས་ཆ་ཆུང་གཉིས་གཉིས་གདབ། །ཆ་ཆེན་བདུན་པ་དང་བརྒྱད་པ། །ཆ་ཆུང་བཞི་བཞིར་གདབ་པར་བྱ། །གཉིས་པ་སྒོ་ཁྱུད་བཞི་པ་སོགས། །བཅུ་པ་ངོས་དང་བཅུ་གཉིས་འགྲམ། །བཅུ་བཞི་པ་ནི་ཡ་ཕུབས་ཏེ། །ད་དག་ཀུན་ལ་ཐམས་ཅད་དུ། །ཆ་ལྔ་མཉམ་པར་གཞག་པས་གདབ། །ཆོས་ཀྱི་འཁོར་ལོ་ལ་སོགས་པ། །ཇི་ལྟར་མཛེས་པར་བརྟག་པར་བྱ། །དཀྱིལ་


DTG021_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་དུ་ཕུར་བུ་བཙུགས་ལ་དབང་ལྡན་གྱི་མཚམས་ནས་རྡོ་རྗེའི་ར་བ་དང་འབར་བའི་རབ་ཆ་ཆུང་རེ་རེས་བསྐོར་རོ། །དེ་བཞིན་དུ་ལྷ་སྣམ་གྱི་ནང་དུ་ཟླུམ་པོར་བསྐོར་བར་བྱའོ། །འདིར་མཚན་མ་ངན་པ་མཐོང་བ་ལས་ནི་དངོས་གྲུབ་མེད་དོ། །ཐིག་སྐུད་ཆད་ན་བླ་མ་འཆི། །ལྷག་ཆད་ཀྱི་ཉེས་པ་ལས་ནི་ནད་དོ། །ཕྱོགས་ལ་འཁྲུལ་ན་སློབ་མ་རྨོངས་སོ། །གྲུ་བཞི་པ་ལ་སྒོ་བཞི་བ། །རྟ་བབས་བཞི་ཡིས་མཛེས་པ་སྟེ། །དོ་ཤལ་དོ་ཤལ་ཕྱེད་པས་སྤྲས། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །སྟེགས་བུ་ལ་བརྟེན་གཟུངས་ཀྱི་ཚོགས། །མཆོད་པ་རྣམས་ཀྱིས་འབྲེལ་པ་སྟེ། །གྲྭ་ཡི་ཆ་ནི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། །རླུང་གིས་བསྐྱོད་པའི་དྲིལ་བུར་བཅས། །བ་དན་རྣམས་ཀྱིས་ཕྱི་ཡི་གྲྭར། །ཕྱི་ཡི་དཀྱིལ་འཁོར་གདབ་པའོ། །དེ་ཡི་ནང་དུ་པདྨ་ནི། །འདབ་མ་བརྒྱད་པ་ཉེ་བར་མཛེས། །སྙིང་པོ་གེ་སར་དང་ལྡན་པ། །ཕྱི་ཡི་དཀྱིལ་འཁོར་ཕྱེད་དུའོ། །ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །དེ་ནས་ཡི་གེ་ཧཱི་ལས་ཁྲོ་བོའི་ལྟ་བས་རྣམ་པར་དབྱི་བར་བྱའོ། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་རུ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །སྟེགས་བུ་ཆེན་པོ་དོར་བྱས་ལ། །ཚད་དང་ལྡན་ཞིང་ཤིན་དུ་མཛེས། །སྒོ་ཁྱུད་སྒོ་འདྲར་ཤེས་པར་བྱ། །དེ་བཞིན་ལྷ་ཡི་སྣམ་བུ་སྟེ། །རྡོ་རྗེ་ལྷ་མོ་ཡང་དག་ལྡན། །གླུ་དང་རོལ་མོ་ལ་སོགས་གར། །སྟེགས་བུ་སྒོ་ཡི་ཕྱེད་ཡིན་ཏེ། །འགྲམ་དང་ལོགས་ཞེས་བྱ་བའང་ཡིན། །ཟླ་བ་མེ་ཏོག་ཕྲེང་རྣམས་ཉིད། །རྩ་བའི་ཐིག་སའི་ཕྱི་རོལ་དུ། །མཚོན་རྩིའི་ས་ནི་དེ་ཡི་ཕྱེད། །རིན་ཆེན་ཀ་བ་སོགས་སྣམ་བུ། །རྡུལ་ཚོན་ས་དང་སྣམ་བུའི་ས། །རྟ་བབས་སྒོ་ཡི་བཞི་འགྱུར་ཏེ། །བ་དན་དྲིལ་བུར་ལྡན་པ་རྣམས། །དྲིལ་བུར་བཅས་པ་རླུང་བསྐྱོད་པའི། །བ་དན་ཕྱི་ཡི་གྲྭ་རྣམས་སུའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །དེ་ལྟར་རིམ་པ་འདིས་ལེགས་པར་ཐིག་བཏབ་ལ། །དེ་ནས་རིན་པོ་ཆེ་ལས་བྱུང་བའམ། ལྕགས་ལྔ་ལས་བྱུང་བའམ། ཁམ་པ་ལས་བྱུང་བའམ། འབྲས་སཱ་ལུ་ལས་བྱུང་བ་ལ་སོགས་པའི་རྡུལ་ཚོན་ལྔ་སྣོད་ལྔར་བཞག་པ་ལ་རྟག་པ་ལ་སོགས་


DTG021_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ས་བོན་བཀོད་དེ། །ཡེ་ཤེས་ཀྱི་རྡུལ་ཚོན་བཀུག་ནས། གཟི་བརྗིད་བསྐྱེད་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་འདིས་བླ་མས་མངོན་པར་བསྔགས་ཏེ། དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་ཐིག་ཨོཾ་བཛྲ་བེ་ག་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་པའི་ཡིད་ཀྱིས་ནམ་མཁའ་ལ་བཏེག་ནས། འཁོར་ལོའི་ནང་དུ་འདུག་ལ་ཁ་ཤར་དུ་བལྟས་ཏེ། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་གྲོལ་བ། །འཁོར་ལོ་བདེ་མཆོག་རྒྱལ་ཆེན་གྱི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་བརྗོད་དེ་དབང་ལྡན་གྱི་གྲྭ་ནས་གཡས་སྐོར་གྱི་རིམ་པས་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་སོ་སོར་དཔལ་ལྡན་ཁྲག་འཐུང་གི་ང་རྒྱལ་དང་ལྡན་པས་རྡུལ་ཚོན་དགྱེ་བར་བྱའོ། །ཕྱི་ནས་སྒྲུབ་པའི་གྲོགས་མཆོག་གིས་བྱའོ། །ཕ་དང་མ་དང་རྒྱལ་པོ་དང༌། །རྒྱལ་རིགས་གཉིས་དང་བརྟགས་པའི་ཆུས། །ཐོད་པ་བཟང་པོ་རབ་ཏུ་བཀང༌། །ལེགས་བྱས་སློབ་མ་ལ་སོགས་ཡིན། །ནག་པོ་དཀར་པོ་ལྗང་གུ་དང༌། །དམར་པོ་དང་ནི་སེར་པོ་སོགས། །མཉམ་ཞིང་གཡས་སྐོར་ཡོ་མིན་དང༌། །མ་ཆད་པར་ནི་རི་མོ་དགྱེ། །སྦོམ་པོར་གྱུར་ན་ནད་དུ་འགྱུར། །ཕྲ་མོ་ཡིས་ནི་ནོར་འཇོམས་བྱེད། །ཡོན་པོ་རྣམས་དང་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི།། ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །བྱང་ཕྱོགས་ལྗང་གུ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །ལྷོ་ཕྱོགས་སེར་བར་རབ་ཏུ་གནས། །དབུས་ཀྱི་ས་གཞིའི་ཆ་དེ་ནི། །ཨིནྡྲ་ནཱི་ལ་མཚུངས་པའི་འོད། །འདི་དག་ཚོན་གྱི་རིམ་པ་སྟེ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །བདག་པོ་ལ་སོགས་རང་གནས་སུ། །ཕྱག་རྒྱ་ཆེན་པོ་ལྷ་གཟུགས་རྫོགས། །ཡང་ན་རྟགས་མཚན་ལ་སོགས་པ། །གང་འདོད་ཇི་ལྟར་རིགས་པར་བྲི། །རྡུལ་ཚོན་བྲི་བ་ཟིན་ནས་རྡུལ་ཚོན་གྱི་ལྷག་མའི་ལྷ་རྣམས། ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་ཞེས་བྱ་བས་གཤེགས་སུ་གསོལ་གནས་དབེན་པར་བཞག་གོ །དེ་ནི་རྡུལ་ཚོན་དགྱེ་བའོ། །དེ་ནས་དཀྱིལ་འཁོར་གྱི་གནས་ལེགས་པར་བརྒྱན་པ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བའི་ལྕི་བས་བྱུགས་ཏེ། བྱི་དོར་བྱས་ཤིང་དྲི་ཞིམ་པོའི་ཆུས་ཆག་ཆག་བཏབ་པར་བསང་གཏོར་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་དང༌། བུམ་པ་ཡང་གནས་


DTG021_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་སུ་ལེགས་པར་བཞག་སྟེ། དེ་ལྟར་དཀྱིལ་འཁོར་རྫོགས་པར་བལྟས་ལ་བདག་ཉིད་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འདུག་པས། ཁང་པ་བརྩེགས་མའི་དབུས་སུ་སྒྲུབ་ཐབས་ལས་འབྱུང་བ་བཞིན་དཀྱིལ་འཁོར་བསྐྱེད་ལ། །ནམ་མཁའི་ཁམས་ཁྱབ་པར་སྤྲོས་ནས་གནས་ཇི་ལྟ་བར་རང་རང་གི་མཚན་མའི་ཕྱག་རྒྱའི་སར་རང་རང་གི་ལྷའི་སྐུ་ཇི་ལྟ་བར་ཡོངས་སུ་རྫོགས་པར་བལྟས་ལ། །འདྲེན་པ་ལ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་དང་ལྷ་མོ་རྣམས་ལ་ནི་ངོ་བོ་ཉིད་རྣམ་པར་དག་པ་དྲན་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་མཆོད་ཡོན་ལ་སོགས་པ་ཕུལ་ལ། ཡི་གེ་བཞིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། དབང་བསྐུར་བ་དང་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བར་བྱ་སྟེ། སྒོ་ཀུན་ནས་ནི་ལག་པ་ཡིས། །དཀྱིལ་འཁོར་བདག་པོ་ནས་བརྩམས་ནས། །རང་རང་སྔགས་བཟླས་བྱིན་གྱིས་བརླབ། །ཀུན་ཀྱང་བརྒྱ་རྩ་བརྒྱད་པར་བཟླས། །དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཨོཾ་བཛྲ་ཝ་སྟྲེ་ཧཱུཾ་ཞེས་བྱ་བས་རས་ཟུང་དུ་སྦྱར་བ་ལྷ་རྣམས་ལ་ཕུལ་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པས་ལེགས་པར་བསྟོད་དེ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་སྟེ། བདག་ཉིད་ཕྱིར་བྱུང་ནས། རྒྱ་ཆེན་པོའི་གཏོར་མ་གཏང་བར་བྱའོ། །དེ་ནས་བདག་ཉིད་ཀྱིས་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་ཕྱག་བྱའོ། །དེ་དག་ནི་དཀྱིལ་འཁོར་སྒྲུབ་པའོ། །དེ་ནས་སློབ་དཔོན་བདག་ཉིད་སློབ་མ་འཇུག་པའི་ཆོགས་དཀྱིལ་འཁོར་དུ་ཞུགས་ཏེ། དབང་བསྐུར་བ་ཐམས་ཅད་རྫོགས་པར་བྱ་བ་དང༌། རྗེས་སུ་གནང་བ་ལ་སོགས་པ་ཐོབ་པར་བྱ་བ་དང༌། འདོད་ཆགས་ཆེན་པོ་ལས་བྱུང་བའི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ཡང་གཟུགས་བརྙན་ལྟར་ཆོས་ཉིད་ཀྱིས་ཤེས་པར་བྱས་ནས་ཚིགས་སུ་བཅད་པ་གདོན་ཏེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །བདེ་མཆོག་འཁོར་ལོར་བདག་གྲུབ་མཛོད། །ཀུན་མཆོག་ཡོན་ཏན་


DTG021_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །ཤིན་ཏུ་དག་པ་སྐུ་ཡི་མཆོག །གཟོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཆོག་གི་དམ་ཚིག་མཆོག །ཅེས་སོ། །ད་ནི་ཚིགས་སུ་བཅད་པ་རྣམས་ཀྱིས་བདེན་པའི་བྱིན་བརླབ་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་གང་གི་ཡེ་ཤེས་མཆོག །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་དེ་ཁོ་ཉིད་ལས་བྱུང། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱི་དྲི་མེད་མཐོང་བར་ཤོག །ཅེས་སོ། །དེ་ནས་ཡོལ་བའི་ཕྱི་རོལ་དུ་ཁྲུས་བྱས་ཤིང་དྲི་ཞིམ་པོ་ལ་སོགས་པས་གཙང་བར་གྱུར་པ། དབང་བསྐུར་བའི་སྣོད་དུ་རུང་བའི་སློབ་མས་ཡོན་ཕུལ་ཏེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྡོ་རྗེ་འཆང་ཆེན་ངོ་བོ་ཉིད། །དམིགས་མེད་བདེ་ཆེན་སྟོན་པ་པོ། །སློབ་དཔོན་ཆེན་པོ་ལ་ཕྱག་འཚལ། །ཞེས་ཕྱག་བྱས་ལ། དོན་དམ་རྣལ་འབྱོར་སྨྲ་བའི་སེང་གེ་ཅེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་པའི་ཉོན་མོངས་བཅོམ་མཛད་པ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་སོགས་གསོལ་བ་གདབ་པ་དང༌། དེ་དཔལ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པའི་གཟུགས་སུ་བལྟས་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་


DTG021_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་བཟུང་ལ། ཞལ་བཞིའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དར་སེར་པོའམ་དམར་པོས་གདོང་གཡོགས་བྱ་བ་སྟེ། སློབ་མ་ཐ་མ་འབྲིང་ནི་མི་མཐོང་བར། །མཆོག་ནི་ཅུང་ཟད་མཐོང་བར་བཅིང་བར་བྱ། །དེ་ནས་ལས་ཐམས་ཅད་པའི་ཆུས་བསངས་ཏེ་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར།། ཀྱེ་དགའ་བ་སྡུག་གུ་ཁྱོད་སུ་ཡིན། །ཞེས་དྲི་བར་བྱའོ། །དེས་ཀྱང་ཀྱེ་བདེ་བ་ཆེན་པོ་ཁོ་བོ་ནི་སྐལ་བ་བཟང་པོ་ལགས་སོ་ཞེས་བརྗོད་པར་བྱའོ། །ཡང་བུ་ཅི་བྱ། དེས་ཀྱང༌། སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ། །ཞེས་སོ། །དེ་ནས་དེའི་མགོ་བོར་ལག་པ་བཞག་ལ། ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི། ཞེས་བྱ་བའི་སྔགས་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བ་འདིས་སོ། །དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག །མ་དད་པར་ཡང་མི་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོ་སྐྱོང་མའི་སྔགས་ཀྱིས་སློབ་མ་བཀུག་སྟེ། སྔར་བསྟན་པའི་ཡི་གེ་ལྔས་ཡོལ་བའི་ནང་དུ་བཅུག་ལ། ཤར་ཕྱོགས་སུ་བཞག་སྟེ་ལག་པ་ནས་བཟུང་ལ་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། །ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་སོ། །དེ་ནས་མགོ་བོར་རྡོ་རྗེ་བཞག་ལ་འདི་སྐང་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་འདི་འགའ་ལ་སྨྲ་ན་འདིས་ཁྱོད་ཀྱི་མགོ་འགས་པར་བྱེད་དོ། །དེ་ནས་སྙིང་གར་རྡོ་རྗེ་བཞག་ནས་འདི་བརྗོད་པར་བྱའོ། །ཨོཾ་ཤྲཱི་ཧེ་རུ་ཀ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་


DTG021_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲལ་ཏེ་གཤེགས། །ཞེས་བྱ་བ་འདིས་མནའ་བསྒགས་ནས། པདྨའི་སྣོད་ན་གནས་པའི་བདུད་རྩི་ལྔ་དང༌། ཙནྡན་དང་གུར་གུམ་ལ་སོགས་པ་བསྲེས་བའི་ཆུས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྲུབ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་བཛྲ་པཉྩ་ཨ་མྲྀ་ཏོད་ཀ་ཋ་ཋ་ཧཱུཾ་ཞེས་བརྗོད་ཅིང་འཐུང་དུ་གཞུག་གོ །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་གང་འདི་གྱིས་ཞེས་སྨྲས་པ་དེ་བུ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །བརྙས་པ་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏ་རེ་ཞེས་སོ། །དེ་དག་ནི་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཞེས་བརྗོད་དུ་བཅུག་ལ། དེའི་མགོ་བོར་ཡི་གེ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་དེ་ལ་ཧ། སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་རྡོ་རྗེ་རྩེ་གསུམ་པས་གྲྭ་རྣམས་སུ་མཚན་པ་དེ་ལ་ཧཱུཾ། ལྟེ་བར་རཾ་ལས་གྲུབ་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་རྣོ་ཞིང་འབར་བ་དེ་ལ་ཨ། རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཡོ་བ་གཞུར་སྣང་བ་བ་དན་གྱིས་ཟུར་མཚན་པ་དེ་ལ་ཛྷཻཿ་དྲག་ཅིང་བཟོད་པར་དཀའ་བ་འབར་བའི་ལུས་ཀྱི་རླུང་གིས་ཇི་སྲིད་དུ་མེའི་དཀྱིལ་འཁོར་དང་ཕྲད་པའི་བར་དུ་འབུད་བཞིན་པར་བསམས་ལ་དེར་ཡང་དེས་སྦར་ཏེ་ཤིན་ཏུ་ཚ་བ་ཆེར་འབར་བས་དབང་ཆེན་གྱི་དཀྱིལ་འཁོར་ཡང་འབར་བ་ན། དེ་ནས་ཆུའི་དཀྱིལ་འཁོར་ལ་བདུད་རྩི་འཛག་པའི་ཚོགས་ཀྱིས་ངོམས་ཤིང་ཚིམ་བཞིན་པ། རླུང་གིས་ཀྱང་སློབ་མ་བཏེག་བཞིན་པ་ལ། བདག་ཉིད་ཀྱང་དྲེགས་པ་དང་བཅས་པའི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲག་འཐུང་དྲག་པོའི་ལུས་གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་བས། འབེབས་པའི་སྔགས་ཀྱིས་བདུག་སྤོས་བྱིན་དབབ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་


DTG021_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨཱ་བེ་ཥཱ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཿ་ཧཱུཾ་ཕཊ། ཞེས་བྱ་བ་སྟེ་འདིས་མྱུར་དུ་ཕེབས་པར་འགྱུར་རོ། །སློབ་མ་ལ་བབས་པར་རིག་ནས་དེ་པདྨའི་རིགས་ཀྱི་ལྷ་མོའི་གཟུགས་སུ་ཡུད་ཙམ་གྱིས་དམིགས་ལ། ཏིཥྛ་བཛྲ་ཞེས་བྱ་བ་འདིས་བབས་པ་བརྟན་པར་བྱ་སྟེ། དེའི་ལྕེ་ལ་ཡི་གེ་ཨ་དམར་པོ་བསམས་ནས་བྲུ་ཧི་བཛྲ་ཞེས་བརྗོད་ན་དགེ་བ་དང་མི་དགེ་བ་སྨྲ་བར་བྱེད་དོ། །ཨོཾ་མགོན་པོ་ཆེན་པོ་རྡོ་རྗེ་ཆོས། །འོད་དཔག་མེད་པ་བདེ་བ་ཆེ། །འདོད་ཆགས་ཆེན་པོ་ཆོས་གསུངས་ཤིང༌། །དགེ་དང་མི་དགེ་གང་ཡིན་དྲི། །ཞེས་བྱ་བ་འདིས་དྲི་བར་བྱའོ། །བབས་པ་དེ་ཡང་གང་ལ་བབས་པ་ལས་དགེ་མི་དགེ་སྨྲ་བར་བྱའོ། །སེམས་ལ་བབས་པ་ལས་འཇིག་རྟེན་གསུམ་ན་གནས་པ་ཤེས་སོ། །ལུས་ལ་བབས་ན་ནམ་མཁར་འཕགས་སོ། །གལ་ཏེ་རིང་དུ་འཕགས་ན་དེའི་ཚེ་དེའི་མགོའི་སྟེང་དུ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མནན་པར་བསྒོམས་ན་མི་གཡོ་བར་འགྱུར་རོ། །དེ་དག་ནི་དབབ་པའོ། །དེ་ནས་ཡང་ལྷོ་ཕྱོགས་ཀྱི་སྒོར་མངོན་པར་ལངས་ལ། ཨོཾ་ན་མཿ་སྟེ་ཧཱུཾ། ན་མཿ་མི་ཧཱུཾ། ན་མོ་ན་མཿ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལན་གསུམ་ཕྱག་བྱ་བ་སྔོན་དུ་འགྲོ་བས། ཨོཾ་སརྦྦ་བཱི་ར་ཡོ་གི་ནྱེ་པཱུ་ཛ་ཨུ་པཥྛ་ནཱ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཨ་མུ་ཀཾ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བས་ལུས་ཐམས་ཅད་ཀྱིས་ཕྱག་བྱེད་དུ་གཞུག་གོ །དེ་ནས་གཡོན་ཕྱོགས་སུ་ཐལ་མོ་དེ་ཉིད་སྙིང་གར་སྦྱོར་དུ་བཅུག་ལ། ཤར་ཕྱོགས་ཀྱི་སྒོ་ནས། ཨོཾ་སརྦྦ་བཱི་ར་ཡོ་གི་ནྱ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཱཾ་ནཱིཪྻ་ཏ་ཡཱ་མི་སརྦྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཱཏྨ་ཨ་མུ་ཀཾ་ཨ་བྷི་ཥིཉྩ་ཏུ་མཱཾ། དེ་ནས་བྱང་ཕྱོགས་ཀྱི་སྒོར་ཐལ་མོ་དེ་ཉིད་དཔྲལ་བར་བཞག་ལ་ཕྱག་བྱེད་དུ་གཞུག་གོ །ཨོཾ་སརྦྦ་བཱི་ར་ཡོ་གི་ནི་ནྱེ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནཱི་ཪྻ་ཏ་ཡཱ་མི་སརྦྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཨ་མུ་ཀཾ་པྲ་བརྟཱ་ཡ་མཱཾ། དེ་ནས་ནུབ་ཕྱོགས་ཀྱི་སྒོར་ཐལ་མོ་སྦྱོར་བ་དེ་ཉིད་མགོར་བཞག་ལ་ཕྱག་བྱེད་དུ་གཞུག་སྟེ། ཨོཾ་སརྦྦ་བཱི་ར་ཡོ་གེ་ནྱེ་པཱུ་ཛ་ཀརྨ་ཎི་ཨཱཏྨ་ནཱཾ། ནཱི་ཪྻ་ཏ་ཡཱ་མི་སརྦྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཱཏྨ་ཨ་མུ་ཀཾ་ཨཱདྱ་ཀརྨཱ་ཀུ་རུ་མཱཾ། དེ་དག་ནི་ཕྱག་གོ །དེ་ནས། ཨོཾ་དེ་བཞིན་གཤེགས་པ་ཀུན་གྱི་གནས།།


DTG021_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་མོ་རྣམས་ཀྱི་ཆོས་འབྱུང་ཉིད། །རིན་ཆེན་སྣ་ཚོགས་ཁང་བརྩིགས་མ། །ཧེ་རུ་ཀ་དཔལ་པོ་བྲང་མཆོག །སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་བཞིན་དེ་བཞིན་ཤོག ། འདི་ཡིས་དངོས་གྲུབ་གང་འགྲུབ་དང༌། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡིས་བསོད་ནམས་ཅི་ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བྱ་བས་བདེན་པའི་བྱིན་རླབས་བྱས་ལ། མིག་ལམ་དུ་སྣང་བའི་འོད་ཀྱི་བྱེ་བྲག་དྲིའོ། །དེས་ཀྱང་སྨྲ་བར་བྱ་སྟེ། དེ་ལ་དཀར་པོ་དང་སེར་པོ་དང༌། དམར་པོ་དང་སྔོན་པོའི་དབྱེ་བས་ཞི་བ་དང༌། རྒྱས་པ་དང་དབང་དང་དྲག་ཤུལ་སྤྱོད་པ་རྣམས་ཀྱི་དངོས་གྲུབ་ཀྱི་སྣོད་དུ་གོ་རིམས་བཞིན་བསྟན་ལ། དེ་ནས་སྔར་ཡི་གེ་ལྔས་བཟུང་བའི་མེ་ཏོག་གི་བྲེང་བ་ཏྲཱཾ་གིས་བྱིན་གྱིས་བརླབས་པ་ཧཱུཾ་གིས་དཀྱིལ་འཁོར་དུ་དོར་བར་བྱ་སྟེ། པྲ་ཏཱི་ཙྪ་བཛྲ་ཧོ་ཞེས་བརྗོད་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུའམ་གཙུག་ཏོར་རམ་དབུལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱན་ནམ་ཞལ་ལ་ལྷུང་ན་སྔགས་ཀྱི་དངོས་གྲུབ་པོ། །སྐུའི་སྟོད་དུ་ལྷུང་ན་དངོས་གྲུབ་རབ་པོ། །བར་ལ་ནི་དངོས་གྲུབ་འབྲིང་ངོ༌། །སྨད་ཀྱི་ཆ་ལ་ནི་དངོས་གྲུབ་ཐ་མའོ། །གཟུགས་བརྙན་དང་ཤིན་ཏུ་རིང་ན་ནི་ཤིན་ཏུ་རིང་ལ། ཉེ་ན་ནི་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེའུ་མིག་ལ་སོགས་པ་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན། མེ་ཏོག་གང་ལ་ཉེ་བ་དེའི་རིགས་ཀྱི་ལྷ་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །གལ་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་སླར་ཡང་དོར་བར་བྱ་སྟེ། ལན་གསུམ་བྱས་ནས་གལ་ཏེ་དེ་ཉིད་དུ་ལྷུང་ན། དེའི་ཚེ་གཟུང་བར་མི་བྱའོ། །དེ་དག་ནི་མེ་ཏོག་དོར་བའོ། །དེའི་རྗེས་ལ་སློབ་མའི་མིག་གཉིས་ལ་ཡི་གེ་ཨོཾ་གཉིས་བསམས་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་བཛྲ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་གདོང་གཡོགས་བསལ་ནས། ཨོཾ་དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད།།


DTG021_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱོད་ནི་རྣལ་འབྱོར་མ་སྲས་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཕུན་ཚོགས་ཁྱོད་མངོན་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ནས་འཕངས་པའི་མ་ཏོག་གི་ཕྲེང་བ་དེ་བླངས་ལ། དེའི་སྤྱི་བོར་པྲ་ཏི་གྲྀཧྞ་སྦ་མི་མཾ་སཏྭ་མ་ཧཱ་བཱ་ལ་ཞེས་བརྗོད་ཅིང་བཅིང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བསྟན་པ་མངོན་དུ་འགྲོ་བས་ཤར་ཕྱོགས་ཀྱི་སྒོ་སྐྱོང་མ་ནས་བརྩམས་ནས། བདག་པོའི་མཐར་ཐུག་པར་བསྟན་པར་བྱའོ། །དེ་དག་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དེ་ནས་དབང་བསྐུར་བའི་དོན་དུ་བླ་མ་ལ་འབྱོར་པ་ཇི་ལྟ་བས་ཡོན་ཕུལ་ཏེ། ཡན་ལག་ལྔས་ཕྱག་བྱས་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་ནས། ཇི་ལྟར་སངས་རྒྱས་མཁས་རྣམས་ཀྱིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་བརྗོད་ཅིང་སློབ་མས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དབང་བསྐུར་བའི་དོན་དུ་རྩ་བའི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ཁྲུ་དོ་ཡོངས་སུ་དོར་བའི་ལྷོ་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པར་སྙིང་པོའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་གྲུ་བཞི་པ་བརྩེགས་མའི་དཀྱིལ་འཁོར་སྒོ་བཞི་པ་དབུས་སུ་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ་སྣམ་བུ་ལ་ཤར་དུ་འཁོར་ལོ། །ལྷོར་རིན་པོ་ཆེ། ནུབ་དུ་པདྨ། བྱང་དུ་རལ་གྲི་བྲིས་པར་དེའི་དབུས་སུ་སློབ་མ་བཞག་ལ། ཧཱུཾ་བཟླས་པའི་ཡུངས་ཀར་གཡས་པ་དང༌། གཡོན་པའི་ཆད་པ་ནས་བཟུང་སྟེ། རེ་རེ་ཞིང་ལན་གཉིས་སུ་གཡས་སྐོར་དང་གཡོན་སྐོར་དུ་བསྐོར་ཞིང་ལག་པ་གཉིས་སློབ་མ་ལ་ཉེ་བར་རེག་པ་བྱའོ། །དེ་ནས་དཀྱིལ་འཁོར་དབང་ཕྱུག་གི་སྔགས་ཀྱི་དྲིས་བྱུག་ཅིང་མར་དང་བཅས་པའི་ས་རྫ་ར་སའི་སྤོས་ཧཱུཾ་བཟླས་པས་བདུག་པར་བྱའོ། །དེ་དག་ནི་མི་གཙང་བ་བསལ་བའི་ཆོ་གའོ། །དེ་མ་ཐག་ཏུ་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་མཐའ་ཡས་པའི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང༌། རིག་པའི་ལྷ་མོ་རྣམས་སློབ་མ་དབང་བསྐུར་བའི་དོན་དུ་


DTG021_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐུལ་ནས་བྱོན་པའི་དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་ལྟར་ནམ་མཁའ་གང་བ་རྣམས། གདུགས་དང་རྒྱལ་མཚན་དང་བ་དན་དང་རྒྱན་ལ་སོགས་པའི་ཡོ་བྱད་རྣམས་དང་ལྡན་ཞིང་སངས་རྒྱས་སྤྱན་ལ་སོགས་པའི་རིག་མ་པདྨའི་རྩ་བ་ལྟར་དཀར་བའི་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ལག་ན་ཐོགས་པ་དང༌། ལྷན་ཅིག་པ་རྣམས་ཀྱིས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བའི། །བཀྲ་ཤིས་དེས་ནི་དེང་ནས་ཁྱེད་ལ་བདེ་ལེགས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་དེང་ནས་ཁྱེད་ལ་བདེ་ལེགས་ཤོག །དགེ་འདུན་དམ་པའི་ཆོས་ལྡན་ཐོས་དང་བཀྲ་ཤིས་ཕྱུག ། ལྷ་དང་མི་དང་ལྷ་མིན་དག་གིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་དེང་ནས་ཁྱེད་ལ་བདེ་ལེགས་ཤོག །ཅེས་བྱ་བའི་ཚིགས་སུ་བཅད་པ་གསུམ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་གླུ་ལེན་བཞིན་པ་དང༌། རྡོ་རྗེ་ཅན་གྱིས་འགྲོ་བསྐྱབ་ཕྱིར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ། །ཡོན་ཏན་འབྱུང་གནས་སྩལ་ཇི་ལྟར། །དེ་བཞིན་འདི་ལའང་སྩལ་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་གསོལ་བ་བཏབ་ལ། ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་ཐུགས་ཀྱི་འཁོར་ལོ་བདེ་མ་ཆོག་གི་གཟུགས་ཅན་གྱིས་སློབ་མ་ལ་དབང་བསྐུར་བ་བཞིན་དུ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བྱ་བ་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་བྱ་བ་བརྗོད་ཅིང་ཆུ་བསྡུས་པའི་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་དང་བཅས་པ་ལག་པས་བླངས་པའི་བུམ་པའི་ཆུ་མི་བསྐྱོད་པའི་ངོ་བོས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད་ཅིང་སློབ་


DTG021_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་འཁོར་ལོས་སྒྱུར་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་མི་བསྐྱོད་པས་བདག་པོ་བྱས་པའི་ཧེ་རུ་ཀའི་དཀྱིལ་འཁོར་སློབ་མའི་ལུས་ལ་གཞུག་པར་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་ཆུས་ལེགས་པར་དབང་བསྐུར་ལ་ཆུ་ཡོངས་སུ་གྱུར་པ་ལས་སྤྱི་གཙུག་ཏུ་མི་བསྐྱོད་པ་བལྟས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་དེ་ནི་ཆུའི་དབང་བསྐུར་བ་སྟེ་རང་བཞིན་གྱིས་རྣམ་པར་དག་པའི་གནས་གྱུར་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ནས། རིན་ཆེན་ཅན་གྱི་འགྲོ་བསྐྱབ་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པའི་སློབ་དཔོན་གྱིས་སློབ་མ་ཏྲཱཾ་དང་རིན་པོ་ཆེ་ལས་བྱུང་བའི་ཡོན་ཏན་འཁོར་ལོ་བདེ་མཆོག་གི་གཟུགས་ཅན་ལ། སྔར་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། རིག་པའི་ལྷ་མོའི་བྱ་བ་དང་ལྡན་པར་རྣམ་པར་བསྒོམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་དང༌། ཡོན་ཏན་དཔག་མེད་འབྱུང་བའི་གནས། །ཡིད་བཞིན་རིན་ཆེན་སྣ་ཚོགས་རྒྱལ། །ངོ་མཚར་གཟི་བརྗིད་ཆེན་པོའི་མཆོག །ཅོད་པན་གྱི་ནི་དབང་བསྐུར་རོ། །ཞེས་བརྗོད་ལ་དེའི་མགོ་ལ་གསེར་དང་གོས་ལ་སོགས་པ་ལས་བྱས་པའི་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་རིན་འབྱུང་གི་གཟུགས་སུ་རྫོགས་པར་བྱིན་གྱིས་བརླབས་པའི་ཆོད་པན་བཅིང་ཞིང་བུམ་པའི་ཆུ་ལྡུགས་ཤིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེ་ནས་རིན་འབྱུང་གིས་བདག་པོ་བྱས་པའི་ཧེ་རུ་ཀའི་དཀྱིལ་འཁོར་སློབ་མའི་བ་སྦུའི་བུ་ག་ནས་ཞུགས་ནས་ལུས་ལ་ཐིམ་པར་བསམས་ཏེ། ཆུ་ལས་རྣ་ལྟག་གཡས་པར་རིན་འབྱུང་ངོ༌། །དེ་དག་ནི་ཅོད་པན་གྱི་དབང་ཡིན་ཏེ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དྲི་མ་བསལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས། པདྨ་ཅན་གྱི་འགྲོ་བསྐྱབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ། སློབ་མ་ཨཱཾ་དང་པདྨ་ཡོངས་སུ་གྱུར་པ་ལས་གསུང་གི་འཁོར་ལོ་བདེ་མཆོག་གི་ངོ་བོ་རྣམ་པར་གཞག་ནས་རྡོ་རྗེ་འོད་དཔག་མེད་ཀྱི་བདག་ཉིད་ཀྱིས་བླངས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཡང་བརྗོད་ལ། ཡང༌།


DTG021_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་རྡོ་རྗེ་དབང་བསྐུར་བས། །དེ་ཉིད་ཁྱོད་ནི་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །ཞེས་བརྗོད་ཅིང༌། །སློབ་མའི་སྙིང་ག་དང་མགྲིན་པ་དང༌། སྤྱི་བོར་རྡོ་རྗེ་རེག་ནས་དེ་ཉིད་ལག་པ་གཡས་པར་སྦྱིན་པར་བྱ་སྟེ། བུམ་པའི་ཆུ་ལྡུགས་ཤིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད་པ་དང༌། དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འོད་དཔག་མེད་ཀྱིས་བདག་པོ་བྱས་པའི་ཧེ་རུ་ཀའི་དཀྱིལ་འཁོར་སློབ་མའི་ལུས་ལ་གཞུག་པར་བྱ་སྟེ། ཆུ་ཡོངས་སུ་གྱུར་པ་ལས་ལྟག་པའི་སྟེང་དུ་འོད་དཔག་མེད་བསྒོམ་པར་བྱའོ། །དེ་དག་ནི་རྡོ་རྗེའི་དབང་བསྐུར་བ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས། སྣ་ཚོགས་ཅན་གྱི་འགྲོ་བསྐྱབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ། སློབ་མ་ཁཾ་དང་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། ཕྲིན་ལས་འཁོར་ལོ་བདེ་མཆོག་གི་གཟུགས་སུ་སློབ་མ་དམིགས་ལ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་སྔོན་དུ་འགྲོ་བས། ཨོཾ་དྲིལ་བུ་རྡོ་རྗེ་རབ་ལྡན་པས། །ཤིན་ཏུ་དཔའ་བོ་ཉིད་དབང་བསྐུར། །རྡོ་རྗེའི་དམ་ཚིག་གནས་པ་ཁྱོད། །བདག་པོའི་དབང་བསྐུར་རྒྱལ་མནོས་ཤིག །ཅེས་བརྗོད་ཅིང་དྲིལ་བུ་དོན་ཡོད་གྲུབ་པའི་ངོ་བོ་དེའི་ལག་པ་གཡོན་པར་བྱིན་ལ། རྡོ་རྗེ་དང་དྲིལ་བུར་ལྡན་པའི་ལག་པ་དག་གིས་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ་ཆུ་སྦྱིན་ཞིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་དོན་ཡོད་གྲུབ་པས་བདག་པོ་བྱས་པའི་ཤྲཱི་ཧེ་རུ་ཀའི་དཀྱིལ་འཁོར་སློབ་མའི་བ་སྤུའི་བུ་གནས་ཞུགས་ནས་ལུས་ལ་ཐིམ་པར་བསམ་པར་བྱའོ། །ཆུ་ལས་རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པ་བསམ་པར་བྱའོ། །དེ་དག་ནི་དྲིལ་བུའི་དབང་བསྐུར་བ་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་ནས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དེ་ནས། འཁོར་ལོ་ཅན་གྱི་འགྲོ་བསྐྱབ་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པའི་རྣལ་འབྱོར་པས། ཨོཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྐུའི་འཁོར་ལོ་བདེ་མཆོག་ཏུ་གནས་པ་ལས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།།


DTG021_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་དང༌། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏེ་ཞེས་བརྗོད་ཅིང་དེའི་མགོ་བོར་དེའི་ལག་པ་དག་གིས་རྡོ་རྗེ་དང་དྲིལ་བུ་མཉམ་པར་བཟུང་ཞིང༌། བུམ་པའི་ཆུས་ཨོཾ་སརྦྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་མིང་གི་དབང་བསྐུར་བར་བྱ་སྟེ། འདིའི་མེ་ཏོག་བབས་པའི་རྗེས་སུ་འབྲང་བས་རིགས་ཀྱི་རིམ་པ་རྟོགས་ནས། མིང་ཀྱེ་དཔལ་ཞེ་སྡང་རྡོ་རྗེ་ཞེས་བྱ་བའམ། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་ང་རྒྱལ་རྡོ་རྗེ། ཀྱེ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཕྲག་དོག་རྡོ་རྗེ་ཞེས་བྱ་བ་ལ་སོགས་བ་སློབ་དཔོན་གྱིས་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱིས་བདག་པོ་བྱས་པའི་ཧེ་རུ་ཀའི་དཀྱིལ་འཁོར་སློབ་མའི་བ་སྤུའི་བུ་ག་ནས་ཞུགས་ནས་ལུས་ལ་ཐིམ་པར་བསམ་པར་བྱའོ། །ཆུ་ལས་འཚོག་ཀར་རྣམ་པར་སྣང་མཛད་བསམ་བར་བྱའོ། །དེ་དག་ནི་མིང་གི་དབང་བསྐུར་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དབང་བསྐུར་བ་ལྔ་པོ་འདི་རྣམས་ཀྱིས་དབང་བསྐུར་བའི་སློབ་མ་ནི། སྔགས་དང་རྒྱུད་ཉན་པ་དང་བཤད་པ་དང༌། གསང་སྔགས་སྒྲུབ་པ་ལ་དབང་དུ་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལྔའི་ངོ་བོ་དབང་བསྐུར་བ་ལྔ་པོ་དེ་དག་ལ་རིག་པའི་དབང་བསྐུར་བའི་སྒྲས་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། མ་རིག་པ་ལྔ་ཡོངས་སུ་གྱུར་པའི་ངོ་བོ། །རིག་པའི་ཡེ་ཤེས་ལྔ་པོ་རྣམས་སྒྲུབ་བར་བྱེད་པའི་ཕྱིར་དང་ཐམས་ཅད་དུ་སངས་རྒྱས་སྤྱན་ལ་སོགས་པ་རིག་པའི་ལྷ་མོས་དབང་བསྐུར་བར་བྱེད་པའི་ཕྱིར་རོ། །དེ་དག་ནི་དབང་བསྐུར་བ་ལྔའི་རིམ་པའོ། །དེ་ལྟར་རིག་པའི་དབང་བསྐུར་པ་ལྔ་པོ་ཙམ་འདོད་ན་ནི་སྔར་བསྟན་པའི་སློབ་དཔོན་གྱི་སྡོམ་པ་མི་བཟུང་བར་དབང་བསྐུར་བ་ལྔ་བྱས་པའི་དེ་མ་ཐག་ཏུ་རྗེས་སུ་གནང་བ་དང༌། བརྟུལ་ཞུགས་སྦྱིན་པ་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་བཞི་སྦྱིན་པར་བྱའོ། །གལ་ཏེ་སློབ་དཔོན་གྱི་དབང་བསྐུར་བར་འདོད་པ་དེའི་ཚེ་ལྷག་པར་གནས་པའི་སྐབས་སུ་གསུངས་པའི་སློབ་དཔོན་གྱི་སྡོམ་པ་ནོད་པའི་ཆོ་གས་སྡོམ་པ་ལེགས་པར་བཟུང་བའམ། རིག་པའི་དབང་བསྐུར་བ་ནོད་པའི་རྗེས་ལ་སྐབས་འདིར་ཆོ་ག་དེ་ཉིད་ཀྱིས་སྡོམ་པ་བཟུང་བའི་སློབ་མ་


DTG021_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། ཚིགས་སུ་བཅད་པ་འདིས་བླ་མ་ལ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་གདབ་པར་བྱའོ། །ཀྱེ་ཧོ་སྙིང་རྗེའི་གཏེར་བདག་ལ། །ཁྱོད་ཀྱི་བཀའ་དྲིན་གང་གིས་བདག །བདག་དང་གཞན་དོན་ནུས་འགྱུར་བའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་སྩོལ། །ཞེས་བརྗོད་ལ། སློབ་དཔོན་གྱིས་ཀྱང་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྔར་བསྟན་པའི་དཀྱིལ་འཁོར་དུ་སློབ་མ་བཞག་པ་ལ་ས་བོན་ལ་སོགས་པ་རྫོགས་པ་རྡོ་རྗེ་འཆང་གི་གཟུགས་སུ་རྣམ་པར་བསྒོམས་ལ། རང་གི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བཀུག་པས་མཐའ་ཡས་པའི་ཕྱོགས་ན་བཞུགས་པ་སངས་རྒྱས་སྤྱན་ལ་སོགས་པའི་རིག་པ་དང་ལྷན་ཅིག་པའི་དེ་བཞིན་གཤེགས་པའི་མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མཆོད་པའི་ཡོ་བྱད་དང་ལྡན་པ་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་པ་རྣམས་ཀྱིས་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་སྔར་བསྟན་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གླུར་ལེན་བཞིན་པར་རྣམ་པར་བསམས་ཏེ། བདེ་གཤེགས་ཀུན་གྱི་འགྲོ་བསྐྱབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་བརྗོད་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་དེ་དག་དང་ལྷ་མོ་དེ་རྣམས་ཀྱིས་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་གཟུགས་ཀྱིས་ཞུགས་ཏེ། དེ་ནས་རྡོ་རྗེ་སེམས་དཔའི་ཅོད་པན་དུ་བསམ་མོ། །དེ་ནས་དམ་ཚིག་གསུམ་གཟུང་བར་བྱའོ། །དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ནོ། །ཡི་གེ་ཧཱུཾ་ལས་རྡོ་རྗེ་བསྒོམས་ལ། ཐོག་མཐའ་མེད་པའི་སེམས་དཔའི་མཆོག །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙིང་པོ་བདག་པོའི་གཙོ། །བཅོམ་ལྡན་འདས་དཔལ་དམ་པ་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ་ཞེས་ཀྱང་བརྗོད་དེ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་གཞུག་གོ །དེ་དག་ནི་རྡོ་རྗེའི་དམ་ཚིག་གོ །དེ་ནས་ཡི་གེ་ཨ་ལས་བྱུང་བའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་


DTG021_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་འདིས་འཛིན་དུ་གཞུག་པར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ལྡན་པས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །ཅེས་བྱ་བ་འདིས་སློབ་མས་ཀྱང་དེ་དཀྲོལ་བར་བྱ་སྟེ། ཨོཾ་བཛྲ་གྷཎྜ་ཨཱཿ་ཞེས་བརྗོད་དོ། །དེ་དག་ནི་དྲིལ་བུའི་དམ་ཚིག་གོ །དེའི་རྗེས་ལ། རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད། །གཡོན་བསྙེམས་པ་དང་མཆུ་འཛིན་པ། །གཉིས་མེད་གཉིས་མིན་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །དེའི་འོག་ཏུ། ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བཤད་དེ། །གང་གིས་ལུས་ཀུན་བརྟན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བྱ་བ་འདིས་རང་གི་འདོད་པའི་ལྷའི་ལུས་རྡོ་རྗེ་འཆང་གི་ངོ་བོ་ཅན་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབས་ནས་འཁྱུད་པའི་ཚུལ་དུ་བྱེད་དུ་གཞུག་གོ །དེ་དག་ནི་ཕྱག་རྒྱ་ཆེན་པོའི་དམ་ཚིག་གོ །དེ་ནས་སྣ་ཚོགས་པའི་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཡང་དག་པར་བསྟོད་དོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སློབ་དཔོན་གྱི་ལས་དཀྱིལ་འཁོར་བསྒྲུབ་པ་དང༌། སློབ་མ་འཇུག་པའི་བྱ་བ་བསྟན་པར་བྱའོ། །དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བ་སྟེ། མིང་གཞན་ཕྱིར་མི་ལྡོག་པའི་དབང་བསྐུར་བའོ། །དབང་བསྐུར་བ་དྲུག་པོ་འདི་རྣམས་ནི་ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བུམ་པའི་བྱེད་པ་འཇུག་པས་ན་བུམ་པའི་དབང་བསྐུར་བ་ཞེས་བརྗོད་དོ། །དེ་སྐད་དུ་ཡང༌། བུམ་པའི་དབང་ནི་དང་པོ་སྟེ། །ཞེས་གསུངས་སོ། །དེ་ནས་ཐུར་མ་མིག་སྨན་ལ་སོགས་པའི་ཆོ་ག་ཐམས་ཅད་བྱའོ། །འདིར་རིམ་པ་ནི་འདི་ཡིན་ཏེ། སློབ་དཔོན་གྱིས་གསེར་གྱི་ཐུར་མ་བླངས་ལ། སློབ་མའི་མདུན་དུ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ་ཞེས་བྱ་བ་འདིས་སློབ་མའི་མིག་ཏུ་ཡི་གེ་པྲཾ་བསམས་ནས་མིག་སྨན་བསྐུ་བར་བྱའོ། །དེང་ནས་བརྩམས་ཏེ་རྫོགས་


DTG021_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིང༌། །རྡོ་རྗེ་སྙེམས་མའི་རབ་སྦྱོར་བས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །སྒེག་དང་བཅས་པས་ཕྲེང་བ་འཕངས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །བདེ་བ་མྱུར་དུ་མྱོང་བར་འགྱུར། །དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཉེས་པར་བྱོས། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་འགྱུར་བས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཆོས་ཀྱི་མེ་ནི་ལེགས་འབར་བས། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་སྣང་བར་གྱིས། །རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །དེ་ནས་མེ་ལོང་བལྟར་བཅུག་ལ། །ཆོས་ཀྱི་མཚན་ཉིད་བརྗོད་བྱས་ཏེ། །ཆོས་རྣམས་གཟུགས་བརྙན་ལྟ་བུར་ནི། །གསལ་ཞིང་དང་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །རང་བཞིན་མེད་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་རིགས་སྐྱེས། །དེ་ནས་དབྱངས་ཡིག་ཐ་མ་ལས་སྐྱེས་པའི་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་བྱིན་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བས་དཀྲོལ་བར་བྱའོ། །ཡི་གེ་ཧོཿ་ལས་བྱུང་བའི་མདའ་གཞུ་གཏད་ལ། ཆོས་ཉིད་གཞུ་ཡིས་ཤེས་རབ་མདའ། །ཕྱོགས་མཚམས་སྟེང་འོག་ཀུན་དུ་འཕོངས། །བདུད་


DTG021_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་བཅོམ་པས་དེ་བཞིན་གཤེགས། །ཐམས་ཅད་རྗེས་སུ་མཉམ་པར་གྱིས། །ཞེས་བརྗོད་དེ་ཕྱོགས་བཞི་དང་སྟེང་འོག་ཏུ་མངའ་རེ་འཕང་པ་ལྟར་བྱའོ། །དེ་ནས་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བྱ་བ་འདིས་འཁོར་ལོ་རྐང་པའི་བར་དུ་བཞག་ལ། དེ་ནས་བརྩམས་ཏེ་སེམས་བསྐྱེད་པ། །དག་དང་ལྷན་ཅིག་པ་ཙམ་གྱིས། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་སོ། །དེ་ནས་ཨོཾ་བཛྲ་བྷཱ་་རཾ་ཞེས་བྱ་བས་ལག་པ་གཡས་སུ་དུང་བྱིན་ལ། ཁྱེད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་དག་པར་གྱིས། །ཞེས་སོ། །དེ་ནས་དབྱངས་ཡིག་དང་པོ་ལས་བྱུང་བའི་ཐོད་པ་གཡོན་པར་བྱིན་ལ། གསང་སྔགས་ཐེག་པའི་ཚུལ་དང་ལུགས། །འཇིག་རྟེན་རྣམས་ལ་རྟག་ཏུ་སྟོན། །དེ་ནས་སངས་རྒྱས་དྲིན་ཤེས་ཤིང༌། །ཕན་པར་བྱེད་པ་ཡིན་པར་གསུངས། །དེས་ནི་རྡོ་རྗེ་འཛིན་ཀུན་གྱིས། ཁྱོད་ལ་རྟག་ཏུ་བསྲུང་བར་མཛོད། །ཅེས་བརྗོད་དོ། །དེ་ནས་རིམ་པ་བཞིན་དུ། རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་སློབ་མ་དམིགས་ནས་འདི་སྐད་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །བདག་གིས་འཇིག་རྟེན་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་སྒྲ་རྣམས་བཅུག་ལ་རིམ་གྱིས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །ཞི་དང་རྒྱས་དང་དབང་དང་དགུག ། སྡང་བར་བྱ་དང་རེངས་སོགས་དང༌། །གསང་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་དྲིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་དག་ཅི་དགར་བསྒྲུབ་བར་གྱིས། །སློབ་མས་ཀྱང་དེ་བཞིན་དུ་བླ་མའི་ཞབས་ཀྱི་ཆུ་སྐྱེས་གཉིས་ལ་ཕྱག་འཚལ་ནས། གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཞེས་བརྗོད་པར་བྱའོ། །དེ་དག་ནི་རྗེས་སུ་གནང་བ་སྦྱིན་པའོ། །དེའི་རྗེས་ལ་རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ལ། འདི་ནི་སངས་རྒྱ་ཐམས་ཅད་ཀྱིས།།


DTG021_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །སློབ་མས་ཀྱང་ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧཱི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་གཟུང་བར་བྱའོ། །རྡོ་རྗེའི་བརྟུལ་ཞུགས་སོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །ཐབས་ཆེན་པོ་ནི་བླང་བར་གྱིས། །ཤེས་རབ་ཌ་མ་རུ་ཡི་སྒྲ། །རྡོ་རྗེ་རྣལ་འབྱོར་མ་རང་བཞིན། །བདེ་གཤེགས་འགྲོ་དོན་ལ་བསྐུལ་བ། །བུ་ཁྱོད་ཀྱིས་ནི་རྟག་ཏུ་ཟུང༌། །མཆོད་ཕྱིར་ཐོགས་དང་རྣལ་འབྱོར་སྣོད། །སྙིང་རྗེ་ཆེན་པོ་བདུད་རྩི་ཆེ། །འགྲོ་བ་ཐམས་ཅད་སྐྱོང་བྱེད་པ། །དཔའ་བོ་ཆེན་པོས་བླང་བར་གྱིས། །དེ་དག་ནི་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་བདག་ཉིད་ལངས་ཏེ་སངས་རྒྱས་ཀྱི་གཟུགས་སུ་བསམས་ནས། སྙིང་གར་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་འཛིན་པ་དང༌། གཡས་པ་མི་འཇིགས་པའི་ཕྱག་རྒྱར་བྱས་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ངས་འདི་ཁྱོད་ལ་ལུང་བསྟན་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ཏེ། །མཆོག་ཏུ་སྲིད་པ་གྲུབ་ཕྱིར་རོ། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་ཏ་ཐཱ་ག་ཏ་སིདྡྷ་སི་མ་ཡ་སྟྭཾ་བྷུར་བྷུ་བ་སྭཱཿ་ཞེས་བྱ་བ་འདིས་མིང་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པ་གང་ཡང་རུང་བའི་གཟུགས་སུ་སློབ་མ་དམིགས་ལ་ལུང་བསྟན་ནས། གང་ལ་མཐོང་བའི་ཕྱག་རྒྱས་ལུང་བསྟན་པར་བྱེད་པ་དེ་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། མཐོང་བའི་ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང༌། སྔགས་འདིའི་སྟོབས་ཡིན་ནོ་སྙམ་དུ་དད་པར་བྱའོ་ཞེས་སློབ་མ་ལ་བརྗོད་པར་བྱའོ། །དེ་དག་ནི་ལུང་བསྟན་པའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་པའོ། །དེའི་རྗེས་ལ་ལྷ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ཀྱིས་སློབ་མའི་སྙིང་གར་མངོན་པར་བསྔགས་ཏེ་ལག་པ་གཡས་པར་བསྲུང་བའི་གདུ་བུ་བཅིངས་ལ། མགོ་བོར་ལས་ཀྱི་རྡོ་རྗེས་གདུགས་གཟུང་ཞིང༌།


DTG021_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐོར་བ་ཡང་བྱེད་དུ་བཅུག་ནས། ཐལ་མོ་སྦྱར་བའི་སློབ་མ་དཀྱིལ་འཁོར་གྱི་སྒོར་གདུགས་དང་བཅས་པར་ཕྱག་བྱེད་དུ་བཅུག་སྟེ། རྒྱུད་ནི་འཛིན་པར་གྱུར་པ་ཡིས། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མའི་ཡིད་དུ་འོང་བ་བརྗོད་པར་བྱ་སྟེ། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་ནི་འཛིན་པ་ཁྱོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་བཞེད་པ་ཡིན། །སེམས་ཅན་རྣམས་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་སླར་ཡང་གཟིངས་བསྟོད་པར་བྱ་སྟེ། །གསང་ཆེན་མཆོག་གི་དཀྱིལ་འཁོར་ནི། །དམ་པ་མཐོང་དན་ཞུགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །ཁྱོད་ནི་དེ་རིང་ངེ་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་བའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཞིག་འདིར་ནི་ལེགས་གནས་པར། །དམ་ཚིག་ལྷ་རྣམས་དང་མཉམ་པར། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱི་ཆེ་ལྡན་དེང་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ངེས་པ་ཡིན། །དེ་རིང་བདུད་རྣམས་ལས་རྒྱལ་ནས། །ཕོ་བྲང་དམ་པར་ཞུགས་པ་ཡིན། །དེང་ཉིད་སངས་རྒྱས་ཉིད་ཐོབ་པར། །འདི་ནི་ཁྱོད་ལ་ཐེ་ཚོམ་མེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །གང་ལ་མི་འཇིགས་དགའ་བར་གྱིས། །དེ་བཞིན་གཤེགས་པའི་གསུང་བཞིན་དུ། །ཁྱོད་ལ་སྡིག་མེད་མ་འཇིགས་ཤིག །དེ་དག་ནི་དབུགས་དབྱུང་བའོ། །འདིར་དབང་བསྐུར་བའི་སློབ་མ་ནི། །ལག་པས་བཟུང་སྟེ་བཟུང་བཅས་པས། །གཉིས་མེད་ཡེ་ཤེས་བླ་ན་མེད། །མ་ལུས་དོན་ནི་ཀུན་བརྗོད་བྱ། །ནང་བར་སྔར་ལངས་སེམས་བདག་ཉིད། །མ་ལུས་ཁྲུས་ནི་བྱས་ནས་སུ། །བསྲུང་དང་བཟའ་བ་ལ་སོགས་པའི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པས། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླས་


DTG021_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བར་བྱ། །གཉིས་མེད་གཉིས་མེད་འཁོར་ལོ་གནས། །ཚེས་བཅུ་ལ་ནི་དེ་དག་མཆོད། །ཆང་ངང་ཤ་སོགས་ཅི་ཡང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་ལ་གནས་ན། །ཤྲཱི་ཧེ་རུ་ཀ་རབ་ཏུ་མཆོད། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་མ་ཐོང་བ་ཐམས་ཅད་ལ། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོར་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་གི་མ་ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་བསྐྱངས། གཉིས་མེད་ཡེ་ཤེས་སྤྱོད་པའི་ཚུལ། །སྔོན་དུ་བསླབ་པ་བླངས་ནས་ནི། །ནཱ་ད་ལ་སོགས་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང༌། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་གྲུབ་འགྱུར། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་རྟག་མནོས་ལ། །འདོད་པ་ལྔ་ནི་སྤྱད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡ། །གཉིས་མེད་པ་དང་ཐོགས་མེད་པ། །དམ་ཚིག་སྤྱོད་པའི་སྤྱོད་པ་བྱ། །མི་མོ་དབང་ཕྱུག་ལེགས་སྤྱད་པའི། །ཚངས་སྤྱོད་བསམ་གཏན་དེ་བཞིན་ནོ། །ཁྲོ་བ་མེད་པར་རྒྱུན་གཅོད་པ། །རྟག་ཏུ་སྒྲུབ་པོས་ཡོངས་སུ་བསྲུང༌། །ཡུལ་ཀུན་ལ་ནི་རྣམ་རོལ་ཅིང༌། །གཉིས་མེད་གྲུབ་པའི་རྣལ་འབྱོར་མ། །སྲོག་ནི་ཇི་སྲིད་གནས་པའི་བར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་གྱིས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་དགའ་བར་ནི་བསྟེན་པར་གྱིས། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །རྣལ་འབྱོར་མ་ནི་ཀུན་གྱི་གནས། །དེ་བས་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་


DTG021_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་བདག་མཆོད་དོ། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ་ཡང་སྤང་བར་མི་བྱའོ། །མི་ཤེས་པ་འམ་གཏི་མུག་གིས། །དེ་ནི་བསྟན་པར་མི་བྱའོ། །རང་གི་བདག་ཉིད་མི་སྤངས་ཏེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བར་བཟུང༌། །འདི་ནི་མ་འོངས་རྫོགས་སངས་རྒྱས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །དམ་ཚིག་དང་སྡོམ་པ་བསྐྱང་བའོ། །དེ་ནས་ཡོལ་བ་ལ་སོགས་པས། །དབེན་པར་བྱས་པའི་ས་ཕྱོགས་སུ། །རང་གི་ཡིད་དུ་འོང་ཞིང་མཛེས་པ། །གཟུགས་དང་ལང་ཆོ་ཕུན་སུམ་ཚོགས་པ། ཡོན་ཏན་དང་ལྡན་པ། དམ་ཚིག་དང་སྡོམ་པ་ཅན། རྣལ་འབྱོར་ལ་མཁས་པ། ཤིན་ཏུ་དད་པ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་ཉིད་དུ་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཕུལ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ལ། རྡོ་རྗེ་སེམས་དཔའ་དངོས་ལྟར་སློབ་དཔོན་ལ་བལྟས་ཏེ། སྐྱོབ་པ་མེད་པའི་སྐྱོབ་པ་སྐྱབས། །འཁོར་ལོ་སྡོམ་དཔལ་བདག་ལ་སྐྱོབས། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་མགོན་བདག་བཀའ་དྲིན་སྩོལ། །བདག་ཉིད་ཆེ་ཁྱོད་ཇི་བཞིན་དུ། །ཁྱབ་བདག་བདག་ཀྱང་མཛད་དུ་གསོལ། །འཁོར་བའི་འདམ་གྱི་ཚོགས་དག་ཏུ། །བདག་བྱིང་འདི་ལས་བདག་ལ་སྐྱོབས། །ཞེས་བྱ་བ་འདིས་གསོལ་བ་བཏབ་ལ། དེ་ནས་བླ་མས་ཀྱང་རྣལ་འབྱོར་ཇི་ལྟ་བ་བཞིན་ཀུན་ནས་མངོན་དུ་བྱེད་ཅིང་དེ་མ་ཐག་ཏུ་ཐ་མལ་པའི་བུད་མེད་ཀྱི་གཟུགས་བསལ་ནས་ལྷ་མོའི་གཟུགས་སུ་བསྐྱེད་དོ། །རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་ནས། དེ་བཞིན་ཉིད་ཀྱིས་པདྨའི་ནང་རོལ་དུ་རྡོ་རྗེ་བསྒྲུབ་པར་བྱ་ཞིང༌། སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གནས་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ལ་བཅུག་ནས། རིམ་གྱིས་དགའ་བ་བཞི་རྟོགས་པར་བྱས་ལ། རྡོ་རྗེའི་ནོར་བུར་ཡང་ལྷན་ཅིག་སྐྱེས་པ་སོ་སོའི་རང་གིས་རིག་པའི་ངོ་བོ་བསྟན་པར་བྱ་སྟེ་མཐེ་བོ་དང་སྲིན་ལག་དག་གིས་བསྡམས་ལ་རྡོ་རྗེ་


DTG021_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་པདྨ་ནས་བཏོན་ལ་དཀྱིལ་འཁོར་པའི་སྔགས་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རྟོགས་བས་དེའི་མིག་དང་ལག་པའི་སྤྱོད་ཡུལ་མིན་ལ། སློབ་མའི་ཁའི་ཆུ་སྐྱེས་ཀྱི་ནམ་མཁར། །འདི་ནི་བཏུང་བ་རིན་ཆེན་ཁྱོད། །ལུས་ནི་རྡོ་རྗེ་རབ་བསྒྲུབ་ཕྱིར། །ཡིད་ཀྱི་ཆུ་ནི་བཏུང་བར་གྱིས། །བུ་ཁྱོད་ཀུན་དུ་ཡེ་ཤེས་འགྱུར། །ཞེས་བྱ་བ་འདིས་མེ་ཏོག་གིས་རྩི་གཞུག་གོ །དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་རྣམ་པའི་བདག་ཉིད་དུ་རིག་པས་ཨ་ཧོ་སུ་ཁ་ཞེས་བརྗོད་པས། ཁ་ཡིས་དྲངས་ལ་རང་གི་ལོངས་སྤྱོད་ཀྱི་སྦུབས་སུ་གཞུག་གོ །དེ་བཞིན་ཉིད་ཀྱང་ལངས་ནས་རང་གི་ཆུ་སྐྱེས་ཀྱི་ནང་གི་ལྷག་མ་སྦྲང་རྩིའི་ཐིགས་པ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་མཐར་སྐྱེས་བུ་མོ་རྣམས། །བྷ་ག་པདྨ་ཙུམྦ་ན། །བདུད་རྩི་རྣམས་ནི་བསྒྲུབ་པར་གྱིས། །ཞེས་བརྗོད་དེ། ཁའི་པདྨའི་ནམ་མཁར་གོས་པ་མེད་པར་གཞུག་པར་བྱའོ། །དེ་དག་ནི་གསང་བའི་དབང་བསྐུར་བའོ། །དེ་མ་ཐག་ཏུ་དེ་བཞིན་ཉིད་གཅིག་པར་འདོད་པ་འམ། དེ་བཞིན་ཉིད་ཐ་དད་པར་འདོད་པ་དེས་མགོན་པོས་ཡང་དག་པར་རིག་པར་བྱས་ནས། དེ་བཞིན་ཉིད་གཅིག་ཏུ་འདོད་པས་ནི་དེ་བཞིན་ཉིད་དེ་དེ་ཉིད་ལའོ། །ཐ་དད་པ་ལ་ཡང་གཞན་ཏེ་དམ་ཚིག་དང་སྡོམ་པ་ལ་གནས་པ། སི་ཧླ་དང་ག་པུར་དང་ཡང་དག་པར་ལྡན་པ། ལོ་ཉི་ཤུ་རྩ་ལྔ་མ་དང༌། རང་རིག་པ་ཙམ་གྱི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ལའང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བས་གསོལ་བ་བཏབ་པའི་སློབ་མ་ལ། །དེའི་ལག་པ་དེའི་ལག་པར་གཏད་ནས། སངས་རྒྱས་ཐམས་ཅད་དཔང་པོར་བྱས་ཏེ་སྤྱི་བོར་རྡོ་རྗེ་བཞག་སྟེ་སྙིང་གའི་ས་བོན་ལས་སྤྲོས་པའི་མཐའ་ཡས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ཇི་སྐད་དུ་གསུང་པའི་བྱ་བ་སྔོན་དུ་འགྲོ་བས། ཁྱོད་ཀྱི་གཟུངས་མ་ཉམས་དགའ་འདི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་


DTG021_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟགས། །རྡོ་རྗེ་པདྨ་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་མྱོང༌། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་བ་གསུམ་ན་འདི་དག་པ། །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ནི་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། རྨོངས་པ་གང་ཞིག་འདའ་བྱེད་ན། །མཆོག་གི་དངོས་གྲུབ་དེ་ལ་མེད། །ཅེས་བརྗོད་ལ་གཏད་པར་བྱའོ། །དེ་ཡང་ཙནྡན་དང་གུར་ཀུམ་ལ་སོགས་པ་རྣམ་པར་བྱུགས་ཤིང༌། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བས་ཉེ་བར་བརྒྱན་པས། གོས་མེད་པར་ཆུ་སྐྱེས་ཁ་ཕྱེ་བར་མངོན་པར་གསལ་བར་སྟོན་ཅིང་འདི་སྐད་སྨྲ་བར་བྱའོ། །བཤང་གཅི་ལ་སོགས་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཤ །རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་སྤྲོ་བར་བྱེད་དམ་ཅི། །བུ་ཡིས་ཇི་ལྟར་བདེ་བར་སྨྲོས། །ཞེས་སོ། །དེས་ཀྱང༌། །བཤད་གཅི་ལ་སོགས་ཟ་བ་དང༌། །བུད་མེད་རྟག་ཏུ་གུས་པར་བགྱི། །བྷ་ག་ཉིད་ལ་འོ་བགྱིད་པར། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་བརྗོད་པར་བྱའོ། །དེས་ཀྱང་དགའ་བ་དང་བྱམས་པ་དང་བཅས་པས་དེ་སྐལ་པ་བཟང་པོ་སྡུག་པར་བལྟ་ཞིང༌། ཙོག་ཙོག་པུས་ཆུ་སྐྱེས་རབ་ཏུ་བསྟན་ནས་འདི་སྐད་སྨྲ་བར་བྱའོ། །ཨེ་མའོ་བདག་གི་པདྨའི་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་ནི་གནས། །རྫོགས་སངས་མཉེས་པར་བྱ་ལ་སོགས། །བྱ་བ་ཅི་ཡིན་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ན་ནི་རྟག་ཏུ་བཞུགས། །བྷཉྫ་མོ་ཀྵ་ཧོ་ཞེས་པའོ། །དེས་ཀྱང་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཤེས་རབ་ལྷ་མོའི་གཟུགས་སུ་བསྐྱེད་ལ། ཡི་གེ་ཧཱུཾ་ལས་རང་གི་གསང་བའི་རྡོ་རྗེ་དཀར་པོ། །བྱཱ་ལས་ནོར་བུ་དམར་པོ་བྱཱ་སེར་པོས་བུ་ག་བཀག་པ། ཡི་གེ་ཨ་ལས་ཕྱག་རྒྱའི་པདྨ་དམར་པོ་འདབ་མ་གསུམ་པ། དྱཱ་ལས་ཟེའུ་འབྲུ་དཀར་པོ་དྱཱ་སེར་པོས་བུ་ག་བཀག་པར་བསམས་ལ། གཡོན་གྱི་ཆུ་སྐྱེས་ཀྱི་གཡོན་དོས་ན་གནས་པའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ལྕེའི་སྤྱོར་བས་བསྐྱོད་ཅིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་


DTG021_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་ཟློས་པ་སྔོན་དུ་འགྲོ་བས། བླ་མའི་མན་ངག་ལས་དགའ་བ་ལ་སོགས་པའི་དབྱེ་བ་རྟོགས་ཤིང༌། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་ལུས་ཅན། བླ་མས་ཀྱང་དེའི་སེམས་ལ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་བཅུག་པ་དང་ལྡན་པས་དགའ་བ་བརྩམ་པར་བྱའོ། །དེ་ནས་བླ་མས་ཡོལ་བའི་ཕག་ཏུ་ཨཱ་ལི་ཀཱ་ལིའི་སྒོ་ནས་སློབ་མའི་རིགས་བརྟགས་ལ་རིགས་ངེས་པའི་ཕྱག་རྒྱ་རྒྱུད་ནས་གསུངས་པ་བསྟན་པར་བྱའོ། །དེ་ནས། རྡོ་རྗེ་པདྨར་རབ་བཞག་ནས། བྱང་ཆུབ་སེམས་ནི་གཏང་མི་བྱ། །བསྐྱོད་པར་བྱས་ནས་དགའ་བ་དེ། །སེམས་བཀང་ནས་ནི་བསྒོམ་པར་བྱ། །རྣལ་འབྱོར་པ་ཡི་བྱང་ཆུབ་སེམས། །ཇི་སྲིད་གཏོང་བར་མི་བྱེད་པ། །དེ་སྲིད་ཀུན་དགའ་ལས་བྱུང་བའི། །དགའ་སྐྱེས་བདེ་བ་ཅི་ཡང་འཐོབ། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་ལེགས་སྦྱོར་དང༌། །རེག་ལས་ངོ་མཚར་ཆེན་པོ་ཡི། །བདེ་བ་འབྱུང་བ་གང་ཡིན་དེའི། མཆོག་ཏུ་དགའ་བ་བྱེད་པའོ། །མཆོག་དགའ་དགའ་བྲལ་དབུས་དག་ཏུ། །མཚོན་ཆ་བརྟགས་ཏེ་བརྟན་པར་གྱིས། །པད་མཁར་རྡོ་རྗེའི་ལྟེ་བ་ཡིས། །གནོན་གནས་རྡོ་རྗེའི་སྐྱིལ་ཀྲུང་ལས། །ནོར་བུའི་ནང་ཆུང་སེམས་བལྟ་ཞིང༌། །ཡེ་ཤེས་སྐྱེས་གང་དེའི་ངོ་བོ་མཆོག །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །གསུམ་པོ་སྤངས་པ་ཉིད་ལས་ནི། །ལྷན་སྐྱེས་ཡང་དག་བྱང་ཆུབ་བརྗོད། །གང་ཚེ་རྣལ་འབྱོར་བ་ཤེས་བལྟ། །མི་འགྱུར་བ་ཡི་བདེ་བར་གནས། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་གཅིག་ཁྱུད་ཀོར་ལོ། །བསྐལ་བ་བསྐལ་པ་སྟོང་དག་ཏུ། །ཡེ་ཤེས་མངོན་པར་བརྩོན་པར་གནས། །དེ་ལྟར་བརྟགས་ལ་ནུས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བཟུང་ལ་བགས་ཀྱིས་ཕྱུང་ལ། ཆུ་སྐྱེས་ནས་མ་བཏོན་པར་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་དེ་ལྕེ་ཉིད་ཀྱི་དེ་ཁོ་ན་མཐོང་བས་བླང་བར་བྱའོ། །ཡང་གསུངས་པ། སློབ་མས་རྟོགས་ནས་


DTG021_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེགས་བཟུང་སྟེ། །པདྨའི་ནང་དུ་ཕྱུང་ནས་ནི། །དེ་ནས་སེམས་ནི་ལྕེ་ཡིས་སུ། །བླང་བྱ་བྱང་ཆུབ་སྔོན་འགྲོ་བས། །ཞེས་བྱ་བ་སྟེ། དེ་དག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེའི་རྗེས་ལ་སྦྱིན་པར་བྱ་བ་དབང་བསྐུར་བ་བཞི་པོ་བླ་མའི་ཞལ་ནས་ཤེས་པར་བྱ་བ་ནི། འདི་སྐད་དུ། དེ་ཉིད་འགྲོ་བ་མ་ལུས་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ། རྟོག་པའི་རྙོག་པ་དང་བྲལ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་གིས་སྦྱིན་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་སྟེ། དེ་ཡང་ཇི་སྐད་དུ་གསུངས་པའི་ཆོ་གས་དབང་བསྐུར་བྱིན་ནས་ནི། སློབ་མའི་ལྷག་པར་མོས་པར་སེམས་ཀྱིས་ལེགས་བརྟགས་ནས། །རྒྱ་ཆེ་ཟབ་པའི་ཚུལ་ལ་ཤིན་ཏུ་མོས་པ་ན། །ཚིག་ཉིད་ཀྱིས་ནི་དབང་བསྐུར་རིན་ཆེན་སྐྱིན་པར་བྱ། །ཞེས་པ་ཡིན་ནོ། །རྒྱ་ཆེ་བ་ལ་མོས་སམ་མི་མོས་པ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། མཚན་མའི་ཁྱད་པར་ལས་ཏེ། དེ་ཡང་གསུངས་པ། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་བྱ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །བཞིན་གྱི་པདྨ་རབ་དང་ཞིང༌། །དགའ་བས་བ་སྤུ་ལངས་པ་ནི། །མཐོང་ནས་མཁས་པ་དེ་ཉིད་ཀྱིས། །སློབ་མ་དམ་པ་རྗེས་སུ་འཛིན། །ཞེས་སོ། །ཞེས་བྱ་བ་ནི་བཞི་པའི་དབང་བསྐུར་བ་སྟེ། འདི་ནི་ཡང་སྦྱིན་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་སྦྱིན་སྲེག་གིས་ཞི་བར་བྱ་སྟེ། །དགང་བླུགས་གཅིག་གམ་གསུམ་མམ་བདུན་ཕུལ་ལ་ཡོན་བརྗོད་དུ་གཞུག་གོ །དེ་དག་གིས་ཀྱང་མགུ་བའི་ཡིད་ཀྱིས་འབྱོར་པ་ཇི་ལྟ་བ་བཞིན་དུ་ས་གཞིའམ། གླང་པོའམ། རྟ་འམ། གསེར་རམ། རྒྱན་ནམ། བུ་འམ། ཆུང་མ་ལ་སོགས་པའམ། བདག་ཉིད་གྲོགས་ཉིད་དུ་དངོས་གྲུབ་གྲུབ་པས་དགེ་བ་ལ་སོགས་པ་ཡོན་ཏན་ཉེ་བར་བསགས་པའི་ཕྱིར་དབུལ་ལོ། །སངས་རྒྱས་ཞིང་སོགས་དག་བྱའི་ཕྱིར། །ཁྱད་པར་དུ་ནི་སྦྱིན་ལ་སྤྱོད། །དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་


DTG021_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ཀྱང༌། །དགེ་སློང་གཅིག་དང་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དང་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པས་མཆོད། །དེ་ལྟར་སྦྱིན་པའི་ཞིང་ཤེས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ཆོས་ལ་ནི། །ཞིང་བཟང་པོ་ལས་ས་བོན་གདབ། །དེ་ནས་ཡོན་ཕུལ་བ་དེ་བླངས་ལ། ཟས་དང་གནས་ལ་སོགས་པ་ཐམས་ཅད་ཀྱིས་རང་དང་གཞན་དག་ཚོགས་ཀྱི་འཁོར་ལོས་མཆོད་པར་བྱ་སྟེ། སྐལ་པ་དང་ལྡན་པའི་སློབ་མ་རྣམས་གཟུང་ལ། ཚོགས་མཆོག་སྣ་ཚོགས་པས་ཚིམ་པར་བྱས་ལ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་འདུལ་བར་ལྡན། །འོད་ཟེར་རྣོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་སྔགས་པ་ལྷན་ཅིག་གར་བྱེད་དོ། །ཧཱ་ཧཱ་ཧཱུ་ཧཱུཾ་ཧཱུཾ། ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་གླུ་བླང་ངོ༌། །དེ་ནས་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ལ་གསོལ་བ་གདབ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སླར་ཡང་བྱོན་པར་མཛད་སླད་དུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་ཞེས་བརྗོད་དེ་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས་ཏེ། ལྷའི་ང་རྒྱལ་བརྟན་པས་ཆོས་ཐམས་ཅད་ནི་མ་སྐྱེས་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བརྗོད་ཅིང་རྡོ་རྗེའི་རྩེ་མོས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ་འཁོར་ལོ་དབྱི་བར་བྱའོ། །དེ་ནས་དོན་དུ་གཉེར་བ་དག་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ། །ཆུ་བོ་ཆེན་པོར་ཐམས་ཅད་དོར་བར་བྱའོ། །མཚམས་མེད་པ་དང་སྡིག་ངན་ཡང༌། །ཆོན་རྩི་མཐོང་བས་གྲོལ་བར་འགྱུར། །འདིར་དབང་བསྐུར་བ་ཙམ་གྱིས་ནི། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཁུང་བུ་དགང་དང་རབ་གནས་དང༌། །སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་


DTG021_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སློབ་དཔོན་ཉིད་ཡིན་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །བདེ་མཆོག་དཀྱིལ་འཁོར་ཆོ་ག་ནི། །མཁས་རྣམས་མངོན་པར་འདོད་པ་བཞིན། །བདག་གིས་འདིར་ནི་བཀོད་པ་ལས། །བསོད་ནམས་རྒྱ་ཆེན་གང་ཐོབ་པ། །དེ་ཡིས་བདག་དང་འགྲོ་བ་ཀུན། །རྡོ་རྗེ་འཆང་ཆེན་ཉིད་གྱུར་ཅིག་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་དཔལ་ལ་བ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ཆེན་པོ་སུ་མ་ཏི་ཀཱི་རྟི་དང༌། པོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


previousདཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་གོ་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ། ལ་བ་པ།next