Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཅིག་པ།


  expand section
   
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  collapse section
དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ།  ནགས་ཀྱི་རིན་ཆེན།
   
   
   
   
   
   
   
   
   
   
  expand section
  expand section
  expand section
   


 
previousདཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། ནགས་ཀྱི་རིན་ཆེན།next

དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ།
ནགས་ཀྱི་རིན་ཆེན།

དང་པོའི་རྒྱས་པར་བཤད་པ།


DTG021_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བ་སནྟ་ཏི་ལ་ཀཱ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། དཔལ་དཔྱིད་ཀྱི་ཐིག་ལེ་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་དྲུག་སོ་སོ་ཡི། །རང་བཞིན་ཀུན་རིག་ཧེ་རུ་ཀ །ཁྱབ་བདག་ཕྱག་བྱས་དཔྱིད་ཐིག་ནི། །རིམ་གྱིས་རྣམ་པར་དབྱེ་བར་བྱ། །སློབ་དཔོན་ཆེན་པོ་དཔལ་ནག་པོ་ཞབས་ཞེས་བྱ་བ། བཞི་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ། རང་དང་གཞན་གྱི་དོན་སྒྲུབ་པ་ལ་རྟུལ་ཕོད་པ། དཔལ་ཧེ་རུ་ཀ་མངོན་སུམ་དུ་གཟིགས་ཤིང་གཉིས་པ་ལྟ་བུ། གདུལ་བྱས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྟོགས་པར་བྱེད་པ། །རྣམ་པར་བཀྲ་ཤིས་རྨད་དུ་བྱུང་བའི་རྣལ་འབྱོར་མའི་རྒྱུད་སྟོན་ཞིང༌། ཁྱད་པར་དུ་འཕགས་པའི་སྤྱོད་པ་མཐོང་བ་ལ་བསྐུལ་བ། རང་གི་ཤེས་རབ་ལ་སྣང་བཞིན་པའི་རྣམ་པ་སྣ་ཚོགས་པའི་ཉེ་བར་བསྟན་པ་དང༌། སྣང་བཞིན་པའི་མན་ངག་གི་ཁྱད་པར་དེའི་དོན་གྱི་སླད་དུ་རབ་ཏུ་གསལ་བའི་


DTG021_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོངས་པས་བརྩོན་པར་མཛད་དོ། །རང་ཉིད་ཀྱིས་དྲན་པའི་ཆེད་དུ་ནང་གི་བདག་ཉིད་ཀྱི་རིམ་པས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེ་འདི་མངོན་པར་བརྗོད་པར་བཞེད་པས། དེ་ཉིད་རང་གི་གཟུགས་དང་འཚམ་པའི་རང་འདྲ་དང་བཅས་ཕ་ལ་ཕྱག་བྱས་ཏེ། མཉམ་དང་མི་མཉམ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པའི་ཐབས་ཀྱི་ཆོ་གའི་གནས་ལ་བརྩོན་པར་མཛད་དོ། །དེ་ལ་དང་པོར་རེ་ཞིག་རྗོད་པར་བྱེད་པ་ལ་སོགས་པ་བཤད་པར་བྱ་སྟེ། རྗོད་པར་བྱེད་པ་ནི་དཔྱིད་ཀྱི་ཐིག་ལེའོ། །བརྗོད་པར་བྱ་པ་ནི་རྫོགས་པའི་རིམ་པའོ། །བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་མཚན་ཉིད་ནི་འབྲེལ་པ་སྟེ། སྒྲ་དང་དོན་དག་གི་ཐུན་མོང་གི་མཚན་ཉིད་ཀྱི་ཕྱིར་རོ། །བདེ་བླག་ཏུ་རྟོགས་པ་ནི་དགོས་པའོ། །ཡང་དག་པའི་ཡེ་ཤེས་སྔོན་མ་ཅན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྔོན་དུ་འགྲོ་བ། འགྲོ་བ་མ་ལུས་པའི་དོན་ཕུན་སུམ་ཚོགས་པ་ནི་དེའི་དགོས་པའི་ཞེས་པ་ནི་བསྡུས་པའི་དོན་ཏོ། །དཔལ་ཧེ་རུ་ཀར་མངོན་པར་བརྗོད་པ་དེ་ལ་ཕྱག་བྱས་ནས་དཔྱིད་ཀྱི་ཐིག་ལེ་བཤད་པར་བྱའོ་ཞེས་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། མཉམ་དང་མི་མཉམ་ཞེས་པ་ལ་སོགས་པ་སྟེ། མཉམ་པ་ནི་ཐབས་ཀྱི་རང་བཞིན་རྣམས་དང༌། མི་མཉམ་པ་ནི་ཤེས་རབ་ཀྱི་རང་བཞིན་རྣམས་ཏེ། བདེ་པ་ཆེན་པོ་དེ་དང་གཉིས་སུ་མེད་པའི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་པོ་ལམ་ལྔས་བསྡུས་པ་གང་ཡིན་པ་འདི་རྣམས་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ་ཡང་དག་པའི་ཏིང་ངེ་འཛིན་གྱི་མཐར་ཐུག་པ་གང་གི་རང་བཞིན་ཡིན་པ་དེ་ཉིད་ཀྱི་རང་བཞིན་གྱིས་གནས་པ་གང་ཡིན་པ་དེའོ། །དེ་ལ་ཆོས་ཉི་ཤུ་རྩ་གཉིས་པོ་རྣམས་ནི་མཉམ་པ་སྟེ། འཇིག་རྟེན་པའི་ལམ་གྱིས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །ཆོས་བཅོ་ལྔ་པོ་རྣམས་ནི་མི་མཉམ་པ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་མཉམ་པ་ནི་གཡས་ཀྱི་རྩ་ལས་རབ་ཏུ་བྱུང་བར་ཡང་དག་པར་རིག་པ་རྣམས་དང༌། མི་མཉམ་པ་ནི་གཡོན་གྱི་རྩ་ལས་རབ་ཏུ་བྱུང་བ་རྣམས་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་རྣམས་སོ་སོར་དགའ་པ་ལ་སོགས་པ་བཞིར་ཕྱེ་བས་དགའ་བ་ཉི་ཤུ་རྩ་བཞི་རྣམས་དང༌། འཁོར་ལོ་བཞི་


DTG021_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ལ་འཇུག་པ་ལ་སོགས་པ་འཇུག་གནས་ལྡང་གསུམ་གྱི་རིམ་པས་དགའ་བ་ལ་སོགས་པ་གསུམ་དུ་ཕྱེ་བ་ལས་དགའ་པ་བཅུ་གཉིས་རྣམས་དང༌། ཡན་ལག་ཐམས་ཅད་ཚིམ་པ་ལས་ནི་གཅིག་གོ །དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྱིས་གནས་པའི་བཅོམ་ལྡན་འདས་ནི་ལྷན་ཅིག་སྐྱེས་པ་གཅིག་པུའི་སྐུའོ། །ཕྱི་རོལ་དུ་ཡང་དེ་སྙེད་ཀྱི་མཁའ་འགྲོ་མ་རྣམས་དང་ལྡན་པའོ། །དེ་ཉིད་འཁོར་ལོའི་དབང་ཕྱུག་ཉིད་དུ་རྟོགས་པར་བྱ་པའི་ཕྱིར། རང་ལུས་རྩ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ལུས་རྣམས་སུ་སྟེ་རང་གི་ལུས་ཀྱི་སྒོ་བརྒྱད་པོ་རྣམས་སུ་རྩ་གང་ཡིན་པ་འདི་རྣམས་མཐོང་བ་དང་ཐོས་པ་དང་སྒོམ་པ་དང་མྱང་བ་དང་རེག་པའི་ཐ་སྙད་དེ། ཕྱི་རོལ་ཏུ་ཁྭ་གདོང་མ་ལ་སོགས་པའི་གཟུགས་རྣམས་སོ། །དེ་བཞིན་དུ་འཁོར་ལོ་བཞི་ནི་སྤྲུལ་པ་ལ་སོགས་པ་རྣམས་ཏེ། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་གནས་རྣམས་གོ་རིམས་བཞིན་དུ། སྤྲུལ་པ་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་རྣམས་ཏེ། ཡེ་ཤེས་དང༌། སེམས་དང༌། ངག་དང༌། ལུས་ཀྱི་འཁོར་ལོའི་བདག་ཉིད་ཅན་དེ་རྣམས་སུ་གཙོ་བོ་སྟེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་བྱང་ཆུབ་ཀྱི་རང་བཞིན་སྙིང་པོའི་གཟུགས་ཉིད་ཀྱིས་རྗེ་བོར་གྱུར་པའོ། །སྔགས་ཀྱི་སྐུ་ཉིད་ཀྱིས་ཀྱང་དེའི་རང་བཞིན་གསུངས་པ། དབྱངས་ལྔ་དང་བཅས་ཕྱི་མོ་བཅུ་གཉིས་གསལ་བྱེད་སུམ་ཅུ་རྩ་བཞིས་བརྒྱན། དབྱངས་ལྔའི་ཚིག་གིས་གཅིག་ལྷག་པའི་བཅུ་པོ་ཁོང་དུ་ཆུད་པར་བྱས་ཏེ། དེ་ལ་ཆོས་ཀྱི་འཁོར་ལོའི་དབུས་དང་ཕྱོགས་ཀྱི་འདབ་མ་བཞི་ལ་གོ་རིམས་བཞིན་དུ་ཧཱུཾ་ཨཾ་ཨཱཿ་ཧྲིཾ་ཁཾ་ཞེས་བའི་དབྱངས་ལྔས་ཉེ་བར་མཚོན་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་བཀོད་པ་ལས་ཕུང་པོ་རྣམ་པར་དག་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོར་ཡང་ཨོཾ་ཨཱཿ་ཨཱི་ཨཱུ་ཨེ་སྟེ་ས་བོན་ལྔ་རྣམས་བཀོད་པ་ལས་ཁམས་ལྔ་རྣམ་པར་དག་པའོ། །དེ་བཞིན་དུ་མ་ནིང་བཞི་པོ་སྤངས་པའི་ཕྱི་མོ་བཅུ་གཉིས་པོ་གཡོན་དང་འོག་ཏུ་གདོང་དང༌། དེ་ཉིད་གཡས་སུ་སྟེང་དུ་གདོང་སྟེ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ནི་ཀ་ཡིག་ལ་སོགས་སྟེང་དང་འོག་གི་གདོང་རྣམས་མ་ཡིག་གི་རང་བཞིན་གྱི་


DTG021_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུང་རོ་དང་བཅས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་བཞིན་དུ་དེ་རྣམས་ཉིད་མ་ནིང་དང་བཅས་པའི་བཅུ་དྲུག་པོ་ཉིས་འགྱུར་དུ་གྱུར་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སྟེ། སྟེང་དང་འོག་གི་ཡི་གེ་གཉིས་སྤངས་པ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་ཉིས་འགྱུར་དུ་གྱུར་པ་ནི་སྤྲུལ་པའི་འཁོར་ལོ་ལའོ། །རྩ་ཉི་ཤུ་རྩ་བཞི་དགོད་པའི་ཕྱོགས་ལ་ནི་ཆོས་ཀྱི་འཁོར་ལོའི་མཚམས་སུ་ཡ་ར་ལ་ཝ་རྣམས་སོ། །དྲོ་བ་རྣམས་ནི་དེའི་ཕྱི་རོལ་དུ་སྣོད་དུ་གྱུར་པས་གནས་སོ། །འཁོར་ལོ་བཞི་པོ་ཡང་དབུས་སུ་དབྱངས་ཀྱི་དང་པོ་དང་སྤྲིན་གྱི་སྒྲ་དང་ཚངས་པ་དང་མི་འཇིགས་བའི་ཡི་གེ་རྣམས་སོ། །ཛྭ་ལནྡྷ་ར་ལ་ར་ཡིག་དང༌། འོག་སྒོའི་རྩེ་མོར་ཀྵ་ཡིག་གོ །འདི་རྣམས་ཀྱིས་བརྒྱན་པ་ནི་ཨཱ་ལིའི་རང་བཞིན་གྱི་སྔགས་སོ། །འདིས་ས་བཅུའི་དབང་ཕྱུག་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། སྐུ་གསུང་ཐུགས་ཀྱི་དབྱེ་བས་གནས་པའི་གནས་ལ་སོགས་པ་བཅུ་རྣམས་ཀྱི་དབང་ཕྱུག་ཅེས་པའོ། །གཞན་ཡང་ཇི་ལྟར་བུར་ཕྱག་བྱས་ནས་དཔྱིད་ཀྱི་ཐིག་ལེ་འཆད་ཅེ་ན། རབ་ཏུ་དགའ་བ་ལ་སོགས་པའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་གང་ཡིན་པ་འདི་རྣམས་གནས་ལ་སོགས་པ་རྣམས་ཏེ། སྐུ་ལ་སོགས་པའི་འཁོར་ལོ་རྣམས་སུ་ལུགས་ལས་བཟློག་པའི་དབྱེ་བས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་མི་ཕྱེད་མ་ལ་སོགས་པའི་རང་བཞིན་གྱི་རྩའི་གནས་ལ་དེ་རྣམས་དབང་ཕྱུག་སྟེ་ཁྱབ་བདག་གོ །འདི་ནི་བྱང་ཆུབ་སེམས་དཔའི་ས་བཅུ་སྟེ། གང་རྣམས་སུ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་བསྲེག་པ་ཉིད་ལས་བདེན་པ་མཐོང་བ་སྟེ། རྣམ་པར་མི་རྟོག་པའི་དབྱིངས་མངོན་སུམ་དུ་མཛད་པ་ལས་བསྐལ་པ་གྲངས་མེད་པ་གསུམ་གྱིས་འཐོབ་པར་བྱ་བའི་བྱང་ཆུབ་ཏུ་འགྱུར་བ་ཡིན་ཏེ། སེམས་བསྐྱེད་པ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ནི་པུལླཱི་ར་ལ་སོགས་པའི་བརྡར་བྱས་པའི་ས་བཅུའི་ཀུན་དུ་སྤྱོད་པས་བསྒྲུབ་པར་བྱ་བ་ཐིམ་པ་ལ་སོགས་པའི་རང་བཞིན་གྱི་སྐུ་གསུམ་པོ་གཙོ་བོར་རྟོགས་པ་རང་རིག་པ་དཔལ་བདེ་བ་ཆེན་པོ་རྣམ་གྲངས་གཞན་ཡང་


DTG021_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དཔལ་ཧེ་རུ་ཀ་ཉིད་ཤིན་ཏུ་མྱུར་བར་མངོན་སུམ་དུ་བྱེད་ཅིང་སྐྱེ་བ་འདི་ཉིད་ལ་རྫོགས་པར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་པ་ལས་ཁྱད་པར་རོ། །འདི་ལས་ན་ལྷན་ཅིག་སྐྱེས་པ་ཁོ་ན་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་གྱིས་གནས་ལ་སོགས་པའི་ས། རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ས་བཅུའི་དབང་ཕྱུག་ཉིད་དུ་རྟོགས་པར་མཛད་པ་ཡིན་ནོ། །གནས་ལ་སོགས་པ་རྣམས་དང་ས་རྣམས་ཀྱི་ངེས་པའི་ཚིག་ནི་གཞི་མཐུན་པ་ཉིད་ལས་ཕྱི་ནས་བཤད་པར་བྱའོ། །གཞན་ཡང་ཇི་ལྟ་བུ་ཞེན། ཀུན་འགྲོ་སྟེ། ཀུན་ནི་ཕུང་པོ་ལ་སོགས་པ་རྣམས་ཡིན་ལ། དེ་ལ་ཆོས་ཉིད་ཀྱིས་གནས་པ་ཉིད་ཀྱི་ཕྱིར་ཀུན་འགྲོ་སྟེ། ཆོས་ཀྱི་དབྱིངས་སོ། །སེམས་ཅན་ཀུན་གྱི་རང་སྙིང་དབུས་སོན་ཞེས་པ་ལ། སེམས་ཅན་ཀུན་ནི་ཕྱུགས་དང་བྱ་དང་སྤྲུལ་དང་མི་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་རང་གི་སྙིང་གི་དབུས་སོན་ཏེ། སྙིང་གའི་པདྨ་ཁ་སྦྱོར་དུ་ཞུགས་པ་ཟེའུ་འབྲུའི་ནང་དུ་གནས་པའི་ས་ལ་སོགས་པའི་ཁམས་བཞིའི་རང་བཞིན་སྟེང་དང་འོག་ཏུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སོན་པ། སྐྲ་རྩེ་བརྒྱ་སྟོང་གི་ཚད་ཕྲ་ཞིང་ཤིན་ཏུ་ཕྲ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འཁོར་ལོར་ཐམས་ཅད་ཀྱི་མཁའ་འགྲོ་མ་དང་དཔའ་བོ་དབྱེར་མེད་པའི་གཟུགས་ཀྱིས་ཐིག་ལེའི་རང་བཞིན་དུ་གནས་པ་སྟེ། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་ཡི་གེ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །མཆོག་གི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་དང༌། ཁ་སྤྱོར་ཁ་སྦྱོར་སྒོམ་པ་ན། །ཐིག་ལེ་གཅིག་པུ་སྣང་བ་སྟེ། །ཁ་སྦྱོར་མ་ཡིན་སྦྱར་གྱུར་ན། །ཐིག་ལེ་ཐིག་ལེ་མིན་ཉིད་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ནམ་མཁའི་རྣམ་པ་སྟེ། ཆོས་ཀྱི་སྐུ་ཉིད་ཀྱི་ཕྱིར་རམ་ནམ་མཁའ་ལྔའི་རྣམ་པའི་སུམ་སྐོར་བ་ལ་སོགས་པའི་རྩ་རྣམས་སུ་རེག་ཅིང་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཡང་གསུངས་པ། བྷ་གའི་དབུས་སུ་ནམ་མཁའ་གང༌། །ནམ་མཁའ་ལྔ་རྣམས་ཀྱིས་བརྒྱན་པ། །ལྟེ་བ་དང་ནི་གེ་སར་བཅས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཞེས་པ་ལ་སོགས་པའོ། །མཆོག་ཏུ་ཞི་ཞེས་བྱ་བ་ནི། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་ཉིད་ཀྱི་ཕྱིར་མཆོག་གོ །སྤྲོས་པ་


DTG021_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པ་ཉིད་ཀྱི་ཕྱིར་ཞི་བའོ། །དེ་བཞིན་དུ་དཔལ་ཧེ་རུ་ཀ་ཞེས་པ་ལ་སོགས་བས་དོན་དམ་པ་དང་ཀུན་རྫོབ་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་ཡང་དག་པར་རྟོགས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། དཔལ་ཧེ་རུ་ཀ་ནི། རྒྱུད་དུ་གསུངས་པའི་རྣམ་པར་ཐར་བ་བཞིའི་བདག་ཉིད་ཅན་ནོ། །ལྷན་ཅིག་སྐྱེས་པ་གཅིག་པུ་ཆོས་ཀྱི་སྐུ་དེའི་རང་བཞིན་དང་དེའི་ངོ་བོ་ཉིད་དེ་ནི་མཆོག་ཏུ་མྱ་ངན་ལས་འདས་པའི་དེ་ཁོ་ན་ཉིད་དོ། །དེ་བཞིན་དུ་བཞེངས་པ་ནི། སྤྲུལ་པས་བཞེངས་པའོ། །གང་འདི་ཕག་མོའི་རྣམ་པས་འབྱུང་བར་འགྱུར་བའི་དཔྱིད་ཀྱིས་མངོན་པར་ཤེས་པ་ལ་སོགས་པའི་མེ་ཏོག་འབྱུང་བའི་སྦྱོར་བས་ཧེ་རུ་ཀ་དང་ཡང་དག་པར་སྦྱོར་བཞིན་པ་ནི་ཐིག་ལེ་ལྟ་བུ་སྟེ་ཐིག་ལེར་སྣང་བའི་རང་བཞིན་ཅན་གྱི་ཡེ་ཤེས་ཀྱི་མེ་འབར་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བུད་ཤིང་སྲེག་པར་བྱེད་པ་དེའི་གང་ཡིན་པ་འདི་རྣམས་ནི་སྤྲོ་བ་ཏེ། དབུ་མའི་ལམ་གྱི་སྟེང་དུ་འཁོར་ལོ་གསུམ་ལ་འཇུག་སྟེ། དེས་ན་འབར་བ་སྟེ་དེའི་འོད་དང་འོད་གང་གིས་ཡིན་པ་དེ་ཡིན་ནོ། །དེ་བཞིན་དུ་ལུས་དང་ངག་དང་ཡིད་དེ་རིགས་གསུམ་གྱི་རང་བཞིན་གྱི་ར་ས་ནཱ་ལ་སོགས་པའི་རྩ་གསུམ་པོ་གང་ཡིན་པ་འདི་ནི་རྒྱས་པ་སྟེ། པུལླཱི་ར་ལ་སོགས་པའི་གནས་རྣམས་དང༌། སྤྲུལ་པ་ལ་སོགས་པ་རྣམས་སུ་རྒྱས་པ་དེའོ། །བསགས་པ་གང་ཡིན་པ་འདི་ནི་ཉི་ཤུ་རྩ་བཞི་དང་ཉི་ཤུ་ལྷག་པའི་བརྒྱ་དང༌། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཅན་གྱི་རྩའི་འཁོར་ལོ་གང་ཡིན་པ་འདི་རྣམ་ནི་མཐའ་ཡས་པའི་དཔའ་མོའི་རང་བཞིན་ཏེ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྣམ་པས་དེར་མགོན་པོ་སྟེ་ཁྱབ་བདག་གོ །ཡང་སྨྲས་པ། རྐང་པ་གསང་བ་བཤང་ལམ་ལྟེ་སྙིང་མགོ་བོ་ལ། །ཁམས་ཀྱི་དཀྱིལ་འཁོར་དུ་སོན་རི་རབ་རྒྱབ་ཏུ་འགྲོ། །རྩ་རྣམས་དམ་ཚིག་རྡོ་རྗེའི་པདྨར་སོན་པ་ཡི། །གཉི་གའི་སེམས་ནི་ཧེ་རུ་ཀ་སྟེ་ཁྱོད་ལ་འདུད། །གསང་བའི་ཀོ་ཀའི་ཆུ་ཡི་ཟེའུ་འབྲུའི་ནང་དུ་ནི། །མཁའ་སྟེ་ནམ་མཁའ་ཆེན་པོ་ལྔ་པོ་གནས་པ་ཡིན། །ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་གཉིས་མིན་གཉིས་སུ་མེད། །ལྷན་སྐྱེས་བདག་ཉིད་ཧེ་རུ་ཀ་སྟེ་ཁྱོད་ལ་འདུད། །སྤྲིན་ནག་བརྩེགས་པའི་ནང་དུ་འགྱུ་བའི་གློག་


DTG021_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་ནི། །ལྷག་པའི་འོད་དེ་མཆོག་ཏུ་བརྩེགས་པས་སེམས་ཅན་དང༌། །སྣོད་དུ་བཅས་པ་རབ་ཏུ་སྲེག་པར་བྱེད་པ་ཡི། །འགྲོ་བའི་མ་སྟེ་ཧེ་རུ་ཀ་མ་ཁྱོད་ལ་འདུད། །ལྟེ་བའི་འཁོར་ལོའི་བུག་པའི་ཆུ་ཡི་ཕུང་པོ་དང༌། །རྡོ་རྗེ་དང་ནི་ཆུ་སྐྱེས་འདུས་བ་ལས་བྱུང་བ། །བདུད་རྩིའི་རོ་ཡི་བཏུང་བ་ལ་ནི་ཆེར་སྲིད་པའི། །རྟ་གདོང་གི་ནི་མེ་འོད་ཁྱོད་ལ་ཕྱག་བགྱིའོ། །ཞེས་པ་ལ་སོགས་པའོ། །ཆོས་ཀྱི་སྐུའི་རང་བཞིན་གྱིས་ཕྱག་བྱས་ནས། །དེ་ལས་གཞན་གྱིས་ཀྱང་ཕྱག་བྱས་པ། །འགྲོ་བའི་རང་གཞན་དོན་གྱི་བདེ་བ་ཞེས་བྱ་བས་གསུངས་པ་ཡིན་ཏེ། འགྲོ་བའི་ནི་ཁམས་གསུམ་གྱིའོ། །རང་རིག་པའི་བདེ་བ་ནི་རང་བདེ་བ་སྟེ། རྡོ་རྗེའི་ཁ་ལས་མ་འཕོས་པའི་གནས་སྐབས་སུ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དང༌། དེ་ལས་གཞན་དུ་གཞན་དོན་གྱི་བདེ་བ་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །གང་འདིར་འགྲོ་བ་སྐྱེད་པ་དེ་ཁོ་ན་དེ་བཞིན་གཤེགས་པ་སྐྱེད་པ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་འགྲོ་བའོ། །དེ་ཁ་སྦྱོར་ཐིག་ལེར་ཡང་གསུངས་པ། ཁྲག་ནི་མཁའ་འགྲོ་ཀུན་རང་བཞིན། །པདྨར་སྣང་བ་སྦྱོར་བ་ལས། །པདྨ་གར་དབང་དུ་ནི་བརྗོད། །སྟེང་དུ་སྤྲོ་ཞིང་འོད་གསལ་བ། །རྡོ་རྗེ་ཉི་མ་མཆོག་ཏུ་བཤད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོར་ཡང༌། །སྣང་ཞིང་འབར་བ་གང་ཡིན་དེ། །ཐུབ་ཆེན་རྣམ་པར་སྣང་མཛད་དོ། །དགའ་བྲལ་མཐའ་དེ་རྟ་མཆོག་འདི། །རླུང་རྣམས་སྣ་ཚོགས་འབྱུང་ཕྱིར་རོ། །ཞེས་སོ། །འདི་ཉིད་ལས་སྔོན་དུ་གསུངས་པའི་ཚུལ་ཁོ་ནས་ཕག་མོས་ཡང་དག་པར་འཁྱུད་པའི་སྐུའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལ་མིང་མེད་ཀྱང་ཀུན་རྫོབ་ཀྱིས་ཤྲཱི་ཧེ་རུ་ཀ་ཞེས་པའི་མངོན་པར་བརྗོད་པ་ལས་བཅོམ་ལྡན་འདས་སུ་རྟོགས་པར་བྱའོ། །ཧཱུཾ་ཡིག་བྲག་ཅ་ལྟ་བུའི་སྒྲས་དགའ་ཞིང་ཡིད་འཕྲོག་པ་གང་ལས་དཔྱིད་ཀྱི་ཐིག་ལེ་གང་ཡིན་པ་དེ་ཉིད་ནཱ་ད་སྟེ། དེས་སྒྲ་བྱེད་ཅིང་སྒྲོགས་པ་ནི་ཐིག་ལེ་སྟེ་བཅོམ་ལྡན་འདས་སོ། །འདི་རྣམས་ཉིད་ལས། ནཱ་ད་དང་ཐིག་ལེ་སྒྲོགས་པ་ཁོ་ན་དེ་དག་གིས་སྙོམས་པར་སྙོམས་པ་སྙེ། བསྐྱེད་པའི་རིམ་པ་ལས་འདས་པ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པའི་རང་བཞིན་ནོ། །ཕྱག་བྱས་ནས་ཞེས་པ་ནི་སྔ་མ་དང་འབྲེལ་ལོ། །ཇི་ལྟར་ཞེ་ན། རྣལ་འབྱོར་གནས་ལས་ཕྱུང་བ་ཡི། །དཔྱིད་ཀྱི་ཐིག་


DTG021_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེ་བརྗོད་པར་བྱ། །རྣལ་འབྱོར་གྱི་གནས་བཞི་པོ་བདག་དང་གཞན་དང་སྔགས་དང་དེ་ཁོ་ན་ཉིད་དུ་བརྗོད་པ་གོ་རིམས་བཞིན་དུ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་ལས་ཕྱུང་བ་སྟེ། འགྲོ་བ་དང་འོང་བའི་སྦྱོར་བས་རབ་ཏུ་འཇུག་པ་རྣམས་སོ། །དེ་རྗོད་པར་བྱེད་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་ལ་ཡང་དཔྱིད་ཀྱི་ཐིག་ལེ་ལ་ཞེས་བརྗོད་པར་བྱ་སྟེ། རོལ་རྙེད་མ་འཕྲོགས་པའི་སྙན་དངགས་བཞིན་ནོ། །འདི་གང་ལས་འབྱུང་བ་ཡིན་ཞེ་ན། བཤད་པ། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་པའི་རྒྱུད་ལས་ཏེ། དེར་གང་ཞིག་ཕྱི་རོལ་དང་ནང་གི་མཚན་ཉིད་དང༌། དེ་བཞིན་དུ་སྐྱེས་པ་དང་མ་སྐྱེས་པར་བརྗོད་པའི་རིམ་པའི་ལམ་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱིས་བཤད་པར་བྱའོ་ཞེས་སྔ་མ་དང་འབྲེལ་ལོ། །དེ་ལྟར་ན་བསྐྱེད་པའི་རིམ་པ་ལ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། རྫོགས་པའི་རིམ་པ་ལ་ནི་དེའི་གྲངས་ཀྱི་བདེ་པ་ཆེན་པོའོ། །གཞན་དུ་རྩའི་འཁོར་ལོ་ཉིད་དུ་ཡང་རྟོགས་པར་བྱེད་དོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ལ་སོགས་པས་དགོས་པ་གསུངས་ཏེ། བཅོམ་ལྡན་འདས་མ་གང་ཡིན་པ་འདི་ནི་རྡོ་རྗེ་མཁའ་འགྲོ་མའོ། །རྡོ་རྗེ་ནི་གཞོམ་དུ་མེད་ཅིང་འགྱུར་བ་མེད་པ་སྟེ། སྒོའི་གནས་སུ་གཞོམ་དུ་མེད་པའོ། །མཁའ་འགྲོ་གདོང་ལ་རོ་གཅིག་ཏུ་ཡང་དག་པར་འཛག་བའི་བདུད་རྩིའོ་མའི་རྒྱ་མཚོ་དབའ་རླབས་སུ་ཕྱེ་བ་ལ་གྲོལ་བར་འགྲོ་ཞིང་འགྲོའོ་ཞེས་པ། རྡོ་རྗེ་མཁའ་འགྲོ་མ་སྟེ། ཐིག་ལེའི་ཟེར་མ་སྟོང་ཕྲག་ལྟ་བུར་འབར་བའི་སྐུ་ཅན་གྱི་བཅོམ་ལྡན་འདས་མ་ཡེ་ཤེས་ཀྱི་མེའི་འོད་དེ་ཕག་མོའོ། །དེའི་འོད་དངོས་གྲུབ་ནི་ཆོས་ཉིད་ཀྱི་རང་བཞིན་ཉིད་ལས། རང་བཞིན་ཁོ་ན་རྫོགས་པ་སྟེ། ཐམས་ཅད་ཁོ་ན་རིག་པ་ཉིད་ཀྱི་ཕྱིར་རོ། །ཅི་ཕྱི་རོལ་དུ་གནས་པ་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་གསུངས་པ། རང་ལུས་ཏེ། ཕུང་པོ་ལ་སོགས་པའི་རང་བཞིན་གྱི་ལུས་ལ་རྣམ་པར་གནས་ཤིང་འདུག་པའོ། །སྔར་གསུངས་པའི་རིམ་པ་ཁོ་ནས་འདི་ཉིད་ལས་དམིགས་པའི་ཕྱིར་རོ། །དེས་ན་རྒྱུད་རྒྱས་པ་རྟོགས་པར་བྱ་མི་ནུས་པའི་གང་ཟག་འདོད་པ་ཤིན་ཏུ་ཆུང་བ་རྣམས་ཀྱིས་གསལ་བར་ཁོང་དུ་ཆུང་ཅིང༌། དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་


DTG021_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཡིན་ནོ། །རྒྱུ་འདི་ལས་གཞུང་ཤིན་ཏུ་ཉུང་ངུར་རྫོགས་པའི་རིམ་པ་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར། རྫོགས་པའི་རིམ་པ་ལ་འཛེགས་པའི་རྣལ་འབྱོར་པའི་དབང་པོས་དཀྱིལ་འཁོར་དང་སྦྱིན་སྲེག་དང་བསྒོམ་པ་དང་བཟླས་པ་རྣམས་ཇི་ལྟར་བྱ་ཞེ་ན། མ་ཡིན་ནོ་ཞེས་གསུངས་པ། བསྐྱེད་པའི་རིམ་པའམ། སྐུ་གཟུགས་ལ་སོགས་པ་གང་ཡིན་པ་འདི་རྣམས་ཉིད་ནི་ཐམས་ཅད་དུ་དེ་བཏགས་པ་ཉིད་ཡིན་པའི་ཕྱིར་དང༌། ཕྱི་རོལ་གྱི་ཡོ་བྱད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་བཅོས་མ་སྟེ་བྱས་པའོ། །འདུས་པ་ནི། རྣམ་པར་ཉམས་པའི་ཆོས་ཅན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །དེས་ན་བརྫུན་ཞིང་གཡོ་བ་བྱེད་པ་བྱས་པ་དེ་རྣམས་ཀྱིས་སམ། སྒོམ་པ་རྣམས་ཀྱིས་ཅི་བྱ་ཞེས་དགོངས་སོ། །གལ་ཏེ་དེ་ལྟར་ན་དེ་བཅོམ་ལྡན་འདས་ཀྱིས་ཅི་ལྟར་བསྟན་ཞེས་དོགས་ན། བཅོས་མའི་བྱ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་དཀྱིལ་འཁོར་ལ་སོགས་པ་བཅོས་མའི་བྱ་བ་གང་ཡིན་པ་འདི་རྣམས་ཀྱང་ཡོད་པ་ན་དེའི་རང་བཞིན་ཏེ། དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་ཀྱི་ངོ་བོ་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསྟན་པ་ཡིན་གྱི། དེ་ཉིད་འབྲས་བུའི་རང་བཞིན་ནི་མ་ཡིན་ནོ། །འདི་རྣམས་ཉིད་ཀྱི་རང་བཞིན་ནམ་ངོ་བོ་ཉིད་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་སྟེ། འཆད་བཞིན་པའི་དཀྱིལ་འཁོར་ལ་སོགས་པ་ནི་དེའི་རྣལ་འབྱོར་ལ་བརྟེན་ནས་ཐམས་ཅད་དུ་ཕྱི་རོལ་གྱི་བཅོས་མ་ཁོ་ནའོ། །ངེས་ན། དཀྱིལ་འཁོར་ལུས་ལ་བསྒོམ་པར་བྱ། །ཞེས་ཀྱང་དགོངས་སོ། །དཀྱིལ་འཁོར་ལ་སོགས་པ་ལ་མོས་པ་རྣམས་རབ་ཏུ་གཞུག་པས་རེ་ཞིག་དེ་སྒོམ་པར་བྱེད་ལ། ཕྱི་ནས་དེ་ཉིད་ཀྱི་སྒོ་ནས་རང་བཞིན་གྱི་དངོས་གྲུབ་སྒྲུབ་པ་དེ་ཡོད་དེ། དེ་རྣམས་ཀྱི་ཕྱི་རོལ་དུ་མངོན་པར་ཞེན་པ་དོར་ནས་ནང་གི་བདག་ཉིད་རྣམས་ལ་འཇུག་པར་བྱེད་དོ་ཞེས་པ་དེ་བསྟན་པ་ཡང་དགོས་པ་དང་བཅས་པ་ཡིན་ནོ། །ཇི་ལྟར་ཕ་རོལ་དོན་གཉེར་རྣམས། །ཞེས་བྱ་བ་ལ་སོགས་པས་དཔེ་གསུངས་ཏེ། ཇི་ལྟར་རྒྱ་མཚོ་ལ་སོགས་པ་རྣམས་ཀྱི་ཕ་རོལ་ཐོབ་པ་དོན་དུ་གཉེར་བ་རྣམས་གཟིངས་ཀྱི་བཞོན་པ་དང་སྐྱ་བ་ལ་སོགས་པའི་འབད་


DTG021_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་རྟེན་པར་བྱེད་ལ། ཕ་རོལ་ཐོབ་པ་ན་རྩྭ་ལྟ་བུར་འདོར་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་ཐོབ་ནས་ནང་གི་བདག་ཉིད་ཅན་རང་བཞིན་གྱི་དངོས་གྲུབ་ཐོབ་པ་དང་ལྡན་པ་གང་ཡིན་པ་དེ་ཐོབ་པ་ན་ཕྱི་རོལ་འདོར་བར་བྱེད་དོ་ཞེས་པའི་དོན་ཏེ། །ཇི་སྐད་དུ། ཐབས་བྱུང་ཐོབ་པས་སྤང་བྱ་གང༌། །དེ་ནི་ཐབས་ཞེས་བསྟན་པ་ཡིན། །ཞེས་པའི་གསུངས་ལས། རིན་པོ་ཆེའི་གང་ཟག་སྔོན་དུ་གོམས་པ་དེ་ནི་བཅོས་པའི་དཀྱིལ་འཁོར་ལ་སོགས་པ་དེ་རྣམས་ཡུད་ཙམ་ཁོ་ནས་མ་བཅོས་པའི་དཀྱིལ་འཁོར་དུ་ལྷག་པར་མོས་པར་བྱེད་ཅིང་བཅོས་མ་མ་ཡིན་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་ལྟ་བུའི་རིགས་ཅན་ནི་རྙེད་པར་དཀའ་སྟེ། རྫོགས་པའི་རིམ་པ་ལ་ཡིད་ཆེས་པར་དཀའ་བ་ཙནྡན་ལ་སོགས་པ་རྣམས་ཀྱིས་སོ། །མཚན་མའི་ཁྱད་པར་རྣམས་ཀྱིས་དེའི་རིགས་ཅན་དུ་ཤེས་པར་བྱ་སྟེ། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་ཡི་ནི་རིགས། །བློ་དང་ལྡན་པས་མཚན་མར་ཤེས། །ཞེས་གསུངས་པའི་ཕྱིར་རོ། །འདིར་རེ་ཞིག་རང་བཞིན་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་བོ། །བསྒོམ་པར་བྱ་བཞིན་པ་ཡོད་པ་མ་ཡིན་ན་ཡང་གསལ་བར་འགྱུར་རོ་ཞེས་པ། གསལ་བ་དང་མི་གསལ་བས་བྱང་ཆུབ་ཀྱི་རྒྱུ་དག་ཏུ་འགྱུར་ཞེས་དོགས་པ་ལ་གསུངས་པ། དཀྱིལ་འཁོར་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོས་མའི་བསམ་པ་ཅན་བརྟགས་པའི་རྣལ་འབྱོར་པ་ལ་དཀྱིལ་འཁོར་ལ་སོགས་པ་ཅན་དང་པོར་གསུངས་ཏེ། བྲི་བའམ་ཡིད་ལ་བྱའོ། །དེ་ཐམས་ཅད་ལེགས་སམ། མི་ལེགས་ཀྱང་རུང་སྟེ་དེ་སྒོམ་པར་བྱེད་བཞིན་པ་ལ་རེ་ཞིག་གསལ་བར་འགྱུར་བ་ཡིན་གྱི། དེ་དེ་ཁོ་ན་ཉིད་ནི་མ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལྷག་མ་སྟེ། རལ་པས་བརྒྱན་ཞིང་འོད་དང་ལྡན། །ཕྲག་པར་སེ་རལ་དཀར་པོ་དང༌། །སྤྱི་བླུགས་ཐོགས་ཤིང་ཐལ་བ་ཡིས། །ར་རི་ཅན་དུ་སྤགས་པ་ཡང༌། །འདིར་ནི་གང་གང་ཡང་དང་ཡང༌། །རྨོངས་ཆེན་རྣམས་ཀྱིས་སྒོམ་བྱེད་པ། །དེ་དེའི་མདུན་དུ་སྣང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ལས་རབ་འབྱམས་ཡང་དཀྱིལ་འཁོར་ལ་སོགས་པ་ལྟར་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་རམ་


DTG021_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་དོགས་པ་ལ་གསུངས་པ་ལས་རབ་འབྱམས་དང་བཅས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་བཅོམ་ལྡན་འདས་ཀྱིས་སྣ་ཚོགས་པས་དུབ་པའི་བསྒྲུབ་བྱ་ལ། ལས་རབ་འབྱམས་དང་ལྡན་པའི་རྒྱུད་བསྟན་པ་ཡིན་གྱི། དེ་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །དགོངས་པས་ཀྱང་དངོས་པོ་དམ་པ་ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་ཅིང་མྱང་བར་བྱ་བའི་ཕྱིར་ཏེ། གང་ལས་ཤེ་ན། ལས་རབ་འབྱམས་སྒྲུབ་པའི་དོན་དུ་དེ་སྒོམ་པ་ལ་འཇུག་བཞིན་པ་ན། དེའི་སྒོ་ཁོ་ན་ནས་དེ་མངོན་པར་འདུ་བྱེད་པ་འཇིག་པར་བྱེད་པའི་ཕྱིར། རང་བཞིན་གྱི་དངོས་གྲུབ་ཆོས་ཀྱི་བདག་ཉིད་ཅན། མཆོག་གི་ནམ་མཁའི་རྣམ་པ་ཅན་ལྷན་ཅིག་སྐྱེས་པ་ལ་འཇུག་པར་བྱེད་དོ་ཞེས་པའི་དགོངས་པ་ཅན་ཏེ་དེ་ལྟ་བུའི་རྒྱུད་བསྟན་པ་དེ་ནི་དོན་མེད་པ་ཉིད་ནི་མ་ཡིན་ནོ། །སྒྲ་ཤེས་ཕྱིར་ཞེས་བྱ་བ་ལ་སོགས་པས་དཔེ་གསུངས་ཏེ། ཇི་ལྟར་ཕྱི་རོལ་པའི་དྲང་སྲོང་རྣམས་ཀྱིས། སྒྲ་ཙམ་ཤེས་པའི་སླད་དུ་དེའི་བསྟན་བཅོས་ཏེ་སྒྲའི་བསྟན་བཅོས་བྱེད་དེ། དེ་བྱེད་པ་ན་འགའ་ཞིག་གིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེ་ཁོ་ན་བཞིན་དུ་ལས་ཀྱི་རྗེས་སུ་འབྲངས་ནས་ཏེ། དེ་དང་མཐུན་པའི་ཁ་དོག་དང་དབྱིབས་བགྲང་བ་ན། རོལ་མོ་དང་གླུམ་ཁན་ལ་སོགས་པ་བཞིན་དུ་བྱེད་པ་ཡིན་ཏེ། རིགས་དང་དགེ་བའི་བཤེས་གཉེན་དང་སྔོན་གྱི་བསོད་ནམས་བསགས་པ་དང་ཡང་དག་པའི་སྨོན་ལམ་མེད་པས། མི་དེ་རྣམས་ཀྱིས་སྤྲོས་པ་མེད་པ་རྙེད་པར་མི་འགྱུར་རོ། །གང་ཞིག་རིགས་ལ་སོགས་པ་དང་ལྡན་པ་དེ་རྣམས་ཀྱིས་དེ་མངོན་སུམ་དུ་བྱེད་པར་འགྱུར་བ་ཁོ་ནའོ། །དེ་ཡང་གསུངས་པ། རྒྱ་ཆེའི་ཆོས་ནི་ཐོས་པ་དང༌། །བཤེས་གཉེན་བཟང་པོ་བསྟེན་པ་དང༌། །རིགས་ལས་ཀྱང་ནི་འཇུག་པ་སྟེ། །འདི་ལས་འགྱོད་མེད་བྱེད་པར་འགྱུར། །ཞེས་སོ། །དེ་ཁོ་ན་ཉིད་རྙེད་པར་མི་འགྱུར་བ་འབའ་ཞིག་མ་ཡིན་གྱི། ཇི་སྲིད་དུ་ལུས་ཉོན་མོངས་པའི་སྦྱོར་བ་ལས་རང་གི་སེམས་རྣམ་པར་བསྐྱོད་པའི་སྒོམ་པ་བྱེད་བཞིན་པ་ནི་བཅོས་མ་སྟེ་དེ་ཡང་ཐོབ་པར་མི་འགྱུར་རོ་ཞེས་པས་གཉི་ག་ཉམས་པའི་ཕྱིར་སྒྲུབ་པ་ནི་རྨོངས་ཤིང་ཆེར་རྨོངས་པ་ཉིད་ཐོབ་པར་འགྱུར་ཏེ། བདེ་བ་དང་ལྡན་པའི་སེམས་ནི་ཏིང་ངེ་འཛིན་དུ་འགྱུར་ལ། མཉམ་པར་གཞག་པའི་སེམས་ནི་ཇི་ལྟ་བ་ཁོང་དུ་ཆུད་པའི་ཤེས་རབ་ཏུ་


DTG021_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དཔལ་གསུང་པ་འདུས་པར་ཡང༌། །སྔགས་ཀྱི་སྐུ་ཡི་རབ་སྦྱོར་གྱིས། །བྱང་ཆུབ་མེད་ཅིང་སྒོམ་པ་མེད། །དེ་ལྟར་རྣམ་དཔྱད་མདོར་བསྡུས་ནས། །སྐུ་གསུང་ཐུགས་ཀྱི་རྣམ་པར་ནི། །བསྒོམ་བྱ་བྱང་ཆུབ་སྦྱོར་བ་ན། །ཏིང་ངེ་འཛིན་ནི་སྔགས་སུ་བརྟགས། །ཞེས་པ་ལ་སོགས་པའོ། །དོན་འདི་ཉིད་བཤད་པར་བྱ་བའི་ཕྱིར། །འབད་པས་ཉོན་མོངས་ལྡང་བ་སྟེ། །ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཁ་ཅིག་གིས་སྨྲས་པ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྟོགས་པ་ན་སངས་རྒྱས་ཉིད་རྟོགས་པར་འགྱུར་ཏེ། །སྟོང་པ་ཉིད་སྒོམ་པ་ལྟ་བུའོ། །དེ་གང་གི་ཕྱིར་ན་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱེད་པའི་རྟོག་པ་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་དེའི་རང་བཞིན་ཁོ་ནའོ་ཞེ་ན། བརྗོད་པར་བྱ་སྟེ། རྣམ་པར་མི་རྟོག་པ་ལས་སངས་རྒྱས་ཉིད་དོ་ཞེས་པ་དང༌། སྟོང་པ་ཉིད་ནི་དེ་ལྟ་བུའོ་ཞེས་པ་ནི་སྣང་བརྙན་གྱི་རང་བཞིན། གཟུགས་དང་ཆད་པའི་ཕྱོགས་ཏེ། ཕྱོགས་གཉི་ག་སྤངས་པ་ནི་སངས་རྒྱས་ཉིད་དོ་ཞེས་པ་དང་འགལ་པའོ། །ཡང་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པ་ལས་སྐྱེས་པའི་ལྷའི་སྐུ་དེ་བཞིན་གཤེགས་པར་ང་རྒྱལ་པའི་ཁྱད་པར་དུ་འཕགས་པའི་རྣམ་པར་རྟོག་པ་དང་བཅས་པ་ནི་སངས་རྒྱས་ཉིད་འཐོབ་པའི་རྒྱུར་འགྱུར་རོ་ཞེ་ན། དེ་སེལ་བའི་སླད་དུ། རྟོག་བཅས་ཀྱིས་ཀྱང་འགྱུར་མ་ཡིན། །ཞེས་གསུངས་ཏེ། འདི་ལྟར་རྣམ་པ་སྣ་ཚོགས་པའི་ཁྱད་པར་ལས་ཀྱང་སངས་རྒྱས་ཉིད་འབྱུང་བ་མ་ཡིན་ཏེ། ཁྱད་པར་དུ་འཕགས་པ་དང་ཁྱད་པར་དུ་འཕགས་པ་མ་ཡིན་པའི་རྣམ་པར་རྟོག་པ་ངག་ནི་བྱེ་བྲག་མེད་པར་འཁོར་ལོའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་གསུངས་པ། དགེའམ་མི་དགེ་ན་ཡང་རུང༌། །རྟོག་པར་བྱེ་བྲག་ཅི་ཞིག་ཡོད། །རྟེན་གྱི་དབྱེ་བའི་རྒྱུ་མཚན་གྱིས། །མེས་སྲེག་ཉིད་དུ་བྱེ་བྲག་མེད། །ཅེས་སོ། །འོ་ན་གང་ལས་དེར་འགྱུར་ཞེ་ན། ཤིན་ཏུ་རྣམ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ལས་འགྱུར་རོ། གང་གི་ཕྱིར་ན། ཕུང་པོ་ལ་སོགས་པ་འདི་རྣམས་རང་བཞིན་ཁོ་ན་ལས་བདེ་བ་ཆེན་པོའི་རྣམ་གྲངས་ལྷན་ཅིག་


DTG021_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེས་པ་རྣམས་པར་དག་པ་རྣམས་སོ། །དེའི་ཕྱིར་བྲལ་བའམ་སྦྱོར་བའི་ཆོས་འགའ་ཞིག་གིས་ནི་འདི་རྣམས་བྱེད་པར་ནུས་པ་མ་ཡིན་ནོ། །རྩིག་པ་ལ་སོགས་པ་རྣམས་ནམ་མཁའ་ལྟ་བུར་རང་བཞིན་ཡོངས་སུ་ཤེས་པ་ཁོ་ན་རྒྱུའི་གཙོ་བོ་དང༌། དེ་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ། །དེ་ཡང་སྟོན་པ་པོ་བླ་མ་ལ་རྩེ་གཅིག་པ་དང་དམ་ཚིག་ལ་ཚད་མར་བྱེད་པས་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་ཡོངས་སུ་ཤེས་པ་ཡང་ཡོངས་སུ་ཤེས་པར་བྱེད་པ་པོ་དོར་ནས་འགྱུར་བ་མ་ཡིན་གྱི། གཉིས་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་གཉིས་སུ་མེད་པར་འགྱུར་ཞེ་ན། བྱ་བ་དང་བྱེད་པའི་དངོས་པོ་སེལ་བར་བྱེད་པ། བྱ་བ་རང་བཞིན་ལས་ཡོང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་རྣམས་ཀྱི་འོད་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་དང་བྱེད་པ་པོ་རྣམས་སུ་རྟོགས་པར་དབྱེར་མེད་པའོ་ཞེས་པ་ལ་ཕྱོགས་གཉིས་སོ། །དང་པོ་བྱེད་པ་པོ་ཁོ་ན་ཡིན་ན་བྱ་བ་མི་འཐོབ་ལ། གཉིས་པ་ལ་བྱེད་པ་པོ་ཅི་ཞིག་ཡིན་ཏེ། བྱ་བ་དང་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་དེ་དག་གི་འབྲེལ་པ་ཡོད་པ་ན་ཡིན་ནོ་ཞེ་ན། དེའི་བདག་ཉིད་ཡིན་ན་ནི་དབྱེར་མེད་པའི་ཕྱིར་སྔར་བཤད་པའི་སྐྱོན་ནོ། དེ་ལས་བྱུང་བ་ཡིན་ན་ནི། བྱ་བ་སྐྱེས་པ་ན་བྱེད་པ་ཞིག་པའི་ཕྱིར་གང་གི་བྱ་བ་ཡིན། བྱེད་པ་པོ་དང་བཅས་པར་ཡང་ཇི་ལྟར་བརྗོད་དེ། དངོས་པོ་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་ན་སུ་ཞིག་གང་ལ་འབྲེལ་པ་ཡིན། རྒྱུན་ལ་གཞག་པའི་འབྲེལ་པ་ཡང་བརྟགས་པ་སྟེ། དངོས་པོ་པ་ནི་མ་ཡིན་ནོ། །དེའི་འདས་པ་ལ་སོགས་པ་ལ་ཡོད་པ་ཉིད་ཀྱི་ཕྱིར་ཏེ། ཤེས་བྱ་ལས་སྔར་གལ་ཏེ་ཤེས། །དེ་ནི་ཅི་ལ་དམིགས་ནས་བྱུང༌། །ཤེས་ལས་གལ་ཏེ་ཤེས་བྱ་སྔ། །དེ་ནི་ཅི་ལ་དམིགས་ནས་བྱུང༌། །ཤེས་དང་ཤེས་བྱས་ལྷན་ཅིག་ན། །དེ་ནི་ཅི་ལ་དམིག་སྣས་བྱུང༌། །ཞེས་གསུངས་པའི་ཕྱིར་རོ། །བྱ་བ་དང་བྱེད་པའི་དངོས་པོར་གཞག་པ་ཡང་འབྲེལ་པར་བརྗོད་པར་མི་བྱ་སྟེ། རྒྱུ་དང་འབྲས་བུ་དག་ནི་ཕན་ཚུན་ལྟོས་པ་ཉིད་ལས་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་བྱེད་པ་པོ་དང་བྱ་བའི་དངོས་ལས་འདས་པ་འདི་དག་ཐམས་ཅད་ཡིན་ཏེ། ཤེས་པ་པོ་དང་ཤེས་པ་ཐ་དད་པ་མེད་པས་གཉིས་སུ་


DTG021_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པའི་དེ་ཁོ་ན་ཉིད་འགྲུབ་པ་ཁོ་ནའོ། །དེ་ཡང་ཀུན་རྫོབ་ཏུ་བརྗོད་པ་ཡིན་ཏེ། །རང་བཞིན་གསལ་བའི་ཡེ་ཤེས་ཀྱང་དེ་ཉིད་དུ་ནུབ་པའི་ཕྱིར་རོ། །དཔེར་ན་མར་ཁུ་དང་ཐལ་བས་དྲི་མ་མེད་པར་བྱས་པའི་མེ་ལོང་ལ། དབུགས་ཐིམ་པ་དང་བསྲེག་པར་བྱ་བ་མེད་པས། མེ་ལ་འབར་བའི་ཚོགས་ཐིམ་པ་ལྟ་བུའོ། །བྱེད་པ་པོ་དང་བྱ་བ་ཐ་མི་དད་པའི་སྦྱོར་བ་ནི་གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེའི་བདག་ཉིད་དེ་བུ་རམ་དང་མངར་བ་ལྟ་བུའོ། །བྱ་བའང་བྱེད་པ་པོ་ལས་ཐ་མི་དད་པས་ལོགས་སུ་བྱ་བ་མེད་པ་སྟེ། རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གང་ལས་ཐ་དད་པ་དེ་ནི་དེའི་བདག་ཉིད་མ་ཡིན་ཏེ། བུམ་པ་ལས་སྣམ་བུ་ལྟ་བུའོ། །བྱ་བའང་བྱེད་པ་པོ་ལས་ཐ་དད་ན། །དེ་ནི་བྱ་བ་མ་ཡིན་ཏེ། འགལ་བ་དམིགས་པ་འམ་རྒྱ་འགལ་བ་དམིགས་པའོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་ཞེ་ན། ཀུན་གྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི། ཐོག་མ་ལས་མ་སྐྱེས་པའི་ངོ་བོ་ཡི་གེ་ཨ་སྤྲུལ་པའི་འཁོར་ལོ་ལ་གནས་པ་རང་བཞིན་གྱིས་གྲུབ་པ་སྟེ། ཆོས་ཀྱི་སྐུ་ནི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེའི་དཔེ་ནི་རིན་པོ་ཆེ་རྣམས་ཀྱི་འབྱུང་གནས་རྒྱ་མཚོ་ལྟ་བུའོ། །གྲུབ་མཐའ་བཤད་པར་བྱ་བའི་ཕྱིར། །རྟག་ཏུ་འཇིག་རྟེན་ཐ་སྙད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་འཇིག་རྟེན་ནི་གཞན་གྱི་དཔེས་བདག་ལ་སོགས་པ་ཡོད་པའི་ཐ་སྙད་དང༌། འཇིག་རྟེན་ལས་འདས་པ་ནི་རང་གི་སྡེ་བ་སྟེ། དེ་ནི་འགལ་བ་ནི། བདག་ལ་སོགས་པ་མེད་པའི་ཐ་སྙད་དེ། ཕྱོགས་འཛིན་པ་འདི་དག་གི་འཁོར་བའི་རྒྱུ་ཁོ་ན་ཡིན་ནོ། །འོ་ན་གྲུབ་པའི་མཐའ་ཇི་ལྟ་བུ་ཡིན་ཞེ་ན། ཡོད་པའམ་མེད་པ་ཉིད་ཀྱི་ཡང༌། །ཞེས་བྱ་བ་ལ་སོགས་པ་ལ། བསྟན་པ་ཐམས་ཅད་ལ་གྲགས་པའི་ཡོད་པ་དང༌། མེད་པ་ལྟ་བ་དག་ཚད་མའི་སྟོབས་ཀྱིས་འགྲུབ་པ་སྟེ། དེ་དག་གི་རང་བཞིན་ཇི་ལྟར་མི་དམིགས་པ་དེ་ལྟར་གྲུབ་པའི་མཐའ་ཡིན་ནོ། །དེ་ཅིའི་ཕྱིར་ཚད་མ་ཁོ་ན་མ་གྲུབ་པས་དེའི་གྲུབ་པའི་ལྟ་བ་གང་ལས་འབྱུང༌། གཞལ་བྱ་མེད་པས་དེ་མ་གྲུབ་པ་དང་ཚད་མ་གཞལ་བྱ་དག་ཕན་ཚུན་


DTG021_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟོས་པའི་ཕྱིར་རོ། །དེ་བས་ན་ཕྱོགས་གང་ལ་ཡང་མི་གནས་པ་གྲུབ་པའི་མཐའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། །རང་བཞིན་ཉིད་ཀྱི་སྦྱོར་བ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་གཉིས་ལ་མ་ཞེ་ན་པ་ཡོངས་སུ་ཤེས་པ་འདིས་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་བས་ན་རང་བཞིན་ཡོངས་སུ་ཤེས་པས་ལྷན་ཅིག་སྐྱེས་བ་རྟོགས་པ་ཡིན་ཏེ། དེ་ཉིད་ལམ་ཡིན་པས་མཐོང་པ་དང་སྒོམ་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་རང་བཞིན་གྱི་ལམ་ལ་བརྟེན་ནས་ཐམས་ཅད་བྱེད་པ་ནི། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའམ། འཇིག་རྟེན་ལ་འགལ་བའི་བཟའ་བ་ལ་སོགས་པའམ། སྤྱོད་ལམ་བཞིའམ། འགྲོ་བའི་དོན་དུ་བྱེད་ན་གྲོལ་བ་ནི་ལྟ་བ་ཐམས་ཅད་ཀྱི་བཅིངས་པ་ལས་གྲོལ་བར་འགྱུར་རོ། །དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ། གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པ་བསྟན་པ་དང་པོའི་རྒྱས་པར་བཤད་པའོ།། །།

གཉིས་པའི་རྒྱས་པར་བཤད་པ།


DTG021_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གང་ཡང་རུང་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བསྟན་པ་དང་པོ་འདས་མ་ཐག་པ་ལའོ། །གཟུགས་ཅན་རྣམས་ནི་རྣམ་པ་བཞིའི་སེམས་ཅན་གྱི་རིགས་གནས་དགུའི་བདག་ཉིད་ཀྱི་འཁོར་བ་ལ་གནས་པ་གང་ཡིན་པ་དེའི་ལུས་ཁོ་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་རྒྱུད་ཀྱི་ནང་ནས་སྟོན་པ་སྟེ། དེ་ཉིད་ལྷའི་མཚན་ཉིད་ནི་དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་དུ་བཤད་པར་བྱའོ། །དེ་གང་གི་ཕྱིར་བསྐྱེད་པའི་རིམ་པ་ལ་གཏོགས་པའི་ལྷ་ནི་དོན་དམ་པའི་ལྷ་མ་ཡིན་ཏེ་བཅོས་མའི་ཕྱིར་རོ། །གང་ཞིག་རང་བཞིན་དུ་བདེ་བ་ཆེན་པོའི་ངོ་བོ་དེ་ཁོ་ན་ལྷ་ཡིན་ཏེ། རིན་ཆེན་འབྱུང་ལྡན་དང༌། ངག་གི་དབང་ཕྱུག་གི་རང་བཞིན་ལས་འབྱུང་ཞིང་རོལ་པའི་ཕྱིར་རོ། །འདིར་ནི་རེ་ཞིག་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་དང༌། རྣམ་པར་བྲལ་བ་དང༌། བདག་འདི་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་དང་རིགས་མི་མཐུན་པའི་ཡིད་བྱེད་པ་རྨོངས་པ་དང༌། འགྲོ་བ་དང་འོང་པར་བྱ་བའི་རང་བཞིན་གྱི་སྣང་བ་མཐའ་ཡས་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། རྣམ་པར་སྣང་མཛད་དང༌། དོན་ཡོང་གྲུབ་པའི་རང་བཞིན་ལ་རྗེས་སུ་ཞུགས་པས་ལྷན་ཅིག་སྐྱེས་པའི་བདེ་བ་དང་ལྡན་


DTG021_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང༌། རྡོ་རྗེ་འཆང་ཆེན་པོ་དང་ཆོས་ཀྱི་དབང་ཕྱུག་མའི་རང་བཞིན་གྱི་ཕ་དང་མ་དག་གི་སྤྲུལ་པ་བདག་ཡིན་ཏེ། གང་ཞིག་བདག་གི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དེ་ཉིད་རྒྱལ་བ་རྣམས་དང༌། གང་ཞིག་བདག་གི་མིག་ལ་སོགས་པ་དང༌། ས་ལ་སོགས་པའི་ཁམས་ཏེ། དེ་དག་གཏི་མུག་ལ་སོགས་པའི་འཁོར་ལོས་སྒྱུར་པ་དྲུག་དང༌། ལྟུང་བྱེད་མ་ལ་སོགས་པའི་རིགས་ཀྱི་ལྷ་མོ་རྣམས་སོ། །མེར་མེར་པོ་ལ་སོགས་པའི་གནས་སྐབས་ལས་བཅུའི་རང་བཞིན་གྱི་ཟླ་བ་བཅུ་པའི་བར་དུ། དེ་དག་གི་པདྨ་དང་རྡོ་རྗེའི་བུམ་པར་ཡེ་ཤེས་ཆུ་ཡིས་བདག་གི་སྤྱི་བོར་དབང་བསྐུར་བ་དང༌། པའི་ཐིག་ལེ་ལྔའི་ཅོད་པན་དང༌། དེ་དག་གི་རྒྱལ་མཚན་དང༌། མཆོག་གི་ཡན་ལག་ཡང་དག་པར་སྦྱོར་བས་རྡོ་རྗེ་དང་དྲིལ་བུའི་དབང་བསྐུར་བ་ཐོབ་པ་དང༌། དེ་བཞིན་ཉིད་ཀྱི་སྙིང་པོ་ལ་འགྲོ་བའི་ཕྱིར། དེ་བཞིན་གཤེགས་པའི་མིང་ཐོབ་པ་དང༌། དེའི་རྗེས་ལ་མངལ་གྱི་ཆོས་གོས་གོན་པའི་ཕྱིར། བརྟུལ་ཞུགས་ཐོབ་པ་དང༌། དབུགས་དབྱུང་དྲུག་དང་ལྡན་པས་ལུང་བསྟན་པ་དང༌། དབུགས་དབྱུང་བ་ཐོབ་པ་དང༌། ཕའི་སྙོམས་པར་ཞུགས་པ་བཞིན་དུ། དེ་ལ་བཞུགས་པ་ལས་མི་ལྡོག་པའི་ཕྱིར། ཕྱིར་མི་ལྡོག་པའི་དབང་ཐོབ་པ་དང༌། བྱང་ཆུབ་ཀྱི་སེམས་བཟའ་བ་དང༌། མཚོ་སྐྱེས་ཀྱི་ནང་ན་གནས་པའི་ཕྱིར། གསང་བ་དང་ཤེས་རབ་ཀྱི་དབང་ཐོབ་པ་དག་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ནོ། །དེ་པས་ན་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་དུ་བདག་དང་ཇི་ལྟར་ཁམས་གསུམ་པ་ཡང་དེའི་རང་བཞིན་ཏེ། ཕུན་སུམ་ཚོགས་པ་འདྲ་བའི་ཕྱིར་རོ། །གང་ཞིག་ཕུན་སུམ་ཚོགས་པ་ལ་བརྟེན་པ་དེ་ནི་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དག་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་དང༌། བདག་དང་རང་བཞིན་གྱིས་དག་པ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་རང་བཞིན་གྱིས་གྲུབ་པའི་རིམ་པ་རྣམ་པར་དཔྱད་ནས། ལུས་པོ་འདི་ཉིད་དེ་བཞིན་གཤེགས་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཟུགས་ནི་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་


DTG021_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་ཉིད་རྣམ་པར་མཛེས་པའི་ཕྱིར་རྣམ་པར་སྣང་མཛད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཏེ། རྣམ་པ་དང་བཅས་པའི་ཕྱི་རོལ་གྱི་སྐུ་དཀར་པོ་ཅན་ནི་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ནི་བདེ་བ་ལ་སོགས་པ་དང་ཐ་མི་དད་པའི་ངོ་བོ་རང་བྱུང་གི་ཆ་གང་ཡིན་པ་དེ་ཉིད་རྡོ་རྗེ་ཉི་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་རིན་ཆེན་འབྱུང་ལྡན་ཏེ། རྣམ་པ་དང་བཅས་པའི་སྐུ་སེར་པོ་ནི་མ་ཡིན་ནོ། །དེ་བཞིན་དུ་འདུ་ཤེས་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བ་ནི། པདྨའི་ནང་ན་གར་དབང་འདྲ་བའི་བྱེད་པའི་དེ་ཉིད་དུ་དབང་བྱེད་པས་ན་པདྨ་གར་གྱི་དབང་ཕྱུག་སྟེ། གང་ཞིག་དགེ་བ་ལ་སོགས་པ་འདི་རྣམས་འདུ་བྱེད་ཅིང་ཆ་གཉིས་པོ་བསྐུལ་བ་ལས་སྐྱེས་པའི་སེམས་ཅན་གྱི་སྤྲུལ་པ་སྣ་ཚོགས་པ་དེ་ཉིད་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དབུས་སུ་གསལ་བའི་ཕྱིར་རྡོ་རྗེ་རྒྱལ་པོའོ། །དགའ་བྲལ་གྱི་མཐར་རྟ་མཆོག་སྟེ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་གྱི་སྔོ་བསངས་ནི་མ་ཡིན་ནོ། །གང་རྣམ་པར་ཤེས་པའི་དངོས་པོ་འདི་རྣམས་ཡོངས་སུ་གཅོད་པར་བྱེད་པ་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་སེམས་དཔའ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ། སྙིང་སྟོབས་དང་རྡུལ་གྱི་ཆ་གཉིས་པོ་རོ་མཉམ་པར་བྱེད་པའི་མཚན་ཉིད་མི་བསྐྱོད་པ་དང་ཐུགས་ཀྱི་རྡོ་རྗེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་གྱི་ཕྱི་རོལ་གྱི་ཁ་དོག་སྔོན་པོ་ནི་མ་ཡིན་ནོ། །དེ་བཞིན་དུ་སྔར་གསུངས་པའི་ལྔ་པོ་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་བདག་ཉིད་ཅན་ཏེ། འདིའི་ཡོད་པའོ་ཞེས་པས་ཐམས་ཅད་ཀྱི་གཟུགས་ཅན་ཁྱབ་པ་བྱེད་པ་པོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་གང་ཡིན་པ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྟེ། ཆོས་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་ཏུ་ཤེས་པར་བྱའོ་ཞེས་པ་ནི་ལྷག་མའོ། །དཔལ་གསང་བ་འདུས་པར་ཡང་གསུངས་པ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་དང༌། དགོངས་པ་ལུང་བསྟན་པར་ཡང༌། །ཕུང་པོ་ཁོ་ན་རྫོགས་སངས་རྒྱས། །བྱང་ཆུབ་དོན་ཕྱིར་རྐྱེན་དུ་འབྱུང༌། །དེ་བཞིན་གཤེགས་པ་བརྗོད་དེ་རྣམས། །གཉིས་མེད་དེ་བཞིན་ཉིད་དུ་སྤྱོར། །ཞེས་སོ། །ཟླ་གསང་ཐིག་ལེར་ཡང༌། འགྲོ་བ་འདི་ཀུན་


DTG021_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ལྔ་བདག་ཉིད། །ལྷ་ཡི་ཟློས་གར་མཆོག་ཏུ་བཀྲ་བ་ལྟོས། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་སྟེ། །གཅིག་པུ་དུ་མའི་ཉམས་ཀྱིས་གར་མཛད་དོ། །ཞེས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། མི་བསྐྱོད་ཉིད་ནི་འགྲོ་ཞེས་བྱ། །འདོད་ཆགས་ཐམས་ཅད་རྣམ་པར་སྤངས། །རྟག་པ་ཡི་ནི་ཁྲིར་གསུངས་ཏེ། །རྡོར་མཚན་རྡོ་རྗེ་ཅན་བྱེ་བ། །དཔག་མེད་ཚེ་དཔག་མེད་པར་བཤད། །ནམ་མཁའ་ཇི་སྲིད་བདུན་གྱི་རྒྱལ། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཁ་སྦྱོར་དུ་ཡང༌། མ་ལས་སྐྱེས་པ་གསུམ་དང་ནི། །ཕ་ལས་སྐྱེས་པའི་ཆ་གསུམ་ཉིད། །ལུས་ཀྱི་ཆ་དྲུག་འདི་རྣམས་ནི། །དེ་བཞིན་གཤེགས་པའི་ལུས་ཅན་དྲུག །ཅེས་པ་ལ་སོགས་པའོ། །སྐྱེ་མཆེད་རྣམས་དཔའ་བོ་རྣམས་སུ་སྦྱར་བའི་ཕྱིར། མིག་ལ་གཏི་མུག་རྡོ་རྗེར་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གཉིས་པོ་གཏི་མུག་རྡོ་རྗེ་སྟེ། གཟུགས་ཀྱི་ཡུལ་ལ་སྲེད་པ་མེད་པ་ཉིད་ཀྱིས་དེ་སྡུད་པའི་ཕྱིར་ན་ཡུལ་གཞན་ལ་རབ་ཏུ་འཇུག་པ་ནི་གཏི་མུག་སྟེ། འོད་གསལ་བའོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ། སྐུའི་འཁོར་ལོ་ལས་སྟོབས་པོ་ཆེར་བཤད་པའོ། །རྣ་བའི་དབང་པོ་ནི་ཞེ་སྡང་རྡོ་རྗེ་སྟེ་ཐུགས་ཀྱི་འཁོར་ལོ་ལས་ཁཎྜ་ཀ་པཱ་ལའོ། །སྒྲ་འཛིན་པ་ན་རོ་གཅིག་པ་ཉིད་ཀྱི་ཕྱིར་ན་རྣམ་པར་རྟོག་པ་གཞན་ལ་སྡང་བའི་ཕྱིར་རོ། །སྣའི་དབང་པོ་ནི་ཕྲག་དོག་རྡོ་རྗེ་སྟེ་གསུང་གི་འཁོར་ལོ་ལས་མིག་མི་བཟང་ངོ༌། །འདི་ཉིད་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱིས་དྲི་ཐམས་ཅད་ཉེ་བར་ཟ་བ་པོ་གཞན་ཅུང་ཟད་ཀྱང་མེད་དེ་ཁྱབ་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ། །ཁ་ལ་ནི། ཁ་ལ་གནས་པའི་ལྕེའི་དབང་པོ་ནི་ཆགས་པའི་རྡོ་རྗེ་སྟེ། གསུང་གི་འཁོར་ལོ་ལས། དང་པོ་མྱུ་གུ་ཅན་ནོ། །རེག་པ་ལུས་ཀྱི་དབང་པོ་ནི་སེར་སྣ་རྡོ་རྗེ་འཁོར་ལོའི་མཐའ་ལས་རྡོ་རྗེ་སེམས་དཔའོ། །དབང་པོ་ཐམས་ཅད་ཀྱི་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་ན་ཕྱག་རྒྱ་མ་ཐམས་ཅད་ཀྱི་པདྨ་རེག་པའི་བདེ་བའི་རང་བཞིན་ཁོ་ན་མྱོང་ཞིང་གཞན་དུ་མ་ཡིན་པས་ན་སེར་སྣའོ། །སྐྱེ་མཆེད་ཐམས་ཅད་ནི་ཡིད་ཀྱི་དབང་པོ་ཧེ་རུ་ཀ་སྟེ་ཐུགས་ཀྱི་འཁོར་ལོའི་མཐའ་ལས་རྡོ་རྗེའི་ལུས་སོ། །དབང་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་དུ་ཤེས་པར་བྱ་སྟེ།


DTG021_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོས་སྒྱུར་བ་དྲུག་པའོ་ཞེས་ཁ་ཅིག་སྟེ། ཡང་ན་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་སྒྲིབ་པ་རྣམ་པར་སེལ་བ་དང་དཔལ་ལྡན་ཀུན་དུ་བཟང་པོ་སྟེ་འདི་རྣམས་མིག་ལ་སོགས་པའི་འདུ་ཤེས་དེ་རྣམས་ལའོ་ཞེས་གསུངས་པའི་ཕྱིར་རོ། །གཙོ་བོས་ནི་བདེ་བ་ཆེན་པོས་ཕུག་པ་ཉིད་ཀྱི་ཕྱིར་འདི་རྣམས་ནི་དཔའ་བོའི་ཟོལ་གྱིས་རྙེད་པར་འགྱུར་གྱི། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ནི་མ་ཡིན་ཏེ། བརྟག་པ་ཉིད་ཡིན་པའི་ཕྱིར་རོ། །དཔལ་གསང་བ་འདུས་པར་ཡང༌། །རྡོ་རྗེའི་སྐྱེ་མཆེད་ཉིད་ཀྱང་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པའི་ཚུལ་གྱིས་སོ། །ལྟུང་བྱེད་མ་ཞེས་བྱ་བ་ལ་སོགས་པས་ཁམས་ཀྱི་དེ་ཁོ་ན་ཉིད་གསུངས་ཏེ། གང་འདིར་སའི་ཁམས་ནི་རུས་པ་དང་ཤལ་སོགས་པའམ། སྤྲུལ་པའི་འཁོར་ལོའམ། སྙོམས་པར་ཞུགས་པའི་དུས་སུ་སྲ་བའི་རིག་པ་གང་ཡིན་པ་སྟེ་དེ་ནི་ལྟུང་བྱེད་མ་དང་མཁའ་འགྲོ་མའོ། །དེར་མངོན་པར་ཞེན་པའི་རྣམ་པར་རྟོགས་པ་བཅོམ་པ་སྟོང་པ་ཉིད་དང༌། དགའ་བ་དང༌། བྱམས་པ་དང༌། ཐབས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །གང་འདིར་ཆུའི་ཁམས་ནི་ཆུ་དང་ཁྲག་ལ་སོགས་པའམ། ཆོས་ཀྱི་འཁོར་ལོའམ། སྙོམས་པར་འཇུག་པའི་དུས་སུ་གཤེར་པ་ལ་རེག་པ་སྟེ་དེ་ནི་གསོད་བྱེད་མ་དང་ལཱ་མའོ། །དེར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ཟད་པར་བྱེད་པ་མཚན་མ་མེད་པ་དང༌། མཆོག་དགའ་དང༌། སྙིང་རྗེ་དང༌། སྨོན་ལམ་གྱི་རང་བཞིན་དུ་ཤེས་པར་བྱའོ། །གང་འདིར་མེའི་ཁམས་ནི་ལུས་རྣམས་ལ་དྲོ་བའམ། ལོངས་སྤྱོད་རྫོགས་པའི་འཁོར་ལོ་འམ། སྙོམས་པར་འཇུག་པའི་དུས་སུ་མེའི་རིག་པ་སྟེ་ཡེ་ཤེས་ཀྱི་མེ་འབར་བ་དེ་ནི་འགུགས་བྱེད་མ་དང་དུམ་སྐྱེས་མའོ། །དེར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་འཇོམས་པར་བྱེད་པ་སྨོན་པ་མེད་པ་དང༌། དགའ་བྲལ་དང༌། དགའ་བ་དང༌། སྟོབས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་གང་འདིར་རླུང་གི་ཁམས་ནི་འགྲོ་བ་དང་འོང་བ་དང་བསྐུམ་པ་དང་བརྐྱང་བའི་མཚན་ཉིད་དམ་བདེ་བ་ཆེན་པོའི་འཁོར་ལོའམ། སྙོམས་པར་འཇུག་པ་ན་སྤྲོ་བ་སྟེ། གནས་པའམ། རྒྱུ་བ་དང་འདུག་པ་དང༌། ལངས་


DTG021_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའམ། ཉིན་དང་མཚན་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རྒྱུ་བའང་རུང་སྟེ། དེར་ནི་གར་གྱི་དབང་ཕྱུག་མ་ཡན་ལག་ཐམས་ཅད་ཀྱི་གར་གྱི་བསྒྲུབ་པར་བྱ་བའི་ཕྲིན་ལས་ཀྱི་དབང་ཕྱུག་མ་གཟུགས་ཅན་མ་སྟེ། མངོན་པར་འདུས་མ་བྱས་པ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། བཏང་སྙོམས་དང༌། ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །འདི་རྣམས་ཉིད་ལས་དང༌། ཆོས་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་སྟེ། དེ་རྣམས་ཨེ་བཾ་མ་ཡཱའི་བརྡས་བསྟན་པ་ཡིན་ནོ། །ཡང་གསུངས་པ། ས་ནི་སྤྱན་མར་བརྗོད་པ་སྟེ། ཆུ་ཁམས་གསོང་བྱེད་མ་རུ་དྲན། །མེ་ནི་གོས་དཀར་མོ་ཡིན་ཏེ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །ཞེས་པ་དང༌། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་ཡང༌། ཨེ་ཡིག་སར་ནི་ཤེས་བྱ་སྟེ། །ལས་ཀྱི་ཕྱག་རྒྱ་སྤྱན་མའོ། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། ཀྱེའི་རྡོ་རྗེ་ལས། བོལླ་ཀཀྐོ་ལ་སྦྱོར་བས། ས་ནི་དེ་ལ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའི་ཁམས་ནི་རྩ་ཐམས་ཅད་ཀྱི་བུག་པའམ། དབང་པོའི་སྒོ་རྣམས་ཀྱི་བུག་པའམ། བ་སྤུའི་བུ་གའི་ནམ་མཁའ་ཡང་རུང་སྟེ། དེ་ནི་པདྨའི་དྲ་བ་ཅན་མ་ཞེས་བྱ་བ་ཕམ་མོའོ། །པདྨའི་རྩ་འདྲ་བའི་རྗེ་མོ་སྟེ། དེ་ནི་ཆགས་པའི་འདམ་གྱིས་མ་གོས་པ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་གྲོལ་བ། སྔར་བཤད་པའི་ཁམས་བཞི་པོ་ལ་ཁྱབ་པ་མོར་རྣམ་པར་ཤེས་པར་བྱའོ། །ཡང་གསུངས་པ། ནམ་མཁའི་ཁམས་ཀྱི་གཟུགས་སུ་གནས། །དེ་ཉིད་མཁའ་སྤྱོད་མ་རུ་དྲན། །ཞེས་སོ། །རྡོ་རྗེ་ཁུར་དུ་ཡང༌། ཁམས་རྣམས་ཀུན་གྱི་དབུས་སུ་གནས། །ཞེས་གསུངས་པ་དང༌། ནམ་མཁའི་གཅིག་པུའི་རང་བཞིན་གྱིས། །ཐུབ་པ་ཆེན་པོ་འདིར་བཞུགས་སོ། །ཞེས་དགོངས་པ་ལུང་སྟོན་པ་ལས་གསུངས་པ་ལས་སོ། །འདི་ལྟར་ཞེས་པ་ལ་སོགས་པས་ཉེ་བར་བསྡུ་བ་གསུངས་ཏེ། ཚུལ་འདིས་ཁམས་གསུམ་ན་གནས་པའི་ལུས་ཅན་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པའི་ལུས་ནི་ལྷའི་བདག་ཉིད་ཅན་དུ་རྣམ་པར་ཤེས་པར་བྱ་བ་ཡིན་གྱི་ཕྱི་རོལ་གྱི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ན། ཕུང་པོའི་ཟ་མ་ཏོག་གི་ནང་དུ་སོན་པའི་བདེ་


DTG021_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང་སྡུག་བསྔལ་དང༌། ཉོན་མོངས་པ་དང༌། ལས་དང༌། སྐྱེ་བ་དང༌། འཇིག་པ་ལ་སོགས་པ་གང་ཡིན་པ་འདི་རྣམས་ཐམས་ཅད་དུ་དེ་དང་དབྱེར་མེད་པའི་ཕྱིར་ལྷའི་བདག་ཉིད་ཅན་ཁོ་ནའོ། །འཁོར་བ་གང་ཡིན་པ་འདི་ཉིད་མྱ་ངན་ལས་འདས་པ་ཡང་དེ་ཁོ་ན་ཡིན་ཏེ། དེ་དག་གི་དབྱེ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པར་བསྟན་པ་གཉིས་པའི་རྒྱས་པར་བཤད་པའོ།། །།

གསུམ་པའི་རྒྱས་པར་བཤད་པ།


DTG021_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་ཅན་ཐམས་ཅད་ཀྱི་ལུས་ནི་རེ་ཞིག་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ནོ་ཞེས་ལེའུ་གཉིས་པས་རྟོགས་པར་བྱས་བདེ་རྣམས་ཀྱི་གང་ལས་འཇུག་པ་དང་འབྱུང་བར་གྱུར་པ་དེ་རྣམས་ཀྱི་ཐ་མ་དང༌། འབྲིང་དང༌། མཆོག་གི་དབྱེ་བས་སྒོ་རྣམས་རྟོགས་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པ་ལ་འཇུག་སྟེ། དེའི་དོན་ནི་གོ་སླའོ། །ཀ་བ་གཅིག་ཅེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་པ་གསུངས་ཏེ། གང་འདི་རྣམས་ཐམས་ཅད་ལྷའི་སྐུ་ཅན་ཏེ། དེར་ཀ་བ་གཅིག་ནི་སྒྲས་ཚིགས་ཀྱི་སྒྲས་བརྗོད་པར་བྱ་བ་རྒྱབ་ཀྱི་ཕྱོགས་སུ། བཤང་ལམ་དང༌། ལྟག་པ་དག་གི་བར་ལས་བརྩམས་ཏེ། དེ་ཇི་སིད་དུ་ཨ་རྦུ་དའི་མཐིལ་དུ་ཁྱབ་པར་གནས་པ་ཀ་བ་ལྟ་བུའོ། །གང་གི་གཡོན་དང་གཡས་ཀྱི་ལོགས་དག་ཏུ་དཔའ་བོ་ཉི་ཤུ་རྩ་བཞི་ལྟ་བུ་དང༌། ལོགས་སུ་གནས་པའི་ཐིགས་པ་དཔའ་བོ་རྣལ་འབྱོར་མའི་རང་བཞིན། འཁོར་ལོ་གསུམ་གྱིས་བསྡུས་པར་རིག་པར་བྱ་སྟེ། གང་དུ་དེ་རྣམས་ཀྱི་དབུས་སུ་འཇུག་བཞིན་པ་དེའི་རྟེན་གྱི་དབྱུག་པས་འོག་དང༌། ལྷའི་གནས་སུ་ཧེ་རུ་ཀའི་རང་བཞིན་གྱི་ཀེང་རུས་ཆེན་མོའི་ཟོལ་གྱིས་ཕྱེ་བ་དེ་ལྟ་བུ་གང་གི་ཡིན་པ་ནི་ཀ་བ་གཅིག་པའོ། །ཁ་སྦྱོར་དུ་ཡང་གསུངས་པ། ལོགས་ཀྱི་རྩིབ་མ་བཅུ་གཉིས་དག །ཉིས་འགྱུར་དུ་ནི་གྱུར་པ་ལས། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །ཀུན་ནས་ཡོངས་སུ་བསྐོར་བའོ། །སྦལ་ཚིགས་དབྱུག་པའི་རྣམ་པ་འདི། །མཆོག་གི་ཧེ་རུ་ཀ་ཡི་རྟེན། །ཕུང་པོ་ཁམས་སོགས་སངས་རྒྱས་ཀྱིས། །ཀ་བཞེས་ནི་མངོན་བརྗོད་བྱ། །ཞེས་པ་དང༌། དཔལ་རྡོ་རྗེ་མཁའ་འགྲོར་ཡང༌། །


DTG021_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་ཀ་བ་ཆེན་པོ་ཡིས། །རོལ་པའི་ཁྱིམ་ནི་གཟུང་བྱ་བ། །དེ་བཞིན་སྒོ་དགུ་ཅན་གྱི་ལུས། །སྒལ་ཚིགས་ཉིད་ཀྱིས་གཟུང་བར་བྱ། །ཞེས་སོ། །ཡང་ན་ཀ་བ་གཅིག་ལྟ་བུའི་ཀ་བ་སྟེ་ཨ་བ་དྷཱུ་ཏཱིའོ། །རྩ་ཐམས་ཅད་ཀྱི་འཁོར་ལོ་འཛིན་པ་ལ་འདི་རྣམས་ནི་བརྗོད་པ་ཁོ་ན་ལས་རྩ་རྣམས་ཀྱི་དབུས་སུ་ཀ་བ་གཅིག་སྟེ། ལྟེ་བའི་དབུས་ན་འཁོར་ལོ་ཆེ། །སྐུད་པ་བཅུ་དྲུག་དང་ལྡན་པ། །ཁ་སྦྱོར་བྱེད་པའི་སྦྱོར་བ་ཡིས། །ཡི་གེ་ཨ་དང་ཡང་དག་ལྡན། །ཐམས་ཅད་བཞི་ཡི་ངོ་བོ་ཉིད། །དེ་ཡི་དབུས་སུ་གནས་པ་གང༌། །ཀ་བར་གྱུར་པ་རྒྱལ་མོ་ཆེ། །དེ་ནི་ཨ་བ་དྷཱུ་ཏཱིར་བསྒྲགས། །ཞེས་བྱ་བ་འབྱུང་ངོ༌། །འཁོར་ལོ་ཆེན་པོར་ཀ་བ་བཅུ་དྲུག་གིས་སྤྲས་པའོ། །ཨ་ཡིག་དང་ཡང་དག་པར་སྦྱོར་བ་ཁ་སྦྱོར་གྱི་སྦྱོར་བ་ལས་ཐམས་ཅད་ཀྱི་རྟེན་གྱི་རང་བཞིན་གྱིས་དེར་དབུས་སུ་རྣམ་པར་གནས་པ་ཡིན་ནོ། །ཀ་བར་གྱུར་པ་རྣམས་ཀྱི་རྒྱལ་པོ་ཆེན་མོ་དེ་ནི་ཨ་བ་དྷཱུ་ཏཱིར་རབ་ཏུ་བསྒྲགས་སོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། རྒྱུན་དགུ་ཞེས་བྱ་བ་ལ་སོགས་པས། སྒོ་དགུ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་རྒྱས་པར་བཤད་པ་གསུངས་ཏེ། རྒྱུན་དགུ་རྣམས་ནི་མིག་གཉིས་དང༌། རྣ་བ་གཉིས་དང༌། སྣ་གཉིས་དང༌། ཁ་དང༌། གསང་བ་དང༌། བཤད་ལམ་དུ་བརྗོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རེ་རེ་ལ་ཡང་སྒོ་རྣམ་པ་དགུར་རབ་ཏུ་བསྒྲགས་ཏེ། དེ་ལྟར་མིག་གི་དབང་པོ་ནི་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། གཉི་གའི་སེམས་ལས་བྱུང་བའི་ཆོས་དང་ལྡན་པ་ཉིད་ལ་ས་དགུར་རབ་ཏུ་དབྱེ་སྟེ། དེ་ལྟར་གཞན་ལ་ཡང་རྟོགས་པར་བྱའོ། །དེ་རྣམས་ཀྱང་སངས་རྒྱས་ལྔ་དང་རྣལ་འབྱོར་མ་བཞིའི་རང་བཞིན་ཏེ། དེ་ལྟར་ན་སྒོ་དང་སྒོ་ནི་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་གསུངས་སོ་ཞེས་ཤེས་པར་བྱའོ། །ཡང་དེ་བཞིན་དུ་སྒོ་ཡང་དགུ་ཕྲག་དགུའོ་ཞེས་པས། ལུས་ལ་སྒོ་བརྒྱད་ཅུ་རྩ་གཅིག་ཏུ་ཤེས་པར་བྱ་སྟེ། དེ་རྣམས་ལས་འཛག་པ་གང་ཡིན་པ་དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ཉིད་དོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེའི་དོན་ནི། ལུས་ཅན་གྱི་ནི་ཐ་མའི་སྒོ། །རགས་པའི་ལྟར་རུ་སྤྲུལ་པ་


DTG021_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན། །ཞེས་བྱ་བས་གསུངས་ཏེ། ལུས་ཅན་གྱི་སྒོ་གང་ཡིན་པ་དེ་ནི་རྣམ་པ་དགུ་དང་ལྡན་པ་སྟེ། དེ་ཉིད་ནི་ཐ་མ་སྟེ་སྣང་བཞིན་པའི་གཟུགས་ཉིད་ཀྱི་ཕྱིར་དང༌། ཕྱི་རོལ་གྱི་གཟུགས་སུ་རབ་ཏུ་གསལ་བའི་ཕྱིར་དང༌། ཤིན་ཏུ་འཛག་ཅིང་འབབ་པའི་ཕྱིར་ན་ཐ་མ་སྟེ། དམན་པའི་ཕྱིར་ནི་མ་ཡིན་ནོ། །འདི་རྣམས་ཉིད་ལས་རགས་པ་སྟེ། སྒོ་གཞན་ལ་ལྟོས་ནས་གཟུགས་ལྟ་བུའོ། །སྔར་བཤད་པའི་དེ་བཞིན་གཤེགས་པའི་ལྷ་མོ་དགུ་པོའི་རང་བཞིན་ཉིད་ཀྱི་ཕྱིར་ལྷ་རུ་རྣམ་པར་སྤྲུལ་པ་ཡིན་ནོ། །གཞན་ཞེས་བྱ་བ་ལ་སོགས་པས་ངག་གི་སྒོ་མདོར་བསྟན་པ་གསུངས་ཏེ། ལུས་དང་སེམས་དག་གི་བར་དུ་འཇུག་བཞིན་པ་ཉིད་ཀྱི་ཕྱིར་འབྲིང་པོ་སྟེ། ངག་གི་སྒོ་ནི་རྣམ་པ་བཞིར་ཤེས་པར་བྱའོ། །མེ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་གསུངས་ཏེ། འདིར་བཞི་པོ་ནི། མེ་དང༌། རླུང་དང༌། དབང་ཆེན་དང༌། ཆུར་བཤད་པ་རྣམས་ཏེ། གོ་རིམས་བཞིན་དུ་མགྲིན་པ་དང༌། ལྟེ་བ་དང༌། གསང་བ་དང༌། སྙིང་གར་གནས་པ་པདྨ་གར་གྱི་དབང་ཕྱུག་དང༌། རྟ་མཆོག་དང༌། རིན་ཆེན་འབྱུང་ལྡན་དང༌། མི་བསྐྱོད་པའི་རང་བཞིན་ཅན་དུམ་སྐྱེས་མ་དང༌། གཟུགས་ཅན་མ་དང༌། ལཱ་མ་དང༌། མཁའ་འགྲོ་མའི་རང་བཞིན་ཏེ། གཡས་དང༌། གཡོན་དང༌། གཉིག་དང༌། རེངས་ཤིང་དལ་བར་རྒྱུ་བ་ཅན་དམར་པོ་དང༌། ལྗང་གུ་དང༌། སེར་པོ་དང༌། དཀར་པོའི་ཁ་དོག་ཅན་རྣམས་སོ། །གཙོ་བོའི་ཡོན་ཏན་གྱིས་ཕྱེ་པས་ཕན་ཚུན་དུ་གྲངས་བཞི་པ་སྟེ། ཉིན་དང་མཚན་དུ་ཉི་ཤུ་རྩ་བཞིར་རྒྱུ་བ། འཇུག་པ་ལ་སོགས་པ་རྣམས་ཀྱིས་བརྒྱ་ཕྲག་བཅུ་དྲུག་ལྷག་པའི་ཁྲི་ཕྲག་གཉིས་ཀྱི་དབུགས་འབབ་པ་ནི། ལུས་ཐམས་ཅད་ཀྱི་རྩ་འཁོར་ལོ་རྣམས་སུ་རང་རིག་པས་རིག་པར་བྱའོ། །གང་རྣམས་སུ་རླུང་འབབ་པར་རྣམ་པར་ཤེས་པའི་སྐད་ཅིག་སོ་སོ་ལ་རྒྱུ་ཞིང་རབ་ཏུ་འཇུག་པ་ནི་འགྲོ་བ་དང་འོང་བའི་རྣལ་འབྱོར་གྱིས་མྱོང་བར་བྱའོ། །དེ་རྣམས་ཉིད་ནི་ངག་གི་སྒོ་སྟེ། གཡོན་དང་གཡས་དང་དབུས་ཀྱི་རྩའི་བུག་པ་དང་ལྡན་པ་དེ་རྣམས་ཉིད་ལས་བཅོམ་ལྡན་འདས་མའི་ཡི་གེ་ཆེན་མོ་འཆར་བར་བྱེད་དོ། །རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཕྱིར་དེ་རྣམས་ཉིད་དག་གི་སྒོར་བསྟན་ཏོ། །དེ་གསལ་བའི་གནས་ནི་ཁ་


DTG021_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ནོ། །དེ་རྣམས་ཀྱང་མེ་ལ་སོགས་པ་རྣམས་འཇུག་པ་ལ་སོགས་པ་རྣམས་སོ། །ཅི་ལྟར་ཞེ་ན། སྟེང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་རིམས་བཞིན་དུ་མེའི་དཀྱིལ་འཁོར་ནི་སྟེང་དུ་རབ་ཏུ་འཇུག་སྟེ། བྱིན་ཟ་གྱེན་དུ་འབར་བའི་ཕྱིར་རོ། །རླུང་གི་དཀྱིལ་འཁོར་ནི་ལོགས་ཀྱི་སྒོ་དག་ལས་འབབ་སྟེ། རླུང་དག་ནི་འཁྱོག་པོར་འགྲོ་བའི་ཕྱིར་རོ། །དབང་ཆེན་ནི་དྲང་པོར་རེག་ཅིང་འབབ་སྟེ། དེའི་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཆུ་ནི་འོག་ཏུ་འབབ་སྟེ། ཆུ་རྣམས་ནི་ཐུར་ཁོ་ནར་འབབ་པའི་ཕྱིར་རོ། །ཡང་གསུངས་པ། གཡས་ལས་བྱུང་བའི་འོད་ཟེར་ནི། །དེ་ནི་བྱིན་ཟའི་དཀྱིལ་འཁོར་ཏེ། །འདི་ནི་ཁ་དོག་དམར་པོར་གསལ། །འདི་ལ་པདྨ་མགོན་པོ་ལྷ། །དུང་དང་ཀུནད་ལྟ་བུར་དཀར། །རེངས་ཤིང་དལ་བར་རྒྱུ་བ་ཡང༌། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །འདི་ལ་རྡོ་རྗེ་མགོན་པོ་ལྷ། །ཞེས་སོ། །ཇི་སྐད་དུ། སྒྲོན་མ་བཞི་པར་ཡང༌། འགྲོ་བ་བཞི་ནི་སྟེང་དང་ནི། །ལོགས་དང་དྲང་པོ་འོག་ཏུ་ཡང༌། །ཞེས་སོ། །ཁ་སྦྱོར་དུ་ཡང༌། མེ་དང་ངེས་པར་རླུང་དང་ནི། །དེ་བཞིན་དབང་ཆེན་དང་ནི་ཆུ། །འཁོར་ལོར་སེམས་ཀྱི་རྒྱུ་བ་ལས། །སྟེང་ལོགས་དྲང་པོ་འོག་ཏུ་འགྲོ། །ཞེས་པ་དང༌། དགོངས་པ་ལུང་སྟོན་ལས་ཀྱང༌། མེ་དང་ངེས་པར་རླུང་དང་ནི། །དེ་བཞིན་དབང་ཆེན་དང་ནི་ཆུ། །འཁོར་ལོ་སེམས་ཀྱི་རྒྱུ་བ་ལས། །སྟེང་ལོགས་དྲང་པོ་འོག་ཏུ་འགྲོ། །དེ་རྣམས་དབུས་སུ་རང་ལྷ་ཉིད། །ཕན་ཚུན་དུ་ནི་བཞི་པ་སྦྱོར། །ཞེས་སོ། །ཐུགས་ཀྱི་སྒོ་གསུངས་པ། གསུམ་པ་ནི་སྐུ་དང་གསུང་གི་སྒོ་ལ་ལྟོས་ནས་སོ། །ཡིད་ཀྱི་ཞེས་པ་ནི་ཡིད་ཙམ་དུ་རྟོགས་པར་བྱ་བའོ། །ཅི་ལྟར་ཞེ་ན། ཟླ་བ་ཉི་མའི་རབ་དབྱེ་ལས། །ཞེས་པ་སྟེ། ཟླ་བ་ཉི་མ་ནི་གཡོན་དང་གཡས་ཀྱི་རྩ་སྟེ། །གཉིས་པོའི་དབྱེ་བས་འབབ་པ་ལས་དང༌། སྟེང་དུ་རླུང་གི་རིམ་པས་སྤོག་དང་རྩོལ་པ་དང༌། འོག་ཏུ་རྫས་ཀྱི་རིམ་པས་ཁུ་བ་དང་ཁྲག་འབབ་པ་ལས་སོ། །འདི་ལས་ན་ཕྲ་མོའི་རྣལ་འབྱོར་གྱིས་རྟོགས་པར་བྱ་བ་ཁོ་ན་ཡིན་པའི་ཕྱིར་མཆོག་གི་སྒོའོ། །དེ་བཞིན་དུ་ཡང༌། འཇུག་དང་འབྱུང་བ་ཉིད་ལས་ཀྱང༌། །ཞེས་བྱ་བ་གསུངས་ཏེ། སྟེང་དུ་སྲོག་དང་རྩོལ་བ་དག་གི་དང༌། འོག་ཏུ་རྫས་དག་གི་འཇུག་པ་དང་འབྱུང་པ་དག་ལས་སོ། །ཡང་ན་འོག་གི་


DTG021_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇུག་པ་ལས་དང༌། སྟེང་ནི་འབྱུང་བ་ལས་སོ། །འདི་མཆོག་གི་སྒོ་ཡིན་ན། ཅི་ཞིག་གི་སྒོ་ནས་སུ་ཞིག་འཇུག་པ་ཡིན་ཞེ་ན། འོག་གི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལ་ནཱའི་ལམ་ནི་འོག་གི་སྒོའོ། །ཁྱད་པར་དུ་འཕགས་པའི་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། བདེ་བ་ཆེན་པོར་འཇུག་པའི་འཇུག་པ་ལས་སྣང་བ་གཉིས་པོའི་འོག་ཏུ་འཇུག་པ་ན་ལྷན་ཅིག་སྐྱེས་པ་འཆར་བའི་ཕྱིར་དཔྱིད་ཀྱི་དུས་སུ་སྣང་བར་འགྱུར་རོ། །ར་ས་ནཱར་བརྗོད་པ་ནི་སྟེང་གི་སྒོའོ། །ཁམས་རྣམས་ནི་ས་ལ་སོགས་པའི་རང་བཞིན་མིག་ལ་སོགས་པའི་དྲི་མ་རྣམས་སུ་སྣང་བར་འགྱུར་ཏེ། རུལ་པའི་དྲི་ལ་སོགས་པ་དུར་ཁྲོད་ཀྱི་གཟུགས་ཉིད་ཀྱི་ཕྱིར་རོ། །ཡང་ན་འོག་གི་སྒོ་ནས་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་ལུས་ཅན་རྣམས་ཀྱི་ལུས་ལ་སྣང་བར་འགྱུར་ཏེ། ཕུང་པོ་ལྔ་པོ་ནི་ནང་གི་བདག་ཉིད་ཡིན་པའི་ཕྱིར་རོ། །སྟེང་གི་སྒོ་ནས་ས་ལ་སོགས་པའི་ཁམས་འབྱུང་པ་ལྔ་པོ་སྐྱེ་བར་འགྱུར་ཏེ། ཕྱི་རོལ་གྱི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་ཚོགས་གང་ཡིན་པ་འདི་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་རང་བཞིན་གྱི་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་འཛིན་པའི་སླད་དུ་སྟེང་གི་སྒོ་ནས་གཡོ་བ་རྣམས་ཏེ། འཇུག་བཞིན་པ་དེ་རྣམས་ཀྱི་ཡུལ་ལྷར་མངོན་པར་ཞེན་པའི་སྒོ་ནས་འདོད་པ་རྫོགས་པ་རྣམས་གནས་པ་ནི་འཇུག་པར་རིག་པར་བྱའོ། །ནང་དུ་རབ་ཏུ་འཇུག་པ་དེ་རྣམས་སླར་ཡང་སྟེང་གི་སྒོ་ནས་གཏོང་བར་བྱེད་དེ་རང་གི་ལྷ་ལ་ཉེ་བར་ལོངས་སྤྱོད་པའི་སླད་དུའོ། །ཡང་ན་བདེ་བ་ཆེན་པོའི་འཁོར་ལོ་ལས་རྣམ་པར་ཤེས་པ་སྟེ་ཁྱད་པར་དུ་འཕགས་པའི་ཤེས་པ་དང་ལྡན་པ་འོག་གི་སྒོ་ནས་ལ་ལ་ནཱའི་ལམ་གྱིས་པདྨའི་ནང་དུ་ཐོབ་པར་འགྱུར་རོ། །རྣལ་འབྱོར་གྱི་སྟོབས་ལས་དེ་ཉིད་སྟེང་གི་ལམ་ནས་བཀུག་པ་ནི་ཁམས་ཏེ། ཁམས་ཉི་ཤུ་རྩ་བཞི་རྒྱས་པར་བྱེད་ཅིང་གནས་དང་པོ་བཞི་རྣམས་སུ་སྐྱེ་བར་བྱེད་དོ། །ཡང་སྨྲས་པ། ཉི་མ་རྣམ་པར་རྒྱས་པའི་འོད་ཀྱིས་མཛེས་མ་ནི། །སྟོབས་ཆེན་སྒྲ་ཡི་གོས་ཀྱིས་མཛེས་པའི་ཟེའུ་འབྲུ་ལས། །མགོ་པོའི་རྩེ་མོར་སྒེག་ཅིང་ལེགས་པར་ཡོངས་གང་བའི། །འོད་ཀྱིས་མཚན་པའི་རི་བོང་


DTG021_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ནི་སར་པ་འཆར། །སྣ་ཚོགས་མེ་ཏོག་རོ་ཡིས་མྱོས་པའི་རིག་པ་ཡང༌། །མྱུར་དང་དལ་བ་བར་མ་ལ་ནི་ཀླུང་གི་སྒྲ། །བུང་བ་ཉེར་ལྷགས་མཚན་ཕྱེད་དགའ་སྟོན་ཆེན་པོར་ནི། །འཛིན་པར་བྱེད་ཅིང་དེར་སོན་བློ་ནི་ངོ་མཚར་རོ། །འཆར་བའི་ནུབ་པེ་ཉེར་འོངས་མཚན་མོར་བྱེད་པ་སླར། །འདི་ལས་ཀྱང་ནི་གཡོ་མེད་ཅོད་པན་ལ་ནི་འཆར། །མཐའ་གཉིས་པ་ཡི་ཆ་ཟད་སྐད་ཅིག་ལ། །ཟླ་བ་ཉི་མ་སྣང་བར་འགྱུར་མ་ཡིན། །རྒྱ་མཚོའི་ཆུ་ཡི་དབུས་སུ་ཉི་མ་འཆར་བ་སྟེ། །རྩེ་མོ་ལས་ཀྱང་ཟླ་བ་ནུབ་པར་འགྱུར་བ་ཡིན། །སོང་བའི་སྟེང་གི་སྒྲ་གཅན་འཇིག་དུས་མེ་འདིས་ནི། །འོག་གི་བསིལ་ཟེར་བྱེད་པ་དག་ནི་ཁྱུར་མིད་བྱེད། །པདྨ་ཅན་ནི་པདྨའི་བཞིན་ཏེ་སྤྱན་མ་རུ། །རབ་ཏུ་གསལ་ཏེ་ཡུལ་དང་ཡུལ་ཅན་འདྲེས་པ་ཡིན། །དང་པོར་མི་ཤེས་འདི་ནི་དེ་ལས་གཞན་དུ་ན། །རྡོ་རྗེ་ཆུ་སྐྱེས་གཉིས་པོ་འདྲེས་པ་འདི་རུའོ། །སྐད་ཅིག་སྒྲུབ་པ་པོ་ནི་ས་བོན་ཉེད་པ་ལས། །སྡོམ་པ་གསུམ་པོ་ཐོབ་པར་འགྱུར་ཏེ་བཞི་པ་ཅན། །ལྷན་སྐྱེས་མི་ཟད་གནས་ཀྱི་ཆ་ཤས་ཕྲེང་བ་ནི། །བླངས་པའི་དུས་སུ་བརྗོད་པ་དང་བྲལ་ལྷག་པའོ། །གལ་ཏེ་ལེགས་པར་བསླབ་པའི་རྡོ་རྗེ་སྒེག་མོ་དང༌། །བླ་མ་ཡི་ནི་ཞལ་ནས་རྟོགས་ཤིང་ཐོབ་འགྱུར་བ། །གང་གི་ཡིན་པ་དེ་ཚེ་མཆོག་འབྲིང་སྒྲུབ་པ་ནི། །རྣམ་པར་ངེས་པ་ཐོབ་འགྱུར་དེ་ནི་དེ་ཉིད་རིག །ཅེས་སོ། །དེ་ཉིད་འགྲོའོ་དེ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདིས་ནི་སྟེང་དང་འོག་གི་སྒོའི་དབྱེ་བས་འགྲོ་བ་དང་འོང་བའི་ཚུལ་དེ་གཤེགས་སུ་གསོལ་བ་དང༌། སྤྱན་དྲངས་བའི་ཚུལ་གང་དག་ཡིན་པ་དེ་དག་གི་དུས་གསུམ་པའི་སངས་རྒྱས་ཐམས་ཅད་དེ་འཁོར་ལོ་གསུམ་དུ་གནས་པའི་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་དང༌། ཉི་ཤུ་རྩ་ལྔ་པ་དཔལ་ཧེ་རུ་ཀའོ། །དེ་བཞིན་དུ་མཁའ་འགྲོ་མ་རྣམས་ནི་ཉི་ཤུ་རྩ་བརྒྱད་དེ། ཡེ་ཤེས་དང༌། ཐུགས་དང༌། གསུང་དང༌། སྐུའི་འཁོར་ལོར་གནས་པ་མི་ཕྱེད་མ་ལ་སོགས་པའི་རྩའི་ཡི་ནང་དུའོ། །སྦྱོར་བའི་མ་ནི་གྲུབ་པའི་དཔའ་བོ་དང༌། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་མིག་ལ་སོགས་པའི་སྒོ་ནས་རྩའི་རང་བཞིན་གྱིས་གནས་པ་རྣམས་སོ། །ཡང་ན་ལྷན་ཅིག་སྐྱེས་གྲུབ་དེ་རང་བཞིན་གྱིས་གྲུབ་པ་ཁོ་ན་འདིར་རྣམ་པར་གཞག་པ་ཡིན་གྱི་བརྟགས་པ་ནི་མ་ཡིན་ནོ། །


DTG021_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱེ་བ་ཇི་ལྟ་བུ་ཡིན་པ་སྟོན་པར་བྱེད་དེ། འཇུག་པ་དང་ལྡོག་པ་དང༌། སྐྱེ་བ་དང་འཇིག་པ་དང༌། ལྡང་བ་དང༌། འཇུག་པ་དང༌། མཉམ་པར་གཞག་པ་དང༌། མཉམ་པར་མ་བཞག་པ་དང༌། ཡོན་ཏན་དང་སྐྱོན་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། བདེ་བ་དང་མི་བདེ་བ་ལ་སོགས་པའི་རང་བཞིན་གྱི་འདུས་བྱས་ཀྱི་བདག་ཉིད་ཅན་སྒོ་གསུམ་ནས་འཇུག་བཞིན་པ་དེ་ཐམས་ཅད་ནི་ལྷན་ཅིག་སྐྱེས་གྲུབ་སྟེ། དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་དུ་ཤེས་པར་བྱའོ་ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའུ་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས་རྒྱས་པར་བསྟན་པ་གསུམ་པའི་རྒྱས་པར་བཤད་པའོ།། །།

བཞི་པའི་རྒྱས་པར་བཤད་པ།


DTG021_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོ་གསུམ་པོའི་གནས་ལྷའི་འཁོར་ལོར་རྟོགས་པར་བྱ་བ་དེའི་གནས་ལ་སོགས་པ་ས་བཅུའི་རིམ་པས་གནས་པར་བསྟན་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོ་རྒྱས་པར་བསྟན་པའི་དེ་མ་ཐག་ཏུ་གསུངས་པས་ན། དེ་ནས་སོ། །གང་ཡང་རུང་ཞེས་པ་ནི། དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་གྱི། བདག་ཉིད་ཁོ་ནའི་མ་ཡིན་པའོ། །གནས་ལ་སོགས་པ་ནི་གནས་ཏེ། བསྟན་པར་བྱ་སྟེ་ཞེས་བྱ་བར་འབྲེལ་ལོ། །རྒྱུན་དགུ་ཞེས་བྱ་བ་ལ་སོགས་པས་དེ་གསུངས་ཏེ། སྔར་གསུངས་པའི་སྐུའི་སྒོ་རྣམས་གང་ཡིན་པ་ནི་རྒྱུན་དགུའོ། །དེ་རྣམས་སུ་གནས་པ་ནི་རྩ་རྣམས་གང་ཡིན་པ་སྟེ་ཐམས་ཅད་ཀྱི་ལྷ་དགུའོ། །དེ་བཞིན་དུ་མགོ་བོ་ནས་བརྩམས་ཏེ་བྷ་གའི་དབུས་སུ་སོན་པའི་ཨ་བ་དྷཱུ་ཏཱིའི་ཆ་ཤས་བཅུ་པོ་ཁོ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅུར་བརྗོད་པར་བྱའོ། །བདེན་པ་མཐོང་བ་ལས་ནང་དུ་དེ་མྱོང་ཞིང་མཐོང་བ་དེའི་ཚེ་འབད་པ་མང་པོས་བསྒྲུབ་པར་བྱ་བའི་མཐོང་བའི་ལམ་ལ་སོགས་པས་ཅི་ཞིག་བྱ་ཞེས་བྱ་བར་དགོངས་སོ། །ས་བཤད་ནས། སའི་གནས་གཞན་གསུངས་པ། དཔྲལ་བ་ཞེས་པ་ལ་སོགས་ཏེ། འདིར་ལུས་འདི་ལས་དཔྲལ་པའི་གནས་བདེ་བ་ཆེན་པོའི་འཁོར་ལོ་ནས་བརྩམས་ཏེ། རྩའི་འཁོར་ལོའི་ངེས་པ་སྟེ་གཏན་ལ་ཕབ་པ་


DTG021_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པར་བྱའོ། །དེ་ལྟར་ན་དེར་སོན་པའི་སུམ་ཅུ་རྩ་གཉིས་ཁོ་ན་ལོངས་སྤྱོད་རྫོགས་པ་ལ་སོགས་པ་དག་ཏུ་རབ་ཏུ་བྱུང་བ་སྟེ། གཙུག་ཏོར་གྱི་འཁོར་ལོ་ལུས་ཀྱི་ཤིང་གི་རྩ་བ་ཉིད་ཡིན་པའི་ཕྱིར་འདི་ཁོ་ན་ལས་འོག་ཏུ་ཡལ་ག་སྟེ་ལུས་ནི་ཤིང་ངོ༌། །དེ་ལ་ལག་པ་གཉིས་དང་རྐང་པ་གཉིས་ཏེ་བཞི་ལ་ཁ་འོག་ཏུ་བལྟས་པའི་རྩ་ཉི་ཤུ་དང༌། ཕྱོགས་གཉིས་དང་རྒྱ་བ་སྟེ་གསུམ་པོ་ལ་རྩ་གསུམ་དང༌། སྙིང་ག་དང་རྡོ་རྗེ་ལ་རྩ་དྲུག་དང༌། ལུ་གུ་རྒྱུད་དུ་བཅིངས་པའི་རྩ་གསུམ་འཁོར་ལོ་བཞིའི་མཆོད་རྟེན་གྱིའོ། །དེ་ལྟར་དཔྲལ་བ་ཁོ་ན་ལས་རྩའི་འཁོར་ལོ་ངེས་པ་ཡིན་ནོ། །རྣལ་འབྱོར་མ་ནི་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་གང་ཡིན་པ་ནི་དེ་དང་མཚུངས་པར་འབབ་པོ། །དེ་ཁོ་ན་ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་རྣམས་སོ། །རྡོ་རྗེ་གཏུམ་པོ་ལ་སོགས་པ་ནི་དཔའ་བོ་ཆེན་པོ་སྟེ། རྡོ་རྗེ་གཏུམ་པོ་ནི་དཔལ་ཧེ་རུ་ཀའོ། །དོན་དེ་བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་རྣམས་ཕྱི་རོལ་དུ་སྐུའི་སྒོ་ལ་སོགས་པ་རྣམས་དང༌། རང་གི་དྲི་ལ་སོགས་པའི་རྣམ་གྲངས་རྣམས་དང༌། གཏུམ་དྲག་ལ་སོགས་པ་རྣམས་སུའོ། །ནང་དུ་ནི་སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་གནས་པ་རྣམས་ཀྱི་ཡུལ་གྱི་མིང་ཛཱ་ལནྡྷ་ར་ལ་སོགས་པ་རྣམས་སུའོ། །མཁའ་སྤྱོད་ཅེས་བྱ་བ་ལ་སོགས་པས་དེའི་རྣམ་པར་དབྱེ་བ་གསུངས་ཏེ། པུལླཱི་ར་ནས་བརྩམ་ཏེ་མཱ་ལ་ཝའི་བར་གྱི་རྩ་གང་ཡིན་པ་དེ་རྣམས་ནི་མཁའ་སྤྱོད་མའོ། །ཀཱ་མ་རཱུ་པ་ནས་བརྩམས་ཏེ། ཧེ་མ་ལ་ཡའི་བར་ནི་ས་སྤྱོད་མའོ། །པྲེ་ཏ་པུ་རི་ནས་བརྩམས་ཏེ་ཀུ་ལུ་ཏའི་བར་གྱིས་འོག་ན་གནས་པ་རྣམས་ཏེ། ལུས་ཀྱི་སྟེང་དང་བར་དང་ཐ་མའི་དབྱེ་བ་ལས་སོ། །མཁའ་སྤྱོད་མ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི་ས་བཅུར་རབ་ཏུ་གནས་པ་རྣམས་སོ། །ཁྭ་གདོང་མ་ལ་སོགས་པའི་རང་བཞིན་གྱི་རྩ་རྣམས་ནི་དེའི་ཆ་ཤས་སྒོ་རྣམས་སུ་རྣམ་པར་གནས་པ་ཡིན་ནོ། །འདི་ཉིད་སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གནས་ནི་ནང་གི་རབ་ཏུ་དབྱེ་བ་སྟེ། སྤྱི་བོ་ལ་སོགས་པར་ཕྱེ་བ་དེ་ལ་བརྟེན་ནས་གནས་པ་རྣམས་སོ་ཞེས་པ་ནི་ཚིག་གི་ལྷག་མའོ། །འདི་


DTG021_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ནི་གནས་ལ་སོགས་པ་གང་ཡིན་པ་དེ་ཉིད་བརྟེན་པ་ཉི་ཤུ་རྩ་བཞིའི་རང་བཞིན་གྱི་རྩ་རྣམས་ནི་མཁའ་འགྲོ་མ་སྟེ། དེ་བཞིན་དུ་དེའི་རྟེན་དུ་གྱུར་པའི་རྩ་བཅུ་པོ་དེ་རྣམས་ནི་སའི་རང་བཞིན་ནོ། །ཇི་ལྟར་གནས་པའི་རང་བཞིན་གྱིས་ཞེས་པ་ནི་གནས་ལས་མ་འདས་པར་ཇི་ལྟ་བ་བཞིན་དུ་གནས་པ་སྟེ། རྣལ་འབྱོར་པ་གང་དང་གང་གིས་གནས་གང་དང་གང་ཡིན་པ་དེ་དང་དེར་ལྷན་ཅིག་སྐྱེས་པ་གནས་པ་ཡིན་གྱི་བརྟགས་པ་ནི་མ་ཡིན་ནོ། །འདི་རྣམས་ཉིད་ནི་རབ་དགའ་སོགས། །ས་རྣམས་སུ་ནི་ཡང་དག་བཤད། །ཅེས་པ་ནི། དེ་ལ་སྤྱི་བོ་དང༌། སྤྱི་གཙུག་དང༌། རྣ་བ་གཡས་པ་དང་རྒྱབ་རྣམས་ནི་གནས་ཏེ་བྱང་ཆུབ་ཀྱི་སེམས་གནས་པའི་ཕྱིར་རོ། །འདི་ཉིད་རབ་ཏུ་དགའ་བ་སྟེ། ཐིམ་པ་ལ་སོགས་པའི་རིམ་པས་དགའ་བ་གསུམ་པོ་སྐྱེད་པར་བྱེད་པའི་ཕྱིར་རོ། །རྣ་བ་གཡོན་དང༌། སྨིན་མའི་དབུས་དང༌། མིག་དང་དབུང་པའི་རྩ་བ་ནི་ཉེ་བའི་གནས་ཏེ་གནས་དང་ཉེ་བའི་ཕྱིར་རོ། །འདི་ཉིད་ནི་དྲི་མ་མེད་པ་སྟེ། ཡེ་ཤེས་ཀྱི་མེས་རྣམ་པར་རྟོག་པའི་དྲི་མ་བསྲེགས་པའི་ཕྱིར་རོ། །མཆན་ཁུང་དང་ནུ་མ་ནི་ཞིང་སྟེ། རྡུལ་དང་འོ་མའི་ཟོལ་གྱིས་བྱང་ཆུབ་ཀྱི་སེམས་འབྱུང་བའི་ཕྱིར་རོ། །འདི་ཉིད་ནི་འོད་བྱེད་པ་སྟེ། དེ་ལ་ཀུན་དུ་ལྟ་བ་ལས་ཡིད་ཀྱི་ཀུན་དུ་དགའ་བའི་འོད་བསྐྱེད་པའི་ཕྱིར་རོ། །ལྟེ་བ་དང་སྣ་རྩེ་ནི་ཉེ་བའི་ཞིང་སྟེ། དྲི་དང༌། སྣབས་འཛིན་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ནི་འོད་འཕྲོ་བ་སྟེ། ཡེ་ཤེས་ཀྱི་སེམས་རབ་ཏུ་སྣང་བར་བྱེད་པའི་ཕྱིར་རོ། །ཁ་དང་མགྲིན་པ་ནི་འདུན་པ་སྟེ་རོལ་ཉེ་བར་ལོངས་སྤྱོད་པས་འདོད་པ་ལྡོག་པའི་ཕྱིར་རོ། །འདི་ཉིད་ནི་རྒྱལ་བར་དཀའ་བ་སྟེ། རོ་ལས་ལྡོག་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །སྙིང་ག་དང་ཆུ་སོ་ནི་ཉེ་བའི་འདུན་པ་སྟེ། དོན་རྟོགས་པ་དག་ནི་བཟའ་བར་བྱ་བ་སྨིན་པ་ལ་དེ་རྒྱབ་ཀྱིས་ཕྱོགས་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ནི་མངོན་དུ་གྱུར་པ་སྟེ། དེའི་མཚམས་སུའམ། སྨིན་པ་ན་མངོན་དུ་གྱུར་པའི་ཕྱིར་རོ། །གསང་བ་དང་བཤད་ལམ་དག་ནི་འདུ་བ་སྟེ། ཐབས་དང་ཤེས་རབ་དག་སྙོམས་པར་ཞུགས་པ་དེ་ལ་འདྲེས་ཤིང་རྩ་གཅིག་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ནི་རིང་དུ་སོང་བ་སྟེ། དེའི་རྩའི་བུག་པ་དེ་ནི་རིང་བ་ཉིད་ཀྱི་ཕྱིར་རོ། །བྲལ་དང་བྱིན་པ་ནི་


DTG021_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེ་བའི་འདུ་བ་སྟེ། སྔར་གསུངས་པ་དག་ལས་ཀྱང་འདྲེས་པའི་ཕྱིར་རོ། །འདི་ཉིད་ནི་མི་གཡོ་བ་སྟེ། དེའི་སྦྱོར་བ་ལས་ལྡོག་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །སོར་མོ་དང་རྐང་པའི་རྒྱབ་ནི་དུར་ཁྲོད་དེ། གནས་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ན་རྣམ་པར་མི་རྟོག་པའི་གནས་མྱོང་བར་བྱེད་པའི་ཕྱིར་རོ། །འདི་ཉིད་ནི་ལེགས་པའི་བློ་གྲོས་ཏེ། བདག་མེད་པ་ཉིད་ནི་ལེགས་པ་ཡིན་ལ། དེ་དེར་རིག་བཞིན་པ་ཉིད་ཀྱི་ཕྱིར་རོ། །མཐེ་བོང་དང་པུས་མོ་ནི་ཉེ་བའི་དུར་ཁྲོད་དེ། སྔ་མ་ལྟ་བུའོ། །འདི་ཉིད་ནི་ཆོས་ཀྱི་སྤྲིན་ཏེ། སྤྱི་བོ་ནས་སྤྲིན་གྱི་ཆར་བབ་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀུན་དུ་རུ་ལྷུང་བའི་ཕྱིར་རོ། །ས་བཅུས་ཡང་དག་པར་བསྡུས་པའི་གནས་ལ་སོགས་པ་དེ་རྣམས་ཉིད་ས་བཅུ་པོ་སྟེ། དེ་དག་ཏུ་ཐིམ་པ་ལ་སོགས་པའི་རིམ་གྱིས་ཡེ་ཤེས་གོང་ནས་གོང་དུ་རིམ་གྱིས་འཕེལ་བའི་ཕྱིར་རོ། །དེ་རྣམས་སུའི་ས་ཡིན་ཞེ་ན། དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་དབང་པོ་དྲུག་པོ་གང་ཡིན་པ་འདི་ཉིད་རང་བཞིན་གྱིས་བྱང་ཆུབ་སེམས་དཔའ་སྟེ། དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་གང་ཡིན་པ་རང་བཞིན་གྱིས་སངས་རྒྱས་རྣམས་སུ་སྔར་ཁོང་དུ་ཆུད་པར་བྱས་པ་དེ་རྣམས་ཀྱི་སར་གྱུར་པ་ཡིན་ཏེ། རང་བཞིན་གྱིས་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་རྣམས་སུའོ་ཞེས་པས་སའོ། །འདི་ཉིད་ལས་ན་འཕགས་པ་རྣམས་ཁོ་ནས་སངས་རྒྱས་ཉིད་ཐོབ་པར་བྱེད་པ་མ་ཡིན་གྱི། ཇི་ཙམ་དུ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕུང་པོ་དང་དབང་པོ་གང་ཡིན་པ་རྣམས་ཀྱང་རང་བཞིན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཡིན་པ་ལས། དེ་རྣམས་ཀྱང་སངས་རྒྱས་ཉིད་ཐོབ་པར་བྱེད་པར་འགྱུར་ཏེ། དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པ་དང་སོ་སོའི་སྐྱེ་བོ་དག་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་འཐོབ་པ་ཡིན་ཏེ། དེ་ཇི་ལྟར་ན་ཕུང་པོ་ལ་སོགས་པ་སངས་རྒྱས་ལ་སོགས་པའི་རང་བཞིན་དུ་ཤེས་པ་ཙམ་གྱིས་ཐོབ་པར་འགྱུར་ཞེ་ན། བྱང་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་རྡོ་རྗེའི་ཁའམ། ཆུ་སྐྱེས་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་


DTG021_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ཀྱིས་གང་བ་ཉིད་མྱོང་བར་གྱུར་པ་དེའི་ཚེ། དེ་རྣམས་སངས་རྒྱས་ཉིད་དུ་འགྱུར་རོ། །དེས་ན་དུས་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །འོ་ན་སངས་རྒྱས་རྣམས་ནི་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྣམ་པས་བཞུགས་སོ་ཞེས་པ་མ་ཡིན་ནམ། མིའི་སྲིད་པར་འཁོར་བཞིན་པ་བདག་ཅག་རྣམས་གང་ལས་ན་བྱང་ཆུབ་ཏུ་ཉེ་བར་འགྱུར་ཞེས་པའི་དོགས་པ་བསལ་བའི་ཕྱིར། རང་ལུས་ཉིད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་རང་བཞིན་ཁོང་དུ་ཆུད་པ་ལས་སད་པ་དེའི་སྲིད་པ་ནི་སངས་རྒྱས་ཉིད་དེ། དེ་ནི་རང་གི་ལུས་ཉིད་ལ་གནས་པ་དེ་རྣམ་པར་གཞག་པ་ཡིན་ནོ། །འདི་ཉིད་ལས་ན་དེ་ཉིད་སངས་རྒྱས་ཀྱི་ཞིང་སྟེ། འདི་ཉིད་དུ་རང་བཞིན་གྱིས་གྲུབ་པའི་ལྷ་ཅིག་སྐྱེས་པའི་སངས་རྒྱས་བཞུགས་པའི་ཕྱིར་ན། གཞན་མངོན་པར་དགའ་བ་ལ་སོགས་པ་རྣམས་སུ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ལས་གཞན་དུ་ནི་ཕྱི་རོལ་གྱི་གནས་རྣམས་སུའོ། །སངས་རྒྱས་ཉིད་ནི་རང་བཞིན་གྱིས་ཏེ་རང་དགར་བྱུང་བ་རྣམས་སོ། །རང་བཞིན་ཏེ་ཇི་ལྟར་སྐྱེས་པ་དེ་ཉིད་ཀྱིས་གནས་པ་ཡིན་གྱི་ཁྱད་པར་དུ་བྱས་པ་ནི་མ་ཡིན་ནོ། །འདོད་པ་ནི་གང་དེ་རྣམས་ལ་འདོད་ཅིང་རེ་བའོ། །རྫོགས་པའི་རིམ་པ་རྟོགས་ཤིང་རིག་པ་རྣམས་ཀྱིས་ནི། རང་བཞིན་གྱིས་གྲུབ་པ་ཁོ་ནས་སངས་རྒྱས་ཉིད་དུ་འདོད་པར་བྱ་སྟེ། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པར་གྱུར་པ་འཆི་བ་ལས་ན་ཕ་རོལ་དུ་ཡིན་པའི་ཕྱིར། ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པ་ཡང་སྤངས་པ་ཡིན་ནོ། །དཔལ་ཀྱེའི་རྡོ་རྗེ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །རང་དང་རང་གི་རྟོག་པ་ལས། །ཞེས་གསུངས་པའི་ཕྱིར་དང༌། སློབ་དཔོན་ཕྱག་ན་རྡོ་རྗེས་ཀྱང༌། །མི་ནི་རྡོ་རྗེ་འཛིན་རྣམ་པ། །བུད་མེད་རྡོ་རྗེ་བཙུན་མོའོ། །ཞེས་གསུངས་པ་དང༌། དེ་བཞིན་གཤེགས་པའི་གསང་བའི་མདོར་ཡང༌། སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་ཐ་སྙད་ནི་རིགས་གསུམ་གྱི་གསང་བའོ། །ཞེས་པ་དང༌།


DTG021_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཞབས་ཀྱིས་ཀྱང༌། དེ་ལྟར་སེམས་ལས་བྱུང་བ་རྣམ་པ་སྣ་ཚོགས་ཀྱིས་གང་ཡང་རུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ནི་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པར་སངས་རྒྱས་རྣམས་ཀྱིས་རྟོགས་སོ་ཞེས་གསུངས་པའི་ཕྱིར་རོ། །གནས་དང་ཉེ་བའི་གནས་ཞེས་བྱ་བ་ལ་སོགས་པས་ནི་སྔར་གསུངས་པའི་ས་བཅུ་པོ་རྣམས་ཀྱི་མིང་གསུངས་ཏེ། འདི་རྣམས་ཀྱི་ངེས་པའི་ཚིག་ནི་སྔོན་དུ་བཤད་པའོ་ཞེས་པ་རྫོགས་པའི་རིམ་པ་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས་རྒྱས་པར་བསྟན་པ་བཞི་པའི་རྒྱས་པར་བཤད་པའོ།། །།

ལྔ་པའི་རྒྱས་པར་བཤད་པ།


DTG021_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གང་ཡང་རུང་ཞེས་བྱ་བ་ལ་སོགས་པས་སྔར་གསུངས་པའི་གནས་ཉི་ཤུ་རྩ་བཞི་རྣམས་དང་སྤྱི་བོ་ལ་སོགས་པ་རྣམས་གཞི་མཐུན་པའི་མིང་དང༌། དེར་གནས་པའི་རྩ་རྣམས་མཁའ་སྤྱོད་མ་ལ་སོགས་པའི་རང་བཞིན་ཏེ། དེ་རྣམས་ཀྱི་མདོར་བསྟན་པ་དང་རྒྱས་པར་བཤད་པ་གསུངས་ཏེ། དེ་ནས་ཞེས་པ་ནས། བཤད་པར་བྱའོ་ཞེས་པའི་བར་དུ་ནི་མདོར་བསྟན་པ་སྟེ་གོ་སླའོ། །སྤྱི་བོ་མ་ལ་ཡ་ཡི་ཡུལ། །ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པ་གསུམ་པ་ཡིན་ནོ། །དེ་ལ་མ་ལ་ཡ་ཞེས་པ་ནི། གང་དུ་བདེ་བ་ཆེན་པོའི་རང་བཞིན་ཀུན་རྫོབ་དང་དོན་དམ་པ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་འདྲེན་པར་བྱེད་པ་དེ་ནི་མ་ལ་ཡ་སྟེ། དེ་ལྟ་བུར་གྱུར་པའི་ཡུལ་ནི་མ་ལ་ཡའི་ཡུལ་ལོ། །སྤྱི་བོ་དེ་ཉིད་དུ་སྟེ། དེར་འབྱུང་བའི་ཕྱིར་རོ། །རྩའི་དྲ་བའི་རྩ་བར་འཛིན་པར་བྱེད་པས་ན། སྤྱི་གཙུག་ནི་ཛཱ་ལ་ནྡྷ་རའོ། །རྣ་བ་གཡས་པའི་ལམ་ནས་གཏུམ་མོས་འཕུར་བར་བརྗོད་དེ། མཁའ་ལ་རྒྱུ་ཞིང་འཇུག་པས་ན་འགྲོ་བའོ། །ཕྱི་རོལ་དུ་འབྱུང་བ་ནི་དེར་ཨོ་ཌི་ཡ་ན་སྟེ་རྣ་བ་གཡས་པའོ། །དབྱངས་དང་གསལ་བྱེད་ཀྱི་ཕོ་ཉ་མོ་འདི་དག་གིས་ཕྱག་རྒྱ་གསུམ་པོ་སྙོམས་པར་ཞུགས་པ་ལས། ལས་ཀྱི་རླུང་དབང་ཕྱུག་གི་དབྱུག་པས་ཕྱེ་བའི་ཕྱིར་རྣམ་པར་མི་རྟོག་པའི་བདེ་བ་མྱོང་བར་རྟོགས་པར་བྱའོ་ཞེས་པས་ཨ་རྦུད་སྟེ། མགོ་བོའི་རྒྱབ་པོ། །པྲི་ཥོ་དྷ་ར་ལ་སོགས་པ་ཉིད་ལས་ཧའི་དའོ། །སྔར་གསུངས་པའི་ཚུལ་གྱིས་བཞི་པོ་འདི་


DTG021_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ནི་གནས་ཀྱི་མིང་ཅན་དུ་ཤེས་པར་བྱའོ། །དེ་ལ་བརྟེན་པའི་རྩ་བཞི་པོ་ནི་མཁའ་སྤྱོད་མ་སྟེ། རབ་གཏུམ་མ་ལ་སོགས་པར་བརྗོད་པར་བྱ་བ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ཏེ་བཞིའི་རང་བཞིན་དྲོ་བ་ལ་སོགས་པའི་ཆོས་ཀྱི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་བདེ་བ་ཆེན་པོར་མྱོང་བས་ན་ཁྱད་པར་དུ་འཕགས་པའི་དགའ་བ་མྱོང་བའི་ཕྱིར་རབ་ཏུ་དགའ་བའི་ས་ཡང་ཡིན་ནོ། །གོ་སྟེ་སའི་རང་བཞིན་སྤྲུལ་པའི་འཁོར་ལོ་སྦྱིན་པར་བྱེད་དོ་ཞེས་པས་གོ་དཱ་ནི་ཨ་བ་དྷཱུཾ་ཏཱིའི་སྟེ། དེས་འཛིན་པར་བྱེད་ཅིང་ཁེབས་པར་བྱེད་དོ་ཞེས་པས་གོ་དཱ་བ་རཱི་ནི་རྣ་བ་གཡོན་པ་སྟེ། དེས་དེ་ལ་ཁྱབ་པའི་ཕྱིར་རོ། །དགའ་བ་དང་དགའ་བ་ནི་དགའ་བ་དང་སྟེ། ལ་ལ་ནཱ་དང་ར་ས་ནཱའི་རང་བཞིན་སྨིན་མ་དག་གོ །དེ་དག་གི་དབུས་སུ་དབང་ཕྱུག་སྟེ། གང་གི་ཡེ་ཤེས་ཀྱི་མེ་དེའི་དབུས་སུའོ་ཞེས་པ་མཛོད་སྤུའི་ནང་དུའོ། །ཡེ་ཤེས་ཀྱི་མེ་དེ་ཉིད་ལྷ་མོ་སྟེ། ལྷ་མོ་དེ་ཉིད་ཀྱི་རྫོང་ནི་འདིར་ཀོ་ཊ་སྟེ། མིག་གཉིས་ནི་དེ་ཝཱི་ཀོ་ཊའོ། །དེ་དང་དེ་ལ་བརྟེན་པ་སྟེ། དེར་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་དཔུང་པ་དག་གི་བར་ནི་ལག་པ་དག་གི་སྟེ། གང་འདི་རྣམས་ཀྱི་རྩ་བ་གཉིས་པོ་སྟེ། འདི་ཕྲག་པ་གཉིས་པོ་འདི་ཉིད་མཱ་ལ་བའོ། །སོ་སོར་སྐྱེས་པའི་རྣམ་པར་རྟོག་པའི་ཕྲེང་བ་འཇིག་ཅིང་གཅོད་པར་བྱེད་པའི་ཕྱིར་མཱ་ལ་བར་བརྗོད་པར་བྱ་སྟེ། ཐིམ་པ་མྱོང་བའི་ཕྱིར་རོ། །འདི་རྣམས་ནི་ཉེ་བའི་གནས་ཏེ། དེ་ལ་བརྟེན་པའི་རྩ་རྣམས་དཔའ་བོའི་བློ་ཅན་མ་དང༌། མི་འུ་ཐུང་མ་དང༌། ལངྐའི་དབང་ཕྱུག་མ་དང༌། ཤིང་གྲིབ་མ་རྣམས་ཀྱི་རང་བཞིན་ཏེ། མཁའ་སྤྱོད་མ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་དུ་ཤེས་པར་བྱའོ་ཞེས་པ་ཐུགས་ཀྱི་འཁོར་ལོ་ལའོ། །མཆན་ཁུང་གཉིས་ནི་ཀཱ་མ་རཱུ་པ་སྟེ། མངོན་པར་འདོད་པར་བྱ་ཞིང་མཐོང་བ་གང་གི་ཡིན་པ་དེའི་ནི་འདོད་པའི་གཟུགས་ཏེ་མཆན་ཁུང་གཉིས་སོ། །ཨོ་ནི་སྟེང་དུ་འགྲོ་བས་ལེན་ཅིང་ཁས་ལེན་པར་བྱེད་པ་ནི་གཏུམ་མོའོ་ཞེས་པས་ནུ་མ་གཉིས་ནི་ཨོ་ཏྲེའོ། །གཉིས་པོ་འདི་རྣམས་ནི་སྔར་གསུངས་པའི་ཚུལ་གྱི་ཞིང་ངོ༌། །ལྟེ་བ་དང་སྣ་རྩེ་གཉིས་པོ་དག་ནི། །ཏྲི་ཤ་ཀུ་ནེ་དང༌། ཀ་ཤ་ལ་སྟེ། འདིར་གང་ཞིག་ཤ་ཀུ་ནི་སྟེ་བྱ་ལྟ་


DTG021_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུའི་ཁྭ་གདོང་མའི་རྣམ་པ་ལུས་དང་ངག་དང་སེམས་ཀྱི་རྩ་གང་ཡིན་པ་དེ་ནི་ཏྲི་ཤ་ཀུ་ནེ་སྟེ། རྡོ་རྗེའི་མདུད་པའི་གཟུགས་ཉིད་ཀྱི་ཕྱིར་ལྟེ་བའི་གནས་སུའོ། །དེ་བཞིན་དུ་སྣའི་རྩེ་མོ་ནི་ཀོ་ཤ་ལ་སྟེ། ངར་སྣབས་འགྲོ་བ་གང་གི་ཕྱིར། དེ་ནི་ཀོ་ས་ལའོ། །འདི་དག་ནི་སྔར་གསུངས་པའི་ཚུལ་གྱིས་ཉེ་བའི་ཞིང་དུ་ཤེས་པར་བྱའོ། །ཁ་དང་མགྲིན་པ་ནི་ཀ་ལིངྒ་དང་ལཾ་པཱ་ཀ་དག་གོ །ཀཾ་ནི་བདེ་བ་ཡིན་ལ། ལི་ནི་འགྲོ་བར་བྱེད་པའོ། །ཞེས་པས་ནི་ཀ་ལིངྒ་སྟེ། བསྙེན་པའི་དུས་སུ་དེ་མཐོང་བ་ལས་ལྷའི་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ལྕེའུ་ཆུང་གི་བཞི་ལས་བདུད་རྩི་མྱང་བ་ལ་ཆེར་སྲེད་པའི་ལྕེས་དེར་སྦྱོར་བའི་ཕྱིར་ན། མགྲིན་པ་ནི་ལཾ་པཱ་ཀ་སྟེ། དེ་དག་ནི་སྔར་གསུངས་པའི་རྣམ་པར་བཤད་པ་ལས་འདུན་པ་ཞེས་བརྗོད་པར་བྱའོ། །སྙིང་ག་དང་ཆུ་སོ་ཡང་ཀཱཉྩི་དང་ཧི་མཱ་ལ་ཡ་དག་སྟེ་དེ་ལྟར་ནི། ཀཾ་ནི་བདེ་བ་ཡིན་ལ། ཨཉྩ་ཏི་ནི་འགྲོ་ཞིང་རྒྱུག་པར་བྱེད་པ། ཆུ་ཤིང་གི་མེ་ཏོག་ལྟ་བུར་འཆད་བཞིན་པའི་འོག་གི་ཁ་ལས་བདུད་རྩི་ཐིག་ལེ་འཛག་པ། ཧཱུཾ་གི་རྣམ་པའི་བདུད་དྲལ་མའི་རྩ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཁ་བའི་མདོག་ཅན་དེའི་གནས་ཉིད་ཀྱི་ཕྱིར། ཆུ་སོ་ནི་ཧི་མཱ་ལ་ཡར་བརྗོད་པར་བྱའོ། །དེ་དག་ནི་ཉེ་བའི་འདུན་པ་སྟེ་སྔར་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་བརྟེན་པའི་རྩ་རྣམས་ནི་ས་སྲུང་མ་དང༌། འཇིགས་བྱེད་ཆེན་མོ་དང༌། རླུང་ཤུགས་མ་དང༌། ཆང་འཐུང་མ་དང༌། ལྷ་མོ་སྔོ་བསངས་དང༌། ཤིན་ཏུ་བཟང་མོ་དང༌། རྟ་རྣ་དང༌། མཁའ་འགྲོ་གདོང་མ་སྟེ། ས་ལ་སྤྱོད་པ་འདི་རྣམས་ཀྱི་གནས་རྣམས་ཤེས་པར་བྱའོ། །ལུས་ཀྱི་དབུས་སུ་གནས་པ་ཉིད་ཀྱི་ཕྱིར་ས་སྤྱོད་མའོ། །དེ་བཞིན་དུ་མཚན་མ་འདི་རྣམ་པ་གཉིས་ཏེ། བུད་མེད་ཀྱི་མཚན་མའོ། །དེ་ཁོ་ན་བཞིན་དུ་བཤད་ལམ་ཡང་སྟེ། དེ་དག་ནི་གོ་རིམས་བཞིན་དུ་སྟེ་པྲེ་ཏ་པུ་རཱི་དང༌། གྲི་ཧ་དེ་བ་ཏཱར་ཤེས་པར་བྱའོ། །དེ་ལྟར་ནི་པྲེ་ཏ་ནི་ནམ་མཁའོ། །གྲོང་ཁྱེར་ལྟ་བུའི་ནམ་མཁའ་ལྔ་རྣམས་ནི་གྲོང་ཁྱེར་ཏེ། དེ་ཡི་རྒྱལ་མཚན་ཟུང་ནི་པྲེ་ཏ་པུ་དཱིའོ། །བཤང་ལམ་གྱི་སྒོ་ནི། གྲི་ཧ་དེ་བ་ཏཱ་སྟེ་ཁྱིམ་ནི་ལུས་ཡིན་ལ། ལྷ་རྣམ་


DTG021_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སྣང་མཛད་ཡིན་པ་ནི་ཁྱིམ་གྱི་ལྷ་སྟེ། དེ་བཤང་བའི་ཁམས་ཀྱི་གནས་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ནི་གོ་རིམས་བཞིན་དུ་འདུ་བའི་མིད་ཅན་དུ་ཤེས་པར་བྱ་སྟེ། སྙོམས་པར་འཇུག་པའི་དུས་སུ། རྒྱལ་མཚན་གཉིས་པོའི་ཐུར་སེར་གྱི་ལམ་གཉིས་པོ་སྦྱོར་བའི་ཕྱིར་རོ། དེ་བཞིན་དུ་བརླ་གཉིས་པོ་དང་བྱིན་པ་གཉིས་པོ་ཡང་སཽ་རཱཥྚ་དང་སུ་ཝརྞ་དྭཱི་པར་ཤེས་པར་བྱའོ། །དེ་ལྟར་ནི། བདེ་བའི་ཡུལ་འཁོར་ལྟ་བུ་ནི་ཡུལ་འཁོར་ཏེ། བརླ་གཉིས་པོ་ཉིད་ཕན་ཚུན་ཁྱད་པར་དུ་འཕགས་པའི་དུས་དང༌། ཁྱད་པར་དུ་འཕགས་པ་མཐོང་པ་ནི་སཽ་རཱཥྚའོ། །དེ་བཞིན་དུ་འོད་ཤིན་ཏུ་དཀར་བའི་སེམས་ནི་མདོག་བཟང་སྟེ། དེའི་གླིང་ལྟ་བུ་ཡིན་པའི་ཕྱིར་བྱིན་པ་གཉིས་པོ་ནི་གླིང་ངོ༌། །དེ་རྣམས་ནི་སྔར་བཞིན་དུ་ཉེ་བའི་འདུ་བར་ཤེས་པར་བྱའོ། །དེ་བཞིན་དུ་རྐང་པའི་སོར་མོ་བརྒྱད་དང༌། རྐང་པའི་རྒྱབ་ཀྱི་གནས་ནི་ན་ག་ར་དང་སིནྡྷུར་ཤེས་པར་བྱ་སྟེ། སོར་མོ་ནི་འགྲོ་བར་མི་བྱེད་དོ་ཞེས་པ་ས་ན་གང་ཡིན་ལ། དེ་ལ་མཆོག་ཏུ་རྒྱས་པར་བྱེད་པའི་ཕྱིར་ར་སྟེ་ན་ག་རའོ། །རྐང་པའི་རྒྱབ་ལས་མཐེ་བོད་ལ་བྱང་ཆུབ་ཀྱི་སེམས་འཛག་པར་བྱེད་པའི་ཕྱིར་རྐང་པའི་རྒྱབ་ནི་སིནྡྷུའོ། །གཉིས་པོ་འདི་ནི་སྔར་གསུངས་པའི་ཚུལ་གྱིས་དུར་ཁྲོད་དོ། །རྐང་པའི་མཐེ་བོད་དང་པུས་མོ་ནི། །མ་རུ་དང་ཀུ་ལུ་ཏཱར་ཤེས་པར་བྱ་སྟེ། མ་ནི་བདེ་བ་ཆེན་པོ་ཡིན་ལ། དེ་སྒྲོགས་པའི་ལས་ནི་མ་རུའོ། །ཀུ་ནི་རྣམ་པར་རྟོག་པ་སྟེ། དེ་འཇོམས་པར་བྱེད་པའི་ཕྱིར་ཀུ་ལུ་ཏཱའོ། །གཉིས་པ་འདི་ནི་གོ་རིམས་བཞིན་དུ་སྔ་མ་ལྟར་ཉེ་བའི་དུར་ཁྲོད་དུ་བརྗོད་པར་བྱའོ། །ས་བཅུ་འདི་རྣམས་གནས་ལ་སོགས། །ཞེས་པ་ནི། གནས་ལ་སོགས་པའི་བརྡས་བརྟན་པ་ཡིན་ནོ། །རང་ལུས་སྐྱེས་ཞེས་པ་ནི། ཟླ་བ་བཅུའི་རིམ་པས་སྐྱེས་པའི་རང་གི་ལུས་དང་ལྷན་ཅིག་ཏུ་སྐྱེས་པ་རྣམས་ཏེ། མཐོང་བའི་ལམ་གྱི་རིམ་པས་ཐོབ་པར་བྱ་བ་ནི་མ་ཡིན་ནོ། །དེ་རྣམས་ནི་བཤད་པའི་ཚུལ་གྱིས་གནས་ཀྱི་དབྱེ་བས་འབྱེད་པར་བྱེད་དོ། །དེ་ཉིད་ཕྱི་རོལ་གྱི་སྒོ་རྣམས་དང་ལྷན་ཅིག་ཏུ་ནང་གི་དགུ་པོ་ལས་གཅིག་བཟུང་སྟེ་ས་བཅུར་བརྗོད་པར་བྱའོ། །དེ་རྣམས་སུའི་ས་ཡིན་ཞེ་ན།


DTG021_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་རྣམས་ཀྱིས་ཞེས་པ་སྟེ། གཟུགས་ལ་སོགས་པ་ཕུང་པོའི་རང་བཞིན་ཡེ་ཤེས་གཅིག་པུའི་བདག་ཉིད་ཅན་རྣམས་སོ། །ཡང་ན། སངས་རྒྱས་རྣམས་ནི་ཁམས་ཀྱི་རང་བཞིན་གྱིས་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་སམ། མི་ཕྱེད་མ་ལ་སོགས་པའི་རྩ་ཉི་ཤུ་རྩ་བཞི་རྣམས་ཀྱང་སངས་རྒྱས་རྣམས་སོ། །གཅིག་ལྷག་པ་ལས་དཔའ་བོ་དང་རྣལ་འབྱོར་མ་འདི་རྣམས་ནི་ལྷན་ཅིག་སྐྱེས་པའི་ས་བཅུའམ། བརྟགས་པ་མ་ཡིན་པའི་བསྒྲུབ་པར་བྱ་བ་ཡང་ཡིན་ནོ་ཞེས་དགོངས་སོ། །འཕགས་པ་རྣམས་ཁོ་ནའི་ས་མ་ཡིན་གྱི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་གསུངས་པའི་རིམ་པ་རྣམས་ཀྱིས་ལུས་ལ་གནས་པའི་ཐུགས་ལ་སོགས་པའི་འཁོར་ལོ་གནས་ཉི་ཤུ་རྩ་བཞིའི་དབྱེ་བས་ཕྱེ་བ་རྣམས་སུ། རྐང་མེད་དང༌། རྐང་གཉིས་དང༌། རྐང་བཞི་དང༌། རྐང་མངས་ཏེ་ལུས་ཅན་ཐམས་ཅད་ལ་ཡང་རྩའི་རང་བཞིན་གྱི་ས་འདི་རྣམས་ནི་གནས་བཅུ་པོ་སྟེ། དེ་ཁོ་ན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ནི་སའི་དབང་ཕྱུག་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པར་བསྟན་པ་ལྔ་པའི་རྒྱས་པར་བཤད་པའོ།། །།

དྲུག་པའི་རྒྱས་པར་བཤད་པ།


DTG021_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རང་གི་ལུས་ལ་གནས་པའི་རྩའི་འཁོར་ལོ་རྣམས་ཁོ་ན་འཁོར་ལོ་ཐམས་ཅད་དུ་གནས་པའི་མཁའ་འགྲོ་མའི་རང་བཞིན་དེའི་གཙོ་བོ་ནི། རང་བཞིན་གྱིས་གྲུབ་པའི་སྔགས་ཀྱི་བདག་ཉིད་དེ། དེ་རྣམས་རྟོགས་པ་བྱ་བའི་སླད་དུ། རྒྱས་པར་བསྟན་པ་དྲུག་པ་ལ་འཇུག་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་རུང་ཞེས་པ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། སྔ་མ་བཞིན་དུ་ཕུང་པོ་ལ་སོགས་པའི་རང་བཞིན་ལས་ལྷའི་ངོ་བོ་ཉིད་ཀྱིའོ། །གནས་ཇི་ལྟ་བ་བཞིན་དུ་ནི། གནས་ལ་མ་འདས་པར་བྱས་ནས། རྩའི་འཁོར་ལོ་ཁོ་ན་རྣལ་


DTG021_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་མའི་ཚོགས་སུ་མཚོན་པར་བྱ་སྟེ། བཤད་པར་བྱའོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །སྙིང་གི་དབུས་སོན་ཞེས་བྱ་བ་ལ་སོགས་པས། དེར་གཙོ་བོ་སྔགས་ཀྱི་རང་བཞིན་གྱིས་གནས་པར་གསུངས་པ་སྟེ། འདིར་ལུས་ཅན་ཐམས་ཅད་ཀྱི་སྙིང་ག་ནི། ཆོས་ཀྱི་འཁོར་ལོ་ཟེའུ་འབྲུ་དང་གེ་སར་དང་བཅས་ཤིང་ཐུན་ཚོད་བརྒྱད་རྣམ་པར་དག་པའི་རང་བཞིན་དུ་གནས་པའི་འདབ་མ་བརྒྱད་པའི་རྩའི་འཁོར་ལོའོ། །དེའི་དབུས་སུ་སྟེ། ཏིལ་གྱི་མར་མེའི་རང་བཞིན་ཅན་ཆུ་ཤིང་གི་མེ་ཏོག་ལྟར་འོག་གི་གདོང་མ་སུམ་སྐོར་མ་ཞེས་བྱ་བ་གང་ཡིན་པ་དེའི་དབུས་སུ། ཉི་མའི་འོད་ཟེར་གྱི་ཚོགས་ལྷུང་བའི་སྔ་དྲོའི་བ་མོའི་ཟིལ་པ་ལྟ་བུའི་ཐིག་ལེ་འཛག་བཞིན་པ་ཡུངས་ཀར་ཕྲ་མོའི་ཚད་ཙམ་གྱི་ཧཱུཾ་གི་ཡི་གེ་ནི་བརྗོད་པར་མི་ནུས་པ་ཉིད་ཀྱིས་ན་གཞོམ་དུ་མེད་པ་སྟེ། རྣམ་པར་རྟོག་པའི་དངོས་པོ་ཐམས་ཅད་ཀྱི་འཇིགས་པ་མེད་པ་ཉིད་ཀྱི་ཕྱིར་དཔའ་བོའོ། །དེ་ཉིད་ལུས་ཅན་ཐམས་ཅད་ཀྱི་སྙིང་དགའ་བར་བྱེད་པ་ཉིད་ཀྱི་དཔྱིད་ལྟ་བུ་ཡིན་པའི་ཕྱིར་ན་དཔྱིད་དེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ་ཞེས་ཤེས་པར་བྱ་བ་ཡིན་གྱི། ཞལ་བཞི་པ་ཕྱག་བཅུ་གཉིས་པ་ནི་མ་ཡིན་ནོ། །རྟ་གདོང་གི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་གང་ཡིན་པ་འདི་ནི་བསྲུབ་པར་བྱ་བ་དང་སྲུབ་པར་བྱེད་པ་ཡང་དག་པར་སྦྱོར་བའི་མཚན་ཉིད་ལས་ཀྱི་རླུང་གིས་སྟེང་དུ་བསྐུལ་བ་ལས་ལྟེ་བའི་གནས་ནས་འབར་བ་སྟེང་གི་ལམ་དུ་སོང་ནས། དེ་ལ་སྙིང་གང་གནས་པའི་དཔའ་བོ་དེའི་བདུད་རྩིའི་བཀོད་མའི་རྒྱུན་ལྟུང་བས་དེ་ཉིད་དུ་ཞུ་བས་རེག་པ་འདི་ཉིད་གཉིས་སུ་མེད་པར་སྦྱོར་བ་ཡིན་པའི་ཕྱིར་སྙོམས་པར་ཞུགས་པ་སྟེ། དཔྱིད་ཀྱི་ཐིག་ལེ་ཞེས་བརྗོད་པར་བྱའོ། །དེ་ཉིད་འདི་ནི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུཾ་གི་ཡི་གེ་གང་ཡིན་པ་འདི་ནི་སྔར་གསུངས་པའི་མཚན་ཉིད་ཀྱིས་བརྗོད་པ་དེ་ཉིད་དཔལ་ཧེ་རུ་ཀ་སྟེ། ཡེ་ཤེས་འབར་བའི་ཕྱིར་ན་རྡོ་རྗེ་ཕག་མོ་ནི་ཐིག་ལེར་བརྗོད་པར་བྱའོ། །དེ་ཉིད་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་སྟེ། གནས་པ་དང་འགྲོ་བའི་བདག་ཉིད་ཀྱི་འགྲོ་བ་ལ་སྔར་གསུངས་པའི་རྣལ་འབྱོར་མའི་གཟུགས་ཏེ། ཁ་དོག་དམར་པོ་བླངས་ནས་གནས་པའོ། །དེ་བཞིན་དུ་བཅོམ་ལྡན་


DTG021_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་མ་དེ་ཉིད་ལུས་ལ་སོགས་པའི་དབྱེ་བས་དབྱེ་བར་འགྱུར་བའི་དམན་པ་དང་འབྲིང་དང་དམ་པའི་སྒོ་གསུམ་གྱི་དབྱེ་བས། འགྲོ་བ་དང་སོང་བ་དང་གནས་པ་རྣམས་མཛད་པ་ཡིན་ནོ། །དེ་ཁོ་ནའི་ཡིན་གྱི། ལུས་ཅན་ཐམས་ཅད་ལ་ཡང་རྣམ་པར་གནས་སོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་བ་རྩབས་འཁོར་ལོ་བཞི་ལ་ཁྱབ་པར་བསྟན་པའི་ཕྱིར། ལྟེ་བར་ཞེས་བྱ་བ་ནས་བརྩམས་ཏེ། འདིར་ནི་ཇི་ལྟར་བདེ་བར་རོལ། །ཞེས་བྱ་བའི་མཐར་ཐུག་པ་གསུངས་ཏེ། དེ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་དཔྱིད་དེ་ཉིད་ཨ་ཡིག་ཐུང་དུའི་གཟུགས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི་ནཱ་ད་དང་ཐིག་ལེ་དང་ལྡན་པའི་ཧཱུཾ་ཡིག་གི་རྣམ་པའོ། །མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་ནི་ཆ་གསུམ་པ་ཤིན་ཏུ་རིང་པོའི་ཨོཾ་ཡིག་གི་གཟུགས་ཏེ། རྩ་ཁྱོག་པོ་ཉིད་ལས་དེ་ལ་ལན་གསུམ་དུ་བསྐོར་བས་གཏུམ་མོའི་འཇུག་པ་དང་འབྱུང་བའོ་ཞེས་བྱས་ནས་སོ། །དཔྲལ་བར་བདེ་བ་ཆེན་པོའི་འཁོར་ལོར་ནི་ནཱ་ད་དང་ཐིག་ལེས་བརྒྱན་པ་གཞོམ་དུ་མེད་ཅིང་འགྱུར་བ་མེད་པ་ཧའི་ཡི་གེའོ། །དེ་ཉིད་ལུགས་ལས་ལྡོག་པ་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་རྣམས་སུ་དཔལ་ཧེ་རུ་ཀ་སྔགས་ཀྱི་སྐུའི་གཟུགས་སོ། །ས་སོགས་འབྱུང་བཞེས་བྱ་བ་ལ་སོགས་པས་དེའི་རྟེན་གསུངས་ཏེ། དེའི་སངས་རྒྱས་ཀྱི་ཞིང་ནི་ས་ལ་སོགས་པའི་རང་བཞིན་གྱི་འཁོར་ལོ་བཞི་པོ་རྣམས་སོ། །ཉིན་དང་མཚན་མོ་དང་གུང་དང༌། ཕྱི་དྲོ་དང་མཚན་ཕྱེད་དང་སྔ་དྲོའི་མཚན་ཉིད་ཀྱིས་ཐུན་བཞི་པོ་འཁོར་ལོ་བཞིར་འབབ་པ་ཅན། བརྒྱ་ཕྲག་ལྔ་བཅུ་རྩ་བཞི་དབུགས་ཀྱི་གྲངས་ཏེ། དེ་ཉིད་ནི། ཤེས་རབ་དང་ལྡན་པའི་བཅོམ་ལྡན་འདས་དེ་ཉིད་ཀྱི་ཞལ་བཞི་ཡིན་ནོ། །རྣམ་པ་སྣ་ཚོགས་པ་ལ་སོགས་པ་ལ་དགའ་བ་ཉེ་བར་མཚོན་བའི་སྐད་ཅིག་བཞི་དང༌། དགའ་བ་ལ་སོགས་པ་བཞི་དང༌། མྱུར་བ་དང༌། རླངས་པ་དང༌། རྣམ་པར་བཅིངས་པ་དང༌། སྣ་ཚོགས་བྱེད་པའི་སྦྱོར་བ་བཞི་པོ་རྣམས་གང་ཡིན་པ་འདི་རྣམས་སོ་སོར་བཤད་པ་ལས། དེ་ཉིད་དེའི་ཕྱག་བཅུ་གཉིས་པོ་རྣམས་དང་དེ་ཉིད་སྟེང་དུ་རབ་ཏུ་འཇུག་པ་ལས་ནི་སྤྱན་བཅུ་གཉིས་དང༌། དེ་


DTG021_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་དབུས་སུ་རབ་ཏུ་འཇུག་པ་ལས་ནི་མཚོན་ཆ་བཅུ་གཉིས་པོ་རྣམས་སོ། །འདི་ཉིད་བྱ་བ་དང་བྱེད་པ་པོ་དག་གི་སྟེ། སྲེག་པར་བྱེད་པ་དང་འཕེལ་པར་བྱེད་པའི་དངོས་པོས་རོ་མཉམ་པ་ཉིད་ཀྱིས་ན། དཔལ་ཐིག་ལེ་རྡོ་རྗེ་སེམས་དཔའ་དཔྱིད་དེའི་གཟུགས་སོ། །དེས་ཇི་ལྟར་བདེ་བར་ཏེ། དགའ་བ་བཞིའི་རང་བཞིན་ཉིད་ལ་བརྟེན་ནས་རོལ་ཞིང་ལུས་ཅན་ཐམས་ཅད་ཀྱི་ལུས་ལ་དགའ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དབུས་ཀྱི་གཙོ་བོ་ཤེས་རབ་དང་བཅས་པའི་ཞལ་དང༌། ཕྱག་དང༌། སྐུ་མདོག་དང༌། དབྱིབས་དང༌། མཚན་མ་ནི་ནང་གི་གཟུགས་སུ་གསལ་བར་བྱས་ནས། འདབ་མ་བཞི་པོ་དག་ནི་ཡང༌། །ཞེས་བྱ་བ་ནས་བརྩམས་ཏེ། རྩ་ལྔ་རྣམས་ནི་རྣམ་པར་གནས། །ཞེས་པའི་མཐར་ཐུག་པའི་གཞུང་ནི། །ཡེ་ཤེས་ཀྱི་འཁོར་ལོའི་མཁའ་འགྲོ་མ་བཞི་པོ་དང་མཆོད་པའི་བུམ་པ་བཞི་པོ་ཡང་རྟོགས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། དེ་ལ་ཆོས་ཀྱི་འཁོར་ལོའི་ཤར་དང༌། བྱང་དང༌། ནུབ་དང༌། ལྷོ་སྟེ་ཕྱོགས་ཀྱི་ཆར་གནས་པ་བཞི་པོ་ནི་འཛིན་པ་དང༌། གཤེར་བ་དང༌། དྲོ་བ་དང༌། གཡོ་བའི་མཚན་ཉིད་དེ། ཐུགས་ཀྱི་རྡོ་རྗེ་དཔལ་ཧེ་རུ་ཀའི་གནས་ཡེ་ཤེས་ཀྱི་འཁོར་ལོར་གནས་ཤིང་སོན་པ་དེ་རྣམས་ཉིད་ནི་མཁའ་འགྲོ་མ་ལ་སོགས་ཏེ། མཁའ་འགྲོ་མ་དང༌། ལཱ་མ་དང༌། དུམ་སྐྱེས་མ་དང༌། གཟུགས་ཅན་མར་ཤེས་པར་བྱའོ། །དེ་ལས་ནམ་མཁའ་ལ་ཐིམ་པ་ལས་མཁའ་འགྲོ་མ་དང༌། ཆུ་ནམ་མཁའ་ལ་རོལ་པས་ན་མཱ་ལ་སྟེ། སྡེབ་སྦྱོར་ལས་ཡི་གེ་བཟློག་པའོ། །མེ་ནམ་མཁའ་དུམ་བུར་བྱེད་ཅིང་འགྲོ་བར་བྱེད་དོ་ཞེས་པས་དུམ་བུ་སྟེ། དེ་རྣམ་པར་དག་པ་ལས། དེ་ཉིད་དུ་གསལ་བའི་ཕྱིར་ཁཎྜ་རོ་ཧཱའོ། །དེས་ན་གཞི་མཐུན་པའི་བསྡུ་བ་ཡིན་ནོ། །རླུང་ནམ་མཁའི་གཟུགས་སུ་འགྲོ་ཞིང་རྣམ་པར་སྦྱོང་བའི་ཕྱིར། གཟུགས་ཅན་མའོ། །ཕྱོགས་ཀྱི་མཁའ་འགྲོ་མ་རྣམས་བཤད་ནས། ཕྱོགས་བྲལ་དུ་གནས་པའི་བུམ་པ་རྣམས། ཕྱོགས་བྲལ་གནས་པའི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཡེ་ཤེས་ཀྱི་འཁོར་ལོའི་སྙིང་ག་དེ་ཉིད་དུ་བདུད་རྩི་ལྔ་འབབ་ཅིང་མཚམས་སུ་


DTG021_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པའི་རྩ་གང་ཡིན་པ་དེ་ཉིད་ནི་བུམ་པའི་རྣམ་པ་སྟེ། དེ་ལས་བྱུང་བའི་བུག་པ་ཐོད་པའི་ཕྲེང་བར་གནས་པ་དེ་རྣམས་སུ་བདུད་རྩིའི་བདག་ཉིད་ཀྱི་མཆོད་པ་བཞི་པོ་ཤེས་པར་བྱའོ་ཞེས་ལུས་ཀྱི་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བ་གསུངས་ཏེ། དེ་ལྟར་བཤད་པའི་ཚུལ་གྱིས་ལུས་ཀྱི་དབུས་སུ་རྩ་ལྔ་སྟེ། སུམ་སྐོར་མ་ཡེ་ཤེས་ཀྱི་པདྨའི་མཆོད་པའི་མཁའ་འགྲོ་མ་བཞི་དང་བཅས་པ་རྣམས་སོ་ཞེས་ཤེས་པར་བྱའོ། ནཱ་དའི་གཟུགས་སུ་མྱོང་བ་ཉིད་ཀྱི་ཕྱིར་ཕྱི་རོལ་རྣམས་དང་རྟག་པ་ནི་མ་ཡིན་ནོ། །སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པས། འཁོར་ལོ་གསུམ་གྱི་རྩ་རྣམས་རྣལ་འབྱོར་མར་གསུངས་ཏེ། ཐུགས་གསུང་སྐུ་ཞེས་བརྗོད་པར་བྱ་བ་ཡིན་ན་ཡང༌། ལུགས་ལས་བཟློག་པས་ཀློག་པ་ནི། །སྐལ་བ་མེད་ཕ་རྣམས་ལ་སྦ་བའི་དོན་ཏོ། །དེའི་ཕྱིར་ཐུགས་ལ་སོགས་པའི་འཁོར་ལོ་དང༌། སྤྱི་པོ་ལ་སོགས་པ་ཉི་ཤུ་རྩ་བཞིའི་བདག་ཉིད་ཀྱི་གནས་སུ། རབ་གཏུམ་མ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་རྩའི་གཟུགས་ཁོ་ནས་གནས་དང་གནས་སུ་སྟེ། གནས་དང་ཉེ་བའི་གནས་ནས་ཉེ་བའི་དུར་ཁྲོད་ཀྱི་མཐར་ཐུག་པ་སྟེ། མཐར་ཐུག་པ་རང་བཞིན་གྱིས་གྲུབ་པ་ཁོ་ནས་རྣམ་པར་གནས་ཏེ། རྩ་བའི་རྒྱུད་དུ་ཡང༌། ལྷན་ཅིག་སྐྱེས་གྲུབ་མཁའ་འགྲོ་རྣམས། །ཞེས་གསུངས་པའི་ཕྱིར་རོ། །སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་རྣམས་སྤྱི་བོ་སྐྱེས་ཞེས་དྲན། །ཞེས་བྱ་བས་དེ་ཉིད་གསུངས་ཏེ། འདིར་བདེ་བ་ཆེན་པོའི་འཁོར་ལོ་ལས་རྩ་སུམ་ཅུ་རྩ་གཉིས་རབ་ཏུ་འབྱུང་བར་འགྱུར་ཏེ། གང་དང་ལྡན་པ་ལྟ་བུ་བྱུང་བ་དེ་རྣམས་ལས་ཁུ་བ་དང༌། ཁྲག་དང༌། གཉི་ག་འཛིན་པར་བྱེད་པ། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱི་རྣམས་ནི་ཁམས་གསུམ་པོ་མ་ལུས་པར་སྐྱེད་པར་བྱེད་པ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཅན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྩ་སུམ་ཅུ་རྩ་གཉིས་ཀྱི་མིང་ནི། །དཔལ་ཀྱེའི་རྡོ་རྗེར། མི་ཕྱེད་མ་དང་ཕྲ་གཟུགས་མ། །མཛེས་མ་གཡོན་མ་ལུས་ཐུང་མ། །རུས་སྦལ་སྐྱེས་མ་སྒོམ་པ་མ། །དབང་མ་སྐྱོན་མ་བཤང་བ་མ། །མ་དང་མཚན་མོ་གསལ་སྦྱིན་


DTG021_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲོད། །བརྐྱང་མ་ཀུན་འདར་རོ་མ་དང༌། །གཞོལ་མ་རངས་པའི་གདོང་མ་དང༌། །སྤྱི་མ་རྒྱུ་སྦྱིན་སྦྱོར་བྲལ་མ། །སྡུག་མ་གྲུབ་མ་མེ་མ་དང༌། །དེ་བཞིན་ཡིད་བཟང་སུམ་སྐོར་མ། །འདོད་མ་ཁྱིམ་མ་གཏུམ་མོ་དང༌། །བདུད་དྲལ་ཀཱ་ཏྱའི་བུ་མོ་དང༌། །ཞེས་པའོ། །སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཐུན་མཚམས་ཀྱི་རྩ་བཞི་དང་བཅས་པ་ནི་སུམ་ཅུ་རྩ་དྲུག་ཡིན་ལ། །སུམ་སྐོར་མ་ལ་སོགས་པ་དང༌། །ཨ་ཝ་དྷཱུ་ཏཱི་ལ་སོགས་པ་བརྒྱད་དོར་ནས། །ལྷག་མ་མི་ཕྱེད་མ་ལ་སོགས་པ་ནི་རབ་གཏུམ་མ་ལ་སོགས་པ་ཉི་ཤུ་རྩ་བཞིར་ཤེས་པར་བྱ་ལ། འདི་རྣམས་ཀྱི་སོ་དང་སེན་མོ་ལ་སོགས་པའི་ཁམས་ཉི་ཤུ་རྩ་བཞི་ནི། ཐོད་པའི་དུམ་བུ་ལ་སོགས་པ་རྣམས་སུ་ཤེས་པར་བྱའོ། །དེ་ལ་རྩ་གཉིས་དང་མཁའ་འགྲོ་མ་རྣམས་ཀྱི་ངེས་པའི་ཚིག་ནི། དབྱེ་བར་བྱ་བ་མ་ཡིན་པའི་སེན་མོ་དང་སོ་རབ་ཏུ་འབྱུང་བའི་ཕྱིར། མི་ཕྱེད་མ་སྟེ་སྤྱི་བོ་ལའོ། །ཤིན་ཏུ་ཕྲ་བའི་སྐྲ་དང་བ་སྤུ་འབབ་པའི་ཕྱིར། ཕྲ་གཟུགས་མ་སྟེ་སྤྱི་གཙུག་ཏུའོ། །པགས་པའི་དྲི་མ་ཕྱི་རོལ་ཏུ་སྣང་བཞིན་པས་འབབ་པའི་ཕྱིར། མཛེས་མ་སྟེ་རྣ་བ་གཡས་པ་ལའོ། །གཡོན་ཉིད་དུ་གང་བའི་ཤ་འབབ་པའི་ཕྱིར་རམ། གཡོན་གྱི་རྣམ་པའི་སྙིང་སྟོབས་ཀྱི་ཁམས་འབྱུང་བའི་ཕྱིར་ཏེ། གཉི་ག་ལས་གཡོན་པ་མ་སྟེ་རྒྱབ་ཏུའོ། །ཆུ་རྒྱུས་འབབ་པ་ལས་སམ། ཟོས་པ་སྐྱུགས་པ་ལས་ཏེ། གཉི་ག་ལས་ཐུང་དུ་མ་ནི་རྣ་བ་གཡོན་པ་ལའོ། །རུས་སྦལ་གྱི་རྒྱབ་ལྟ་བུར་མི་ཕྱེད་པའི་རུས་པའི་ཕྲེང་བ་འབབ་པའི་ཕྱིར། རུས་སྦལ་སྐྱེས་མ་སྟེ་སྨིན་མའི་དབུས་སུའོ། །མཆིན་པ་འབྱུང་བར་བྱེད་ཅིང་འཛག་པར་བྱེད་དོ་ཞེས་པས། སྒོམ་པ་མ་སྟེ་མིག་གཉིས་ལའོ། །སྙིང་ལས་བདུད་རྩིའི་རོ་གཏོར་བར་བྱེད་པའི་ཕྱིར། དབང་མ་སྟེ་དཔུང་པའི་རྩ་བ་གཉིས་ལའོ། །གནས་དང་ཉེ་བའི་གནས་སུ་རྩ་བརྒྱད་པོ་འདི་རྣམས་ནི་མཁའ་སྤྱོད་མ་སྟེ། ཐབས་དང་བཅས་པ་ཐུགས་ཀྱི་འཁོར་ལོ་ལའོ། །སྐྱོན་བྱེད་ཅིང་རང་གི་ཡུལ་གྱི་རྣམ་པར་འགྱུར་བར་བྱེད་དོ་ཞེས་པ་སྐྱོན་མ་སྟེ། མིག་གི་ཁམས་ལ་གནོད་པའི་མཆན་ཁུང་དག་ལའོ། །མཆན་ཁུང་མཐོང་བ་ལས་ཡིད་རྣམ་པར་འགྱུར་ཏེ། འདི་ནི་བདག་གིའོ་ཞེས་ཞེ་སྡང་


DTG021_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱུང་བའི་ཕྱིར་ཡང་སྟེ། ཞེ་སྡང་དང་སྐྱོན་ཞེས་བ་ནི་རྣམ་གྲངས་སོ། །མཁྲིས་བར་བརྗོད་བའི་བཤང་བ་འབབ་བར་བྱེད་དོ་ཞེས་པས་བཤང་བ་མ་སྟེ། ནུ་མ་གཉིས་ལའོ། །བཤང་བའི་ཁམས་བསྐུལ་བ་ན་སྟེང་དུ་གློ་བ་འབབ་པའི་ཕྱིར་ལ་ལྟ་བུ་ཡིན་པས་མའམ། མ་ལ་བརྟེན་ནས་མངོན་པར་འདོད་པ་སྐྱེད་པའི་ཕྱིར་དང༌། འགྲོ་བ་སྐྱེད་པར་བྱེད་པའི་ཕྱིར་ཡང་སྟེ་ལྟེ་བ་ལའོ། །རྒྱུ་མའི་ཕྲེང་བ་རྣམས་སུ་བདེ་བ་ཆེན་པོར་ཉལ་བའི་ཕྱིར་རི་ཁྲོད་མའོ། །མཚན་མོའི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར། མཚན་མ་མ་སྟེ་སྣ་རྩེ་ལའོ། །གཉེ་མ་དང་ཚིལ་བུའི་ཚོགས་ཀྱིས་རྒྱུ་མ་ལ་ཡོངས་སུ་བསྐོར་ནས་གནས་སོ། །དེ་འབབ་པར་བྱེད་པའི་ཕྱིར་དཀར་སྦྱིན་མ་ཡིན་པའམ། དེས་བསིལ་སྦྱིན་མ་སྟེ་ཁ་ལའོ། །ལྟོ་བར་བཀྲེས་པའི་མེ་སྟེ། དེ་འབབ་པར་བྱེད་པ་ཉིད་ཀྱི་ཕྱིར། དྲོད་མ་སྟེ་མགྲིན་པ་ལའོ། །བཤང་བ་འབབ་པ་ཉིད་ཀྱི་ཕྱིར། གཞོལ་མ་སྟེ་ཡི་གེ་བཟློག་པ་ལས་པྲ་ལ་བཱའོ། །རྣམ་པར་སྣང་མཛད་འབབ་མ་སྙིང་ག་ལའོ། །མཚམས་མཐའི་སྣོད་ཀྱི་ནང་དུ་དེ་འབབ་པ་ཉིད་ལས་རངས་པའི་གདོང་མ་སྟེ། དེའི་རེག་པ་ལས་ཐབས་དང་ཤེས་རབ་དག་གི་དགའ་བ་ཉིད་ཀྱི་ཕྱིར་ཆུ་སོ་ལའོ། །གསུང་གི་འཁོར་ལོ་ལ། ཞིང་དང་ཉེ་བའི་ཞིང་དང༌། འདུན་པ་དང་ཉེ་བའི་འདུན་པ་འདི་རྣམས་སུ་རྩ་བརྒྱད་པོ་ནི་ས་སྤྱོད་མ་རྣམས་སོ། །ཁམས་མཉམ་པ་ཉིད་ཀྱི་བད་ཀན་འབབ་པའི་ཕྱིར་སྤྱི་མ་སྟེ་གསང་བ་ལའོ། །ཕལ་ཆེར་ཤ་ཟ་བའི་ཕྱིར་རམ། མི་སྦྱོར་བའི་རྣམ་པར་རྟོག་བ་སྐྱེད་པར་བྱེད་པའི་ཕྱིར། སྦྱོར་བྲལ་མ་སྟེ་བཤང་ལམ་ལའོ། །ཁྲག་འབབ་པ་ལས་དཔྱིད་ཀྱི་མེ་ཏོག་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་སྡུ་གུ་མ་སྟེ་བརླ་དག་ལའོ། །སྙོམས་པར་འཇུག་པ་ན་རྡུལ་སྐྱེ་བ་ནི་ཐམས་ཅད་ལ་གྲུབ་སྟེ། དེ་འབབ་པར་བྱེད་པ་ཉིད་ཀྱི་ཕྱིར་གྲུབ་མ་སྟེ་བྱིན་པ་ལའོ། །གྲུབ་པའི་མཚན་མ་སྐྱེ་བའི་རྟེན་ཡིན་པའམ། དེ་གཙོ་བོ་ཡིན་པའི་ཕྱིར་ན་ལུས་རྒྱས་པ་ལ་ཚིལ་བུ་ཉིད་རྒྱུ་ཡིན་ལ། དེ་འབབ་པའི་ཕྱིར་རྒྱུ་སྦྱིན་མ་སྟེ། རྐང་པའི་སོར་མོ་རྣམས་ལའོ། །གདོང་གི་མཆི་མ་ནི་མྱ་ངན་འབར་བ་ཡིན་


DTG021_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར་མེ་མ་སྟེ་རྐང་པའི་རྒྱབ་ལའོ། །ལུད་པ་དོར་བས་རྣལ་འབྱོར་བ་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་ཡིད་བཟངས་མ་སྟེ་རྐང་པའི་མཐེ་བོ་ལའོ། །ཇི་སྲིད་དུ་ངར་སྣབས་ཀྱི་སྐྱོན་བྱེད་པའི་ཕྱིར་ཀཱ་ཏྱ་ཡ་ན་སྟེ་པུས་མོ་གཉིས་ལའོ་ཞེས་པ་སྐུའི་འཁོར་ལོ་ལ་འདུ་བ་དང༌། ཉེ་བའི་འདུ་བ་དང༌། དུར་ཁྲོད་དང༌། ཉ་བའི་དུར་ཁྲོད་དུ་བརྗོད་པ་རྣམས་སུ་རྩ་བརྒྱད་པོ་རྣམས་ནི་ས་འོག་ན་གནས་པ་རྣམས་སོ། །ངག་གི་སྔ་མའི་སྒོ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་འཁོར་ལོའི་རྩའི་ངེས་པའི་ཚིག་རྒྱས་པར་གསུངས་ཏེ། ངག་གི་སྒོ་ལས། སྔ་མ་ནི་ལུས་ཀྱི་སྒོ་དེ་རྣམས་སུའོ། །མིག་ལ་སོགས་པའི་རྩ་བརྒྱད་པོ་གཡས་དང་གཡོན་དུ་ཡང་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ཁ་དང༌། གསང་བ་དག་ཏུའོ། །དེ་རྣམས་ཀྱི་མིང་ནི་རབ་ཏུ་གྲགས་པ་ཁོ་ན་སྟེ། ཡུལ་ཉེ་བར་མཚོན་པའི་དམ་ཚིག་གི་རྗེས་སུ་གནས་པའི་ཕྱིར། དམ་ཚིག་གི་འཁོར་ལོར་གནས་པར་ཤེས་པར་བྱའོ་ཞེས་པ་ནི་རྩའི་དེས་པའི་ཚིག་གོ །གནས་ཀྱི་རིམ་པའི་ཚིག་ནི་སྔར་བཤད་པ་རྣམས་སོ། །མཁའ་འགྲོ་མ་རྣམས་ཀྱི་ངེས་པའི་ཚིག་བརྗོད་པར་བྱ་སྟེ། འདིར་གཡས་ཁོ་ནའི་མཁའ་འགྲོ་མ་རྣམས་ནི་ཕག་མོའི་རིགས་ལས་ཡང་དག་པར་བྱུང་བ་ཡིན་ནོ་ཞེས་ལན་མང་དུ་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །དེ་དང་མི་ཕྱེད་པའི་གཟུགས་ཉིད་ཀྱིས་དེ་རྣམས་ཀྱི་བརྗོད་པར་བྱ་སྟེ། དེ་ལ་རབ་ཏུ་མ་ཞི་བ་དང་གཏུམ་པ་ཉིད་གང་གི་ཡིན་པ་དེ་ནི་རབ་ཏུ་གཏུམ་མའོ། །གཡོན་དང་ཅིག་ཤོས་ཀྱི་རྩ་དག་བདེ་པ་ཆེན་པོའི་གནས་སུ་སོན་པ་ཇི་སྲིད་པར་གཏུམ་ཞིང་རྣོ་པའི་སྲེག་པར་བྱེད་པ་ནི་འདིའི་ཡིན་ནོ་ཞེས་པས་གཏུམ་མིག་མའོ། །གཉིས་པོ་དག་དབུ་མར་རབ་ཏུ་གསལ་བ་ལས་མེའི་ཁ་དོག་གི་འོད་དང་ལྡན་པ་ཉིད་ཀྱི་ཕྱིར་འོད་ལྡན་མ་དང༌། གསང་བ་དང༌། སྙིང་ག་དང༌། གདོང་གི་སྣ་རྩེ་ཆེན་པོ་རྣམས་གང་གི་ཡིན་པ་དེ་ནི་སྣ་ཆེན་མ་སྟེ། གནས་ཀྱི་མཁའ་འགྲོ་མ་རྣམས་ནི་དོན་ཇི་ལྟ་བ་བཞིན་ནོ། །དཔའ་བོ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཡོད་པར་བྱེད་པ་གང་ཡིན་པ་དེ་ནི་དཔའ་བོའི་བློ་ཅན་མ་སྟེ། ལྟེ་བའི་དབུས་ནས་དཔའ་བོ་ནི། །ཞེས་གསུངས་པའི་ཕྱིར་རོ། །རྣོན་པོ་ཡང་འདི་ཡིན་ལ་འཁོར་ལོ་གསུམ་སྲེག་པར་བྱེད་


DTG021_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྒོ་ཡང་འདི་ཡིན་ཏེ། སླར་ཡང་དེ་འཕེལ་བར་བྱེད་པའི་ཕྱིར། མིའུ་ཐུང་མའོ། །ལངྐ་ནི་ལུས་ཀྱི་གྲོང་སྟེ། དེའི་དབང་ཕྱུག་མའམ་རྗེ་མོ་ནི་ལངྐའི་དབང་ཕྱུག་མའོ། །ཤིང་གི་གྲིབ་མ་ལྟ་བུར་བསིལ་བ་འཕེལ་བར་བྱེད་པའི་ཕྱིར། ཤིང་གྲིབ་མའོ་ཞེས་པ་ཉེ་བའི་གནས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་ཏེ། ཐུགས་ཀྱི་འཁོར་ལོའི་མཁའ་ལ་སྤྱོད་པ་རྣམས་སོ། །ས་སྲུང་ལྟ་བུའི་ཤུགས་འབབ་པ་ནི་ས་སྲུང་མའོ། །སྒྲོན་མ་གཉིས་པ་ལ་འདུད་པ་གཅོད་པའི་ཕྱིར། འཇིགས་བྱེད་ཆེན་མོའོ། །རླུང་ལྟ་བུར་སྟེང་དང་འོག་དང་ཕྱོགས་བཅུ་རྣམས་སུ་ཡང་མགྱོགས་པའི་ཤུགས་གང་གི་ཡིན་པ་དེ་ནི་རླུང་ཤུགས་མའོ། །སྒྲོན་མ་གཉིས་པར་ཡང་ཆང་ནི་བདུད་རྩི་སྟེ་འཐུང་བར་བྱེད་དོ་ཞེས་པས་ཆང་འཐུང་མ་སྟེ། ཡེ་ཤེས་ཀྱི་སྒྲོན་མའོ་ཞེས་པ་ཞིང་དང་ཉེ་བའི་ཞིང་གི་མཁའ་འགྲོ་མ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་ནོ། །རབ་ཏུ་དགའ་བ་ལྡང་བའི་ཕྱིར་སྔོ་བསངས་ཀྱང་འདི་ཡིན་ལ། འཁོར་ལོ་ཐམས་ཅད་དུ་རོལ་པ་ལས་ལྷ་མོ་ཡང་ཡིན་པ་ནི་ལྷ་མོ་སྔོ་བསངས་མའོ། །ལེགས་པ་ནི་མེ་ལོང་ཡིན་ལ། བཟང་བ་ནི་དགེ་བ་སྟེ། དེ་གང་གི་ཡིན་པ་དེ་ནི་ཤིན་ཏུ་བཟང་མོའོ། །རྟ་ལྟ་བུར་རྣ་བ་གཡས་ནས་འབྱུང་བར་བྱེད་པ་ནི་རྟ་རྣ་མའོ། །བྱའི་གདོང་གི་རྣམ་པ་ཉིད་ཀྱི་ཕྱིར་མཁའ་འགྲོ་བྱ་གདོང་མ་སྟེ། འདུན་པ་དང་ཉེ་བའི་འདུན་པའི་མཁའ་འགྲོ་མ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུའོ་ཞེས་པ་གསུང་གི་འཁོར་ལོ་ལས་ས་སྤྱོད་མ་རྣམས་སོ། །འཁོར་ལོ་ལྟ་བུར་འཁོར་ལོ་རྣམས་སུ་འདིའི་ཤུགས་ཀྱིས་འགྲོ་ཞིང་འོང་བས་ན་འཁོར་ལོའི་ཤུགས་ཅན་མའོ། །དེ་བཞིན་གཤེགས་པ་དང་སྤྱན་མ་ལ་སོགས་པ་རྣམས་དང་པོར་དུམ་བུར་བྱེད་ཅིང༌། སླར་ཡང་འཇུག་པར་བྱེད་ཅིང་སྐྱེད་པར་བྱེད་པའི་ཕྱིར་དུམ་སྐྱེས་མའོ། །མྱོས་པར་བྱེད་པའི་ཆང་འཐུང་བའི་ཕྱིར་ཆང་འཐུང་མའོ། །འདིའི་གོ་ཆ་འཁོར་ལོ་ལྟ་བུ་ཡིན་པ་དེ་ནི། འཁོར་ལོའི་གོ་ཆ་མའོ་ཞེས་པ་འདུ་བ་དང་ཉེ་བའི་འདུ་བའི་མཁའ་འགྲོ་མ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་ནོ། །ཤིན་ཏུ་དཔའ་བའི་ཨ་ཡིག་ལས་བྱུང་བའི་ཕྱིར། ཤིན་ཏུ་དཔའ་


DTG021_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོའོ། །འགྲོ་བ་དང་འོང་བ་དག་གི་སྟོབས་ཆེན་མོ་གང་གི་ཡིན་པ་དེ་ནི་སྟོབས་ཆེན་མོའོ། །འཁོར་ལོ་རྣམས་སུ་འཇུག་པའི་དང་ཚུལ་གང་ཡིན་པ་དེ་ནི་འཁོར་ལོས་སྒྱུར་མའོ། །ལྡང་བ་ན་བརྩོན་འགྲུས་ཆེན་མོ་གང་གི་ཡིན་པ་དེ་ནི། བརྩོན་འགྲུས་ཆེན་མོ་གང་གི་ཡིན་པ་དེ་ནི། བརྩོན་འགྲུས་ཆེན་མོའོ་ཞེས་པ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་མཁའ་འགྲོ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་ནོ། །དེ་ནི་སྐུའི་འཁོར་ལོའི་ས་འོག་སྤྱོད་པ་རྣམས་སོ། །མིག་ལ་སོགས་པའི་དབང་པོ་བཅུ་ལ་སོགས་པས་ཡུལ་གྱི་བཟའ་བ་ལ་སོགས་པ་འཛིན་པའི་ཕྱིར། དབང་པོའི་རྩ་བརྒྱད་པོ་ཁྭ་གདོང་མ་ལ་སོགས་པ་སྟེ། དམ་ཚིག་གི་འཁོར་ལོའི་དཔའ་མོ་རྣམས་ཀྱི་ངེས་ཚིག་གོ །ད་ནི་དཔའ་བོ་རྣམས་ཀྱི་ངེས་པའི་ཚིག་བརྗོད་པར་བྱ་སྟེ། དུམ་བུ་སྟེ་མགོ་བོའི་གནས་སུ་སོ་དང་སེན་མོའི་གཟུགས་ཀྱི་ས་བྱང་ཆུབ་ཀྱི་སེམས་ལེན་པར་བྱེད་ཅིང་སྐུལ་བར་བྱེད་པའི་ཕྱིར་ཐོད་པའི་དུམ་བུའོ། །མ་ཧཱ་ཀཾ་ཀ་ནི་སྤྱི་གཙུག་གི་གནས་སུ་ཡོང་པ་དེ་ཉིད་དེ། སྐྲ་དང་བ་སྤུ་ལེན་པར་བྱེད་པའི་ཕྱིར་ཀེང་རུས་ཆེན་པོའོ། །རྣ་བའི་རྩ་བར་སོན་ནས་པགས་པའི་དྲི་མ་སྐུལ་པར་བྱེད་པའི་ཕྱིར་ཀེང་རུས་སོ། །རྒྱབ་ཏུ་ཤའི་རང་བཞིན་གྱི་མཆེ་བ་རྣམ་པར་གཙིགས་པ་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གནས་ཀྱི་དཔའ་བོའི་ངེས་པའི་ཚིག་གོ །ཆང་རྣམས་ཀྱི་སྟེ་ཆུ་རྒྱུས་རྣམས་ཀྱི་དགྲ་རྣ་བ་གཡོན་པ་ལ་འཇུག་པར་བྱེད་པ་ནི་ཆང་དགྲའོ། །སྨིན་མའི་དབུས་སུ་གནས་ནས་དཔག་ཏུ་མེད་པའི་རུས་པའི་ཕྲེང་བ་རབ་ཏུ་འཇུག་པར་བྱེད་པ་ཉིད་ལས་བྱུང་བ་ནི་འོད་དཔག་མེད་དོ། །རྡོ་རྗེ་རིན་ཆེན་ལྟ་བུའི་འོད་མིག་གང་གི་ཡིན་པ་དེ་ལས་མཆིན་པ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རྡོ་རྗེ་འོད་དོ། །གང་གི་ལུས་རྡོ་རྗེ་ལྟ་བུར་བརྟན་པའི་དཔུང་པའི་རྩ་བ་ལས་སྙིང་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རྡོ་རྗེ་ལུས་ཏེ། ཉེ་བའི་གནས་ཀྱི་དཔའ་བོའི་ཚིག་གོ །མཆན་ཁུང་དག་ལས་མིག་གི་མྱུ་གུ་སྐྱེ་བའི་ཕྱིར་མྱུ་གུ་ཅན་ནོ། །ནུ་མ་དག་ལས་རྡོ་རྗེའི་རལ་པ་ལྟ་བུའི་མཁྲིས་པའི་ཁམས་སྐྱེད་པར་བྱེད་པའི་ཕྱིར་རྡོ་རྗེ་རལ་པ་ཅན་ནོ། །ལྟེ་བར་རྡོ་རྗེ་ཆེན་པོ་ཡང་འཇིག་པར་བྱེད་པ་གློ་བ་རབ་ཏུ་འཇུག་པ་ལས་དཔའ་བོ་ཆེན་པོའོ། །སྣ་རྩེ་ལས་རྒྱུ་མའི་སྒོ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར། རྡོ་རྗེ་ཧཱུཾ་མཛད་དོ་ཞེས་པ་ཞིང་དང་ཉེ་བའི་ཞིང་གི་དཔའ་བོའི་ངེས་


DTG021_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཚིག་གོ །བདེ་བ་འཕེལ་བར་བྱེད་པ་མོ། །གཉེ་མ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་ཤིན་ཏུ་བཟང་པོའོ། །མགྲིན་པ་ལས་ལྟོ་བ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར། རྡོ་རྗེ་བཟང་པོའོ། །ཡང་ན་མགྲིན་པ་དང་ལྟོ་བ་དག་ལས་ཐོག་མ་དང་བར་དང་ཐ་མར་དགེ་བའི་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལས་ཀྱང་ངོ༌། །སྐྱེ་བོ་སྡར་མའི་སྙིང་ལ་སྐྲག་པར་བྱེད་པ་བཤང་བ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རྡོ་རྗེ་འཇིགས་བྱེད་དོ། །ཆུ་སོ་ལས་མཚམས་ཀྱི་མཐའི་མིག་གསུམ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར། མིག་མི་བཟང་ངོ་ཞེས་པ་འདུན་པ་དང༌། ཉེ་བའི་འདུན་པའི་དཔའ་བོ་རྣམས་ཀྱི་ངེས་པའི་ཚིག་གོ །གསང་བ་ལས་ལུས་འཛིན་པར་ནུས་པའི་བད་ཀན་འབབ་པའི་ཕྱིར་སྟོབས་པོ་ཆེའོ། །བཤང་ལམ་ལས་ཁ་དོག་སེར་པོའི་རྣག་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རིན་ཆེན་རྡོ་རྗེའོ། །བརླ་དག་ལས་སྟོབས་དང་ལྡན་པའི་ཁྲག་རབ་ཏུ་འཇུག་པའི་ཕྱིར་རྟ་མགྲིན་ནོ། །བྱིན་པ་དག་ལས་བ་སྤུའི་བུ་གའི་ནང་ཁྱབ་པར་བྱེད་པའི་རྡུལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་ནམ་མཁའི་སྙིང་པོའོ་ཞེས་པ་འདུ་བ་དང་ཉེ་བའི་འདུ་བའི་དཔའ་བོའི་ངེས་པའི་ཚིག་གོ །རྐང་པའི་སོར་མོ་དག་ལས་མི་ཕྱེད་པའི་ཧཱུཾ་གི་ཡི་གེའི་གཟུགས་ཀྱི་ཚིལ་བུ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་དཔལ་ཧེ་རུ་ཀའོ། །རྐང་བའི་རྒྱབ་ལས་པདྨ་གར་གྱི་དབང་ཕྱུག་བྱང་ཆུབ་ཀྱི་སེམས་མཆི་མའི་རང་བཞིན་རབ་ཏུ་འཇུག་པའི་ཕྱིར་པདྨ་གར་གྱི་དབང་ཕྱུག་གོ །མཐེ་བོ་དག་ལས་ཁ་དོག་དཀར་པོའི་ལུད་པ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་དོ། །པུས་མོ་དག་ལ་ཟླ་བ་དཀར་པོའི་ངར་སྣབས་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ་ཞེས་པ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་དཔའ་བོའི་དེས་པའི་ཚིག་གོ །གཡོན་དང་གཡས་སུ་འབབ་པ་ལས་རབ་ཏུ་འཇུག་བཞིན་པ་འདི་རྣམས་ཀྱི་སྔོན་དུ་ངེས་པར་བྱས་པའི་མཁའ་འགྲོ་མ་རྣམས་དང༌། དོན་ཇི་ལྟ་བ་བཞིན་གྱི་ཉེ་བའི་གནས་ན་གནས་པ་རྣམས་དང༌། རྣལ་འབྱོར་མ་རྣམས་ཀྱི་ཐིམ་པ་དང༌། ལོངས་སྤྱོད་དང༌། དབང་བྱེད་པ་ལས་བདུན་ཅུ་རྩ་གཉིས་སུ་ཤེས་པར་བྱའོ། །དོན་འདི་ནི། སྐུ་


DTG021_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུང་ཐུག་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཡང་དག་བརྗོད། །ཅེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཕ་རོལ་ཕྱིན་འདི་རྣམས། །ལུས་ལ་ཡང་དག་རྣམ་པར་གནས། །ཞེས་བྱ་བའི་མཐར་ཐུག་པའི་གཞུང་གིས་རྟོགས་པར་བྱས་པ་ཡིན་ནོ། །འདི་རྣམས་ཀྱི་ཚིག་གི་དོན་གྱི་ངེས་པར་སྦྱོར་བ་ནི་གོ་སླའོ་ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པར་བསྟན་པ་དྲུག་པའི་རྒྱས་པར་བཤད་བའོ།། །།

བདུན་པའི་རྒྱས་པར་བཤད་པ།


DTG021_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རང་བཞིན་དུ་རྟོགས་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་པ་བདུན་པ་གསུངས་ཏེ། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། དང་པོར་རིག་པར་བྱ་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་སྙིང་ག་ལ་སོགས་པ་དང༌། མགོ་བོ་ལ་སོགས་པའི་ལུས་ཀྱི་སྒོ་འདི་རྣམས་སུ་མཁའ་འགྲོ་མའི་རང་བཞིན་གྱི་རྩ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ངོ་བོ་ཉིད་དུ་ཡང་འགྱུར་རོ་ཞེས་ཁོང་དུ་ཆུད་པར་བྱའོ། །འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ལམ་ལྔས་བསྡུས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཇི་ལྟ་བ་བཞིན་དུ་བསླབ་པར་བྱའོ། །དེ་ལ་ལམ་གང་ཞེ་ན། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མི་སློབ་པའི་ལམ་མོ། །དེ་ལ་ཚོགས་ཀྱི་ལམ་གང་ཞེ་ན། ཆོས་བཅུ་གཉིས་རྣམས་སོ། །བཅུ་གང་ཞེ་ན། དྲན་པར་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་སོ། །དེ་ལ་སྦྱོར་བའི་ལམ་གང་ཞེ་ན། ཆོས་བཅུ་རྣམས་སོ། །བཅུ་གང་ཞེ་ན། དབང་པོ་ལྔ་དང་སྟོབས་ལྔ་རྣམས་སོ། །དེ་ལ་མཐོང་བའི་ལམ་གང་ཞེ་ན། ཆོས་བདུན་རྣམས་སོ། །བདུན་གང་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་སོ། །དེ་ལ་སྒོམ་པའི་ལམ་གང་ཞེ་ན། ལམ་གྱི་ཡན་ལག་རྣམས་སོ། །ལམ་གྱི་ཡན་ལག་གང་ཞེ་ན། འཕགས་པའི་ལམ་ཡན་ལག་


DTG021_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་པོ་རྣམས་སོ། །མི་སློབ་པའི་ལམ་གང་ཞེ་ན། ལམ་ཤེས་པའི་མཐའ་ལས་མཐའི་སྐད་ཅིག་གོ །ཅི་སྐད་དུ་དེ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཡིན། ཆོས་རྣམས་ཀྱང་གང་ལས་ཡིན། བྱང་ཆུབ་ཀྱང་གང་ཡིན་ཞེ་ན། སྨྲས་པ། འདིས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་རྟོགས་པར་བྱའོ་ཞེས་པས་བྱང་ཆུབ་བོ། །ཅི་དེ་ཁྱབ་པ་ཡིན་ཞེ་ན། སྨྲས་པ་ཁྱབ་བྱེད་ཡིན་ཏེ་ཕྱོགས་གཅིག་པ་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་གང་ཟག་བདག་མེད་པའི་མཚན་གྱི་བྱང་ཆུབ་ནི་ཉན་ཐོས་པའི་བྱང་ཆུབ་སྟེ། ཕྱོགས་གཅིག་པའོ། །ཆོས་རྣམས་རྫས་ཉིད་ཀྱིས་མངོན་པར་རྟོགས་པ་ལས། དེ་བཞིན་དུ་རྣམ་པར་གྲོལ་བཞིན་པ་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ངེས་པར་གྱུར་པ་དེའི་བྱང་ཆུབ་ནི། རང་གི་དོན་ཙམ་གཙོ་བོར་བྱེད་པས་ནི་རྣམ་པར་མ་དག་པ་ཉིད་ཀྱི་ཕྱིར་ཉི་ཚེ་བའོ་ཞེས་བརྗོད་པར་བྱའོ། །བདག་མེད་པ་གཉི་གའི་མཚན་ཉིད་ལས་ནི་བྱང་ཆུབ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཁྱབ་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་ན་ཉི་ཚེ་བ་མ་ཡིན་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དངོས་པོས་རྣམ་པར་གཞག་པའི་ཕྱིར་རོ། །དེའི་མཚམས་ཀྱི་ཡན་ལག་རྣམས་ནི་ཐབས་ཏེ། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ཡན་ལག་དང༌། ཐབས་དང༌། ཕྱོགས་དང་མངོན་པར་གསལ་བར་བྱེད་པ་ཞེས་པ་རྣམ་གྲངས་སོ། །ཆོས་རྣམས་ཀྱང་གང་ལས་ཡིན་ཞེས་པ་ནི། འཛིན་པར་བྱེད་པ་དེ། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་རྣམས་ཀྱི་སེམས་ལས་བྱུང་བ་རྣམ་པར་གཞག་པར་བྱ་བ་རྣམས་ཏེ། དགེ་བའི་ཕྱོགས་ཀྱིས་བསྡུས་པ་རྣམས་སོ། །ཟག་པ་མེད་པ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་ནི་མཐའ་གཅིག་ཏུ་དགེ་བའི་ཕྱིར། ལམ་གྱི་དབྱེ་བ་ལས་དགེ་བ་སྟེ། ཟག་པ་དང་བཅས་པའི་སྒྲུབ་པ་པོ་དེ་ལས་ལྟོས་ནས་སོ། །ལམ་ལྔ་པོ་རྣམས་ནི། གཉིས་དག་གིས་བསྡུས་པར་རིག་པར་བྱ་སྟེ། གཉིས་པོ་གང་དག་གིས་ཤེ་ན་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་སོ། །དེ་ལ་འཇིག་རྟེན་པའི་ལམ་གྱི་ཆོས་རྣམས་གང་ཞེ་ན། ཆོས་ཉི་ཤུ་རྩ་གཉིས་པོ་རྣམས་སོ། །གང་ཞེ་ན། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་


DTG021_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་སུ་བརྗོད་པ་རྣམས་སོ། །དེ་ལ་འཇིག་རྟེན་ལས་ལས་འདས་པའི་ལམ་གྱི་ཆོས་རྣམས་གང་ཞེ་ན། བཅོ་ལྔ་རྣམས་སོ། །གང་ཞེ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྣམས་སོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། སྨྲས་པ། ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པ་རྣམས་སོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི། འདིར་ཐམས་ཅད་ཀྱིས་ཐམས་ཅད་དུ། རང་དང་གཞན་གྱི་ལུས་འདི་ནི་ཇི་སྲིད་དུ་རྒྱུན་གྱིས་འཇུག་པ་ན་ཁམས་གསུམ་པོར་གང་ཞིག་སྣང་བ་དེ་ཉིད། དེ་རབ་ཏུ་རྣམ་པར་སྤྱོད་བཞིན་པ་དེ་སྲིད་དུ་གཅིག་པར་འགྱུར་བ་མ་ཡིན་ཏེ། ཆ་ཤས་ཅན་མ་གྲུབ་པ་ཉིད་ཀྱི་ཕྱིར་དང༌། དེ་མ་གྲུབ་པ་ཡང༌། སྨིན་པ་དང༌། མ་སྨིན་པ་དང༌། དམར་བ་དང༌། དམར་བ་མ་ཡིན་པ་ལ་སོགས་པ་ལ་སྐྱོན་མཐོང་བ་ཉིད་ཀྱི་ཕྱིར་ཏེ། གཅིག་ཉིད་གྲུབ་པ་ལས། དུ་མ་ཉིད་དུ་མ་སྐྱེས་པའི་རྡུལ་ཕྲ་རབ་ཏུ་དབྱེ་བར་བྱ་བཞིན་པ་ཉིད་ཀྱི་ཕྱིར། ཚོགས་པ་མ་སྐྱེས་པའམ། དེ་མངོན་པར་རྟོགས་ན་སྣ་ཚོགས་པ་རྡུལ་ཕྲ་རབ་ཏུ་ལྟུང་བའི་ཕྱིར་རོ། །དེའི་ཕྱིར་གཉི་གའི་ཆོས་དང་བྲལ་བ་ཉིད་ལས་ལུས་འདི་ནི་སྟོང་པའོ་ཞེས་བྱ་བར་རྗེས་སུ་དྲན་པ་གང་ཡིན་པ་དེའི་ཉེ་ཞིང་ཉེ་བར་སེམས་ཀྱི་གནས་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །དེ་བཞིན་དུ། བདེ་བ་ལ་སོགས་པའི་བདག་ཉིད་ཅན་གྱི་ཆོར་བ་རྣམས་ཀྱང༌། རྣམ་པར་ཤེས་པའི་ཚོགས་དྲུག་ལ་བརྟེན་པ་ཉིད་ཀྱི་ཕྱིར། རྣམ་པ་བཅོ་བརྒྱད་དེ། དེ་བདེ་ཡང་བདེ་བདེ་བ་ལ་སོགས་པ་རྣམས་འདས་པ་ལ་སོགས་པར་ཕྱེ་ན་མ་གྲུབ་པའི་ཕྱིར་སྟོང་པའོ་ཞེས་དྲན་པའི་རང་གི་སེམས་ཉེ་བར་གནས་པ་ནི། ཚོར་བ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །ཤེས་བྱ་དེ་ལྟ་བུ་ཡིན་པའི་ཕྱིར་ན་སེམས་དང༌། སྔ་མ་དང་ཕྱི་མ་དང་ལྷན་ཅིག་ཏུ་བྱུང་བ་ཉིད་དུ་མ་གྲུབ་པའི་སྟོང་པ་ཉིད་དོ་ཞེས་དྲན་པ་གང་ཡིན་པའི་ཉེ་བར་གནས་པ་ནི་སེམས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་


DTG021_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུང་དུ་མ་བསྟན་པ་ལ་སོགས་པའི་ཕྱེ་བའི་ཆོས་རྣམས་སྔ་མ་བཞིན་དུ་སྟོང་པ་ཉིད་ལས་དྲན་པའི་གནས་པ་གད་ཡིན་པ་ནི་ཆོས་དྲན་པ་ཉེ་བར་གཞག་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་མོ། །གང་གི་ཕྱིར་ཞེ་ན། ཁམས་གསུམ་པོ་ནི་ལྔའི་བདག་ཉིད་དེ། དེ་ལ་ལུས་དྲན་པ་ཉེ་བར་གཞག་པས་གཟུགས་ཀྱི་ཕུང་པོའི་ཡང་དག་པར་རྗེས་སུ་ཁོང་དུ་ཆུད་པ་ལས། བར་མ་གཉིས་པོས། ཚོར་བ་དང་རྣམ་པར་ཤེས་པ་གཉིས་དག་གི་མཐའ་ལས་འདུ་ཤེས་དང་འདུ་བྱེད་དག་སྟེ། ཆོས་ཀྱི་སྒྲས་ཐུན་མོང་བ་སྣོད་ཀྱི་འཇིག་རྟེན་ནོ། །ཉན་ཐོས་ཀྱི་ལྟ་བ་ལ་ནི་རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་དང་བཅས་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། མི་གཙང་བ་དང༌། བདག་མེད་པའི་མཚན་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་རྣམས་སོ་ཞེས་པ་ནི་ཁྱད་པར་རོ། །སྔགས་ཀྱི་ལྟ་བ་ལ་ནི་རང་རིག་པའི་རང་བཞིན་གྱི་མཁའ་འགྲོ་མ་རྣམས་ནི་ལུས་ལ་སོགས་པ་རྣམས་ཏེ། ཆོས་ཉིད་ཀྱི་གཟུགས་སུ་ཤེས་པར་བྱའོ། །དེའི་དོན་ནི། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་ནི་དུ་ཞིག་ཅེས་ཁ་ཅིག་དོགས་པས། སྨྲས་པ། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་བཞི་ཡིན་ཏེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ལ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །མདོ་འདི་རྣམས་ཀྱི་དོན་ནི་འདི་ཡིན་ཏེ། འདིར་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྐྱོན་དྲུག་ཉིད་དུ་འགྱུར་བ་འདི་ལྟ་སྟེ། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། འདུ་མི་བྱེད་པ་དང༌། འདུ་བྱེད་


DTG021_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །འདི་ལས་བྱིང་བ་དང༌། རྒོད་པ་གཅིག་ཏུ་བྱས་ནས་སྐྱོན་ལྡར་འགྱུར་རོ། །དེ་རྣམས་སྤོང་བའི་འདུ་བྱེད་བརྒྱད་དོ། །བརྒྱད་གང་ཞེ་ན། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་སྟེ་བཞི་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་ཏེ་བརྒྱད་དོ། །དེ་ལ་དང་པོ་ནི་ལེ་ལོའི་གཉེན་པོ་སྟེ། དད་པ་ནི་དགེ་བའི་ལས་ལ་རབ་ཏུ་འཇུག་གོ །འདུན་པ་ནི་དེའི་བསམ་པ་དང་ལྷན་ཅིག་ཏུ་གནས་པ་ཉིད་དོ། །བརྩོན་འགྲུས་ཀྱིས་ནི་ལེ་ལོ་སྤོང་ངོ༌། །ཤིན་ཏུ་སྦྱངས་པས་སྤོང་བ་མངོན་སུམ་དུ་བྱས་པའི་བྱ་བ་དེ་ཉིད་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པར་བརྗོད་པར་བྱའོ། །དྲན་པས་ནི་དམིགས་པ་བརྗེད་པ་སྤོང་བར་བྱེད་ལ། ཤེས་བཞིན་གྱིས་ནི་བྱིང་བ་དང་རྒོད་པ་སྟེ། འདི་དག་ནི་བརྩོན་འགྲུས་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དག་གོ །གང་གི་ཆོ་སེམས་དང་བཏང་སྙོམས་དག་གིས་གང་ཞིག་འབད་པས་སྤོང་བ་དེ་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་བརྩོན་འགྲུས་བཞིར་བརྗོད་བར་བྱའོ། །དེ་ཉིད་ཏིང་ངེ་འཛིན་རྒྱལ་པོའི་མདོར་གསུངས་ཏེ། དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ། འདུས་བྱས་ཀྱི་དམིགས་པ་ལ་སྦྱོར་བ་དང་བྲལ་བའི་ཕྱིར་རྫས་སྤོང་བ་དེ་ནི་སྤོང་བ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་པ་སྟེ། ཡན་ལག་ལྔ་པོ་བསྡུ་བར་བྱས་ན་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ནི་རྣམ་པ་ཉི་ཤུ་རྣམས་སོ། །རྫུ་འཕྲུལ་ཇི་ལྟ་བུ་ཞེ་ན། འཕེལ་བ་ནི་རྫུ་འཕྲུལ་ཏེ། རི་དྷཱུ་འཕེལ་བ་ལའོ་ཞེས་པའི་བྱིངས་སཱ་རཱ་ཡ་ཎ་ལས་འདོད་པའི་ཕྱིར་རོ། །དེ་ལ་སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་གང་ཡིན་པ་ཐམས་ཅད་ཉིད་འཕེལ་བར་བྱེད་ཅིང་འཐོབ་པར་བྱེད་པ་དེ་ནི་རྫུ་འཕྲུལ་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་རྐང་པ་ལྟ་བུ་ཡིན་པའི་ཕྱིར་རྐང་པ་སྟེ། ཐོབ་པར་བྱེད་པ་ལ་ནི་རྫུ་འཕྲུལ་གྱི་རྐང་པའོ། །ཐུན་མོང་པ་ཡིན་ཡང་ལམ་གྱི་ཐབས་ཉིད་དེ། འདི་ཁོ་ནའི་རྐང་པ་གཉིས་ཉིད་ནི་ཏིང་ངེ་འཛིན་གྱི་སྐྱོན་གྱི་གཉེན་པོ་ཤིན་ཏུ་བ་ཡིན་པའི་ཕྱིར་རོ། །


DTG021_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་རྣམས་ཀྱི་རང་བཞིན་ནི་རབ་གཏུམ་མ་དང༌། གཏུམ་མིག་མ་དང༌། འོད་ལྡན་མ་དང༌། སྣ་ཆེན་མ་སྟེ་ཐུགས་ཀྱི་འཁོར་ལོའི་གནས་ཀྱི་མཁའ་འགྲོ་མ་རྣམས་སོ། །དེ་ལ་དབང་པོ་རྣམས་ནི་དུ་ཞེ་ན། ལྔའོ། །ལྔ་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་པོ། །དེ་ལ་སྦྱོར་བའི་ལམ་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་བཞི་པོ་དྲོ་བར་གྱུར་པ་དང༌། རྩེ་མོར་གྱུར་པ་དང༌། བཟོད་པར་གྱུར་པ་དང༌། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས་པར་བྱས་པས་མེའི་སྔ་ལྟས་སུ་དྲོ་བར་འབྱུང་བ་ལྟར། སེམས་ལས་ཡེ་ཤེས་ཀྱི་མེ་སྐྱེ་བ་དེ་ནི་དྲོ་བར་གྱུར་པར་བརྗོད་པར་བྱའོ། །དེ་ཉིད་ཤིན་ཏུ་བའི་ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གནས་པ་ནི་རྩེ་མོའོ། །དེ་ཉིད་སེམས་སུ་བཟོད་པར་བྱེད་པའི་བདག་ཉིད་ནི་བཟོད་པའོ། །དེ་ཉིད་བཟོད་པའི་དེ་མ་ཐག་ཏུ་འབྱུང་བ་ནི་འཇིག་རྟེན་ཆོས་མཆོག་སྟེ། ཉེ་བར་སྤྱོད་པ་ལས་འདི་ནི་སྦྱོར་བ་དང་བཅས་པའོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དག་ཏུ་དད་པ་ལ་སོགས་པ་དེ་རྣམས་དབང་པོ་ལྔར་བརྗོད་པར་བྱའོ། །དེ་ལ་དད་པ་ནི་ཡོད་པ་ཉིད་དང་འཇིག་རྟེན་ལས་འདས་པའི་ལམ་དང༌། བདེན་པ་དང་དཀོན་མཆོག་གསུམ་ལ་སོགས་པ་ལ་སེམས་ཀྱི་ཡིད་ཆེས་པ་དེ་ནི་དད་པའི་དབང་པོའོ། །དད་པའི་དབང་པོས་བསྐྱེད་པའི་ཆོས་རྣམས་ལ་འབད་པར་བྱེད་པ་དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དེ་ཡང་རྣམ་པ་བཞི་སྟེ། སྔོན་དུ་འགྲོ་བའི་བརྩོན་འགྲུས་དང༌། མི་ལྡོག་པའི་བརྩོན་འགྲུས་དང༌། སོ་སོར་རྟོག་པའི་བརྩོན་འགྲུས་དང༌། སྒྲུབ་པའི་བརྩོན་འགྲུས་སོ། །བརྩོན་འགྲུས་ཀྱིས་བསྐྱེད་པའི་ཆོས་རྣམས་ལ་ཡང་དང་ཡང་དུ་སྔོན་དུ་ཕྱོགས་པར་བྱས་ནས་བརྗོད་པ་མེད་པ་དེ་ནི་དྲན་པའི་དབང་པོའོ། །དྲན་པའི་དབང་པོས་བསྐྱེད་པའི་ཆོས་རྣམས་ཡིད་ལ་བྱེད་པ་ནི་ཐ་སྙད་གཞན་ཐམས་ཅད་ཡོངས་སུ་དོར་ནས་གནས་པར་བྱེད་པ་དེ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཏིང་ངེ་འཛིན་གྱི་དབང་པོས་བསྐྱེད་པའི་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་ཅིང་རྣམ་པར་དཔྱོད་པར་


DTG021_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་དབང་པོའོ། །ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། དགེ་བའི་ཆོས་རྣམས་རབ་ཏུ་འབྱུང་བ་ཉིད་ཀྱི་ཕྱིར་དབང་པོ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕུང་པོ་ལྔ་རྣམས་ཀྱི་ཤིན་ཏུ་སྐྱེད་པར་བྱེད་པའོ། །ཤེས་རབ་ཀྱི་དབང་པོ་དོར་ནས་དཔའ་བོའི་བློ་ཅན་མ་དང༌། མིའུ་ཐུང་མ་དང༌། ལངྐའི་དབང་ཕྱུག་མ་དང༌། ཤིང་གྲིམ་མ་སྟེ་མཁའ་འགྲོ་མ་བཞི་རྣམས་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་རྣམས་རྣམ་པར་དག་པར་ཤེས་པར་བྱའོ། །དེ་ལ་སྟོབས་རྣམས་ནི་དུ་ཞེ་ན། ལྔའོ། །ལྔ་གང་ཞེ་ན། སྔར་བཤད་པའི་དད་པ་ལ་སོགས་པ་རྣམས་ཁོ་ནའོ། །དབང་པོ་དང་སྟོབས་ལ་སོགས་པ་རྣམས་ཀྱི་བྱེད་པ་ཐ་དད་པ་ཡིན་ནམ་ཅི་ཞེ་ན། སྨྲས་པ། གང་གི་ཚེ་དད་པ་ལ་སོགས་པ་རྣམ་པར་འགྱུར་བ་དེ་ནི། དབང་པོའི་ཟོལ་ལ་བརྟེན་ནས་འགྱུར་ཏེ། གང་གི་ཚེ་མི་མཐུན་པའི་ཕྱོགས་མ་དད་པ་དང༌། ལེ་ལོ་དང༌། བརྗེད་ངས་པ་དང༌། རྣམ་པར་གཡེངས་ཤིང་སྐྱེ་བའི་གནས་ཡིད་ལ་བྱེད་པ་དང༌། ཤེས་རབ་འཆལ་བས་མི་བརྫི་བ་ནི་སྟོབས་སུ་འགྱུར་རོ་ཞེས་པས་བྱེད་པ་ཐ་དད་པའོ། །སྔར་གསུངས་པའི་ཤེས་རབ་ཀྱི་དབང་པོ་དང་བཅས་གསུང་གི་འཁོར་ལོའི་ས་སྲུང་མ་དང༌། འཇིགས་བྱེད་ཆེན་པོ་དང༌། རླུང་ཤུགས་མ་དང༌། ཆང་འཐུང་མ་དང༌། ལྷ་མོ་སྔོ་བསངས་མ་དང༌། ཤིན་ཏུ་བཟང་མོ་རྣམས་རྣམ་པར་དག་པར་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་ནི་དུ་ཞེ་ན། བདུན་ནོ། །བདུན་གང་ཞེ་ན། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཡན་ལག་འདི་རྣམས་ནི་མཐོང་བའི་ལམ་དུ་བྱང་ཆུབ་ཀྱི་ཡིན་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་ནི་བྱང་ཆུབ་བོ། །གང་གིས་བདེན་པ་མཐོང་བའི་སེམས་ལ་ཏིང་ངེ་འཛིན་དུ་བྱེད་པ་དེ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །གང་


DTG021_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་དེ་ཁོ་ན་ལ་འབད་པར་བྱེད་པ་དེ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །གང་དུ་དེ་ཁོ་ན་ལ་ཐེ་ཚོམ་མེད་པའི་སེམས་སུ་བྱེད་པ་དེ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །དགའ་བ་དེ་ཉིད་ཀྱིས་ལུས་དང་ངག་དང་སེམས་དང་ལས་ལ་དབང་བ་ལས་ཉོན་མོངས་པའི་གདུང་བ་སྦངས་པའི་ཕྱིར། ཤིན་ཏུ་བསིལ་བ་ཐོབ་པ་དེ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཡང་དག་པར་རྫོགས་པའི་དངོས་པོའི་རང་བཞིན་ཡོངས་སུ་ཤེས་པ་དེ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །དེ་ཉིད་ལ་སེམས་ཀྱི་བརྗེད་པ་མེད་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཏིང་ངེ་འཛིན་ལ་མི་བཟོད་པ་དང༌། ཞེན་པ་མེད་པ་དོར་བ་དེ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འདི་རྣམས་ཀྱི་ནང་ནས་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི། རྟ་རྣ་མ་དང༌། མཁའ་འགྲོ་གདོང་མར་ཤེས་པར་བྱའོ་ཞེས་པ་གསུང་གི་འཁོར་ལོའི་དཔའ་མོ་རྣམ་པར་དག་པའོ། །དགའ་བ་ལ་སོགས་པ་ལྷག་མ་ལྔ་རྣམས་ཀྱི་ནི་འཁོར་ལོའི་ཤུགས་ཅན་མ་དང༌། ཁཎྜ་རོ་ཧི་དང༌། ཆང་འཚོང་མ་དང༌། འཁོར་ལོའི་གོ་ཆ་མ་དང༌། ཤིན་ཏུ་དཔའ་མོའི་རྣམས་རྣམ་པར་དག་པའོ། །ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་མཐོང་བའི་ལམ་གསུངས་ནས། ཤེས་བྱའི་སྒྲིབ་པའི་གཉེན་པོ་སྒོམ་པའི་ལམ་གསུངས་ཏེ། དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །བརྒྱད་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། །དེ་ལ་སྒོམ་པའི་ལམ་དུ་ཤེས་བྱའི་སྒྲིབ་པ་རང་བཞིན་མེད་པའོ་ཞེས་པའི་བློ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བ་སྟེ། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ལྟ་བ་ཡང་ཡིན་ནོ། །ལྟ་བ་དེ་རྙེད་ནས་ཀྱང་བདག་མེད་པ་ལ་དམིགས་པ་ནི་ཡང་དག་པའི་རྟོག་པའོ། །རང་གིས་མཐོང་བའི་དོན་སེམས་ཅན་རྣམས་ལ་རབ་ཏུ་གསལ་བར་སྟོན་པ་ནི་


DTG021_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དག་པའི་ངག་གོ །མཐའ་གཅིག་ཏུ་དགེ་བ་ནི་ལུས་ཀྱི་ལས་ཀྱི་མཐའ་ཡིན་ལ། རྫུ་འཕྲུལ་ལ་སོགས་པ་རྣམས་ཀྱིས་འདུལ་བར་བྱ་བའི་ཕྱིར་དུ་ཕ་རོལ་སྐྲག་པར་བྱེད་པ་ཡང་ཡང་དག་པའི་ལས་ཀྱི་མཐའོ། །བསམ་གཏན་གྱི་ཁ་ཟས་ཙམ་དང་ཆོས་གོས་ལ་སོགས་པ་ཚོལ་བ་གང་ཡིན་པ་དེ་ནི་ཡང་དག་པའི་འཚོ་བའོ། །སྤྱོད་ལམ་ཐམས་ཅད་དུ་རང་གི་སེམས་དང་ལུས་དང་ངག་དང་སེམས་ཀྱི་ཐ་སྙད་དང་མཐུན་པར་སྦྱོར་བ་ནི་ཡང་དག་པའི་རྩོལ་བའོ། །ཡང་གསུངས་པ། སྤྱོད་པ་ལ་ཞུགས་རྒྱལ་སྲས་དབང་པོ་ཡི། །ཡུལ་དུ་སྣ་ཚོགས་ཇི་ལྟ་ཇི་ལྟར་འཇུག ། དེ་ལྟ་དེ་ལྟར་རིག་པ་མཐུ་ཚིག་གིས། །སེམས་ཅན་ཕན་ཕྱིར་མངོན་པར་འདུ་བྱེད་དོ། །ཞེས་སོ། །སྒོམ་པའི་ལམ་དུ་དམིགས་པ་མ་བརྗེད་པ་ནི་ཡང་དག་པའི་དྲན་པའོ། །དེར་རྩེ་གཅིག་པའི་སེམས་མ་གཡོས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཚན་ཉིད་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། ཀུན་དུ་འོད་ཀྱི་སའི་བར་དུ་གསལ་བར་འགྱུར་བ་གང་ཡིན་པའོ། །དེ་ལ་དང་པོ་གསུམ་གྱིས་ནི། །སྟོབས་ཆེན་མ་དང༌། འཁོར་ལོས་སྒྱུར་མ་དང༌། བརྩོན་འགྲུས་ཆེན་མོ་རྣམས་རྣམ་པར་དག་པའོ་ཞེས་སྐུའི་འཁོར་ལོའི་རྣམ་པར་དག་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མ་དང༌། ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ་ཞེས་པ་ནི་སྒོ་སྐྱོང་མ་རྣམ་པར་དག་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་པདྨའི་ལྟེ་བ་རྣམ་པར་དག་པའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པའི་ཕྱིར་ལ་སོགས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་སོ་ཞེས་པ་ནི། དམ་ཚིག་གི་འཁོར་ལོའི་མཚམས་ཀྱི་ལྷ་མོ་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་རྣམས་ཀྱི་རབ་ཏུ་དབྱེ་བ་ནི། རྫས་སུ་ན། དེ་རྣམས་དབང་པོ་ལྔ་དང༌། སྟོབས་ལྔའི་གནས་སྐབས་ཀྱིས་བསྡུས་ཤིང་འགྱུར་བ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ནི་དྲན་པའི་སྟོབས་སམ། དྲན་པའི་དབང་པོའོ། །རྫུ་འཕྲུལ་རྐང་པ་རྣམས་ནི་ཤེས་རབ་བ་མ་བརྩོན་འགྲུས་ཀྱི་སྟོབས་སུའོ། །ཡང་དག་པར་


DTG021_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤོང་བ་རྣམས་ནི་བརྩོན་འགྲུས་སུའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུའོ། །བརྩོན་འགྲུས་ཀྱི་སྟོབས་ནི་བརྩོན་འགྲུས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ཏུའོ། །ཤེས་རབ་ཀྱི་སྟོབས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ཏུའོ། །དྲན་བའི་སྟོབས་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུའོ། །དད་པའི་སྟོབས་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལམ་གྱི་ཡན་ལག་བརྒྱད་དུ་བསྡུས་པ་འདི་ལྟ་སྟེ། ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་དག་ནི་དྲན་པ་དང་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྡུས་ཤིང་སོན་པའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཡང་དག་པའི་རྩོལ་བར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཡང་དག་པའི་ལྟ་བར་རོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་སྟེ་ཚུལ་ཁྲིམས་དག་པའི་ལས་གསུམ་པོ་དང༌། དེ་བཞིན་དུ་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་བའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་ལྔ་རྣམས་ལས་ཏེ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། ཡང་དག་པར་བསྡུས་ན་དངོས་པོ་བཅུར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་ཏེ་གསུམ་པོ་རྣམས་སུ་བསྡུས་པ་ཡིན་ནོ། །དེ་ལ་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་ནི་ཚུལ་ཁྲིམས་དག་པའི་ལས་ཡིན་ལ། ཡང་དག་པའི་རྩོལ་བ་ནི་ཚུལ་ཁྲིམས་དག་པའི་ལས་ཀྱི་འབྲས་བུ་སྟེ་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བཞི་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་ཕུང་པོའོ། །ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་ཡང་ཤེས་རབ་ཀྱི་མཐར་ཐུག་པར་འགྱུར་བ་ཡིན་ཏེ། ཤེས་རབ་


DTG021_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁོ་ན་ཆོས་རྣམས་ཀྱི་རྟོགས་པ་པོའོ་ཞེས་པའི་རིགས་པ་ལའོ། །དེ་ལྟར་ན་སུམ་ཅུ་རྩ་བདུན་པོ་ནི་བཅུ་རྣམས་ཀྱིས་དང༌། བཅུ་རྣམས་ནི་གསུམ་གྱིས་དང༌། གསུམ་རྣམས་ནི་གཅིག་གིས་ཡང་དག་པར་བསྡུས་སོ་ཞེས་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །འདི་སྐད་དུ་གསུངས་པ་ཡིན་ཏེ། །འདིར་སྔར་གསུངས་པའི་ཡང་དག་པར་རིག་པའི་རང་བཞིན་གྱི་མཁའ་འགྲོ་མའི་རྣམ་པའི་རྩ་སྤྱི་བོ་ལ་སོགས་པ་ནས་པུས་མོའི་གནས་ཀྱི་མཐར་ཐུག་པ་དང་ལྟེ་བའི་འཁོར་ལོའི་ནང་གི་བཞི་སྟེ། སུམ་ཅུ་རྩ་བདུན་ཏེ། སྒོ་བརྒྱད་པོ་རྣམས་དང༌། བརྒྱད་པོའི་དབུས་ཀྱི་ཨ་ཝ་དྷཱུ་ཏཱིའི་རང་བཞིན་གྱི་ལུས་ཀྱི་གནས་རྣམས་ལ་ཡང་དག་པར་བརྟེན་པའི་རྩ་དགུ་དང༌། དབུས་ཀྱི་རྩ་བཅུ་རྣམས་སུ་ཡང་བསྡུས་ཤིང་སོན་པ་ཡིན་ལ། བཅུ་པོ་བཅུ་པོ་དེ་རྣམས་ལ་ལ་ནཱ་ལ་སོགས་པ་གསུམ་དུ་དང༌། དེ་ཡང་དབུས་མའི་རྩར་རོ། །དེ་ལྟར་ན་དབུས་ཀྱི་ཨ་ཝ་དྷཱུ་ཏཱི་ནི། རྡོ་རྗེ་ཕག་མོའི་རང་བཞིན་ནོ། །དེ་ལས་རྩའི་ཚོགས་ཐམས་ཅད་གསལ་བར་འགྱུར་བས་ན་དེ་ཁོ་ན་ལ་བརྟེན་པར་འགྱུར་བ་ཡིན་ནོ། །འདི་རྣམས་ཀྱིས་ནི་ཀུན་རྫོབ་དང༌། དོན་དམ་པའི་དངོས་པོ་གཉིས་གསལ་བར་བྱས་པ་ཡིན་ཏེ། དེ་ཉིད་ཟུང་འཇུག་གི་ལམ་གསལ་བར་བྱས་པ་ཡིན་ནོ། །ཇི་སྐད་དུ་གསུངས་པ། ཇི་ལྟར་ཆུ་འཛིན་དུ་མ་ནི། །དབྱིབས་དང་ཁ་དོག་སྣ་ཚོགས་ཅན། །ནམ་མཁའི་ཁོངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་འགྱུར་བ། དེ་ལྟར་སྣང་བ་གསུམ་པོ་ཡི། །རྒྱུ་ཅན་རང་བཞིན་ཐམས་ཅད་ཡིན། །ཡུལ་རྣམས་ཀུན་ལ་ཞུགས་ནས་ཀྱང༌། །འོད་གསལ་བར་ནི་འཇུག་པར་འགྱུར། །ཞེས་པ་དང༌། དེ་བཞིན་དུ་གཟུགས་ཁོ་ན་སྟོང་པ་ཉིད་དང༌། སྟོང་པ་ཉིད་ཁོ་ན་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་དང༌། ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །དོན་དམ་པ་ནི་སུ་ཞིག་སྨྲ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་གིས་ནི་ཀུན་རྫོབ་དང་དོན་དམ་པ་དག་སོ་སོར་འབྱེད་ཅིང༌། མངོན་པར་ཞེན་པ་ཉིད་ལས། ཞི་བ་དང༌། ཚངས་པ་དང༌། གྲངས་ཅན་གྱི་སྐྱེས་བུ་ལ་སོགས་པར་སྨྲ་བའི་གཞན་གྱི་སྡེ་པ་དང༌། རྣམ་པ་མེད་པར་ཁས་ལེན་ཞིང་སྨྲ་བ་ལ་སོགས་པའི་རང་གི་སྡེ་པ་ཡང་སེལ་བར་བྱེད་པར་འགྱུར་རོ་ཞེས་པ་སྤྲོས་པས་


DTG021_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོག་གོ །དཀྱུས་མ་བརྗོད་པར་བྱ་སྟེ། དེ་ལྟ། དེ་ལྟར་འདི་རྣམས་ནང་དུ་རྩའི་རང་བཞིན་དང༌། ཕྱི་རོལ་དུ་ནི་ཞལ་དང་སྐུ་མདོག་དང༌། ཕྱག་དང༌། དབྱིབས་དང༌། མཚོན་ཆ་ལ་སོགས་པ་འཛིན་པ་སྟེ། སེམས་ཅན་གྱི་བསམ་པའི་དབང་ལ་བརྟེན་ནས་དཀྱིལ་འཁོར་གྱི་འཁོར་ལོར་རྣམ་པར་གཞག་པ་དང༌། པུལླཱི་ར་ལ་སོགས་པའི་གནས་རྣམས་སུ། ཞིང་སྐྱེས་མའི་གཟུགས་ཀྱིས་རྗེས་སུ་འཛིན་པར་མཛད་པ་རྣམས་རོལ་པར་བྱེད་ཅིང༌། དགའ་བར་བྱེད་ལ། རབ་ཏུ་རྒྱུ་བར་བྱེད་དོ། །དེ་བཞིན་དུ་ནང་དུ་ཡང༌། དེ་རྣམས་ཀྱི་ཞལ་ལ་སོགས་པ་ཡོད་དེ། རྩ་ཐམས་ཅད་ཉིད་བདེ་བ་ཆེན་པོའི་འཁོར་ལོ་ལས་བྱུང་ནས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་མཐར་ཐུག་པ་ན་ཞལ་དུ་རབ་ཏུ་གསལ་བར་འགྱུར་ལ། དེའི་མྱུ་གུ་རྣམས་ནི་སོ་སོའི་ཕྱོགས་མང་པོ་རྣམས་སོ། །ཁམས་ཀྱིས་གཙོས་པ་ལས་སྐུ་མདོག་དང་ལྡན་པ་སྟེ། དེ་ལྟར་ཡང་སོ་དང་སེན་མོ་ནི་དཀར་པོ་དང༌། སྐྲ་དང་བ་སྤུ་ནི་ནག་པོ་དང༌། པགས་པའི་དྲི་མ་ནི་དམར་ནག་དང༌། ཤ་ནི་དམར་པོའི་མདོག་དང༌། ཆུ་རྒྱུས་རྣམས་ནི་དཀར་པོ་དང༌། རུས་པའི་ཕྲེང་བ་ནི་དཀར་པོ་དང༌། མཆིན་པ་ནི་ཤིན་ཏུ་ནག་པོ་དང༌། སྙིང་ནི་དམར་དཀར་དང༌། མིག་དག་ནི་དཀར་པོ་དང༌། ནག་པོ་དང༌། མཁྲིས་པ་ནི་སེར་པོ་དང༌། གློ་བ་ནི་དམར་པོ་དང༌། རྒྱུ་མ་དང་གཉེ་མ་ནི་དཀར་པོ་དང༌། ལྟོ་བ་ནི་སྔོ་བསངས་དང༌། བཤང་བ་ནི་སེར་པོ་དང༌། མཚམས་མཐའ་ནི་དམར་དཀར་དང༌། བད་ཀན་ནི་དཀར་པོ་དང༌། རྣག་ནི་ཟླ་བ་ལྟར་དཀར་སེར་དང༌། ཁྲག་ནི་དམར་པོ་དང༌། རྡུལ་ནི་མེའི་ཁ་དོག་དང༌། ཚིལ་བུ་ནི་དཀར་པོ་དང༌། མཆི་མ་ནི་མུ་ཏིག་གི་འབྲས་བུ་ལྟར་དཀར་བ་དང་མཆིལ་མ་ནི་གནག་ཅིང་དཀར་བ་དང༌། ངར་སྣབས་ནི་སེར་པོ་དང་དཀར་པོའོ་ཞེས་པ་ནི་ཁ་དོག་གི་དབྱེ་བའོ། །འདི་རྣམས་ཀྱི་དབྱིབས་ནི། འཁྱོག་བོའི་གཟུགས་ཉིད་ཀྱིས་གཡོན་དང་གཡས་སུ་རབ་ཏུ་རྒྱུ་བས་གནས་པ་སྟེ། གཡས་བརྐྱང་བལ་སོགས་པའི་གཟུགས་སུ་གྲུབ་པའོ། །མཚོན་ཆ་འདི་རྣམས་ཀྱི་གྲི་གུག་དང་ཐོད་པ་རྣམ་པར་དག་པ་ནི་རྣམ་པར་རྟོག་པའི་དྲི་མ་འབྱེད་པར་བྱེད་པའི་ལྷན་སྐྱེས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །འདིར་ཚིགས་སུ་


DTG021_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅད་པ། རྣམ་རྟོག་དྲི་མ་རྣམ་གཅོད་པའི། །ཡང་དག་མྱོང་བའི་བདག་ཉིད་ཐོབ། །གཟུང་དང་འཛིན་ལས་ངེས་པར་གྲོལ། །ལྷན་ཅིག་སྐྱེས་དཀར་ངེས་པའོ། །རེག་བ་ཙམ་གྱིས་འཇིག་རྟེན་ལ། །སངས་རྒྱས་འབྲས་བུ་ཉིད་སྦྱིན་བྱེད། །མཁའ་འགྲོ་མ་སོགས་བཅུར་བཤད་པའི། །འཁོར་ལོར་སོན་སླད་རྟོག་པ་ནི། །མི་ཕྱེད་ལ་སོགས་རང་བཞིན་གྱིས། །དུས་ཀུན་དུ་ནི་འགྲོ་ལ་གནས། །ཁམས་ཀྱི་རང་བཞིན་དཔའ་བོ་ཆེ། །ཉི་ཤུ་རྩ་བཞི་ཡང་དག་ལྡན། །རང་ལུས་དབུས་སོན་རྩ་རྣམས་ནི། །དཔའ་མོ་ཡིན་ན་གལ་ཏེ་འདིར། །ཇི་ལྟར་རྨོངས་ཤིང་འཁྲུལ་བར་གྱུར། །པུལླཱི་ར་སོགས་གནས་རིགས་ན། །ཕྱི་རོལ་ཡོངས་སུ་དོར་འགྱུར་ཏེ། །སྒོམ་པ་དེ་ལྟར་འཁྲུལ་པ་ཡིན། །ནང་གི་རྣལ་འབྱོར་ལྡན་པ་ལས། །རྣལ་འབྱོར་པ་རྣམས་ཐར་པ་འཐོབ། །ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས།། རྒྱས་པར་བསྟན་པ་བདུན་པའི་རྒྱས་པར་བཤད་པའོ།། །།

བརྒྱད་པའི་རྒྱས་པར་བཤད་པ།


DTG021_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཕྱི་རོལ་གྱི་དཀྱིལ་འཁོར་དང༌། མཆོད་སྦྱིན་དན། བཟླས་པ་དང༌། སྦྱིན་སྲེག་ལ་སོགས་པ་ནང་དུ་གཞག་པ་དེ་རྣམས་རབ་ཏུ་གསལ་བར་བྱ་བའི་ཕྱིར། དེ་ནས་གང་ཡང་རུང་ཞེས་བྱ་བལ་སོགས་པ་གསུངས་ཏེ། འདི་རྣམས་ཀྱང་སྔར་བརྗོད་པ་ཉིད་ཀྱི་ཕྱིར་གོ་སླའོ། །དེ་ལ་ལུས་ཁོ་ན་དཀྱིལ་འཁོར་དུ་རྟོགས་པར་བྱ་སྟེ། ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བར་འབྲེལ་ལོ། །ཇི་ལྟ་བུ་ཞེན། བྱང་ཆུབ་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་རྣམ་པར་གཞག་པའི་རྩ་གང་ཡིན་པ་འདི་རྣམས་ནི་རྣམ་པ་དེ་ཉིད་ཀྱིས་ཡེ་ཤེས་དང༌། ཐུགས་དང་གསུང་དང་སྐུ་དང་དམ་ཚིག་གི་འཁོར་ལོར་གནས་པའི་མཁའ་འགྲོ་མ་ལ་སོགས་པ་རྣམས་སུ་རྣམ་པར་གཞག་གོ་ཞེས་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་གསུངས་པ་ཡིན་ནོ། །དེ་སུའི་རྒྱུ་ཡིན་ཞེན། འདི་ནི་རྣམ་པར་རྟོག་པ་མེད་ཅིང་དམིགས་པ་མེད་པ་སྒྲིབ་པ་མེད་པའི་རང་བཞིན་གྱི་མཁའ་འགྲོ་མའི་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཌཱི་ནི་ནམ་མཁར་འགྲོ་བ་སྟེ། སངས་རྒྱས་དབྱིངས་སུ་རབ་ཏུ་བརྟགས། །ནམ་མཁའ་ཀུན་རྒྱུའི་


DTG021_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་རྣམས། །མཁའ་འགྲོ་མ་ཞེས་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཡེ་ཤེས་ལྔའི་ནམ་མཁའ་ཆེན་པོ་ལ་རྒྱུ་བ་ནི་རྩ་རྣམས་ཏེ། དེའི་ཕྱིར་དེ་ཉིད་ནི་མཁའ་འགྲོ་མ་ཞེས་བརྗོད་པར་བྱ་སྟེ། དེ་ལ་རེག་པ་ལས་གཉིས་ཀ་ལ་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་འཆར་བའི་ཕྱིར་རོ། །བརྟེན་པའི་དཀྱིལ་འཁོར་གསུངས་ནས། ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་རྟེན་གྱི་དཀྱིལ་འཁོར་གསུངས་ཏེ། དེ་ལ་ལུས་ཁོ་ན་དཀྱིལ་འཁོར་ཏེ། ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་གྱི་རྩ་དང༌། ཁམས་ཀྱི་རང་བཞིན། རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་རྟེན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉམས་དགའ་བ་སྟེ། ཕྱི་རོལ་གྱི་རྡུལ་ཚོན་ལ་སོགས་པ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་གྱི་དཀྱིལ་འཁོར་ལ་སྒོ་བཞི་ཡོད་པ་ཇི་ལྟ་བ་བཞིན་དུ་ནང་དུ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་བ། དེ་ལ་ལུས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞི་རྣམས་ནི། མིག་དང༌། རྣ་བ་དང༌། སྣ་དག་དང༌། ཁར་བརྗོད་པ་རྣམས་སོ། །ཡང་ན་ཇི་སྐད་གསུངས་པའི་ཞེས་པ། སྔར་གསུངས་པ་ཇི་ལྟ་བ་བཞིན་གྱི་སྒོ་གསུམ་པོ་རྣམས་ཀྱི་ཆ་ཤས་ལས་བཞིར་འགྱུར་ཏེ། གཡོན་དང་གཡས་ཀྱི་རྩ་ནི་ཐུགས་ཀྱི་སྒོ་སྟེ་དང་པོའོ། །བདག་གི་གདན་ལ་སོགས་པ་བཞི་ནི་གསུང་གི་སྒོ་སྟེ་གཉིས་པའོ། །དགུའི་བདག་ཉིད་ཅན་སྐུའི་སྒོ་ནི་འོག་དང་སྟེང་གི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལྟར་སྒོ་བཞི་ལ་བརྟེན་པའི་ཀ་བ་གཉིས་གཉིས་དང་ལྡན་པ་ཉིད་ཀྱི་ཕྱིར་ཀ་བ་བརྒྱད་དོ། །ནང་གི་མིག་ལ་སོགས་པའི་རྩའི་ཀ་བ་རྣམས་དང་ལྡན་པའོ། །ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་གྲུ་བཞི་པ་ཡིན་པ་དེ་བཞིན་དུ་མཉམ་པའི་དངོས་པོས་ལུས་ཀྱི་དཀྱིལ་འཁོར་ཡང་གྲུ་བཞིར་ཤེས་བར་བྱའོ། །གང་ལས་ཤེ་ན། མཉམ་པ་ཉིད་དེ། འདི་ནི་ལུས་འདི་ཇི་ལྟ་བ་བཞིན་ཏེ། རྐང་བའི་འོག་ནས་གཙུག་ཏོར་གྱི་མཐར་ཚད་དང་ལྡན་པ་དེ་བཞིན་དུ་ལག་པ་བརྐྱང་པ་ན་ཡང་ཚད་དེ་ཁོ་ནའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ནི་ཐུགས་དང་གསུང་དང་སྐུའི་བདག་ཉིད་ཅན་གྱི་འཁོར་ལོ་གསུམ་ལ་ཉི་ཤུ་རྩ་བཞི་སྟེ་གཞན་ནོ། །དེ་བཞིན་དུ་ནང་དུ་ཡང་ཐུགས་དང་གསུང་དང་སྐུའི་རྩ་རྣམས་ཀྱི་རྟེན་དུ་གྱུར་པ་


DTG021_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱི་བོ་ལ་སོགས་པ་ནས་ཕྱིན་པའི་མཐར་ཐུག་པའི་གནས་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་གྱི་འཁོར་ལོ་གསུམ་དང་ལྡན་པའོ། །མགོ་བོའི་རི་བོའི་ཟེའུ་འབྲུལ། །ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པ་སྟེ། དེ་ཡང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་པོའི་སྟེང་དུ་གནས་པའི་རི་རབ་ཀྱི་རྩེ་མོ་ལ་གནས་པའི་སྣ་ཚོགས་པདྨར་བཤད་ཅིང་ཁོང་དུ་ཆུད་པར་བྱ་བཞིན་བདེ་ཁོ་ན་བཞིན་དུ་ནང་དུ་ཡང་ལུས་ཀྱི་དཀྱིལ་འཁོར་ལ་དཀྱིལ་འཁོར་གྱི་མཚན་མ་ནི། བླ་མའི་མན་ངག་ལས་རྟོགས་པར་བྱའོ། །རྐང་མཐིལ་དུ་ནི་གནས་པའི་རླུང༌། །ཞེས་བྱ་བ་ནས་བརྩམས་ཏེ། མི་གསལ་གསལ་བའི་གཟུགས་ཅན་གྱིས། །ཞེས་བྱ་བའི་མཐར་ཐུག་པས་དཀྱིལ་འཁོར་གྱི་མཚན་མའི་དེ་ཁོ་ན་ཉིད་རྒྱས་པར་གསུངས་པ་བཤད་པར་བྱ་སྟེ། རྐང་བའི་མཐིལ་དུ་སྟེ་རྐང་བའི་འོག་གོ །དེ་རླུང་གནས་པ་སྟེ་གཞུའི་རྣམ་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་ལས་བརྩམས་པ་ཉིད་ཀྱི་ཕྱིར་དེ་ཉིད་བཻ་རམྦྷའོ། །རང་གི་དོན་ལ་ཨན་ཏེ་བཻ་ཀྲི་ཏ་ལྟ་བུའོ། །རྐང་པའི་གནས་ཀྱི་བདག་ཉིད་ཅན་གྱི་བྱ་བ་ནི་བེ་རམྦྷ་ཞེས་བརྗོད་པར་བྱ་སྟེ། འདིས་ནི་རླུང་གི་དཀྱིལ་འཁོར་གྱི་བྱེད་པ་པོའི་དབྱིབས་ཀྱང་གསུངས་པ་ཡིན་ནོ། །དེའི་སྟེང་དུ་ཡང་ཡིན་པ་སུམ་མདོའི་ཕྱོགས་ཏེ། རྐེད་པའི་ཆའོ། །དེར་བུད་མེད་དང་སྐྱེས་པ་དག་གི །རཀྟ་དང་ནོར་བུ་གྲོལ་བ་ཉིད་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པའི་རང་བཞིན་གྱིས་འབར་བ་རྣམ་པར་གནས་སོ། །དེའི་སྟེང་དུ་སྔགས་ཀྱི་ཕྲེང་བ་ཟླུམ་པོ་ཞུ་ཞིང་སྦྱོར་བ་ལས་ཆུའི་དཀྱིལ་འཁོར་ཏེ། ལྟོ་བའི་ཕྱོགས་སུ་རང་བཞིན་གྱིས་གནས་སོ། །དེའི་སྟེང་དུ་སྙིང་གར་གྲུ་བཞི་པ་གསེར་ལྟ་བུའི་སའི་དཀྱིལ་འཁོར་ཡོད་དེ། དེའི་སྟེང་གང་ཡིན་པ་མགྲིན་པའི་ཆ་ནི། རྣམ་གྲངས་གཞན་དུ་ན་སྒལ་ཚིགས་ཏེ། དེ་ཉིད་ནི་རི་རབ་ཏུ་ཤེས་པར་བྱ་སྟེ། མིག་ལ་སོགས་པའི་རྩེ་མོ་བརྒྱད་དང་ལྡན་ཞིང༌། དེའི་འདབ་མ་བཞི་བོ་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་རོ། །རི་རབ་གང་ཡིན་པ་འདི་ལས་མགོ་བོའི་དབུས་དེར་མི་ཕྱེད་མ་ལ་སྡོགས་པའི་རྩ་སུམ་ཅུ་རྩ་གཉིས་པོ་དེ་ཉིད་ནི་སྣ་ཚོགས་པདྨར་ཏེ། བཅོམ་ལྡན་འདས་ཀྱི་གདན་དུ་ཤེས་པར་བྱའོ། །དེའི་ནང་དུ་ཨཱ་ལི་དང་ཀཱ་ལི་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་


DTG021_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་སུམ་ཅུ་རྩ་གཉིས་ཀྱི་གོད་བུ་ཀླད་པ་ཉིད་ནི་ཟླ་བའི་དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་ཀྱི་ཁྱད་པར་གྱི་གདན་ནོ། །གདན་རྣམས་རང་བཞིན་གྱིས་གྲུབ་པ་ནི་བྱེ་བྲག་གི་རྒྱུད་ཁ་ཅིག་ཏུ་མ་གསུངས་པར་རྟོགས་པར་བྱའོ། །རྣམ་པར་དག་བའི་དེ་ཁོ་ན་ཉིད་ནི་ཐམས་ཅད་ཀྱི་ཚེ་སྨྲ་བར་བྱ་བ་མ་ཡིན་པའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། གང་ཟག་གི་མོས་པའི་དབང་ལས་གང་ན་རྣམས་སུ་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཁོར་ལོ་གསུམ་དུ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཁ་ཅིག་ཏུ་ཟླ་བའི་གདན་དང༌། ཁ་ཅིག་ཏུ་ཉི་མའི་གདན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ཡི་དབུས་སུ་ཞེས་པ་ལ་སོགས་པ་ལ། །དེ་ཡི་སྟེ་ཀླད་པའི་དབུས་སུ་གཞོམ་དུ་མེད་ཅིང་འགྱུར་བ་མེད་པ་ཧཾ་གི་ཡི་གེ་སྟེ། ཞུའི་བདུད་རྩི་རྒྱས་པ་ལས་ཐིག་ལེའི་ཚོར་བ་བསིལ་བ་ནི་ཐིག་ལེ་ཞེས་བརྗོད་པར་བྱའོ། །དེ་ནི་བརྟན་པ་དང༌། གཡོ་བའི་བདག་ཉིད་དངོས་པོ་ཐམས་ཅད་དུ་འགྱུར་བ་ཉིད་ཀྱི་ཕྱིར་རྫོགས་ཤིང་རབ་ཏུ་གནས་པའི་གནས་རྣམས་ཀྱི་དེ་ཉིད་ས་བོན་གྱི་གཟུགས་ཀྱིས་གསལ་ཞིང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་ནི་མི་གསལ་བའོ། །དེ་ཉིད་ཀྱི་ཕྱིར། ཀུན་གྱི་སྟེ། རྐང་མེད་དང༌། རྐང་གཉིས་དང༌། རྐང་བཞི་དང༌། རྐད་མངས་དང༌། སྒོང་སྐྱེས་དང༌། མངལ་སྐྱེས་དང༌། དྲོད་གཤེར་སྐྱེས་དང༌། རྫུས་སྐྱེས་དང༌། དུད་འགྲོ་དང༌། ཡི་དགས་དང༌། དམྱལ་བ་དང༌། ལྷ་དང༌། ལྷ་མ་ཡིན་དང༌། མི་རྣམས་ཀྱིའོ། །ལུས་ཅན་རྣམས་ཀྱི་ལུས་ནི། དང་པོ་དེ་ཁོ་ན་ལས་སྐྱེས་པ་ཡིན་ཏེ། ཕ་དང་མ་སྙོམས་པར་ཞུགས་བའི་དབང་གིས་གཞན་གྱི་ཚོན། བདུན་རྩི་ཁོ་ན་ཞུ་བཞིན་པ་རྣམ་པར་གནས་པ་ཡིན་ནོ། །དེ་ཉིད་ནི་བཅོམ་ལྡན་འདས་ཧེ་རུ་ཀའི་རང་བཞིན་ཏེ། ཆོས་ཉིད་ཡིན་པ་ཉིད་ཀྱིས་ཆོས་རྣམས་ལ་ཁྱབ་པ་ན། སངས་རྒྱས་འབྱུང་བ་དང་མི་འབྱུང་བ་ན་ཡང་དེ་གནས་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་ནི། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་ཉིད་ཀྱིས། འབྱུང་བའི་དངོས་པོ་འདི་རྣམས་ཉིད་ཀྱིས་འགོག་པ་གྲུབ་པ་ཡིན་ཏེ། འདིར་ནི་འགའ་ཡང་སྐྱེ་བ་མེད། །འགའ་ཡང་འཆི་བ་ཡོད་མིན་ཏེ། །སེམས་ཀྱི་རང་བཞིན་རྣམ་པ་ནི། །འཁོར་བར་གནས་པར་ཤེས་པར་བྱ། །


DTG021_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་གསུངས་པའི་ཕྱིར་རོ། །སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པ་ཡང་དངོས་པོ་ཉིད་ལ་དམིགས་པ་མ་ཡིན་ལ། སྣང་བ་ལ་དམིགས་པ་ཡང་སྒྱུ་མ་དང་མཚུངས་པ་ཉིད་ཀྱི་ཕྱིར། དངོས་པོ་ཐམས་ཅད་ནི་སྐྱེས་པར་སྨྲ་བར་མི་བྱ་སྟེ། མ་སྐྱེས་ཤིང་མ་འགག་པར་ཤེས་པར་བྱའོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་གསུངས་པ། དེ་ཉིད་ཀྱིས་ཏེ་བདེ་བ་ཆེན་པོའི་འཁོར་ལོས་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྟེང་དུའམ། དཀྱིལ་འཁོར་བའི་རང་བཞིན་གྱི་ཡེ་ཤེས་ཀྱི་མེ་དགའ་བར་བྱེད་པས་ནའོ། །ནཱ་ད་ནི་སྦྲུལ་པའི་འཁོར་ལོའི་ཟེའུ་འབྲུར་གནས་པའི་ཨ་ཡིག་སྟེ། འབྱེད་པར་བྱེད་པ་ནི་རང་གི་གནས་ལས་གཡོ་བའི་རང་བཞིན་ཉིད་ཀྱིས་སོང་སྟེ། བདུད་རྩིའི་ཆུ་འཐུང་བ་ལ་སྲེད་པ་ཉིད་ཀྱི་ཕྱིར་འཁྱོག་པོར་བྱས་ནས་རྩ་བ་ནས་འབྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་སྨྲས་པ། ནཱ་ད་ཡི་གེ་ཀུན་གྱི་སྟེ། །བྱེད་པ་གཅིག་ཉིད་ཐོབ་པ་ན། །གང་ཕྱིར་ངག་ཚིག་རབ་དབྱེ་བས། །ལྟེ་བའི་ཕྱོགས་སུ་རྣམ་པར་གནས། །རླུང་དང་ཉེ་རླུང་འཁོར་ལོ་ཡི། །ལྡང་སོགས་བྱ་བ་ལ་བརྟེན་ནས། །རེངས་པ་ལ་སོགས་རང་བཞིན་གྱིས། །འཇུག་ཅིང་གཞན་པ་ཉིད་ལ་བརྟེན། །དབུ་མའི་རང་བཞིན་རྣམ་པ་བཅུའི། །དེ་ཉིད་བརྟེན་པར་བརྗོད་པར་བྱ། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །དེ་ནི་བདེ་ཆེན་བྱེད་པའོ། །གྱེན་དུ་འབར་བའི་རྣལ་འབྱོར་གྱིས། །ཕུང་སོགས་དབང་པོ་སྲེག་པར་བྱེད། །བསྐལ་བའི་མེ་གཟུགས་ཉིད་འདི་ནི། །ཀུན་གྱི་སྡུད་དང་བྱེད་པོ་ཡིན། །ཟླ་བ་ཐིག་ལེའི་རང་བཞིན་གྱིས། །འགྲོ་བ་དགའ་བར་བྱེད་པ་པོ། །བདེ་ཆེན་འཁོར་ལོ་ཆེན་པོར་ནི། །གཞོམ་མེད་ཡི་གེའི་གཟུགས་འཆང་བ། །ཁ་བའི་འོད་དང་མཚུངས་པ་ཡི། །བྱང་ཆུབ་སེམས་ལས་བྱུང་བའི་འོད། །སྤྲོས་ཏེ་རིན་ཆེན་འཁོར་ལོའི་མཐར། །འཛག་པར་བྱེད་ཅིང་རྣམ་པར་གནས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་གི་ཡི་གེ་སྟེ། །དེ་ཉིད་ཀུན་ལ་ཁྱབ་སྟེ་འདི། །ལུས་ཀུན་ལ་ནི་རྣམ་པར་གནས། །འདིས་ནི་ནཱ་ད་འཕེལ་བྱེད་དེ། །དགའ་བའི་གནས་ཀྱི་ཆ་རུ་འགྱུར། །དེ་ཉིད་དཔྱིད་ཀྱི་ཐིག་ལེ་ཡི། །རྣལ་འབྱོར་དུ་ནི་བརྗོད་པར་བྱ། །ཞེས་སོ། །དེའི་ཕྱིར་དེ་གཉིས་ཀྱིས་གདན་བཞིའི་བདག་ཉིད་ཅན་གྱི་


DTG021_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་རམ། སྦྲུལ་བ་ལ་སོགས་པའི་དཀྱིལ་འཁོར་ཚོགས་པར་བཤད་པར་གྱུར་པ་ཡིན་ཏེ། ཕྱི་རོལ་དུ་ཡང་དཀྱིལ་འཁོར་གྱི་གཙོ་བོ་རང་འདྲ་དང་བཅས་པས་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་རྟེན་གྱི་དཀྱིལ་འཁོར་གྱི་ངེས་པའི་ཚིག་གསུངས་ཏེ། སྙིང་པོ་སྟེ་རྩ་དང་ཁམས་དང་དཔྱིད་དང་ཐིག་ལེའི་རང་བཞིན་གྱི་མཁའ་འགྲོ་མ་དང་དཔའ་བོ་དང་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའི་རང་བཞིན་ཡང་དག་པར་འཛིན་པའི་ཕྱིར་ན། ལུས་ཁོ་ན་དཀྱིལ་འཁོར་དུ་བརྗོད་པར་བྱའོ། །མཎྜ་ནི་ཉེ་བའི་ཚིག་སྟེ། ལེན་པའི་དོན་ལས། ལ་ཏི་ལཌཱི་རྐྱེན་བྱས་པ་ལས་སོ། །རྩ་ཆེན་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ་སོགས་པས་ནང་གི་བདག་ཉིད་ཀྱི་རྣམ་པར་དག་པ་གསུངས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་གང་ཡིན་པ་འདི་རྣམས་ནི་རིག་པ་དང་བཅས་པའི་རང་བཞིན་ཏེ། དེ་རྣམ་པར་དག་པ་ལས། སྔར་གསུངས་པའི་རྩའི་འཁོར་ལོ་ཁོ་ན་དཀྱིལ་འཁོར་རོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པས་དཔའ་བོའི་རྣམ་པར་དག་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འཛག་པའི་ཁམས་ཀྱི་རང་བཞིན་ཉི་ཤུ་རྩ་བཞི་པོ་དེ་ཉིད་ནི་རིན་ཐང་མེད་པ་ཉིད་ཀྱི་ཕྱིར། རིན་པོ་ཆེ་སྟེ་ལྷ་མོའི་འཁོར་ལོའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེའི་སྙིང་པོ་འཛིན་པར་བྱེད་པ་ནི་དཔའ་པོའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་རྣམས་པ་གཉིས་སོ། །ཕྱི་རོལ་དུ་ནི་གྲུ་བཞི་པ་ལ་སོགས་པ་ཡིན་ལ། ནང་དུ་སྙིང་གའི་དཀྱིལ་འཁོར་ནི་འཁོར་ལོ་གསུམ་ལ་སོགས་པའོ། །འདིར་ཕྱི་རོལ་དུ་སྤྱི་བོ་ལ་སོགས་པ་ནི་ཛཱ་ལནྡྷ་ར་ལ་སོགས་པ་ཡིན་ལ། ནང་དུ་ནི་རྩ་དང་ཁམས་ཀྱི་རང་བཞིན་ནོ། །དཀྱིལ་འཁོར་འདི་རྣམས་ཀྱང་འདི་ཉིད་གཅིག་པུའི་མ་ཡིན་གྱི། སྣ་ཚོགས་པའི་འགྲོ་བ་ལྔ་པོ་འདི་རྣམས་ཀྱང་དེའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་གསུངས་པ་ནི། སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཞེས་པའོ། །ཡང་ན་ཕྱི་རོལ་གྱི་དཀྱིལ་འཁོར་དུ་གཟུགས་དང་སྒྲ་ལ་སོགས་པ་རྣམས་ཀྱི་སྟེ་མཆོད་པ་དེ་རྣམས་ཀྱིས་ནང་གི་དཀྱིལ་འཁོར་མཆོད་པར་བྱའོ། །ནང་དུ་བུམ་པ་ནི་ཀ་པཱ་


DTG021_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལའི་ནང་དུ་བདུད་རྩི་ལྔ་རྣམས་བདེ་བའི་མཆོད་པའི་སླད་དུ་རིག་པར་བྱའོ། །འདིར་ཕྱི་རོལ་དུ་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་དབང་པོའི་སྒོ་རྣམས་མཆོད་པར་བྱ་ལ། ནང་དུ་ནི་གྲུབ་པ་སྟེ་རང་བཞིན་གྱིས་གྲུབ་པའི་རྫས་ནམ་མཁའ་ལྔར་འཛག་པའི་རྫས་རྣམས་སུ་གནས་པའོ། །དོན་དེ་ནི། ཕྱི་རོལ་དུ་ནི་གཟུགས་སྒྲ་སོགས། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཕྱི་རོལ་དུ་སྦོམ་པོ་དང་ཕྲ་མོ་ནི་དམ་ཚིག་སྦྱིན་པའི་སླད་དུ་སློབ་མ་རྣམས་ལ་སྟོན་པར་བྱེད་དོ། །འདིར་ནི་སྦོམ་པོ་དང་ཕྲ་མོའི་དབྱེ་བས་ཐ་དད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པས། འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་པས་ན། སངས་རྒྱས་ཉིད་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱང་དམ་ཚིག་སྟེ་སྦྱིན་ཞིང་ཤར་བའི་རྒྱུ་མཚན་གྱིས་དཀྱིལ་འཁོར་འདི་ཁོ་ན་ལས་གོ་འཕང་ཐོབ་པར་འགྱུར་རོ། །དོན་འདི་ནི་སྦོམ་པོ་དང་ཕྲ་བ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་ལ་སྦོམ་པོ་ནི་ཁམས་ཉི་ཤུ་རྩ་བཞི་རྣམས་དང༌། ཕྲ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཡང་ན་སྦོམ་པོ་ནི་སྒྲོ་ལས་བྱུང་བའི་དྲི་མའི་རྫས་རྣམས་དང༌། ཕྲ་མོ་ནི་བྱང་ཆུབ་ཀྱི་སྙིང་པོ་ཞུ་བར་བྱེད་པའོ། །ཡང་གསུང་བ། སྦོམ་དང་ཕྲ་བའི་རབ་དབྱེ་བས། །དངོས་པོར་རྟོགས་པ་རྣམ་པ་གཉིས། །རགས་པའི་རྫས་ནི་རྣམ་དགུ་སྟེ། །ཕྲ་མོའི་ཚིལ་བུ་གྲུབ་པའི་རྫས། །གཞན་པ་ཞུ་བྱེད་རྫས་དབྱེ་བས། །ཞེས་སོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གཙོ་བོས་སེམས་ཅན་གྱི་དོན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། ཚངས་པ་ལ་སོགས་པ་སྦྲུལ་བར་བྱེད་ལ། ནང་དུ་ནི་འཛག་པར་བྱེད་དོ་ཞེས་པས་སྒོ་དགུ་པོ་རྣམས་ནི། ཉན་ཐོས་དང་མིག་ལ་སོགས་པའི་སྒོ་རྣམས་ནི་རང་སངས་རྒྱས་ཏེ། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དགའ་བ་ལ་སོགས་པ་རྣམས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། ལུས་དང་ངག་དང་སེམས་རྣམས་ནི་ཚངས་པ་ལ་སོགས་པ་རྣམས་སོ། །འདི་རྣམས་ཐམས་ཅད་དཀྱིལ་འཁོར་དེ་ཉིད་ལས་རྫོགས་པར་འགྱུར་རོ་ཞེས་པ་དཀྱིལ་འཁོར་གྱི་ངེས་པའོ། །ནང་གི་ཁུ་བ་ལ་སོགས་དང༌། །ཞེས་བྱ་བ་ལ་སོགས་པས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་གསུངས་ཏེ། འདིར་ཕྱི་


DTG021_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོལ་དུ་ཏིལ་བརྡུང་བའི་སློབ་དཔོན་རྣམས་ཀྱི་དམ་ཚིག་གི་མེའི་ཁ་ནས་ཡེ་ཤེས་ཀྱི་མེ་ཚིམ་པར་བྱེད་པ་དེ་ཁོ་ན་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་དང༌། སོ་སོར་སྡུད་པ་དང་བསམ་གཏན་དག་དང་སྙོམས་པར་འཇུག་པ་ལས་སྐྱེས་པའི་ཁུ་བ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པའི་སངས་རྒྱས་དང་དེའི་སྲས་ཀྱི་དཀྱིལ་འཁོར་ཚིམ་པར་བྱའོ། །ཤེས་རབ་ཀྱི་མེ་ནི་གཏུམ་མོ་སྟེ། འབར་ཞིང་རྣོ་བ་ཉིད་ཀྱི་ཕྱིར་རོ། །བསྲེག་ཅིང་འབར་བའི་ཕྱིར་འདི་ནི་སྦྱིན་སྲེག་ཏུ་ཤེས་པར་བྱའོ། །སྐྱེ་མཆེད་དྲུག་དང་ཁམས་རྣམས་དང༌། །ཞེས་བྱ་བ་ལ་སོགས་པས་མཆོད་པ་གསུངས་ཏེ། འདིར་སྔར་བཤད་པའི་ཚུལ་གྱིས་ཕུང་པོ་ལ་རྣམས་ནི་མཁའ་འགྲོ་ལྔ་དང༌། སྐྱེ་མཆེད་དྲུག་ནི་འཁོར་ལོས་སྒྱུར་བ་དྲུག་དང༌། ཁམས་རྣམས་ནི་ཐོད་པའི་དུམ་བུ་ལ་སོགས་པ་བཞི་རྣམས་དང༌། རྩ་སུམ་ཅུ་རྩ་དྲུག་རྣམས་ནི་ཡེ་ཤེས་ཀྱི་ལྷ་མོ་དང་མཁའ་འགྲོ་མ་རྣམས་སོ། །དེ་ལྟར་ལྷ་ལ་སོགས་པའི་གཟུགས་ཅན་འདི་རྣམས་ཀྱི་ཤེས་རབ་དང་ཐབས་གཉིས་པོ་སྦྱོར་བ་ལས་མཆོད་སྦྱིན་གང་ཡིན་པ་དེ་ནི་མཆོད་པར་ཤེས་པར་བྱའོ། །ཡང་གསུངས་པ། རང་བཞིན་མེད་པའི་གནས་བསྒོམ་པས། །ལྷ་ཡི་གཟུགས་སུ་བསྒོམ་དེ་ནི། །མཆོད་པ་ཆེན་པོའི་མཆོད་པ་སྟེ། །སངས་རྒྱས་ཀུན་གྱི་སྒྲུབ་པའི་ཐབས། །ཞེས་སོ། །འདི་ཉིད་ནི། དེ་ཡིས་དེ་རྣམས་མཆོད་པའི་ཕྱིར། །ཞེས་གསུངས་པ་ཡིན་ནོ། །སྤྱི་བོ་ཡིན་ཐོད་པ་ནི། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་སྦྱིན་སྲེག་གི་ཡན་ལག་རྣམས་གསུངས་ཏེ། སྤྱི་བོའི་ཐོད་པ་གང་ཡིན་པ་འདི་རྣམས་ནི་མགོ་བོའི་ཐོད་པ་སྟེ། དེ་ཉིད་ཟླ་བའི་བསྲེག་རྫས་རྣམས་ཀྱི་གཞིར་གྱུར་པ་ཉིད་ཀྱི་ཕྱིར་བསྲེག་རྫས་ཀྱི་སྣོད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་གཡོན་དང་གཡས་སུ་སོན་པའི་ལ་ལ་ནཱ་དང་ར་ས་ནཱ་ར་འོག་ཏུ་རྫས་ཞུ་བ་འབབ་པའི་ཕྱིར་གོ་རིམས་བཞིན་དུ་དགང་གཟར་དང་བླུགས་གཟར་དུ་ཤེས་པར་བྱའོ། །སྤྲུལ་བའི་འཁོར་ལོ་སྟེ་བའི་དཀྱིལ་འཁོར་ནི་མེ་ཐབ་སྟེ། དེར་མེ་ལྷུང་བའི་ཕྱིར་རོ། །བསྲུབ་བྱ་དང་སྲུབ་བྱེད་ཡང་དག་པར་སྦྱོར་བ་ལས། ལས་ཀྱི་ཆེད་དུ་གང་དུ་འབྱུང་བ་ནི་ཚངས་བའི་མེ་སྟེ། །དེ་ནི་སུམ་


DTG021_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མདོ་དང་དེ་ལས་འོག་ཏུ་གསང་བར་གྲུ་གསུམ་དུ་འབར་བ་ཡིན་ནོ། །རང་བཞིན་གྱིས་ཞེས་བ་ནི་ཚིག་གི་ལྷག་མའོ། །ཕྱི་རོལ་དུ་ཡང་ཚངས་པའི་མེ་ནི་ཞི་བ་ཅན་ལ་བསྟོད་པར་བྱེད་དོ། །དེ་ཡང་གཙུབ་ཤིང་གཙུབས་པ་ལས་བྱུང་བར་གྱུར་པའོ། །སྦྱིན་སྲེག་བརྗོད་ནས། ནཱ་ད་སྔགས་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པས་བཟླས་པ་གསུངས་ཏེ། གང་འདི་ནི་སྔར་གསུངས་པའི་ལྟེ་བའི་གནས་ལས་འཐོན་པའི་ཕྱིར་སྲོག་གི་རླུང་སྟེ། དེ་ཉིད་ནི་སྔགས་ཐམས་ཅད་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྔགས་ཞེས་བརྗོད་པར་བྱའོ། །དེ་ཉིད་ཀྱི་འཇུག་པ་ལ་སོགས་པའི་རིམ་ཕ་གང་གི་ཚེ་འཁོར་མོར་ཡིན་པ་དེ་ནི་བཟླས་པ་ཞེས་བརྗོད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་བཟླས་པ་འདི་ནི་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་བར་གསུངས་སོ། །ཡང་གསུངས་པ། །གང་ཡང་ཁམས་གསུམ་སེམས་ཅན་རྣམས། སྲོག་དང་རྩོལ་བ་ལ་བརྟེན་ནས། །གསང་སྔགས་རྒྱལ་པོ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་བསམ་བྱ་སྤངས། །ཞེས་སོ། །བཟླས་པ་གསུངས་ནས། དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པས་སྒོམ་པ་གསུངས་ཏེ། ཕྱི་རོལ་དུ་ནི་སྐུ་དང་གསུང་དང་ཐུགས་རྣམས་ལ་དམིགས་ནས་རྣལ་འབྱོར་པ་རྣམས་ཀྱི་སོ་སོར་སྣང་བ་སྟེ་ནང་དུ་ནི། སྤྲུལ་པ་ལ་སོགས་པའི་དཀྱིལ་འཁོར་བཞིར་ཕྱག་རྒྱའི་ཚོགས་ལ་སོགས་པ་སོ་སོར་སྣང་བ་དེ་ཉིད་བསྒོམ་པ་སྟེ། རང་བཞིན་ན་མེད་པའི་ཕྱིར་དམིགས་པ་མེད་པའམ། གཉིས་སུ་མེད་པའི་དཀྱིལ་འཁོར་དེ་ཉིད་ནི་བསྒོམ་པའོ། །ཡང་གསུངས་པ། དངོས་པོ་མེད་ལ་བསྒོམ་པའི་དངོས། །བསྒོམ་པ་བསྒོམ་པ་མིན་པ་ཉིད། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །ལྷན་ཅིག་སྐྱེས་པའི་ངོ་བོ་འདི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་སོགས། །ཞེས་བྱ་བས་ཉེ་བར་བསྡུ་བ་གསུངས་ཏེ། རྒྱལ་བ་རྣམས་ཀྱི་ནི་སེམས་ཅན་ཐམས་ཅད་ཀྱི་སྟེ་འདི་རྣམས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྟེ། དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང༌། བཟླས་པ་དང༌། བསྒོམ་པ་ཞེས་བརྗོད་པ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་དེ་རང་བཞིན་གྱི་གནས་པ་ཡིན་གྱིས་བཅོས་མ་ནི་མ་ཡིན་


DTG021_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །བཅོས་མ་ནི་ལྷན་ཅིག་སྐྱེས་པ་ལ་བཞུགས་པའི་དོན་ཁོ་ན་བསྟན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ནི་རྡོ་རྗེ་འཆང་ཉིད་དོ་ཞེས་པའོ། །དཀྱིལ་འཁོར་འདི་རྣམས་ཕྱི་རོལ་དུ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པ་ཡིན་ན་ནང་དུ་སུ་ཞིག་གིས་ཞེས་དོགས་པ་ལ། དཀྱིལ་འཁོར་དབང་པོའི་གཟུགས་ཀྱིས་ནི། །སེམས་ཀྱི་རྒྱལ་པོ་སློབ་དཔོན་ནོ། །ཞེས་བྱ་བ་གསུངས་ཏེ། རང་རིག་པའི་རང་བཞིན་ཉིད་ཀྱི་ཕྱིར། སེམས་ཀྱི་རྡོ་རྗེ་འཆང་གང་ཡིན་པ་དེ་ནི་སྔར་གསུངས་པའི་དཀྱིལ་འཁོར་དང༌། མི་ཕྱེད་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། དེ་ཉིད་ནི་སློབ་དཔོན་ནོ། །དེ་ནི་ཡང་དག་པར་རིག་པའི་ཆ་བྱད་ཀྱིས་རྒྱུ་བའི་ཕྱིར་སློབ་དཔོན་ཞེས་བརྗོད་པར་བྱ་སྟེ། འདི་ཉིད། དཀྱིལ་འཁོར་དབང་པོའི་གཟུགས་ཀྱིས་ནི། །ཞེས་བྱ་བས་གསུངས་པ་ཡིན་ཏེ། འདིར་ལ་སོགས་པའི་སྒྲ་ཕྱིས་པར་བལྟ་བར་བྱའོ། །ཤིན་ཏུ་བསྟན་པ་གསུངས་ཏེ། དཀྱིལ་འཁོར་ལ་སོགས་པ་ཇི་སྐད་དུ་གསུངས་པ་ཐམས་ཅད་ནི་འདི་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་འདིར་གསུངས་པའི་དཀྱིལ་འཁོར་ལ་སོགས་པ་རྣམས་ནི། དཀྱིལ་འཁོར་གྱི་ཡོ་བྱད་རྣམས་དང༌། ཐིག་དང༌། རྡུལ་ཚོན་དང༌། ས་ཡོངས་སུ་གཟུང་བ་དང༌། སྤྱན་དྲངས་པ་དང༌། བཞུགས་སུ་གསོལ་བ་དང༌། གཤེགས་སུ་གསོལ་བ་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། མངོན་པར་དབང་བསྐུར་བ་དང༌། ཁྲུས་དང༌། གཏོར་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཉིད་ནི་ལུས་ཀྱི་དཀྱིལ་འཁོར་དུ་ཁོང་དུ་ཆུད་པར་བྱ་ཞིང༌། ཤེས་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ནི་དབུས་ཀྱི་རྩ་ནི་ཐིག་དང༌། རྡུལ་ཚོན་ནི་ཁུ་བ་དང༌། གཅིན་ལ་སོགས་པ་རྣམས་དང༌། གནས་ཉི་ཤུ་རྩ་བཞིས་བསྡུས་པའི་རྩ་བཅུའི་ས་དེ་རྣམས་སུ་ཐིམ་པ་ལ་སོགས་པའི་རིམ་པས་ཡོངས་སུ་འཛིན་པ་ནི་ས་ཡོངས་སུ་གཟུངས་བ་དང༌། འཇུག་པ་ལ་སོགས་པའི་རིམ་པས་སྤྱན་དྲང་བ་ལ་སོགས་པ་རྣམས་དང༌། ཡེ་ཤེས་ཀྱི་རིམ་པ་ནི་དཀྱིལ་འཁོར་སྒྲུབ་པ་དང༌། རྡོ་རྗེ་ནོར་བུའི་བུམ་པ་ལས་པདྨའི་གདན་ལ་གནས་པའི་ལྷ་དང་ལྷ་མོའི་འཁོར་ལོ་ལ་རྒྱུན་ལྷུང་བས་མངོན་པར་དབང་བསྐུར་བ་དང༌། འདི་ས་ནི་འཛགས་པ་ལྕེས་མྱང་བ་ནི་གཏོར་མའོ་


DTG021_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་བ་གསང་བ་ཆེན་པོའི་སྒྲོན་མ་ལས་རྒྱས་པར་བསྟན་པ་བརྒྱད་པའི་རྒྱས་པར་བཤད་པའོ།། །།

དགུ་པའི་རྒྱས་པར་བཤད་པ།


DTG021_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་གོང་དུ་སྔགས་བཟླས་པར་གསུངས་པའི་སྔགས་འདི་ནི་ཅི་ཞིག་ཅེ་ན། དེ་ལྟ་བུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་པ་དགུ་བ་གསུངས་ཏེ། གང་ཡང་རུང་ཞེས་བྱ་བ་ནི། གང་ཞིག་སུ་ཡང་རུང་བའི་སེམས་ཅན་གྱིས་རང་བཞིན་གྱིས་གྲུབ་བའི་སྔགས་ནི་བཏུ་བ་སྟེ། དེ་ལས་སྔགས་ཐམས་ཅད་རབ་ཏུ་སྐྱེའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཕྱི་རོལ་དུ་དཀྱིལ་འཁོར་གྲུ་གསུམ་པ་བྲིས་ཏེ། དེའི་ནང་དུ་པདྨ་འདབ་མ་བརྒྱད་པའི་རི་མོ་བྱས་ནས། དེའི་དབུས་ཀྱི་ལྟེ་བ་ལ་ཨ་ཡིག་གོ །འདབ་མ་རྣམས་ལ་བརྒྱད་བརྒྱད་ཀྱི་དབྱེ་བས་ཨཱ་ལི་དང་ཀཱ་ལི་བཀོད་པའི་བཞི་པ་དང༌། ལྔ་བ་ལ་སོགས་པའི་རིམ་གྱིས་ལྔ་བའི་ལྔ་བ་ལ་སོགས་པའི་སྤྲོས་པས་རྩ་བའི་སྔགས་བཏུ་བར་བྱའོ། །ནང་དུ་ནི་གྲུ་གསུམ་པ་གང་ཡིན་པ་འདི་རྣམས་ནི། རྩ་བའི་དབུས་ཀྱི་རྩ་བ་བརྒྱད་པོ་ཨཱ་ལི་དང་ཀཱ་ལི་དང་བཅས་པའི་དབུས་སུ་གནས་པའི་ཨ་ཡིག་ནི་བཅོམ་ལྡན་འདས་ཡི་གེ་དང་ཚིག་དང་ངག་མ་ལུས་པ་དང་ངག་ཆེན་པོའི་གཟུགས་ཀྱིས་རྣམ་པར་གནས་པ་དེ་ཉིད་ལས་ཡི་གེ་རྣམས་གསལ་བར་འགྱུར་ཏེ། དེ་རྣམས་ཀྱང་ཚིག་སྐྱེས་བར་བྱེད་པ་ཡིན་ལ། དེ་རྣམས་ཀྱིས་ཀྱང་ངག་དང༌། དེ་རྣམས་ཀྱིས་ཀྱང་ངག་ཆེན་པོ་སྟེ། ཇི་སྲིད་དུ་འཇིག་རྟེན་པའི་དངོས་པོའི་དབྱེ་བ་མཐའ་ཡས་པ་དང༌། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ་ཞེས་པས། འདི་ཐམས་ཅད་ནི་ཡི་གེ་ལས་རབ་ཏུ་སྐྱེ་བ་གང་ཡིན་པའོ། །དེ་ཡང་ལྟེ་བ་དང་གསང་བ་དག་ནི་རྟེན་དང་བརྟེན་པའི་དངོས་པོར་བརྗོད་པ་དེ་ཉིད་ཀྱི་ཕྱིར། སྤྲུལ་བའི་འཁོར་ལོ་ཁོ་ན་སྔགས་ཀྱི་རྟེན་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟར་ན་ཨ་ཡི་ག་ནི་རིས་མེད་པ་སྟེ། ཨ་ཡིག་ལས་རབ་ཏུ་བྱུང་བའི་སྔགས་རྣམས་ནི། མཐུན་པའི་གཟུགས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱེད་ཅིང་རབ་ཏུ་འཇུག་པ་ཡིན་གྱི་རྣམ་པ་གཞན་དུ་ནི་མ་ཡིན་ཏེ། ཡོངས་སུ་ཤེས་པའི་དེ་ཁོ་ན་ཉིད་ནི་སྔགས་སོ། །ཡང་གསུངས་པ། མཆོག་ཏུ་མི་འགྱུར་གཅིག་པུ་པའི། །ངོ་བོ་


DTG021_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཀྱི་སྔགས་ཀྱི་སྟེ། །དེ་ཡོངས་ཤེས་པ་ཙམ་གྱིས་ནི། །སྔགས་རྣམས་འདིར་ནི་ལས་བྱེད་དོ། །ཞེས་པ་དང༌། དེ་བཞིན་དུ། དེ་ཉིད་ཕྱིར་ན་སྔགས་རྣམས་ནི། །ཡི་གེའི་རང་གཟུགས་སུ་མི་འདོད། །གང་ཕྱིར་རྩ་ཡང་འཁྱོག་པོར་ནི། །བྱེད་པ་ཙམ་དུ་མི་ནུས་སོ། །ཞེས་སོ། །འདི་ནི། སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པ་ཡིན། །ཞེས་བྱ་བས་གསུངས་པ་ཡིན་ནོ། །ཡི་གེ་རྣམས་ནི་ལྔ་བཅུ་ཉིད། །ཅེས་བྱ་བ་ལ་སོགས་པས་ནི་གཉིས་པ་གསུངས་ཏེ། ཨཱ་ལི་རྣམས་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་གཉིས་ཉིད་ཀྱི་ཕྱིར་དང༌། དེ་ལ་ཨཱ་ལིའི་སྡེ་ཚན་དོར་བར་བྱས་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཏེ། ར་དང་ཀྵ་དག་འོག་དང་སྟེང་དུ་འགོད་པའི་ཕྱིར་ན། ཀཱ་ལི་སུམ་ཅུ་རྩ་གཉིས་ཁོ་ན་ཡིན་པའི་ཕྱིར། དྲུག་ཅུ་རྩ་བཞིར་ཡང་དག་པར་རྟོགས་པར་བྱ་ལ། བརྟེན་པ་ནི་དངོས་སུན་ཡི་གེ་ལྔ་བཅུ་རྣམས་སོ། །གཞན་གྱི་སྡེ་པ་ལ་གྲགས། པའི་རིག་བྱེད་ལ་སོགས་པ་རིག་པའི་གནས་བཅུ་བཞི་དང༌། རང་གི་སྔེ་པ་ལ་གྲགས་པའི་རིག་པའི་གནས་ལྔ་ལ་བརྟེན་ནས། ཨ་ཡིག་ནི་ཡི་གེ་དེ་རྣམས་ཉིད་ཀྱིས་འཇུག་པར་བྱེད་དོ། །ཡང་གསུངས་པ། དང་པོ་གཅིག་ནི་དགུ་དབུས་ན། །བཅུ་ཡིས་མ་བཅིངས་གང་ཡིན་པ། །དེ་ནི་བཅིངས་མེད་ཤེས་བྱ་གང༌། །དེ་ཉིད་མཆོག་གི་གོ་འཕང་རིག །དབྱངས་གསལ་ཡི་གེ་རྣམས་ཀྱང་ནི། །གྲངས་བཅུའི་རྗེས་སུ་འཇུག་པའོ། །ཕན་ཚུན་སྦྱོར་ཕྱིར་ཨས་བཅིངས་པར། །གང་གིས་ཤེས་ཏེ་འགྲོ་བའི་བླ། །ཞེས་སོ། །སྤྱོད་པའི་རིག་བྱེད་ཡན་ལག་བཞིར། །དེ་ཡི་བཀོད་པ་རྒྱས་པར་ཏེ། །རྙིང་པའི་ཆོས་ཀྱི་བསྟན་བཅོས་སུ། །རིག་པ་བཅུ་བཞི་འདི་རྣམས་སོ། །སྒྲ་དང་གཏན་ཚིགས་རིག་པ་དང༌། །དེ་བཞིན་ཁོ་ནར་ནད་དང་ནི། །གསོ་བ་དང་ནི་བཟོ་རིག་གཉིས། །རིག་པའི་གནས་ནི་ལྔ་པོའོ། །འདི་རྣམས་ཐམས་ཅད་ནི་ཨ་ཡིག་ལས་འབྱིན་པར་བྱེད་དོ་ཞེས་པས་ཡི་གེ་ཐམས་ཅད་ཀྱི་དབང་ཕྱུག་སྟེ། དེ་དོར་ནས་དེ་རྣམས་འདོན་པ་ནི་ཡོད་པ་མ་ཡིན་ནོ། །འདི་ནི། རིག་བྱེད་སོགས་སུ་ཡང་དག་གནས། །ཞེས་བྱ་བས་གསུངས་པ་ཡིན་ཏེ། ཞི་བ་དང་དྲག་པོ་དང་གཉིས་ཀའི་རང་བཞིན་གྱི་སྔགས་དང༌། ཕྱིར་བཟློག་པ་ལ་སོགས་པ་དང༌། །སྲུང་བའི་འཁོར་ལོ་དང༌།


DTG021_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་རོལ་གྱི་བསྟན་བཅོས་དང༌། སྔར་བཤད་པའི་རིག་པའི་གནས་རྣམས་ཏེ། འདི་རྣམས་སུ་ཡི་གེའི་བྱེད་པ་རབ་ཏུ་འཇུག་གི །གཞན་དུ་ན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། སྔགས་བཏུ་བ་འདི་ནི་ཐམས་ཅད་དུ་རྣམ་པ་མི་རྟོག་པ་ཡིན་པར་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་རྣམས་སུ་ཁོང་དུ་ཆུད་པར་བྱ་སྟེ། དོན་དེ་ནི། གཞན་དུ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བས་གསུངས་པ་ཡིན་ནོ། །སྔགས་འདི་ནི་ཅི་ཞིག །འཁོར་ནི་སུ། གནས་ནི་གང་དུ་ཡིན། གྲངས་ནི་ཇི་ཙམ་ཞེས་དོགས་པ་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་།དབུས་སུ་སོན་པ་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། སྡེ་པ་སོ་སོ་ལས་ཡི་གེ་དང་པོ་བླངས་པ་སྟེ། ཨཱ་ལི་ཀཱ་ལི་གང་ཡིན་པ་ནི་ངག་མ་ལུས་པའི་རང་བཞིན་ཏེ་རྒྱུ་ཡིན་ལ། སྡེ་ཚན་ནི་བརྒྱད་དུ་འགྱུར་རོ། །དེ་ཉིད་ནི་ཡི་གེ་ལྔ་བཅུ་སྟེ། ཨཱ་ལི་ཀཱ་ལི་རྣམས་མཉམ་དུ་བྱས་པ་ལས་ནི་དྲུག་ཅུ་རྩ་བཞིར་ཡང་དག་པར་རྟོགས་པར་བྱ་སྟེ། རྩ་སོ་སོ་ལ་ཡི་གེ་རེ་རེ་བསམས་པ་ལས་སྤྲུལ་པའི་འཁོར་ལོ་ལ་རང་བཞིན་གྱིས་གྲུབ་པའི་ཡི་གེ་ལྔ་བཅུ་པོ་འདི་རྣམས་ཉིད་བརྒྱད་པ་བརྒྱད་ཀྱིས་དབྱེ་བས་ཐ་དད་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་བཞིའི་རང་བཞིན་ཡིན་ཏེ། ཕྱོགས་དང་ཕྱོགས་བྲལ་བརྒྱད་རྣམས་སུ་རྣམ་པར་གནས་པར་ཤེས་པར་བྱའོ། །དེ་རྣམས་དབུས་ཀྱི་ཞེས་བྱ་བ་ལ་སོགས་པས་དབུས་ཀྱི་གཙོ་བོ་གསུངས་ཏེ། ཨཱ་ལི་ཀཱ་ལིའི་རང་བཞིན་ཅན་གྱི་རྩ་དེ་རྣམས་ཀྱི་དབུས་སུ་མཆོག་གི་དབང་ཕྱུག་སྟེ་མཆོག་གི་དཔའ་བོ་དང་རྣལ་འབྱོར་པའི་རང་བཞིན་གྱི་ཡི་གེ་དེ་རྣམས་ཀྱི་དབང་ཕྱུག་འཁོར་ལོས་སྒྱུར་བའོ། །དེ་བཞིན་དུ་མ་ནིང་གི་ས་བོན་བཞི་པོ་ཡོངས་སུ་དོར་ནས། ཨ་ཡིག་ལ་སོགས་པའི་ཡི་གེ་བཅུ་གཉིས་ནི་བཅོམ་ལྡན་འདས་ཀྱི་ཕྱག་བཅུ་གཉིས་སོ། །བསྲེགས་པའི་ས་བོན་བཞི་པོ་ནི། མཁའ་འགྲོ་མ་དང༌། ལཱ་མ་དང༌། དུམ་སྐྱེས་མ་དང༌། གཟུགས་ཅན་མ་རྣམས་སོ། །ཀ་ཡིག་ལ་སོགས་པ་ཧ་ཡིག་གི་མཐར་ཐུག་པ། མ་ཡིག་ཐིག་ལེས་མཚན་པ་ནི་འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་སོ། །ས་ལ་སོགས་པ་ཧ་ཡིག་གི་མཐར་ཐུག་པ་རྣམས་ནི་ཁྭ་གདོང་མ་ལ་སོགས་པ་རྣམས་ཏེ། ཀྵ་ཡིག་ནི་ཟད་པའི་མཁའ་འགྲོ་ཡིན་ལ།


DTG021_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས་སུ་ཨ་ཡིག་ནི་རྡོ་རྗེ་ཕག་མོའོ། །དེའི་ཕྱིར་འདི་ནི་སྡེ་ཚན་བརྒྱད་པོ་འདི་རྣམས་ཀྱིས་བསྐོར་བ་ཡིན་ལ། མཆོག་ཏུ་མི་འགྱུར་བའི་ཨ་ཡིག་ཁོ་ན་སྔགས་ཐམས་ཅད་ཀྱི་རྒྱུ་སྟེ། དེས་ན་འདིས་སྔགས་འབྱིན་པར་བྱེད་པ་ཡིན་ནོ། །ཨ་ཡིག་ཅེས་བྱ་བ་ལ་སོགས་པས་དེའི་ཕན་ཡོན་གསུངས་ཏེ། གདོད་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་གསལ་བོར་བྱེད་པའི་ཕྱིར་དོན་ཆེན་ནོ། །དེ་རྣམས་དེ་ཁོ་ནས་བྱེད་པ་ཉིད་ཀྱི་ཕྱིར། སྡེ་ཚན་རྣམས་ཀྱི་གཙོ་བོའོ། །ལུས་ཅན་ཏེ། སྒྲུབ་པ་པོ་རྣམས་སམ། གང་ཞིག་སྔགས་ཀྱི་ཚིག་ཚད་མར་སྨྲ་བ་རྣམས་ཀྱང་དེ་ཉིད་ལས་སྐྱེས་ཤིང་བྱུང་བ་ཡིན་ནོ། །དེ་ལྟར་ན་རང་བཞིན་གྱིས་སེམས་ཅན་གྱི་སྔགས་ཐམས་ཅད་ཁོ་ནའི་དབུང་གཉེན་ནོ་ཞེས་བྱ་བར་གནས་སོ། །གང་ཞིག་རལ་གྲི་མིག་སྨན་དང༌། །ཞེས་བྱ་བ་ལ་སོགས་པས་ལས་རབ་འབྱམས་ཀྱིས་དངོས་གྲུབ་རྣམས་ཀྱིས་འདི་ཡོངས་སུ་ཤེས་པ་ཁོ་ན་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེས་གསུངས་ཏེ། རལ་གྲི་དང༌། འཁོར་ལོ་དང་རིན་པོ་ཆེ་དང་རྡོ་རྗེ་དང་པདྨའི་རིག་པ་འཛིན་པའི་དངོས་གྲུབ་ལྔ་པོ་རྣམས་རལ་གྲིས་ཉེ་བར་མཚོན་པ་ཉིད་ལས་སོ། །གང་གིས་གྲིབ་མ་ཉམས་པར་གྱུར་པ་དེ་ནི་མིག་སྨན་གྱི་དངོས་གྲུབ་སྟེ་གཉིས་པའོ། །གང་གིས་སྐད་ཅིག་ཙམ་གྱིས་དཔག་ཚད་བརྒྱ་སྟོང་དུ་འགྲོ་བར་བྱེད་པ་དེ་ནི་རྐང་པ་བྱུག་པའི་དངོས་གྲུབ་སྟེ་གསུམ་པའོ། །གང་གིས་ས་ལ་གནས་པའི་གཏེར་མཐོང་བའམ། བུག་པའི་སྒོར་རབ་ཏུ་ཞུགས་ནས་ལྷ་མ་ཡིན་གྱི་བུ་མོ་འགུགས་པར་བྱེད་པ་དེ་ནི་ས་འོག་གི་དངོས་གྲུབ་སྟེ་བཞི་པའོ། །གང་གིས་ཤིན་ཏུ་ཡིད་དུ་འོང་བའི་གནོད་སྦྱིན་མོ་ལ་ལོངས་སྤྱོད་པ་དེ་ནི། གནོད་སྦྱིན་གྱི་ལུས་ཅན་མའི་དངོས་གྲུབ་སྟེ་ལྔ་པའོ། །གང་ཞིག་ཁར་བཅུག་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཕུར་ནས་སངས་རྒྱས་རྣམས་ལས་ཆོས་ཉན་པར་བྱེད་པ་དེ་ནི་རི་ལུའི་དངོས་གྲུབ་སྟེ་དྲུག་པའོ། །གང་གིས་ཞི་བ་ལ་སོགས་པའི་ལས་བརྒྱད་བོ་སྒྲུབ་པར་བྱེད་པ་ནི། འཇིག་རྟེན་གསུམ་གྱི་ཁོངས་སུ་རྒྱུ་བའི་དངོས་གྲུབ་སྟེ་བདུན་པའོ། །གང་གིས་རྡོ་དང་ཟངས་ལ་སོགས་པ་གསེར་དུ་བྱེད་པ་དེ་ནི་དངུལ་ཆུའི་དངོས་གྲུབ་སྟེ་བརྒྱད་པའོ་ཞེས་པ་གྲུབ་ཆེན་བརྒྱད་པོ་རྣམས་སོ། །གཞན་ཡང་ལྷའི་སྤྱན་ལ་སོགས་པའི་མཚན་ཉིད་དང༌།


DTG021_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲ་བ་ལ་སོགས་པའམ། སྐུའི་དབང་ཕྱུག་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཏེ། སྡེ་ཚན་བརྒྱད་ཀྱིས་བརྒྱན་པའི་དངོས་གྲུབ་སྟེ་དེ་རྣམས་ནི་དབྱངས་དང་པོ་ཁོ་ན་ལས་བྱུང་བ་ཡིན་གྱི་སོ་སོའི་སྤྲོས་པས་དེ་སྤྲུབ་པའི་འབད་པ་བྱེད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་ཅུང་ཟད་ཅས་བྱ་བ་ལ་སོགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་པར་སོན་པ་ཉིད་ཀྱིས་ན་ཁྱབ་པ་པོར་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། ལུས་ཅན་རྣམས་ཀྱི་ནི་རྐང་མེད་ལ་སོགས་པ་རྣམས་ཀྱི་སྟེ་ཚིག་དང་དབྱངས་གསལ་བ་དང་མི་གསལ་བ་དང་གཉིས་ཀའི་བདག་ཉིད་ཅན་སྐྱེད་པར་བྱེད་པ་དེ་ནི་སྔགས་ཐམས་ཅད་ཀྱི་གཟུགས་ཁོ་ན་སྟེ། དེ་ལས་སྐྱེས་པར་གྱུར་ཅིང་ནང་དུ་སོན་པ་ཉིད་ཀྱི་ཕྱིར་རོ། །ལྟེ་བའི་ཕྱོགས་ལས་འཐོན་པའི་བདེ་བ་ཆེན་པོའི་སྒྲའམ། གཞན་དུ་ན་ནཱ་ད་ཉིད་སྔགས་ཏེ། ཡིད་སྐྱོབ་པའི་ཕྱིར་རོ། །གསང་བའི་སྐད་ཀྱིས་སྙོམས་པར་འཇུག་པ་ན་འདི་ཐམས་ཅད་དེ། བུད་མེད་དང་སྐྱེས་པའི་ཚོགས་དེ་ཉིད་ནི། སྐད་དེ་ཁོ་ནས་རབ་ཏུ་དགའ་བར་བྱེད་དོ། །དབྱུ་གུའི་དབྱེ་བས་རྒྱལ་བར་གྱུར་པ་དེ་ཉིད་ཀྱིས་ཐིག་ལེའི་དབྱེ་བ་འཕེལ་བར་བྱེད་དོ་ཞེས་པས། དེ་ལྟ་བུ་ལ་སོགས་པའི་ལས་ཀྱི་ཚོགས་བྱས་པའོ། །ལུས་ཅན་ཐམས་ཅད་ཀྱེས་སྣ་ཚོགས་པའི་མདུད་པའི་གནས་ཆེན་པོ་སྤྲུལ་པའི་འཁོར་ལོ་ལས་ཆོས་ཀྱི་རོལ་པ་སྟེ། ཡི་གེ་ཐམས་ཅད་དང༌། ཚིག་དང༌། ངག་དང༌། ངག་ཆེན་པོ་ལ་སོགས་པ་རྣམས་དང༌། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བཅུ་རྩ་བཞི་ལ་ཁྱབ་པར་བྱེད་པ་རྣམས་པར་འབྱུང་སྟེ་རབ་ཏུ་སྐྱེའོ། །དགའ་བ་སྐྱེས་པའི་དུས་སུ་ནི། །སྔོན་དུ་གཟུང་བ་གང་ཞིག་སྨྲ། །གསལ་དང་མི་གསལ་རང་བཞིན་ཏེ། །ནཱ་ད་འདི་ནི་སྔགས་སུ་བཤད། །དགའ་དང་ཁྲོ་དང་རྨི་ལམ་དང༌། །བརྒྱལ་དང་འཆི་བའི་སྐད་ཅིག་དང༌། །སད་དང་དགའ་བའི་དུས་སུ་ནི། །སྒྲ་དེ་ཉིད་ནི་ཐོས་པར་འགྱུར། །ཉེ་བར་བསྡུ་བ་གསུངས་པ། སྔར་གསུངས་བའི་སྔགས་གྲུབ་པ་ལ། སྔགས་ཁ་ཅིག་གིའོ་ཞེས་བྱ་བའི་ངེས་པ་ཡོད་པ་མ་ཡིན་ན། །གང་གིས་ན་འདི་སྔགས་ཀྱི་དངོས་གྲུབ་ལས་མངོན་དུ་ལྡོག་པར་བྱེད། བསྒོམ་པ་ན་ཕུལ་དུ་བྱུང་བ་དང་ཕུལ་དུ་བྱུང་བ་མ་ཡིན་པ་ཉིད་ལས་ཏེ། གང་ཞིག་ཆོས་ཉིད་ཀྱི་ས་ཡི་གེས་ཁྱབ་པ་དེ་ལ་ཡོད་བ་ན། དེས་རྣམ་པ་སྣ་ཚོགས་པའི་


DTG021_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་བྱེད་པ་འདི་ཉིད་ནི་ཕུལ་དུ་བྱུང་བའོ། །དོན་དེ་ནི། མ་སྐྱེས་པ་ཡི་རང་བཞིན་ནི། །སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག །ཅེས་བྱ་བས་གསུངས་ཏེ། གདོད་མ་ནས་མ་སྐྱེས་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མཚོན་བར་བྱེད་པ་ཨ་ཡིག་འདི་ནི་དེའི་དཔེ་ཉིད་ཀྱིས་སྔགས་དེ་རྣམས་རང་གི་ལས་དང་རབ་ཏུ་སྦྱོར་ཏེ། འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྡེ་ཚན་དབང་ཕྱུག་མཆོག་ཅེས་པ་དེ་རྣམས་ཀྱི་བདག་པོ་ཉིད་དུ་བྱས་ནས་ཏེ། དེ་རྣམས་དེའི་བདག་པོ་ནི་མ་ཡིན་ནོ་ཞེས་པའོ། །ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པར་བསྟན་པ་དགུ་པའི་རྒྱས་པར་བཤད་པའོ།། །།

བཅུ་པའི་རྒྱས་པར་བཤད་པ།


DTG021_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཆོས་ལ་སོགས་པའི་སྐུ་གསུམ་གྱི་རང་བཞིན་གྱི་འཁོར་ལོ་བཞི་དང༌། དཔྱིད་ཀྱི་ཐིག་ལེའི་ངེས་པའི་ཚིག་དང༌། སྔགས་ལས་སྐྱེ་གནས་བཞི་དང༌། དབྱངས་ལ་སོགས་པའི་རང་བཞིན་རྣམས་ནི། བརྗོད་དུ་མེད་པའི་ལྷན་ཅིག་སྐྱེས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱས་བར་བསྟན་པ་བཅུ་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྒྱས་པར་བསྟན་པ་དགུ་པ་ལ་ལྟོས་ནས་བར་མེད་པའི་དོན་ཏོ། །གང་ཡང་རུང་ནི། གང་སུ་ཡང་རུང་བའི་སྟེ། ཆོས་ལ་སོགས་པའི་གཟུགས་ཀྱིས་ནི། སྐུ་གསུམ་གྱི་རྣམ་པས་སོ། །བདེ་བ་ཆེན་པོའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པ་རབ་ཏུ་བཤད་པར་བྱའོ་ཞེས་པ་ནི་མ་དོར་བསྟན་པའོ། །སེམས་ཅན་ཐམས་ཅད་ཅད་ནི་སྐུ་གསུམ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་གསུམ་དང་ལྡན་པ་ཁོ་ནའོ་ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །སྤྱི་བོ་ལྟེ་བར་གནས་འཁོར་ལོ། །ཞེས་བྱ་བ་ལ་སོགས་པས། དེ་རྣམས་ཀྱི་གནས་གསུངས་ཏེ། སྤྱི་བོ་དང་ལྟེ་བའི་བར་དུ་གནས་པའི་འཁོར་ལོ་གཉིས་པོ་གང་ཡིན་པ་འདི་སྟེ། འོག་ཏུ་ཆོས་འབྱུང་གི་ནུས་པ་ལས་སའི་ཆོས་དང་བཅས་པའི་ཕྱིར་དང༌། སྟེང་དུ་སྤྱི་གཙུག་གི་པདྨའི་ལྟེ་བ་ལ་ཡང་གྲུ་གསུམ་གྱི་རྣམ་པའི་ཆོས་འབྱུང་གི་རང་བཞིན་ཉིད་ཀྱི་ཕྱིར་དེ་ནི་ཨེའི་རྣམ་པའོ། །དེ་བཞིན་དུ་སྙིང་ག་དང་མགྲིན་པར་གནས་པའི་འཁོར་ལོ་གཉིས་ཀྱང་བཾ་ཡིག་གི་རྣམ་བ་སྟེ། བཾ་ཡིག་ལུགས་ལས་བཟློག་པའི་རྣམ་པ་ལས་ཀྱང་གྲུ་གསུམ་ཉིད་དོ། །


DTG021_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་སྐད་དུ་གསུངས་པ་ཡིན་ཏེ། སྤྲུལ་པ་དང་བདེ་བ་ཆེན་པོའི་འཁོར་ལོ་གཉིས་ཀ་ཤེས་རབ་ཀྱི་རང་བཞིན་ཡིན་པ་ཉིད་ལས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཡང་ཡིན་ལ། དེ་ཁོ་ན་བཞིན་དུ་སྙིང་ག་དང་མགྲིན་པའི་འཁོར་ལོ་དག་ཀྱང་ཤེས་རབ་ཀྱི་རང་བཞིན་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡང་ཡིན་ཏེ། ཨ་ཝ་དྷཱུ་ཏཱིས་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ལྟེ་བའི་དབུས་ཞེས་བྱ་བ་ནས་བརྩམས་ཏེ། པདྨ་འདབ་མ་བརྒྱད་དུ་བརྗོད། །ཅེས་བྱ་བའི་མཐར་ཐུག་པས་ནི། སྤྲུལ་པའི་སྐུལ་སོགས་པའི་འཁོར་ལོ་བཞི་ལ། གོ་རིམས་བཞིན་དུ་འདབ་མ་དྲུག་ཅུ་རྩ་བཞི་དང༌། སུམ་ཅུ་རྩ་གཉིས་དང༌། བཅུ་དྲུག་དང༌། བརྒྱད་རྣམས་ཏེ། དབྱུ་གུ་དང༌། ཆུ་ཚོད་དང༌། འཕོ་པ་དང༌། ཐུན་ཚོད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཕྱི་རོལ་དུ་ཉིད་མ་རབ་ཏུ་རྒྱུ་བས་དབྱུ་གུ་ལ་སོགས་པར་རྣམ་པར་འབྱེད་བ་དེ་ཁོ་ན་བཞིན་དུ་ནང་དུ་སྲོག་རབ་ཏུ་རྒྱུ་བས། དེ་འཁོར་ལོ་ལ་བརྟེན་པ་ཁོན་སྟེ། འདི་རྣམས་ནི་དུས་ཀྱི་འཁོར་ལོ་ལས་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །འདབ་མ་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ནས་བརྩམས་ཏེ། ཀུན་ནས་རྣམ་པར་གནས་པའོ། །ཞེས་བྱ་བའི་མཐར་ཐུག་པས་ནི། ཤེས་རབ་དང་ཐབས་འབའ་ཞིག་གི་དུས་ཀྱི་ཁྱད་པར་བཞི་པོ་རེ་ཞིག་སྤྲུལ་པའི་སྐུ་ལ་སོགས་པའི་རང་བཞིན་རྣམས་སུ་ཡང་འགྱུར་རོ་ཞེས་རྟོགས་པར་བྱ་སྟེ། དེ་ལ་ལྟེ་བའི་འཁོར་ལོ་ལ་སྤྲུལ་པའི་སྐུ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་དང་སྐྱེ་མཆེད་ཀྱི་རང་བཞིན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྐྱེད་པར་བྱེད་དོ། །སྙིང་གའི་འཁོར་ལོ་ལ་ཆོས་ཀྱི་སྐུ་སྟེ། ཧཱུཾ་ཡིག་ལ་སོགས་པའི་རྣམ་པ་ཕུང་པོ་དང་ཁམས་ཉེ་བར་སྡུད་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །མགྲིན་པའི་འཁོར་ལོ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་སྟེ། འདི་རྣམས་ཀྱིས་ཆོས་ཀྱི་བདུད་རྩི་ཡོངས་སུ་ལོངས་སྤྱོད་ཅིང་སྦྱིན་པ་ལས་མྱང་པའི་ཕྱིར་རོ། །སྤྱི་བོའི་འཁོར་ལོ་ཡེ་ཤེས་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་སྟེ། ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་རྣམ་པས་ཡང་དག་གནས། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཅེས་བྱ་བ་དང༌། དེ་བཞིན་དུ། སྐུ་


DTG021_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་མཛད་པ་གང་གིས་འགྲོ་ཕན་ཕྱིར། །རིགས་དང་ལྷ་མོ་རིགས་ཀྱི་གཙོ་བོ་རྣམས། །རང་ལུས་སྔགས་སུ་སོན་པའི་རང་བཞིན་ཏེ། །ཞི་བ་རྡོ་རྗེ་འཆང་སླད་བརྟེན་པར་བགྱི། །ཞེས་བྱ་བའོ། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །ཞེས་བྱ་བ་ནས་བརྩམས་ཏེ། ཧཾ་གི་ཡི་གེ་འབར་བར་བྱེད། །ཅེས་བྱ་བའི་མཐར་ཐུག་པའི་གཞུང་ནི། །སེམས་ཅན་ཐམས་ཅད་ཀྱི་འཁོར་ལོའི་བརྟེན་པ་སྔགས་ཀྱི་སྐུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། དེ་ལ་སྤྲུལ་པའི་འཁོར་ལོ་ཐོབ་པ་ན། །ཚུལ་གང་གིས་དབུས་སུ་ཨ་ཡིག་དང༌། འདབ་མ་རྣམས་ལ་ཨཱ་ལི་ཀཱ་ལི་རྣམས་སོ། ཆོས་སུ་ཧཱུཾ་གི་ཡི་གེ་མཁའ་འགྲོ་ལྔའི་ས་བོན་མ་ནིང་བཞི་དང་བཅས་པ་རྣམས་སོ། །མགྲིན་པར་ནི་ཨོཾ་ཡིག་རིང་པོ་བཞིའམ། །དབྱངས་བཅུ་དྲུག་གིས་བསྐོར་བའི་ཚངས་པའོ། །སྤྱི་བོར་ཁ་འོག་ཏུ་ཕྱོགས་པའི་ཧཾ་གི་ཡི་གེ་ཨཱ་ལི་ཉིས་འགྱུར་གྱིས་བསྐོར་བ་རྣམས་གོ་རིམས་བཞིན་དུ་དཀྱིལ་འཁོར་ཆེན་པོ་དང་སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང༌། སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤའི་མཐའ་དང་ཤའི་དབུས་ཀྱི་རྩ་བཞི་ནི་ཧེ་རུ་ཀའི་དཀྱིལ་འཁོར་གྱི་རང་བཞིན་གྱི་འཁོར་ལོ་འདི་རྣམས་རྟོགས་པར་བྱས་པ་ཡིན་ནོ། །དེ་བཞིན་དུ། ཟླ་བ་ཉི་མར་རྣམ་གྲགས་པ། །ཞེས་བྱ་བ་ལ་སོགས་པས་འཁོར་ལོ་ལ་བརྟེན་པར་གྱུར་པའི་རྩ་གཉིས་པོ་གསུངས་ཏེ། འཁོར་ལོ་རྣམས་ཀྱི་གཡོན་དང་གཡས་དག་ཏུ་ཟླ་བ་དང་ཉི་མ་དག་སྟེ། སྲོག་དང་ཐུར་སེལ་ལས་སྟེང་དང་འོག་ཏུ་ཁུ་བ་དང་ཁྲག་གི་ཁམས་རབ་ཏུ་འབབ་བ་དག་ནི། ལ་ལ་ནཱ་དང༌། ར་ས་ནཱ་ལ་གནས་པ་ཤེས་པར་བྱ་སྟེ། འདིས་ནི་ཕྱི་རོལ་དུ་ཟླ་བ་དང་ཉི་མར་སྣང་བ་ནི་ནང་དང་འབྲེལ་བ་ཁོ་ནའོ་ཞེས་བརྗོད་པ་ཡིན་ནོ། །རྫས་དེ་དག་གི་འབབ་པའི་སྒོའི་རྣམ་པ་སྣང་བར་བྱ་བའི་ཕྱིར། མགྲིན་པ་ནས་བརྩམས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་འདིར་གཡོན་ལོགས་སུ་ལ་ལནཱར་བཤད་པའི་རྩ་དེ་ནི། འོག་གི་གདོང་ཅན་མགྲིན་པ་ནས་བརྩམས་ནས་ལྟེ་བའི་དབུས་ཇི་སྲིད་པར་མྱོས་བྱེད་འབབ་པ་དང༌། དེ་བཞིན་དུ་གང་འདིར་གཡས་ལོགས་སུར་སནཱར་བཤད་པའི་རྩ་གང་ཡིན་པ་ནི། ཟླ་བ་དང་ཁུ་བ་དང་ཐུ་བསེལ་གྱི་རླུང་ངོ༌། །དེ་ལ་ཐག་ནི་ཉི་མ་དང་སྲོག་


DTG021_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་རླུང་སྟེ། །བ་དོག་དང་བྱེད་ལས་ལས་སོ་ཞེས་པ་ཚིག་གི་ལྷག་མའོ། །ཟླ་བ་དང་ཉི་མ་འདི་དག་ནི་སེམས་ཀྱི་སྒོའི་དབྱེ་བ་གཉིས་ཏེ། གཡས་དང་གཡོན་གྱི་ལམ་གྱི་རང་བཞིན་ལ་བརྟེན་ནས་སྟེང་དང་འོག་ཏུ་རབ་ཏུ་འཛག་ཅིང་རྒྱུ་བས་རབ་ཏུ་འབབ་པ་དག་ནི་འཇིག་རྟེན་དབང་ཕྱུག་དང༌། ནམ་མཁའི་སྙིང་པོའི་རང་བཞིན་དང༌། འོད་དཔག་མེད་དང༌། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་ཤེས་པར་བྱ་སྟེ། དཔག་མེད་རྡོ་རྗེའི་ཉི་མ་དག །འཁོར་བ་སྒྲུབ་པའི་རྩ་བ་གཉིས། །ཞེས་གསུངས་པའི་ཕྱིར་རོ། །ཕྱི་རོལ་དུ་ཡང་གང་གི་ཚེ་ནུབ་པའི་རིལ་ཉི་མ་འོག་ཏུ་འགྲོ་བ་དེའི་ཚེ་འཆར་བའི་ཕྱིར་ན་ཟླ་བ་སྟེང་དུ་འགྲོ་སྟེ། བཟློག་པ་ལས་ཀྱང་ངོ༌། །སེམས་ཀྱི་སྒོ་ལ་བརྟེན་པའི་ཟླ་བ་དང་ཉི་མ་གང་ཡིན་པ་འདི་དག་སྟེ། དེ་ཉིད་ནི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་འགྲོ་བ་དང་འོང་པར་བ་ཏུ་འཇུག་པའི་རྒྱུན་དུ་ཤེས་པར་བྱའོ། །དེ་བཞིན་དུ་ཁམས་ཉི་ཤུ་རྩ་བཞི་པོ་རྣམས་ནི་དཔའ་བོ་རྣམས་ཏེ། དེ་རྣམས་ནི་ཟླ་བ་རྒྱུ་བ་རྣམས་སོ། །ཁྲག་འབབ་པའི་རྩ་དེ་རྣམས་ནི་མཁའ་འགྲོ་མ་རྣམས་ཏེ་ཉི་མ་རྒྱུ་བ་རྣམས་སོ། །དེ་ལྟར་ན་ལུས་པ་མེད་པའི་ཕྱིར། གང་ཞིག་སེམས་ཅན་ཐམས་ཅད་ཀྱི་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་གྱི་འཆར་བ་དང་ནུབ་པ་ནི་ནང་ཉིད་དུ་རབ་ཏུ་གནས་སོ་ཞེས་བསྟན་པའི་ཕྱིར། འཆར་བ་དང་ནི་ནུབ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གང་གི་ཚེ་སྲོག་གི་རླུང་གཡས་པའི་སྣ་བུག་ལ་ཤར་བ་དེའི་ཚེ་ཐུར་སེལ་གྱི་རླུང་གཡོན་པའི་སྣ་བུག་ནས་ནུབ་ཅིང་འགྲོའོ། །དེ་ལྟར་ཉིན་དང་མཚན་མོར་ཟླ་བ་དང་ཉི་མ་རབ་ཏུ་རྒྱུ་བ་ནི་སེམས་ཅན་ཐམས་ཅད་ཀྱི་གནས་ཉིད་དེ། གཉིད་ལོག་པ་དང་སད་པ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་གཉིད་ལོག་པ་ལ་ཡང་ཟླ་བའི་ཆ་དང་ཉི་མའི་ཆའོ། །དེ་བཞིན་དུ་གཉིད་ལོག་དང་ས་ད་པའི་གནས་སྐབས་ནི་ཟླ་བ་དང་ཉི་མའི་རང་བཞིན་འོད་དཔག་མེད་དང་རིན་ཆེན་འབྱུང་ལྡན་དུ་ཤེས་པར་བྱའོ། །དབུས་ཀྱི་ཀ་བ་ནི་དུས་སུ་འཆི་བ་ཡང་སླུ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གཡོན་དང་གཡས་པའི་ངོས་ཞེས་བྱ་བ་ནས་བརྩམས་ཏེ། འོག་གི་ཆར་ཡང་རྣམ་པར་གནས། །ཞེས་བྱ་བའི་མཐར་ཐུག་པའི་གཞུང་གསུངས་པ་


DTG021_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ཏེ། གཡོན་དང་གཡས་ཀྱི་རྩ་ལ་མ་ནིང་གི་ས་བོན་སྤངས་པའི་དབྱངས་བཅུ་གཉིས་རྣམས་ཏེ། གོ་རིམས་བཞིན་དུ་འོག་དང་སྟེང་གི་གདོང་པ་རྣམས་ཀ་ལ་སོགས་པའི་གསལ་བྱེད་ཉི་ཤུ་རྩ་བཞི་པོ་ཐིག་ལེ་དང་བཅས་པ་འོག་དང་སྟེང་གི་གདོང་རྣམས་ཀྱིས་ཡོངས་སུ་བསྐོར་བ་རྣམས་ནི། ངོ་བོ་ཉིད་ཁོ་ནས་རྩ་ནཱ་དའི་རྣམ་པར་གནས་པའོ། །འདི་ཉིད་ནི། དབུས་སུ་བྱས་ནས་ངེས་པར་བྱ། །ཞེས་བྱ་བས་གསུངས་པ་ཡིན་ནོ། །འོག་ཏུ་ཐུར་སེལ་གྱི་ལམ་དུ་ཐུར་སེལ་སྲུང་བར་བྱེད་པ་ཀྵ་ཡིག་སྟེ། དུང་གི་ཕྱག་རྒྱལ་གནས་པ་དེའི་སྟེང་དུ་ནི་རེ་ཕའོ། །ཆོས་ཀྱི་འཁོར་ལོའི་དབུས་སུ་སོན་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས། །གཡོན་དང་གཡས་ཀྱི་དབྱངས་དང་གསལ་བྱེད་རྣམས་དཀྲུགས་ནས་དབུ་མར་རབ་ཏུ་འཇུག་པར་འགྱུར་ཏེ། དེའི་ཚེ་རིགས་ལྡན་མ་མཆོད་པའི་དབང་གིས་དུས་སུ་འཆི་བ་སླུ་བ་བྱས་ནས་རྣལ་འབྱོར་པ་རྡོ་རྗེ་འཆང་གི་སྒོམ་པ་ཆེན་པོ་ཐོབ་བར་འགྱུར་རོ། །ད་ནི་བྱང་ཆུབ་ཀྱི་སེམས་གནས་པ་ཡང་དག་པར་རྒྱུ་བའི་དབང་གིས་སྐུ་གསུམ་གྱི་རང་བཞིན་དུ་རྟོགས་པར་བྱ་བའི་ཕྱིར། གང་ཚེ་མགྲིན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མགྲིན་པར་ཆ་བཅུ་དྲུག་གི་རང་བཞིན་རོའི་རྣམ་པའི་ཟླ་བ་གནས་པ་དང༌། དེ་བཞིན་དུ་སྣ་རྩེ་སྟེ། སྙིང་ག་དང་ལྟེ་བའི་རྩེ་མོ་དང་རྡོ་རྗེའི་རྩེ་མོ་ལ་ཡིན་པ་དེའི་ཚེ་བདེ་བ་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར། ཟླ་བ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་བརྗོད་པར་བྱའོ། །དེ་ཁོ་ནའི་ཁྱད་པར་ལས། སངས་རྒྱས་རྣམས་ཀྱི་སྟེ་ཕུང་པོ་རྣམས་ཀྱི་མཆོག་རང་རིག་པའི་སྐུར་ཤེས་པར་བྱའོ། །དེ་ཉིད་གང་ཞིག་རྡོ་རྗེའི་རྩེ་མོ་ལས་ཟླ་བ་ནུབ་པར་གྱུར་ཅིང་བྷ་གའི་ནང་དུ་ལྷུང་བ་ཉུངས་ཀར་གྱི་ཚད་དུ་གནས་པར་གྱུར་ཅིང་ཉི་མའི་དབུས་སུ་རབ་ཏུ་ཞུགས་པ་དེའི་ཚེ་འདི་ནི་སྤྲུལ་པའི་སྐུ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས། དེའི་གཏན་ཚིགས་གསུངས་ཏེ། དེའི་ཕྱིར་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བ་ལས། ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྲོ་ཞིང་སྐྱེད་པར་བྱེད་དོ། །དེས་ན་འདི་ནི་སྤྲུལ་པའི་སྐུ་སྟེ་སོ་སོའི་སྐྱེ་བོ་ལྟ་བུ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ནུབ་པར་


DTG021_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་པ་ལས་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱེད་དོ་ཞེས་བྱ་བར་རྣམ་པར་གཞག་གོ །འདི་ཉིད་ཉི་མའི་དབུས་སུ་གནས་ན། །ཡང་པདྨ་གར་གྱི་རང་བཞིན་དུ་བཤད་པ་ལ་འཇུག་གོ་ཞེས་རྟོགས་པར་བྱ་བའི་ཕྱིར། པདྨ་གར་དབང་རྒྱལ་པོ་སྟེ། །ཞེས་བྱ་བ་གསུངས་ཏེ། པདྨའི་གར་ནི་པདྨ་གར་ཏེ། དེ་ལ་འདོད་པ་རབ་ཏུ་འབྱུང་ངོ་ཞེས་པས། པདྨ་གར་གྱི་དབང་ཕྱུག་གོ །འབར་བར་གྱུར་བའི་ཉི་མ་དང་ཡང་དག་པར་སྦྱོར་བ་ལས་རྒྱའི་མཚལ་ལྟ་བུར་སྣང་བར་བྱེད་པའི་ཕྱིར་རྒྱལ་པོའོ། །དོན་དེ་ནི། པདྨར་སྣང་བའི་སྤྱོར་བ་ལས། །ཞེས་བྱ་བས་གསུངས་པ་ཡིན་ཏེ། པདྨར་སྣང་བ་ནི་རང་བྱུང་ངོ༌། དེ་དང་སྦྱོར་བ་ལས་གཅིག་ཏུ་གྱུར་པ་ཡང་པདྨར་སྣང་བའི་སྦྱོར་བ་ཅན་ཟླ་བ་ཞེས་བརྗོད་པར་བྱའོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུངས་ནས། སྤྲུལ་པའི་སྐུ་ཡི་རང་བཞིན་ཅན། །ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་སྐུ་གསུངས་ཏེ། དེ་རུ་སྟེ། སྤྲུལ་པའི་སྐུའི་མིང་ཅན་གྱི་ཉི་མ་དང་ཟླ་བ་ནུབ་པར་གྱུར་པ་དེ་ལ་རབ་ཏུ་ཞུགས་ཏེ། སྣང་བ་གཉིས་པོ་རོ་མཉམ་པ་ཉིད་ཐོབ་པ་ཡོད་ན། དེའི་བྱང་ཆུབ་སེམས་ཏེ། ཟླ་བ་དང་ཉི་མའོ། །གོང་བུར་གྱུར་པ་དྲི་མ་མེད་པ་ནི། གཉི་གའི་རྣམ་པར་རྟོག་པའི་རྙོག་པ་མེད་པ་སྟེ་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་གཞན་དང་སྦྲེལ་ལོ། །ཅི་ལྟ་བུ་ཞེ་ན། སྣང་བ་གཉིས་དང་རོ་མཉམ་པ་ཉིད་ནི་འཁོར་བའི་ལམ་སྟེ། དེའི་རྣམ་པར་རྟོག་པ་གཅོད་པ་གང་དུ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ནི་སྤྲོས་པ་ཉེ་བར་ཞི་བ་གང་དུ་ཡིན་པ་དེའི་ཕྱིར། གཞི་མཐུན་པའི་བསྡུ་བའོ། །ལྷན་ཅིག་སྐྱེས་པ་ཉིད་ཀྱི་ཕྱིར་ཞི་བའོ། །ཕན་ཚུན་འགལ་བའི་ཕྱོགས་གཉིས་པོ་སྤངས་པའི་ཕྱིར། གཉིས་གཉིས་མེད་པའོ། །རང་རིག་པ་ཉིད་ཀྱི་ཕྱིར་མཆོག་གོ །ཉོན་མོངས་པ་མེད་པའི་ཕྱིར་དག་པའོ། །རྡོར་ཇེ་ནི་སྟོང་པ་ཉིད་ཡིན་ལ། སེམས་དཔའ་ནི་སྙིང་རྗེ་སྟེ། དེའི་རྟེན་ཡིན་པའི་ཕྱིར་ན་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །ཐབས་རྣམ་པར་ཐར་པའི་སྒོ་གསུམ་དང་ཐབས་ལས་བྱུང་བ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཉིད་ཀྱི་ཕྱིར་དཔལ་ཧེ་རུ་ཀའོ། །དེ་ཉིད་ནི་ཆོས་ཀྱི་སྐུ་ཞེས་བརྗོད་པར་བྱ་སེ། ཡིད་སྐྱོབ་པའི་ཕྱིར་དེ་ཉིད་སྔགས་སོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲ་བ་རྩྭ་ལྟ་བུར་ཟ་


DTG021_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར། དེ་ཉིད་སྲིན་བུའོ། །འོ་ན་རྣལ་འབྱོར་མའི་རྒྱུད་དུ་སྲིན་བུ་ཉིད་དུ་བསྟན་མོད། བྱ་བ་ལ་སོགས་པའི་རྒྱུད་རྣམས་སུ་མ་ཡིན་པའི་ཕྱིར། ཅི་ལྟར་ན་ཆོས་ཀྱི་སྐུ་ནི་ཁྱབ་པར་བྱེད་པ་པོ་ཞེས་བྱ་ཞེ་ན། དགོད་དང་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་སྟེ། བྱ་པ་དང་སྤྱོད་པའི་རྒྱུད་རྣམས་སུ་ཐབས་དང་ཤེས་རབ་རྣམས་ཕན་ཚུན་དུ་དགོད་པའོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ལྟ་བའོ། །རྣལ་འབྱོར་དང་སྤྱོད་པ་གཉིས་ཀའི་རྒྱུད་རྣམས་སུ་ལག་པ་འཛིན་པ་སྟེ། འདི་རྣམས་ནི་ཉེ་བར་མཚོན་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ་འཁྱུད་པ་དང༌། རྣལ་འབྱོར་མའི་རྒྱུད་དུ་གཉིས་གཉིས་སོ། །དེ་གསུངས་པ། དགོད་དང་ལྟ་བ་དག་གིས་སམ། །འཁྱུད་དང་དེ་བཞིན་གཉིས་གཉིས་ཏེ། །རྒྱུད་ནི་བཞི་པོ་རྣམས་ཀྱི་ཡང༌། །དགོངས་པའི་སྐད་ཀྱིས་བསྟན་པ་ཡིན། །ཞེས་སོ། །དེ་ལྟར་ན་འདོད་ཆགས་དང་ཆགས་བྲལ་ཏེ་གསུམ་པོ་ཟོས་ནས་རྒྱུད་ཐམས་ཅད་ཉིད་དུ་སྲིན་བུར་རྣམ་པར་གཞག་པའི་ཕྱིར། ཆོས་ཀྱི་སྐུ་ཁྱབ་པར་བྱེད་པ་པོ་ཉིད་དོ་ཞེས་པས་སྐྱོན་མེད་དོ། །ཆོས་ཀྱི་སྐུ་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར། རྩ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་ཐམས་ཅད་ཀྱིས་མཉམ་པར་སྦྱོར་བ་གང་གི་ཡིན་པ་དེ་ནི་རྩ་ཐམས་ཅད་མཉམ་པར་སྦྱོར་བ་སྟེ། དཔའ་བོ་ཉི་ཤུ་རྩ་བཞི་དང༌། དེ་རྣམས་ཀྱིས་ཉེ་བར་མཚོན་པའི་མཁའ་འགྲོ་མ་གང་ཡིན་པ་འདི་རྣམས་སོ། །དེ་རྣམས་ཀྱི་དྲ་བ་ནི་ཚོགས་ཏེ། དེར་སྡོམ་པ་སྡེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུ་ནི་རྣམ་པ་ཐམས་ཅད་པ་ཉིད་དུ་བསྟན་པའི་ཕྱིར། གསང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་རྒྱུད་ཀྱི་རྒྱལ་པོ་འདི་རྣམས་སུ་གསང་ཆེན་ཞེས་བྱ་བ་ལ་སོགས་པ་ནི་དགོངས་པའི་སྐད་དེ། གང་ཞིག་ས་དང་ཆུ་དང་མེ་དང་རླུང་རྣམས་དང༌། ཕྱི་རོལ་རྣམས་དང༌། ནང་རྣམས་དང༌། འཁོར་ལོ་བཞི་རྣམས་སུ་བརྗོད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྡོམ་པ་དང༌། བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་གནས་པ་ཆོས་ཉིད་ཀྱི་གཟུགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡང་ཞེས་བྱ་བ་ལ་སོགས་པས། དེ་ཉིད་མེ་ལོང་ལྟ་བུ་ལ་


DTG021_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་སངས་རྒྱས་ལྔའི་རང་བཞིན་དུ་གསུངས་ཏེ། དེ་ལྟར་ནི། སྣ་ཚོགས་པའི་ཤེས་བྱའི་དཀྱིལ་འཁོར་གཟུགས་བརྙན་དུ་གྱུར་པ་ཉིད་ཀྱི་ཕྱིར། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྐང་མེད་ལ་སོགས་པ་རྣམས་ཤིན་ཏུ་གཅིག་པ་ཉིད་ཀྱི་ཕྱིར། དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་དོན་དམ་པར་སོ་སོར་སྤྱོད་པའི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ལས་འགྲོ་བའི་དོན་རབ་ཏུ་འཇུག་པའི་ཕྱིར། དེ་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཆོས་ཉིད་ཀྱི་གཟུགས་ཉིད་ཀྱི་ཕྱིར་འདི་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡང་ན་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་འདི་ཉིད་སངས་རྒྱས་ལྔའི་རང་བཞིན་ཉིད་དུ་གསུངས་ཏེ། དེ་ལྟར་ནི། རང་རིག་པའི་རྣམ་པས་སྣང་བར་མཛད་པའི་ཕྱིར། དེ་ཉིད་རྣམ་པར་སྣང་མཛད་དོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དེ་ཉིད་མི་བསྐྱོད་པའོ། །འདི་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རིན་པོ་ཆེ་འབྱུང་བའི་ཕྱིར། རིན་ཆེན་འབྱུང་ལྡན་ནོ། །ཡེ་ཤེས་ཀྱི་རང་བཞིན་གྱི་དཔག་ཏུ་མེད་པའི་འོད་གང་ཡིན་པ་འདི་ནི་འོད་དཔག་མེད་དོ། །གང་ལས་སེམས་ཅན་གྱི་དོན་གྱི་བྱ་བ་མ་ལུས་པ་གྲུབ་པ་དེ་ནི་དོན་ཡོད་གྲུབ་པའོ། །དོན་དམ་པའི་རང་བཞིན་དུ་གསུངས་ནས་བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པས་ཀུན་རྫོབ་ཀྱི་རང་བཞིན་དུ་གསུངས་ཏེ། གསང་ཆེན་ལ་སོགས་པ་ལྔ་རྣམས་བདུད་རྩི་ལྔའི་རང་བཞིན་ཡང་ཡིན་ལ། གོང་བུ་དང་ཐིག་ལེའི་རྣམ་པ་ནི་ནམ་མཁའ་ལྔའི་དབུས་སུ་རོ་མཉམ་པ་ཉིད་དུ་བཞུགས་པའོ། །ཀུན་རྫོབ་ཏུ་ཡང་རང་གི་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་སངས་རྒྱས་རྣམས་གསུང་པར་མཛད་དོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བས་དེ་ཉིད་ཀྱི་ཁྱད་པར་གསུངས་ཏེ། སྔར་ངེས་པར་བྱས་པའི་མཆོག་ཏུ་བདེ་བའི་རང་བཞིན་རྒྱུ་དང་རྐྱེན་ལ་མི་ལྟོས་པ་གང་ཡིན་པ་ནི་ཆོས་ཀྱི་སྐུའོ་ཞེས་བརྗོད་པར་བྱ་སྟེ། འདིས་ནི་སྔར་ཡང་དོན་དམ་པའི་རང་བཞིན་ཉིད་དུ་རྟོགས་པར་བྱས་པ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་གསུམ་གྱི་རང་བཞིན་དུ་བསྟན་ནས། དེ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མ་ཕག་མོ་བསྟན་པའི་ཕྱིར། འདི་ཉིད་ཤེས་


DTG021_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཀྱི་སྟེ། ལུས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་དཔལ་ཧེ་རུ་ཀའི་ལྟེ་བའི་དཀྱིལ་འཁོར་དུ་འབར་བ་སྟེ། བསྲུབ་པར་བྱ་བ་དང༌། སྲུབ་པར་བྱེད་པའི་སྦྱོར་བ་ལས་སྐྱེས་པའི་ལས་ཀྱི་རླུང་གིས་ཡང་དག་བསྐྱོད་པའི་མེའི་གཟུགས་ཅན་མར་ཡང་དག་པར་རིག་པ་གང་ཡིན་པ་དེ་ཉིད་ནི་འདིའི་ལྷན་ཅིག་སྐྱེས་པའི་ཤེས་རབ་མ་རང་བཞིན་གྱིས་གྲུབ་པ་ཟླ་བ་དང་ཟླ་བའི་འོད་ལྟ་བུའོ། །དེ་ཉིད་ནི་བཱ་རཱ་ཧཱི་སྟེ། བཱ་ཡིག་དང་རཱ་ཡིག་ལས། རླུང་དང་བྱིན་ཟ་དག་གིས་ཧཾ་ལས་ར་མ་ཏི་སྟེ་དགའ་བར་བྱེད་པ་འཛག་གོ་ཞེས་བས་བཱ་རཱ་ཧཱི་ཡིན་གྱི་ཕག་གི་གདོང་པ་ནི་མ་ཡིན་ནོ། །དཔྱིད་ནི་ཧཱུཾ་ཡིག་ལ་སོགས་པ་ཡིན་ལ། ཐིག་ལེ་ལྟ་བུ་ཡིན་པས་ཐིག་ལེ་སྟེ། དེ་རྙེད་པ་ན་ཡང་དག་པར་ཚིམ་པའོ་ཞེས་གོང་དུ་བཤད་པ་ཉིད་ཀྱི་ཕྱིར་རོ། །སྐྲ་ཡི་རྩེ་མོ་ཞེས་བྱ་བ་ལ་སོགས་པས་འདིའི་ཚད་གསུངས་ཏེ། གང་ཞིག་སྐྲ་ཡི་རྩེ་མོ་སྟོང་ཕྲག་བརྒྱ་སྟེ་འབུམ་གྱི་ཚད་ཀྱི་ཤ་ཆས་ཏེ། དེ་ལྟ་བུའི་ཆ་ཤས་ཀྱི་རྣམ་པ་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི། འདིའི་ཤིན་ཏུ་ཕྲ་བ་ཉིད་རྟོགས་པར་བྱས་པ་ཡིན་ཏེ། རྣལ་འབྱོར་བའི་ཡེ་ཤེས་ཀྱི་བགྲོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡང་གསུངས་པ། བད་རྩའི་སྐུད་བ་ལྟ་བུ་རབ་ཕྲའི་གཟུགས་ཅན་མ། །བསྐལ་མེ་སྔོན་སོང་བདེ་ཆེན་གནས་ནི་ཇི་སྲིད་པར། །ཁྱབ་ཅིང་གནས་གང་སྐྱེས་བུ་ཆེན་པོས་ཉེར་ཐོབ་པ། །དེ་ནི་ཧེ་རུ་ཀ་མཆོག་ཤེས་རབ་མར་བརྗོད་དོ། །ཞེས་སོ། །གློག་འགྱུ་བ་དང་མཚུངས་པའི་འོད། །ཅེས་བྱ་བ་ནི། ལེགས་པའི་ཕྲེང་བའི་འོད་ལྟ་བུའོ། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །ཞེས་བྱ་བ་ལ་སོགས་པས་དེའི་བྱེད་པ་པོ་གསུངས་ཏེ། ལྷའི་རྣལ་འབྱོར་ཏེ། ཤེས་རབ་དང་ཐབས་གཉིས་སྦྱོར་བ་དེའི་དུས་སྐབས་སུའོ། །དེ་ཉིད་ནི་ཡེ་ཤེས་ཀྱི་མེ་འབར་བའོ། །རྣལ་འབྱོར་བས་བ་སྤུའི་བུ་གའི་མཚམས་ཐམས་ཅད་ནས་འཐོན་ཏེ། ལྷ་དང་ལྷ་མིན་ཏེ། ཕུང་པོ་དང༌། དབང་པོའི་རྣམ་པར་རྟོག་པ་བསྡིགས་པར་བྱས་ནས། ཆོས་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་མདུད་པའི་གཟུགས་ཀྱི་ཕུང་པོ་དང་ཁམས་ཀྱི་རྣམ་པར་རྟོག་བའི་བུད་ཤིང་བསྲེགས་ནས་གཡས་ཀྱི་སྣ་བུག་གནས་འཐོན་ཏེ། མཛོད་སྤུར་སོན་པའི་


DTG021_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུག་པ་ནས་ཕྱོགས་བཅུར་གནས་པ་དེ་རྣམས་ཀྱི་སྤྱི་པོའི་བུག་པར་ཞུགས་ནས། དེ་རྣམས་ཀྱི་འཁོར་ལོ་བཞི་པ་བསྲེགས་ཏེ། སླར་ཡང་སྣ་བུག་གཡོན་ནས་འཐོན་ཏེ། སྤྱི་བོའི་བུ་ག་ནས་ཞུགས་ནས་སྔར་བཞིན་དུ་བསྲེགས་པས་དེ་བཞིན་གཤེགས་པ་རྣམས་འཕེལ་བར་བྱེད་དོ། །ལྟེ་བའི་དཀྱིལ་འཁོར་དུ་བརྟན་པར་འགྱུར་ཞིང་རྣམ་པར་ཐིམ་པར་བྱེད་དོ། །ཡང་གསུངས་པ། བསྲུབ་བྱ་དང་སྲུབ་བྱེད་ཡང་དག་པར་སྦྱོར་བ་ལས་ཡེ་ཤེས་ཀྱི་མེ་འདི་ནི། ལྟེ་བའི་དཀྱིལ་འཁོར་དུ་ཐིམ་པར་བྱེད་དེ། འབར་བའི་སྣང་བ་རྣམས་ཀྱིས་དམ་ཚིག་གི་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་རྣམས་བསྲེགས་ནས། ལོངས་སྤྱོད་རྫོགས་པའི་འཁོར་ལོར་གནས་པའི་ཐབས་ལ་ལན་གསུམ་དུ་བསྐོར་ཏེ། མཛོད་སྤུར་སོང་ནས་གནད་ཀྱི་སྒོ་ཕྱེ་སྟེ། ཨཽ་ཌྱ་ན་གྱི་མིང་ཅན་ནས་ཕྱོགས་བཅུར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཛཱ་ལནྡྷ་རའི་མིང་ཅན་གསེར་གྱི་སྒོ་ནས་ཞུགས་ཏེ། སྔོན་དུ་དེ་རྣམས་ཀྱི་འཁོར་ལོ་བཞི་པོ་བསྲེགས་ནས། སྔར་བཤད་པའི་སྒོ་ནས་འོ་མའི་རྒྱུན་གྱིས་སོང་ནས་བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་དགའ་བ་སྐྱེད་པར་བྱེད་དོ་ཞེས་སོ། །རྒྱུད་ཀྱི་རིམ་པ་དང་ཡེ་ཤེས་ཀྱི་རིམ་པ་སྡུད་པར་བྱེད་དེ། གཡོན་དང་གཡས་པའི་ལོགས་སུ་ནི། །དབྱངས་ཡིག་བཅུ་གཉིས་ཡང་དག་གནས། །ཞེས་བྱ་བ་འདིས་ནི་སྔགས་ཀྱི་རིམ་པའོ། །ཆོས་ཀྱི་སྐུ་རྣམ་པར་དཔྱོད་པ་ན་གསང་བའི་རིམ་པའོ། །ཉེ་བར་བསྡུ་བ་གསུངས་པ། དེ་ལ་སྐུ་གསུམ་གྱིས་འཁྱུད་པ་ལ་ནི། འཁོར་ལོ་བཞིར་བཤད་པ་དང༌། སྣང་བ་གཉིས་སུ་བཤད་པ་དང༌། དེ་རོ་མཉམ་པ་ཉིད་དུ་རྟོགས་པར་བྱས་པས་གསུངས་པ་ཡིན་ནོ། །ནཱ་ད་དང་ཐིག་ལེ་ཕྲད་པར་བཤད་པ་ནི། ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་དག་དཔྱིད་དང་ཐིག་ལེར་བརྗོད་ཅིང་གསུངས་སོ། །འགྲོ་བ་དང་འོང་པའི་སྒྲས་ནི། དེ་དག་གི་ཡང་དག་པར་སྦྱོར་བ་གསུངས་སོ། །སྔགས་དང་རྒྱུད་དང་ཡེ་ཤེས་དང་གསང་བའི་རིམ་པ་བཤད་པ་ནི། གཡོན་དང་གཡས་པའི་ལོགས་སུ་ནི། །དབྱངས་ཡིག་བཅུ་གཉིས་ཡང་དག་གནས། །ཞེས་བྱ་བའི་ཚིག་འདི་དང༌། དེ་བཞིན་དུ། འདི་ཉིད་ཤེས་རབ་ལྷན་ཅིག་སྐྱེས། ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོ་ནི། ཡང་དག་བསྲེགས་ནས་


DTG021_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་བྱུང་སྟེ། །ཞེས་བྱ་བའི་མཐར་ཐུག་པའི་ཚིག་དང༌། དེ་བཞིན་དུ། བསྲེགས་པ་ཉིད་ཀྱི་སངས་རྒྱས་རྣམས། །སླར་ཡང་དགའ་བསྐྱེད་པར་བྱེད། །ཅེས་བྱ་བ་འདི་དང༌། ལྟེ་བའི་དཀྱིལ་འཁོར་དུ་འོངས་ནས། །སྔ་མ་བཞིན་དུ་གནས་པར་འགྱུར། །ཞེས་བྱ་བ་འདིས་རིམ་པ་བཞི་པོ་སྔགས་དང་རྒྱུད་དང་ཡེ་ཤེས་དང་གསང་བ་རྣམས་བཤད་ཅིང་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྤྲུལ་པ་ལ་སོགས་པའི་འཁོར་ལོ་བཞི་པོ་ལ། གང་ཞིག་དབྱངས་ལྔ་ལ་སོགས་པ་རྣམ་པར་དགོད་པ་དང་བསྡུས་ནས། ཨཱ་ལི་ཀཱ་ལི་གཉིས་པོ་ཉིས་འགྱུར་དུ་གྱུར་པ་དང༌། ཧཱུཾ་ཡིག་ལ་སོགས་པའི་ས་བོན་ལྔ་པོ་དང་མ་ནིང་གི་ས་བོན་རྣམ་པར་དགོད་པ་དང༌། ཚངས་པ་རིང་པོ་རྣམ་པར་དགོད་པ་དང༌། ཨཱ་ལི་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གཞོམ་དུ་མེད་པའི་ཡི་གེ་རྣམ་པར་དགོད་པ་རྣམས་ནི། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཡི་གེ་རྣམས་ཀྱི་མཆོག་གཟུགས་ཀྱིས། །ཨ་ནི་ཡི་གེ་དམ་པའོ། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་གསུངས་པ་ཡིན་ནོ། །མདོར་བསྟན་པ་ལ་ལྟོས་ནས་རྒྱས་པར་བསྟན་པ་སྟེ། མདོར་བསྟན་པ་ནི་ཡང་དག་པར་བསྡུས་པས་ཁོང་དུ་ཆུད་པར་བྱེད་པའོ། །རྒྱས་པར་བསྟན་པ་ནི། རྒྱ་ཆེན་པོས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། རྒྱས་པར་བསྟན་པ་འདི་རྣམས་ནི་ལེའུ་ཞེས་བྱ་བའི་དོན་ཏེ། གང་ཞིག་རལ་གྲི་དང་མིག་ཅེས་བྱ་བ་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་པོ་རྣམས་ཀྱི་དོན་ནི་སྔར་གསལ་བར་བཤད་པ་དེ་རྣམས་ཏེ། དེ་རྣམས་སྔར་གསུངས་པའི་དཔྱིད་ཀྱི་ཐིག་ལེའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྟོགས་པ་ལས་འགྱུར་རོ་ཞེས་བསྒྲུབ་པར་བྱས་པ་ཡིན་ནོ། །དབང་བོ་ཞན་པའི་སེམས་ཅན་ཡོངས་སུ་གཟུང་པའི་ཕྱིར་དང༌། འདི་ནི་དབང་པོ་རྣོན་པོའི་གང་ཟག་གི་ཡུལ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མདོར་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མདོར་བསྟན་པ་ལས་ན། བླ་མའི་ཞབས་ཀྱི་བཀའ་དྲིན་ཏེ། དེའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་རིན་པོ་ཆེ་སྟོན་པ་པོ་བླ་མ་ཡང་དག་པར་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་ཀྱིས་ཡང་དག་པར་བརྒྱན་པའི་མཁས་པ་གང་ཡིན་པའོ། །དེ་བཞིན་དུ་གང་ཡང་གཞན་དུ་རྒྱས་


DTG021_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བསྟན་པ་དང༌། ཤེས་རབ་མའི་མངོན་པར་བརྗོད་པ་དང༌། སློབ་དཔོན་དེའི་བཀའ་དྲིན་ལས་ལྷན་ཅིག་སྐྱེས་པ་མྱོང་བས་ན། རྐང་པ་སོ་སོ་དང༌། ཚིག་སོ་སོའི་ངག་དེ་ཁོ་ན་ཉིད་འགྱུར་བ་མེད་པ་སྣང་བར་མཛད་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་མཆོག་རྣམས་ཀྱིས་ཡང་དག་པར་རོལ་པར་མཛད་པ་འབད་པ་དང་བཅས་པས་ཉེ་བར་ཐོབ་པ་རྣམས་ཏེ། གང་ཁོ་ན་མྱོང་བ་དེ་ཁོན་མེད་དང་རྒྱུད་ཐམས་ཅད་ཀྱི་ནང་དུ་བལྟ་བར་བྱའོ། །གསུངས་པ། ལུང་ལས་ཡིད་ཆེས་ཉིད་དང་ནི། །དེ་བཞིན་བླ་མ་ལས་ཡིད་ཆེས། །རང་ལས་ཡིད་ཆེས་ཉིད་དང་ནི། །དེ་བཞིན་གཞན་ལས་ཡིད་ཆས་པ། །ཡིད་ཆེས་བཞི་ཡིས་གཟུང་བར་བྱ། །ཞེས་བྱ་བ་ལ་སོགས་པས་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གང་ཡང་རྡོ་རྗེ་མཁའ་འགྲོ་དང་ལྡན་པའི་རང་གི་སྙིང་པོ་ཡང་ཕྱི་རོལ་དུ་མ་ཡིན་ཏེ། དེ་ལྟར་བྱས་ནས་བདག་གིས་དཔྱིད་ཀྱི་ཐིག་ལེ་འདི་བྱས་པ་ཡིན་ཏེ། གང་ལས་དད་པ་བརྟན་པོས་འཛིན་པར་བྱེད་པ་དེ་རྣམས་ནི་གཞལ་དུ་མེད་པའི། །དད་པ་བརྟན་པོས་བཟུང་པའི་གཞུང་བྱེད་པ་ཉིད་ཀྱིས་རང་བཞིན་བརྟན་པའི་སྒོ་ནས་གཞུང་རྫོགས་པར་བརྟན་པའི་ཕྱིར་ཞེས་པ་དཔལ་ལྡན་བླ་མ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་ཕན་པ་རྡོ་རྗེའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཀའ་ཐོབ་པ། དེ་བཞིན་གཤེགས་པའི་སྐུར་གནས་པ། སྤྱོད་པའི་བརྟུལ་ཞུགས་ནག་པོ་བདག་གིས་དཔྱིད་ཀྱི་ཐིག་ལེར་བརྗོད་པ་འདི་ནི། རྒྱས་པར་བསྟན་པ་བཅུའི་བདག་ཉིད་དུ་བྱས་པ་གང་ཡིན་པ་ནི་ཡོངས་སུ་རྫོགས་པ་སྟེ། རྒྱུད་ཐམས་ཅད་ཀྱི་དོན་ཡང་དག་པར་བསྡུས་བས་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ་ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པར་བསྟན་པ་བཅུ་པའི་རྒྱས་པར་བཤད་པའོ། །དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།ས་སྐྱོང་འཛིན་མའི་ཐིག་ལེའི་གཙུག་རྒྱན་ནགས་ནང་དུ། །འཕགས་ཡུལ་མཁས་པའི་དཔྱིད་ཀྱི་རིན་ཆེན་རབ་དཀོད་པ། །དེ་ཚེ་དཔྱིད་ཀྱི་ཐིག་ལེའི་རྒྱས་འགྲེལ་མེ་ཏོག་གི །རྫོགས་པའི་སྦྲང་རྩི་བུང་བ་གཞོན་


DTG021_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནུས་འཐུངས་པའོ། །རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་ཐིག་ལེ་ལ་ཡང་དག་པར་རེག་པས། དཔལ་ཧེ་རུ་ཀའི་དཔྱིད་ཀྱི་དགའ་བ་ཡང་དག་པར་ཐོབ་པ་དེ་ལ། ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་མཐའ་དག་གཟིགས་པའི་སྤྱན་དང་ལྡན་པ་དེས་གསོལ་བ་བཏབ་ནས། དེའི་བཀའ་ལུང་དང༌། གྲུབ་པའི་སྐྱེས་བུ་ཞང་གི་རིང་ལུགས་པ་ཆེན་པོ་བསོད་ནམས་རིན་ཆེན་གྱིས་ཀྱང་བསྐུལ་ནས། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། གཞོན་ནུ་དཔལ་གྱིས་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་སྒྱུར་ཅིང་ཞུས་པའོ།།


previousདཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། ནགས་ཀྱི་རིན་ཆེན།next