Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཅིག་པ།


  expand section
   
དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་།  ཟླ་བ་གཞོན་ནུ།
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
   


 
previousདཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་། ཟླ་བ་གཞོན་ནུ།next

དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་།
ཟླ་བ་གཞོན་ནུ།


DTG021_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀཱ་བྷྱུ་ད་ཡ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ཀ་ཏི་པ་ཡཱཀྵ་ར་པཉྩི་ཀཱ། བོད་སྐད་དུ། དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་དུ། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཕྱག་འཚལ་ཏེ། །དེ་ཡི་མངོན་འབྱུང་རྒྱུད་ཀྱི་ནི། །དཀའ་འགྲེལ་ཡི་གེ་ཅུང་ཟད་ཅིག །སྔོན་དུ་བྱས་ཏེ་བྲི་བར་བྱ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཞེས་བྱ་བ་སྟེ་བརྗོད་བྱ་བསྟན་ཏོ། །རིག་པ་ནི་མངོན་དུ་བསྒོམ་པ་སྟེ་ལམ་དུ་བསྟན་ཏོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པའོ། །བཅོམ་ལྡན་འདས་དེ་ཉིད་བདག་དང་ལྡོག་པ་ཐ་དད་མེད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལེན་ཅིང་ཐོབ་པར་འགྱུར་བས་དགོས་པ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ཉིད་ལམ་དང་འབྲས་བུར་བསྟན་ཏོ། །དྲི་མ་དང་བཅས་པ་དང་དྲི་མ་མེད་པ་ཉིད་དུ་བྱས་པ་དེ་ནི་ཁྱད་པར་རོ། །མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཚེས་གྲངས་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་ཐ་ཚིག་སྟེ་དྲུག་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་གང་གི་ཚེ་གྲངས་མེད་པར་ཞེས་བྱ་བ་ལ་


DTG021_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་དེའི་ཞེས་བྱ་བར་སྦྱར་རོ། །དུས་ཚོད་ཐུན་ཞེས་བྱ་བ་ལ་སོགས་པ་ནི་དུས་ཚོད་དོ། །ཐབས་དང་ཤེས་རབ་ཀྱི་གྲོང་གི་སྲིད་པ་ནི་གྲོང་པའི་ཆོས་ཏེ་སྙོམས་པར་འཇུག་པའི་མཚན་ཉིད་དོ། །སྤྱད་པ་ཡིས་ནི་རྣལ་འབྱོར་པའོ། །འགྲུབ་པ་ནི་ལྷན་ཅིག་སྐྱེས་པར་འགྱུར་བའོ། །རྩོད་ལྡན་ནི་ཐིག་ལེ་དང་བཞི་པའི་སྐད་ཅིག་ལ་ཐམས་ཅད་སྤྲོས་པ་དང་བཅས་པར་མི་དམིགས་པའི་མཚན་ཉིད་དོ། །རྫོགས་ལྡན་ནི་བྲལ་བའི་སྐད་ཅིག་མ་ལ་འགྲུབ་པ་སྟེ་དགའ་བྲལ་གྱིའོ། །ཡོན་ཏན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཡེ་ཤེས་ཙམ་གྱིས་སྣང་བ་མེད་པར་འགྱུར་ཏེ། ཐབས་ཀྱི་ཡེ་ཤེས་ཙམ་གྱིས་ཀྱང་སྣང་བ་དང་བཅས་པས་སོ། །གསུམ་ལྡན་ནོ། །ལྟ་བ་དང་གསུམ་དང་འཁྱུད་པའི་སྲིད་བ་འདིས་དགའ་བའི་སྐད་ཅིག་མ་ལ་འགྲུབ་སྟེ་དགའ་བའོ། །ཉིས་འགྱུར་ནི་ཐབས་དང་ཤེས་རབ་ཙམ་གྱིས་སོ། །གཉིས་ལྡན་ནི་མཆོག་གི་སྐད་ཅིག་མ་སྟེ། གཉིས་པོ་དག་ནི་ཐབས་དང་ཤེས་རབ་དག་གི་མཆོག་ཏུ་བྱུང་བ་སྟེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་བསྣུན་པ་དང་བསྣུན་པའི་མཐའི་སྐད་ཅིག་མ་ལ་འགྲུབ་སྟེ། མཆོག་གིའོ། །སུམ་འགྱུར་ནི་གསུམ་པོ་ཡང་མ་ནིང་གི་ཡེ་ཤེས་ཙམ་གྱིས་སོ། །སྐད་ཅིག་མ་བཞིའི་ཐིག་ལེ་རོ་གཅིག་པར་གྱུར་པའི་སྐད་ཅིག་མ་ལ་འགྲུབ་སྟེ། ཐིག་ལེ་བཞི་པོ་རོ་གཅིག་པ་དེ་ཉིད་དོ། །བཞི་འགྱུར་ནི་བཞི་པོ་གཅིག་གི་ངོ་བོའོ། །དུས་ནས་རྒྱལ་ཆེན་པོ་ནུར་ནུར་པོ་དང་བྱེད་པ་དང་རྐང་པ་ལ་སོགས་པ་རྣམས་གཅིག་གོ །དབང་པོ་ལ་སོགས་པ་ནི་གཉིས་པའོ། །རྣམ་པར་ཤེས་པ་སྐྱེས་པ་ནི་གསུམ་པའོ། །སྐྱེས་པར་འགྱུར་བ་བཞི་པ་ཞེས་པའོ། །བཞི་ནི་འཁོར་ལོ་བཞི་དང༌། སྐད་ཅིག་མ་བཞི་དང༌། ཕྱག་རྒྱ་བཞི་ཞེས་བྱ་སྟེ། འདིས་ནི་ལྷན་ཅིག་སྐྱེས་པ་འགྲུབ་པར་ཐེ་ཚོམ་མེད་དོ། །གཅིག་དང་བཅུ་དང་བརྒྱ་དང་སྟོང་ལ་ལྟོས་ནས། གཅིག་འགྱུར་ལ་སོགས་པའི་ཚིག་རྣམས་སྦྱར་བ་བྱས་སོ། །རྫོགས་ལྡན་ནི་གཅིག་འགྱུར་ཞེས་བྱ་བའི་ལུགས་ལས་བཟློག་པ་སྟེ། སྐྱེ་བ་སྟོང་ཕྲག་གིས་སོ། །གསུམ་ལྡན་དེ་བཞིན་ཉིས་འགྱུར་ཞེས་བྱ་བ་ནི་བཅུ་ཐམ་པས་སོ། །གཉིས་ལྡན་སུམ་འགྱུར་ཞེས་པ་ནི་བརྒྱ་


DTG021_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲག་གིས་སོ། །རྩོད་ལྡན་པའི་བཞི་འགྱུར་ཞེས་བྱ་བ་ནི་གོ་རིམས་ལས་བཟློག་པ་སྟེ། སྐྱེ་བ་གཅིག་གིས་འགྲུབ་པའོ། །བསྟན་པའི་རིམ་པ་འགྲུབ་པར་འཇུག་པའི་ཆོ་ག་དེའི་བཤད་པའོ། །རིམ་པར་ཕྱེ་བ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་རིམ་པར་ཕྱེ་བའི་དང་པོའི་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀའི་གསང་སྔགས་ཆེན་པོ་སྟེ། ཨཱ་ལི་ཀཱ་ལི་རྣམས་སོ། །བསྲུང་བ་བྱ་ཞེས་པ་ནི། ལྷའི་སྐུ་ལ་གོ་བགོ་བ་ལ་སོགས་པ་དང༌། རྡོ་རྗེའི་གུར་ལ་སོགས་པ་དང༌། སྙིང་པོ་སྔགས་ལ་སོགས་པ་རྣམས་ཀྱིས་ཕྱོགས་བཅིང་བར་བྱའོ། །ཤེས་པ་ཡིས་ཞེས་བྱ་བ་ནི་སྔགས་བཏུབ་ཤེས་པའོ། །ཤིན་ཏུ་རྣམ་པར་དག་པ་ནི་དམ་ཚིག་བསྟན་པའོ། །ཐམས་ཅད་ཀུན་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱའི་ངོ་བོ་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་ཉིད་དོ། །བཙུན་མོའི་ཕྱག་རྒྱ་ནི་ཡི་གེ་ཨེའི་རྣམ་པའོ། །ལྟེ་བར་བཅས་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་གནས་པ་སྟེ། ལྟེ་བ་དང་བཅས་པའི་པདྨ་འདབ་མ་བརྒྱད་པའོ། །འདབ་མ་བརྒྱད་པོ་རྣམས་ལ་སྡེ་ཚན་བརྒྱད་པོ་བྲིའོ། །དེ་ལ་ཤར་གྱི་འདབ་མ་ལ་ནི་དབྱངས་ཀྱི་སྡེ་ཚན་ནོ། །ཚེག་དྲག་དང་བཅས་པ་ལ་སོགས་པ་སྟེ། ཚེག་དྲག་ཀྱང་ཡི་གེ་ཨཿའོ། །བཅས་པ་ཉིད་ལ་སོགས་པ་གང་གིས་དེ་སྐད་ཅིག་ཅེས་བྱའོ། །དེའི་རྗེས་ཐོགས་སུ་ཐིག་ལེ་དང་བཅས་པ་སྟེ། ཡི་གེ་ཨཾ་དང་བཅས་པའོ། །དེའི་རྗེས་ཐོགས་སུ་རིང་པོ་ཡི་གེ་ཨཽ་ལ་སོགས་པའོ། །དེའི་རྗེས་ཐོགས་སུ་ཐུང་དུ་ཡི་གེ་ཨོ་ལ་སོགས་པའོ། །ཨཿ་ཨཾ་ཨཽ་ཨོ་ཨཻ་ཨེ་ལཱྀ་ལྀ་རཱྀ་རྀ་ཨཱུ་ཨུ་ཨཱི་ཨི་ཨཱ་ཨ་ཞེས་པའི་རིམ་པས། ཚེག་དྲག་དང༌། རྗེས་འཇུག་དང༌། རིང་པོ་དང༌། ཐུང་ངུའི་བྱེ་བྲག་གིས་བཞི་སྟེ། དབྱངས་ཀྱི་མིང་ངོ༌། །གྲུ་གསུམ་གཉིས་ཀྱིས་ནི་ཡི་གེ་བདུན་པའི་སྔགས་བཏུ་བ་བསྟན་ཏོ། །དབྱངས་ཀྱི་མིང་ནང་ནས་བསྟན་པའི་ཡང་དག་ལྡན་ནི་རྗེས་འཇུག་དང༌། རྗེས་ཅན་ཏེ། ཡི་གེ་ཨཾ་དང་ཡི་གེ་ཨཿ་འོ། །འདི་དག་ཀྱང་ཐིག་ལེ་གཅིག་དང་གཉིས་ཀྱིས་སྤེལ་བའི་ཕྱིར་རོ། །མ་ནིང་དང་དབྱངས་རིང་པོ་མོ་དང་དབྱངས་ཐུང་དུ་ཕོ་ཞེས་བྱའོ། །བཞི་ཞེས་བྱ་བ་ནི་དབྱངས་ཀྱི་སྡེ་ཚན་གྱིའོ། །གཉིས་པའི་དབྱངས་


DTG021_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུང་ངུའི་ཡི་གེ་ཨོ་ལ་སོགས་པའོ། །དང་པོའི་རིང་པོ་ནི་ཡི་གེ་ཨཽ་ལ་སོགས་པའོ། །འདི་དག་ནི་ཕོ་དང་མོའི་བརྡས་བཤད་པ་སྟེ་རིང་པོ་དང་ཐུང་དུ་ལ་སོགས་པའི་བཤད་པའོ། །དབྱངས་ཀྱི་ཡི་གེའི་སྡེ་ཚན་ནི་གཽ་རིམས་ལས་བཟློག་པས། གཉིས་པ་ལ་སོགས་པའི་སྡེ་ཚན་བདུན་ནོ། །བུ་ལྔའི་འདབ་མ་ནི་བརྡའོ། །ལྕེ་རྩ་ཅན་ཀའི་སྡེ་ཚན་ནོ། །ཚེག་དྲག་ནི་ཙའི་སྡེ་ཚན་ནོ། །ཉེ་བར་འོངས་པ་ནི་ཌའི་སྡེ་ཚན་ནོ། །ཏའི་སྡེ་ཚན་དང༌། པའི་སྡེ་ཚན་དང༌། མཐར་གནས་ཀྱིས་དེ་ཚན་དང༌། དྲོ་བའི་སྡེ་ཚན་ནོ། །མཐའ་ནི་ཡི་གེ་ཀྵཿ་ས་བསྡུས་པ་སྟེ། སྤངས་པ་ནི་ཡི་གེ་ཀྵཿ་འོ། །ཡི་གེ་ཀྵཿ་སྤངས་པའི་ལྟེ་བའི་ཧར་འདོད་དོ། །དྲི་བའི་སྔགས་ཀྱི་ཡི་གེ་ཧས་འདབ་མ་རྣམས་ལ་བསྡུས་པ་ནི་མི་བདེན་པའོ། །ཡང་ན་བཀོད་པ་དང་བཅས་པར་ཡོད་པའི་ནུས་པ་ལྟེ་བ་ཧ་དང་བཅས་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། རྐང་པ་བརྒྱད་པའི་བཏུ་བ་སྟེ། ཡི་གེ་ཨོཾ་དང་པོར་བཅས་པའི་རྐང་པ་བརྒྱད་པའི་སྔགས་ནི་ཐབས་ཀྱི་ངོ་བོའོ། །ཕཊ་ཀྱི་མཐའ་ཅན་གྱིས་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །ཀ་ར་ཀ་ར་ལ་སོགས་པ་ནི་ཤེས་རབ་ཀྱི་ངོ་བོ་སྟེ། འདུས་ཤིང་ཚོགས་པ་ནི་ཕྲེང་བའི་སྔགས་སོ། །ལས་ཐམས་ཅད་བྱེད་དོ། །སྔགས་ཐམས་ཅད་ཀྱི་དང་པོར་ཡི་གེ་ཨོཾ་དང་ཐ་མར་ཡི་གེ་ཕཊ་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔགས་བཞི་བཏུ་བའོ། །སྙིང་པོ་ནི་ཉིད་ཁུ་སྟེ་ཞལ་བཞི་པའི་སྔགས་འདི་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔགས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ནི་གང་གི་ཕྱིར་དེ་སྐད་ཅེས་བྱའོ། །ཡི་གེ་ཨོཾ་ནི་དང་པོར་ཞུགས་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཞལ་བཞི་འབྱུང་བའི་ཕྱིར་ཞལ་བཞི་པའི་སྔགས་སོ། །ཞི་བ་ལ་སོགས་པའི་ལས་བཞི་སྒྲུབ་པར་བྱེད་པའི་ཕྱིར་ཡང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ན་མོ་བྷ་ག་བ་ཏེ་ལ་སོགས་པའི་རྐང་པ་བརྒྱད་པའི་ཡི་གེ་རྣམས་ལ་དབྱངས་ཀྱིས་སྦྱོར་བར་བྱེད་པའོ། །དཔའ་བོ་ནི་དཔའ་


DTG021_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོ་རྣམས་ཏེ། ཀཱ་ལིའི་སྡེ་ཚན་རྣམས་སོ། །རྣལ་འབྱོར་མ་ནི་ཨཱ་ལི་རྣམས་སོ། །མ་མོ་ནི་མོ་རྣམས་སོ། །ཡང་དག་སྦྱོར་ནི་ཕན་པ་དང་འདོད་པ་དང་ཤེས་པར་བྱེད་པའོ། །བཅོམ་ལྡན་འདས་བདག་ཉིད་དང་གཉིས་སུ་མེད་པའི་རྣལ་འབྱོར་པས་བཟླས་པའི་སྔགས་ཀྱི་ཆོ་ག་རྣམས་ཤེས་པར་བྱེད་དོ། །འཁོར་ལོ་བཞི་ལ་སོགས་པ་ལ་གནས་པའི་དངོས་གྲུབ་ཤེས་པར་བྱེད་དོ། །ཆོས་ནི་ཆོས་ཀྱི་སྐུའོ། །འདོད་པ་ལ་ལོངས་སྤྱོད་རྫོགས་པའོ། །དོན་ཞེས་བྱ་བ་ནི་དོན་ནི་བཏུ་བར་འོས་པ་སྟེ་ངན་འགྲོ་ལ་སོགས་པ་ལས་ཐར་ཅིང་གྲོལ་བར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། སྤྲུལ་པའི་སྐུའོ། །དེའི་སྔགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཀླགས་པས་འགྲུབ་པ་སྟེ། སྙིང་པོ་ལ་ལྟོས་ནས་ཉེ་བའི་སྙིང་པོ་སྟོན་ཏོ། །གཞན་དུ་ནི་སྦས་བ་ཡིན་ལ། འདིར་ནི་ཡང་དག་པར་བརྒྱུད་པ་རྒྱ་མཚོ་ཆེན་པོའི་སྔགས་ཀྱི་ཆོ་ག་ཤེས་པར་བཤད་པར་བྱ་སྟེ་ཞེས་བྱ་བར་འགྱུར་རོ། །ལྔ་བཅུ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བདུན་པ་བཏུ་བའོ། །སྡེ་ཚན་བརྒྱད་པོ་ལ་ལྟོས་ནས་ལྔ་བཅུ་སྟེ་ཡི་གེ་ཀྵའོ། །དེའི་སྟེང་ནི་གོང་གི་ཡི་གེ་ཧའོ། །ལྔ་བཅུ་བའི་གོང་མ་ཞེས་བྱ་བའི་དོན་ཏོ། །མ་མོ་ནི་དབྱངས་ཀྱི་སྡེ་ཚན་ནོ། །གཉིས་དག་ཅེས་བྱ་བ་ནི་གཉིས་དང་གཉིས་ཞེས་བྱ་བར་བརྣན་པར་ངེས་པར་བརྣན་ནོ། །མ་མོ་གཉིས་དག་ནི་མ་མོ་གཉིས་ཏེ། དེའི་ཡང་གཉིས་པའི་མ་མོ་ནི་ཡི་གེ་ཨཱི་སྟེ་བཞི་པ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་ཀྱི་གཞི་ནི་ཐིག་ལེ་གཉིས་སོ། །རྣལ་འབྱོར་མ་རྣམས་དང་སྙིང་དགའ་བ་ནི་རྡོ་རྗེ་སེམས་དཔའ་སྟེ་རཾ་མོ། །དེ་རྣམས་ཀྱིས་བསྐོར་བ་ནི་ཧྲཱིཿ་འོ། །དགུ་པ་ནི་ལྟེ་བའི་གནས་ན་གནས་པའི་ཡི་གེ་ཧའོ། །སུམ་ཅུ་རྩ་གསུམ་པ་ནི་ཡི་གེ་ཧའོ། །དེ་ཡང་ཡི་གེ་གཉིས་ཞེས་བྱ་བ་ནི་ཡི་གེ་ཧ་གཉིས་སོ། །རེ་རེ་ཞེས་བྱ་བ་ནི། སོ་སོར་བྱ་བ་ལ་མ་མོ་བཅུ་གཉིས་པོ་རྣམས་ཀྱི་ཡི་གེ་དབུ་དག་ཡང་དག་པར་ལྡན་པའོ། །དེ་ཡང་བཅོ་ལྔ་པ་ཡིས་སྤྲས་པ་ནི་ཧཱུཾ་ཧཱུཾ་ངོ༌། །མཁའ་འགྲོ་ཆེན་མོ་ནི་རྣམ་པར་སྣང་མཛད་མ་སྟེ་ཡི་གེ་ཨོཾ་མོ། །བསད་པ་ཡིས་ཞེས་བྱ་བ་ནི་བསད་པ་ནི་ཡི་གེ་ཕཊ་དོ། །དེ་ཡིས་ཡོངས་སུ་བསྐོར་ཅིང་དཀྱིལ་དུ་བཅུག་པའོ། །ལམ་གྱིས་ཞེས་བྱ་བ་ནི་ཁ་ཅིག་བརྗེད་པ་སྟེ་དེ་ཡང་ཡི་གེ་ག་ཕྱིས་


DTG021_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བསད་པ་ཞེས་བྱ་བ་ལྷག་མར་གྱུར་ཏེ། འདི་ནི་དེ་བཞིན་ཉིད་ཀྱི་དོན་ཏོ། །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡང་ན་ལྔ་བཅུ་ནི་ཡི་གེ་ཀྵའོ། །དེ་ཉིད་དགུ་བ་སྟེ། སྡེ་ཚན་བརྒྱད་ཀྱི་ཕྱི་རོལ་ཡིན་པའི་ཕྱིར་རོ། །དེ་ནས་སྟེང་ནི་གང་ཞེས་པའོ། །སུམ་ཅུ་གསུམ་པ་ནི་ཧའོ། །དེ་ཉིད་སྙིང་དགའ་བའོ། །མ་མོ་བཅུ་གཉིས་དག་ནི་མ་མོ་གཉིས་པ་རྣམས་ནི་རིང་པོ་གཉིས་པས་བསྐོར་བའོ། །བཅོ་ལྔས་སྤྲས་པ་ནི། ཧཾ་ཧིཾ་ཧུཾ་ཧེཾ་ཧོཾ་ཧཿ་ཞེས་བྱ་བའི་དོན་ནི་མཁའ་འགྲོ་ཆེན་མོའི་ལམ་ནི་ཡི་གེ་ཨོཾ་དང་ཕཊ་དེ། དེ་ཡིས་ཡོངས་སུ་བསྐོར་བའོ། །ཨོཾ་ཧཱཾ་ཧཱིཾ་ཧེཾ་ཧཱུཾ་ཧཻཾ་ཧཽཾ་ཧཱ་ཕཊ། དེ་ལྟར་ན་ཡང་ཐུང་དུ་རྣམས་ལས་དངོས་སུ་སྙིང་པོ་བཏུས་པའོ། །ཧཾ་ཧིཾ་ཧཱུཾ་ཧེ་ཧོ་ཧ་ཞེས་པར་སྦྱར་བ་ཉིད་དུ་དམིགས་པའོ། །འདིར་བཏུས་པ་ཡང་ཧཾ་ཧཱིཾ་ཧཱུཾ་ཧེཾ་ཧོ་ཧ་ཞེས་བྱ་བ་ནི་ཡི་གེ་རེ་རེ་ནི་བརྗོད་པའི་ཁྱད་པར་རོ། །ཡང་ན་ལྔ་བཅུའི་སྟེང་ནི་ཧའོ། །དགུ་བ་ཧའོ། སུམ་ཅུ་གསུམ་པ་ནི་ཧ་སྟེ། འདི་གསུམ་ནི་ཧའོ། །མ་མོ་གཉིས་དག་གིས་བསྐོར་བ་ནི་གོ་རིམས་ལས་བཟློག་པའི་གཉིས་པའོ། །དེ་དང་ལྡན་པ་ནི་དང་པོའི་ཧའོ། །དབྱངས་ཀྱི་སྡེ་ཚན་གྱི་བཞི་པའི་བྱེ་བྲག་ཐུང་ངུའི་སྡེ་ཚན་དང༌། རིང་པོའི་སྡེ་ཚན་དང༌། མ་ནིང་གི་སྡེ་ཚན་དང༌། ཡང་དག་པར་ལྡན་པའི་སྡེ་ཚན་ནོ་ཞེས་པའོ། །དེ་ལས་རིང་པོའི་སྡེ་ཚན་ལ་ལྟོས་ནས་མ་མོ་གཉིས་པ་ཨཱིའོ། །དེས་ན་གཉིས་པོའི་ཧཱིའོ། །གོ་རིམས་ལས་བཟློག་པ་ནི་ཐུང་ངུའི་སྡེ་ཚན་ལ་ལྟོས་ནས་མ་མོའི་གཉིས་པ་ཨེའོ། །དེས་ན་གཉིས་པོའི་ཧེའོ། །ཡི་གེ་གཉིས་ཞེས་བྱ་བ་ནི་ཡི་གེ་ཧཱི་ཧཱེ་འདི་དག་གོ །རྣལ་འབྱོར་མ་རྣམས་སྙིང་དགའ་བ་ཡིས་ནི་རྡོ་རྗེ་སེམས་དཔའི་བྱེ་བྲག་ཏུ་ཁྱད་པར་དུ་བྱས་པ་སྟེ། དེ་ལས་ཧཱི་ཧཱེ་ཞེས་བྱ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱི་གཞི་ནི་ཧ་བཞིའོ། །མ་མོ་བཅུ་གཉིས་རྣམས་ཞེས་པ་མ་མོ་བཅུ་གཉིས་ཀྱི་ཡི་གེ་ཨུའོ། །དེ་བཞིན་ཞེས་བྱ་བ་ནི་བྱེ་བྲག་ཏུ་བྱས་པ་སྟེ་ཧཱུཾ་ངོ༌། །རེ་རེ་ཞིང་སོ་སོར་བཅོ་ལྔ་པས་སྤྲས་པ། ཟླ་ཚེས་དང་ཐིག་ལེ་མགོ་བོར་གནས་པར་བྱའོ། །དེ་ལས་ཧྲཱཾ་ཧྲཱཾ་ཧྲཱཾ་ཧུཾ་ཞེས་པའོ། །མཁའ་འགྲོ་ཆེན་མོ་ནི་རྣམ་པར་སྣང་མཛད་མ་སྟེ་ཨོཾ་མོ། །བསད་པ་ནི་ཕཊ་དོ། །དེ་དག་གིས་ཀུན་ནས་ཡོངས་སུ་བསྐོར་ཅིང་དཀྱིལ་དུ་


DTG021_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་པའོ། །དེ་ནས་ཨོཾ་ཧྲི་ཧྲིཾ་ཧྲཻཾ་ཧྲེཾ་ཧཱུཾ་ཞེས་བྱ་སྟེ། དཔའ་མོ་དྲུག་གི་གོ་ཆའི་ཡི་གེ་བཏུ་བའོ། །ལུགས་མི་མཐུན་ལ་སོགས་པ་ནི་ཕྱི་རོལ་དང་ནང་གི་དངོས་གྲུབ་འདུ་བའི་གནས་ཀྱི་ཕོ་ཉ་མོའོ། །ཧེ་རུ་ཀ་སྤངས་པའི་དྲུག་པའི་སྐད་ཅིག་མ་དང༌། ཕྱག་རྒྱ་ཕག་མོ་ནི་བདུན་པའི་སྐད་ཅིག་མ་དང། ཟླ་བ་ནི་སྦྲང་རྩིའོ། །ཙཱ་རུ་ནི་གཞོམ་དུ་མེད་པའོ། །བཟའ་བ་གཅིག་ནི་དཔའ་བོ་ལ་སོགས་པ་ཡང་ངོ༌། །འདི་རྣམས་ལས་གཞན་མཆོག་ཏུ་གྱུར་པ་ནི་མེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཞག་ནི་མར་ཁུའོ། །ཤ་ཆེན་ཞེས་བྱ་བ་ནི་ཁ་ཅིག་གོ །མེ་ཏོག་ནི་རང་བྱུང་ངོ། །བདུད་རྩི་ལས་བྱུང་བ་ནི་ཁུ་བའོ། །ཞོ་ནི་ཀླད་པའོ། །དྲི་ཆེན་ཞེས་བྱ་བ་ནི་ཁ་ཅིག་གོ །འོ་མ་ནི་རྡོ་རྗེའི་ཆུའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ནི་ཚོགས་ཀྱི་དཀྱིལ་འཁོར་རོ། །འདིའི་ཆོས་འབྱུང་ལས་འབྱུང་ཞིང་ཡང་དག་པའི་སྦྱོར་བས་དམ་ཚིག་གི་རྫས་སྒྲུབ་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་བསྔགས་པར་གསུངས་སོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོད་པ་ནི་པདྨའོ། །རྡོ་རྗེ་པདྨའི་སྦྱོར་བས་ཐོད་པར་ཐལ་མོ་སྦྱར་ཏེ། རབ་ཏུ་སྒྲུབ་པའི་རྫས་ཀྱིས་མཆོད་པར་བྱའོ། །པདྨས་བསྐོར་ཞིང་སྦྱིན་པས་ཕྱག་རྒྱ་མཆོད་པར་བྱའོ། །མཆོད་པ་འདི་དག་གིས་ནི་སངས་རྒྱས་ལ་མཆོད་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་བསྐྱེད་པ་དང་རྫོགས་པའི་རིམ་པས་འགྲུབ་སྟེ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་ཡང་ངོ༌། །དེ་ལ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཡུལ་གྱི་ཕྱག་རྒྱ་མཆོད་པ་ཡང་ངོ༌། །རྣལ་འབྱོར་ཆེན་པོ་ནི་བདེ་མཆོག་གི་རྣལ་འབྱོར་ཆེན་པོའི་ཕྱག་རྒྱའོ། །སངས་རྒྱས་གཙུག་ན་ནོར་བུ་ནི་དེ་བཞིན་གཤེགས་པས་རྒྱས་བཏབ་པའོ། །ཕག་མོ་ནི་བདག་ཉིད་ཀྱི་ཕྱག་རྒྱ་མའོ། །མཚོན་ཆ་ནི་གྲི་གུག་དང་ཐོད་པའི་པདྨའོ། །སྟན་གཅིག་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་དུའོ། །ས་ནི་སའི་ངོ་བོའོ། །ནམ་མཁའ་ནི་བདེ་བའོ། །གནས་པ་ནི་འཁྱུད་པའོ། །ཕག་མོའི་ཕྱག་གིས་ཧེ་རུ་ཀ་ལ་འཁྱུད་པའོ། །དེ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་དང་ནང་གི་ཚུལ་གྱིས་སོ། །ས་ནི་ཞེས་བྱ་བ་ལ་སོགས་པ་ནི་སའི་ཕྱག་རྒྱ་སྟེ། ཕྱག་རྒྱའི་རྣལ་


DTG021_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་བྱ་ཞིང་ལས་ལ་སོགས་པ་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་ནི་ཕག་མོའོ། །དཔའ་བོ་དང་གཉིས་སུ་མེད་པར་ཕྱག་རྒྱར་ལྡན་པའོ། །དེ་ནས་ལས་ཐམས་ཅད་བརྩམ་མོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བའི་སྙིང་པོ་དང་རྩ་བའི་ཕྲེང་བའི་སྔགས་དག་འདྲ་བའི་རིམ་པའོ། །དཔལ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་ཀ་སྙོམས་པར་འཇུག་པའོ། །འབུམ་ཕྲག་ནི་མངོན་པར་བརྗོད་པའི་འབུམ་པའོ། །རྒྱས་པར་མངོན་པར་བརྗོད་པ་འབུམ་ཕྲག་གསུམ་ཡང་ངོ༌། །འབུམ་ཕྲག་ཏུ་མི་དམིགས་པའི་སྐད་ཅིག་གི་ཕྱིར་རོ། །འབུམ་ཕྲག་གསུམ་ནི་བསྐྱེད་པ་དང༌། སྐྱེས་པ་དང༌། ཡོངས་སུ་རྫོགས་པའོ། །དགའ་བ་གསུམ་ཡང་ངོ༌། །བཟླས་པ་བྱ་བ་ནི་སྔོན་དུ་བསྙེན་པའོ། །ཀུན་ལས་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་རྫོགས་པའི་རིམ་པའོ། །དྲན་པ་དང་ནི་བསྐྱེད་པའི་རིམ་པའོ། །ཤེས་པ་ནི་འཁོར་ལོ་བཞིའི་རིམ་པའོ། །དེ་ཉིད་ནི་མཉམ་པར་བདེ་བའི་ངོ་བོའོ། །ཁྱད་པར་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་ལོ། །ཆོས་ཐམས་ཅད་ལ་ཁྱབ་པའི་རྒྱུ་དེའི་ཕྱིར་རོ། །བཟླས་པ་དང་བསྒོམ་པ་ནི་བསམ་གྱིས་མི་ཁྱབ་པའོ། །ཐམས་ཅད་ནི་ནང་པའི་ཆོས་ལ་འཇུག་པའི་དང་ངོ༌། །བདག་ཉིད་ཀྱི་གྲུབ་མཐའ་གྲུབ་པའོ། །རིགས་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་ཉིད་དོ། །བཟའ་བ་ནི་རྣམ་པར་རྟོག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ཀྱིས་མངོན་པར་འདོད་པའི་ལས་ཀྱི་བརྣག་པ་དེའི་ལྷའི་དཀྱིལ་འཁོར་རོ། །རས་རིས་བྲིས་ཏེ། བཅོམ་ལྡན་འདས་མ་མཆོད་ཅིང་བཟླས་པ་བྱའོ། །དེ་ནས་རྡོ་རྗེ་ཕག་མོའི་སྐུ་བདག་ཉིད་ཀྱི་ཕྱག་རྒྱ་སྙོམས་པར་འཇུག་པར་བྱའོ། །བཟླས་པའི་བཏུང་བ་བྱ་བ་ཀུན་སྦྱིན་སྲེག་གོ །འཐུངས་ནས་སྐྱུགས་པ་མར་རོ། །དྲན་པ་ནི་སྦྱིན་སྲེག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཔའ་བོ་ནི་བཅོམ་ལྡན་འདས་སོ། །དཔའ་བོ་དང་གཉིས་མེད་ནི་རྣལ་འབྱོར་མ་དང་ཐ་མི་དད་པའོ། །རྟག་ཏུ་འཁྱུད་ནི་ལིང་ག་མཁྲང་བས་གསང་བའི་མཆོད་པའོ། །ཁར་བཅུག་ཅེས་བྱ་བ་ལ་སོགས་པ་ནི་དེས་མཚན་མ་འགྲེང་བར་བྱ་བའི་ཕྱིར་རོ། །ཤ་ཟ་ནི་སྣ་གོ་དྷ་ཏིའི་བ་རུ་


DTG021_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རའོ། །བྷཱུ་མི་ཏ་ནི་ཀི་ཙུ་ལིང་གའོ། །པ་ཐ་ནི་ཨ་བ་དི་དྷ་ཀ་ཎིའོ། །ར་ཙ་ནི་ཡུང་བ་ནག་པོའོ། །གཞན་དག་ནི་རབ་ཏུ་གྲགས་པའོ། །འདི་དག་ཞེས་བྱ་བ་ནི་ཕྲུ་བ་གཅིག་ཏུ་བྱས་པའོ། །རྫོགས་ཞེས་བྱ་བ་ལ་སོགས་པ་ནི་བཅུད་ཀྱིས་ལེན་ནོ། །བདག་གི་བྱང་སེམས་དང་བསྲེས་པ་ནི་དབང་པོའི་ཕྱེམ་བདག་ཉིད་ཀྱི་མཆིལ་མས་བྱུག་པར་བྱའོ། །རང་ངམ་གཞན་གྱི་འདོད་པའི་བུད་མེད་ཀྱི་ཁྱིམ་དུའོ། །ལུག་མོ་ནི་ལུག་མོའོ། །དེའི་ཁྲག་ནི་ཁྲག་གིས་ཀྱང་སྐྱེས་པ་ལུག་ཏུ་འགྱུར་རོ། །ལུག་གི་རང་འབྱུང་གི་ཁྲག་དང༌། རང་གི་ཁྲག་གི་རང་གི་བྱང་སེམས་ཀྱི་རྫས་དེ་ཡིས་ཁྱོ་གའམ་བུད་མེད་ལ་བསྐུས་ན་པདྨ་ཁ་འབྱེད་ཅིང་ཁྱོགས་མཚན་མ་འཇུག་པར་མི་འགྱུར་རོ། །མཚན་མ་མི་ལྡང་ཞེས་ནི་ཁ་ཅིག་གོ །བདུན་པ་མངོན་པར་ཕྱོགས་པ་རས་རིས་ཤར་དུ་མངོན་པར་ཕྱོགས་པས་བྲི་བར་བྱའོ། །དེའི་ཚུལ་གྱིས་བདག་ཉིད་རྫོགས་པར་འགྱུར་རོ། །ཕག་མོ་ཕྱག་རྒྱ་བཟང་མོ་དང་སྙོམས་པར་འཇུག་པས་ཧེ་རུ་ཀ་དང་ཕག་མོ་མཆོད་པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །ཕྱག་རྒྱས་འཇིག་རྟེན་གསུམ་ལ་ཁྱབ་པའི་ཚུལ་གྱིས་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་རབ་ཏུ་སྤངས་ཤིང་མངོན་སུམ་དུ་བྱས་པའི་མཚན་ཉིད་འགྲུབ་པར་རྣམ་པར་བཤད་པར་གྲགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེས་བཟའ་བ་སྒོམ་ཞིང་བསྒོམ་པར་འདོད་པས་དངོས་གྲུབ་སྟེ། དཔའ་བོ་ཧེ་རུ་ཀས་དངོས་གྲུབ་སྟེར་བའོ། །ལུས་ལ་གནས་པ་ཀུན་གྱི་ཞལ་ནི་ཞལ་བཞི་ལ་སོགས་པ་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི་བདུན་པའི་མཚན་ཉིད་སྐྱེ་བ་བདུན་པའི་གཟུགས་རྡོ་རྗེ་ཕག་མོའི་སྐུ་ཅན་སེམས་ཉིད་དང་སེམས་དང་སེམས་ཀྱི་ངོ་བོ་དམིགས་པས་སྟོང་པའོ། །ཕྱག་ཅེས་བྱ་བ་ལ་སོགས་བ་ནི་ཆོས་ཀྱི་དབྱིངས་དེ་ལས་ཁྱབ་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ལུས་ལས་མཁའ་འགྲོ་མ་སྤྲོས་ལ་བསྒྲུབ་བྱའི་ལམ་ནས་ཞུགས་ཏེ། དེའི་རྩའི་སྒོའི་ལམ་ནས་ཞུགས་ཏེ། བསྒྲུབ་བྱའི་ས་བོན་དང་སྲོག་གི་ས་བོན་ཁུ་བ་ལ་སོགས་པ་བླངས་ནས་ཕྱུང་སྟེ་རང་གི་ལུས་ལ་གཞུག་པར་བྱའོ། །མེ་ཞེས་བྱ་བ་ལ་སོགས་པ་ནི།


DTG021_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དགུག་པ་ནི་རླུང་ཚུབ་ཀྱིས་སྦར་བ་ནི་མེས་བསྲེག་ཅིང༌། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་གསོལ་བར་བལྟའོ། །བཅིངས་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གྱི་མཁའ་འགྲོ་མ་རྣམས་རྦད་པས་དེ་འགུགས་པར་བྱེད་པའོ། །དབང་ཞེས་བྱ་བ་ལ་སོགས་པ་ནི་དེ་དབང་དུ་བྱེད་པ་སྟེ་བདག་ཉིད་ཀྱི་ཕྱི་བཞིན་འབྲང་བར་འགྱུར་རོ། །ཨ་ཧ་པྱ་ནི་མི་གཡོ་བ་སྟེ་མི་འགྱུར་བའོ། །བརྒྱད་པ་ནི་བླ་མའི་མན་ངག་གོ །དེ་དེ་ལྟར་གསུངས་པ་ནི་ཕན་ཞིང་བདེ་བའི་རྒྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དྲུག་ཅུ་རྩ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་རིམ་པ་ལྔ་ཞེས་བྱ་བ་ཕྱིའི་དོན་ཏོ། །པདྨ་འདབ་མ་བཞི་ནི་པདྨ་བཞིའོ། །གང་ཞེ་ན། བདེ་བ་ཆེན་པོའི་འཁོར་ལོའོ། །བདེ་བ་ཆེན་པོའི་འཁོར་ལོའི་དཀྱིལ་འཁོར་དུ་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་རོ། །བཞི་ཞེས་བྱ་བ་ལ་སོགས་པ་ནི་བཞི་ཡང་ཡིན་ལ་པདྨ་ཡང་ཡིན་པས་པདྨ་བཞིའོ། །པདྨ་གཅིག་བསྟན་ནོ། །དེའི་ཕྱི་རོལ་དུ་འདབ་མ་བརྒྱད་པའོ། །དེའི་ཕྱི་རོལ་དུ་འདབ་མ་བཅུ་དྲུག་པའོ། །དེའི་ཕྱི་རོལ་དུ་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དེའི་ཕྱི་རོལ་དུ་དམ་ཚིག་གི་དཀྱིལ་འཁོར་རོ། །འདབ་མ་བཞི་པོ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །བརྒྱད་པོ་རྣམས་དང་བཅུ་དྲུག་པོ་རྣམས་ལ་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །སུམ་ཅུ་རྩ་གཉིས་པོ་འདི་དག་ལ་ནི་ཡ་མི་ནི་ལ་སོགས་པའི་སུམ་ཅུ་རྩ་གཉིས་སོ། །སྒོ་བཞི་པོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང༌། རྡོ་རྗེ་ཞགས་པ་མ་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང༌། རྡོ་རྗེ་དྲིལ་བུ་མའོ། །ལན་ཅིག་ནི་དང་པོའི་མཆོད་པའོ། །དེ་ནས་གཞན་རྣམས་མཆོད་དོ། །དེ་ནས་དེའི་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །དྲང་པོ་ནི་ཡོན་པོ་མ་ཡིན་པའོ། །སྦོམ་པོ་ནི་ཟླས་དྲངས་པའི་མཐོ་བ་སྟེ། ཤིན་ཏུ་མཐོ་བ་མ་ཡིན་པའོ། །མཉམ་པ་ནི་སྦོམ་པ་མ་ཡིན་པ་སྟེ། འོག་ཏུ་ཕྲ་ཞིང་སྟེང་དུ་ལྷག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཞི་དང༌། ཉི་ཤུ་རྩ་བཞི་དང༌། སུམ་ཅུ་རྩ་གཉིས་སོ། །བཞི་ཞེས་བྱ་བ་ནི་དྲུག་ཅུ་རྩ་བཞི་ལས་རུཀྨི་ནི་དང༌། གཡོན་བདེན་མ་ཞེས་བྱ་བ་དང༌། གཉིས་རྣལ་འབྱོར་པ་བདག་ཉིད་བདེན་པའོ། །གཡོན་མེད་ཅེས་པ་ནི་བཅོམ་ལྡན་


DTG021_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་བདག་ཉིད་ཀྱི་རིག་མ་ཕག་མོ་འགྲུབ་པར་རབ་ཏུ་གྲགས་པའོ། །སྔོན་ཞེས་བྱ་བ་ནི་སྔར་གྱི་དཀྱིལ་འཁོར་འདི་དག་གོ །ཁཎྜ་རོ་ཧཱ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་ནི་དཀྱིལ་འཁོར་གྱི་སྙིང་པོ་ལ་དབུས་མ་གཞན་དང་འབྲེལ་ལོ། །སྙིང་པོ་བཞི་དང་བརྒྱད་དང་བཅུ་གཉིས་དང་འདབ་མ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །དེའི་སྙིང་པོ་དེའི་ཕྱི་རོལ་ལ་འདབ་མ་སུམ་ཅུ་རྩ་གཉིས་ལ་ཤུགས་ཀྱིས་གཤིན་རྗེ་སྤྱན་མ་ལ་སོགས་པ་དང༌། སྙིང་པོའི་ཕྱི་རོལ་དུ་སྒོ་བཞི་དོན་གྱིས་ཤེས་པར་བྱའོ། །ཡི་གེ་ཨོཾ་ཞེས་བྱ་བ་དང་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ནི་ཐམས་ཅད་ལ་མཆོད་པར་བྱ་ཞིང་བསྒོམ་པར་བྱ་བ་འདི་དག་ནི་ཐམས་ཅད་ཀྱི་ཐམས་ཅད་དུའོ། །གུས་པས་ཞེས་བྱ་བ་ལ་སོགས་པ་ནི་ཡོན་གྱིས་མཆོད་པའོ། །དེ་ལ་ཞེས་པ་ནི་དཀྱིལ་འཁོར་དུ་ཆུ་སྐྱེས་ཀྱི་སྣོད་དུ་དྲི་ཆེན་ལ་སོགས་པ་ལེགས་པར་སྦྱར་ཏེ་སློབ་དཔོན་ལྷོར་མངོན་པར་ཕྱོགས་པར་གནས་སློབ་མ་གདོང་བཅིངས་པ་དེ་དྲང་བར་བྱ་བའོ། །ཡི་གེ་ཨོཾ་ལ་སོགས་པའི་དབྱངས་ཀྱིས་གཞན་བསྲུང་ཞིང༌། པོ་ཏཾ་གི་དང༌། པྲ་སའི་ལན་བྱ་བ་སྔོན་དུ་འགྲོ་བས་གཞག་པར་བྱའོ། །དབྱངས་གསུམ་གྱིས་མངོན་པར་བསྔགས་ལ་དེ་ཉིད་ཀྱིས་བསྲུང་བར་བྱ་ཞིང་དཔལ་ཧེ་རུ་ཀ་རབ་ཏུ་བསྐུལ་བར་བྱ་ཞིང་བཟླས་པར་བྱའོ། །བཟླས་པ་ངལ་བར་བྱས་ན་རྨི་ལམ་ལ་སོགས་པར་འཆི་བ་སྟོན་པར་འགྱུར་རོ། །བཟླས་ཤིང་གསོལ་བ་བཏབ་པས་རང་དང་གཞན་གྱི་ཚེ་ཚད་སྟོན་པར་འགྱུར་རོ། །བདག་ཉིད་ཅེས་བྱ་བ་ནི་བདག་གོ །དབེན་པར་གཅིག་པུ་ཉིད་ཀྱིས་ཞག་གསུམ་དུ་རས་རིས་ལ་སོགས་པས་དབྱངས་གསུམ་གྱིས་མཆོད་པར་བྱ་སྟེ། ཐོ་རངས་ནས་བརྩམས་ལ་ཉི་མ་གསུམ་དང་མཚན་མོ་གསུམ་ཇི་སྲིད་དུ་བདག་ཉིད་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཤིང་དབྱངས་གསུམ་བཟླས་པར་བྱའོ། །དེ་ནས་ལྷའི་སྐུ་ལ་སོགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་འགྲུབ་པར་བྱ་བའི་ཆེད་དམ། སློབ་མ་རྗེས་སུ་གཟུང་བར་བྱ་བའི་དོན་དུ་ཚོགས་ཀྱི་དཀྱིལ་འཁོར་རོ། །བཅུ་བཞི་ལ་སོགས་པར་ཤེས་རབ་མ་དང་བཅས་པའི་རྣལ་འབྱོར་མ་བཅུ་དྲུག་བྱའོ། །དེ་ནས་ཕག་མོ་ནི་ཕག་མོའི་སྔགས་བཟླས་ནས་


DTG021_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ཞིང་སུམྦྷ་ལ་སོགས་པའི་སྔགས་ཀྱིས་དཀྱིལ་འཁོར་གྱི་བསྲུང་བ་བྱའོ། །ཕོ་ཉ་མོ་ནི་མཆོད་བར་བྱ་ཞིང་སློབ་མ་ཀུན་དུ་གཟུང་བ་ལ་སོགས་པ་བྱའོ། །དཔའ་བོ་དང་ཕོ་ཉ་མོ་བཅུ་དྲུག་པོ་རྣམས་གཉིས་སུ་མེད་པར་གནས་པའི་རྣལ་འབྱོར་པས་ཆོ་ག་ཐམས་ཅད་བྱ་བའོ། །དབང་ཐོབ་པའི་ཡེ་ཤེས་ཅན་ཉིད་ལ་བདག་གིས་བཤད་ཀྱིས་ཉོན་ཅིག་པའོ། །མཆོག་དང་བར་མའི་སྒྲོན་མ་ལྔའོ། །དྲིའི་ཆུ་ནི་བདུད་རྩི་ལྔའོ། །རི་ལུ་བཟའ་བ་ནི་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པར་ཕོ་ཉ་མོ་མཆོད་པའོ། །ཐ་མ་ནི་སྔགས་སྐྱེས་སོ།། མཆོག་ནི་ལྷན་ཅིག་སྐྱེས་པའོ། །བར་མ་ནི་ཞིང་སྐྱེས་སོ། །མངོན་པའི་དངོས་གྲུབ་ཏུ་གྱུར་བ་ནི་རྣལ་འབྱོར་པ་དེའིའོ། །དཔལ་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་དང་སྔགས་དང་ཕྱག་རྒྱ་ལས་བྱུང་བའི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་འདུས་ཏེ་བཟའ་བ་དང་བཏུང་བ་ལ་སོགས་པ་རྣམས་ཀྱིས་ཆོ་ག་བཞིན་དུ་མཆོད་པར་བྱའོ། །མེ་ཏོག་གཅིག་ནི་དང་པོའི་ཁྲག་གོ །རྡོ་རྗེ་དང་པདྨ་དག་གིས་བསྒྲུབས་ནས་ཐོད་པར་བཞག་བའི་བཟའ་བ་སྦྱིན་པར་བྱའོ། །ལྷའི་འཁོར་ལོ་རྣམས་ཀྱི་ཕྱག་དེས་བཟའ་ཞེས་པའོ། །སྣོད་གཉིས་མ་ལུས་བར་ལེགས་པར་སྦྱར་ཏེ་ཙཱ་རུར་བྱའོ། །སྔགས་ཀྱང་རྒྱུད་ཀྱི་ཤེས་རབ་ཁོ་ན་ཉིད་རིག་པའོ། །གང་དང་གང་གིས་ནི་རིགས་དང་རྒྱུད་དོ། །བྱ་ཁྱུང་གདོང་ནི་འགྲོ་བའོ། །ཁ་ཡིས་ཤེས་རབ་ཀྱི་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་བླང་བར་བྱའོ། །ལྔ་ཞེས་པ་ནི་བ་རི་སུ་མ་མུ། གོ་ཀུ་ད་ཧ་ནའོ། །དེ་རྣམས་གཅིག་ཏུ་བྱ་བའོ། །རྒྱ་ཆེན་པོ་དང་དེར་གནས་པ་ནི་ཤེས་རབ་ཀྱི་པདྨ་ལ་གནས་བའི་ཙཱ་རུ་དང་ཐོད་པ་ལ་གནས་པའོ། །མེ་ཡིས་བྱ་བ་ནི་འབར་བ་དང་སྲེག་པའོ། །རྒྱུ་དང་མི་རྒྱུར་བཅས་པ་ནི་ས་བོན་ལྔ་ལ་སོགས་པའོ། །མེ་ཏོག་ནི་མེ་ཏོག་གོ །པདྨ་ནི་མཚོ་ལས་སྐྱེས་པའོ། །དེ་ལ་གཉིས་གཉིས་ལས་བྱུང་བའི་བྱང་ཆུབ་སེམས་དེ་བཟའ་བའི་རྣལ་འབྱོར་བྱའོ། །སྒྲུབ་པ་ནི་ཉོན་མོངས་པ་སྤངས་པ་སྟེ། བསྒྲུབ་དཀའ་བའི་དངོས་གྲུབ་འབར་བ་ལ་སོགས་པའི་སྒྲུབ་པ་སྤངས་པའོ། །པདྨ་ལ་གནས་པའི་མེ་ཏོག་ལ་སོགས་པའི་རྣལ་འབྱོར་


DTG021_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་སོ། །སྐྱེ་བ་བདུན་པའི་ཕྱུགས་ཀྱི་མཚན་ཉིད་ཀྱི་དོན་ཏོ། །བོང་བུའི་ཕྱུགས་ཀྱི་རྣལ་འབྱོར་བསྟན་པའོ། །ཅེ་སྦྱང་ལ་སོགས་པའི་རྣལ་འབྱོར་གྱིས་ཐ་མ་ལ་སོགས་པའི་དངོས་གྲུབ་སྦྱིན་པའོ། །མཁའ་འགྲོ་མ་ཞེས་པ་ལ་བསྲེག་བྱའི་བཟའ་བ་དབུལ་ལོ། །དེ་དག་རྫས་ནི་དེའི་བྱང་ཆུབ་སེམས་སོ། །འབྱུང་བ་ནི་རྫས་ལས་སོ། །ནང་གི་ཙཱ་རུ་མཉམ་པར་སྦྱོར་བའི་ལྟེ་བའི་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ལས་སྤྲོས་པས་ཐུགས་ཀར་སོན་པའི་དེ་བཞིན་གཤེགས་པ་རྣམས་མི་གཡོ་ཞིང་སྐུར་མི་དམིགས་པའི་རྒྱ་ཆེ་བ་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་གཟུགས་ལ་སོགས་པ་ལས་འདས་ཤིང་བྱེ་བྲག་ཏུ་བྲལ་ཞིང་ཡེ་ཤེས་ལྔ་དང་ཐ་མི་དད་པར་གཞོམ་དུ་མེད་པའི་དགང་བླུགས་སྟོབས་ཅན་སྐད་ཅིག་མ་བདུན་དུ་མཁའ་འགྲོ་མ་ལ་དབུལ་ལོ། །རྣལ་འབྱོར་གནས་ནི་འཁོར་ལོ་བཞི་པོ་དེར་བྱུང་བའི་རྫས་གཞོམ་དུ་མེད་པའི་ཙཱ་རུ་འཕོས་པས་དགའ་བ་ལ་སོགས་པའི་ཁྱད་པར་ཡི་གེ་ཧཱུཾ་གི་མེས་ཕྱི་རོལ་གྱི་བཟའ་བ་དང༌། ཕྱི་རོལ་གྱི་སྦྱིན་སྲེག་གི་རིམ་བས་བསྲེག་པར་བྱའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་བདེན་པ་ཉིད་དུ་སྔགས་ཀྱི་ཕྱག་རྒྱ་ལ་སོགས་པ་ཇི་སྟེ་སློབ་མར་བྱེད་ན་སྔགས་ཡི་གེ་ཧཱུཾ་ངོ༌། །དེའི་ནི་རྣལ་འབྱོར་མའིའོ། །མཚན་མོ་ཐམས་ཅད་དུ་ཤེས་རབ་མའི་ཆོ་ག་དྲན་པའི་ཚུལ་ལོ། །ཕྱག་རྒྱའི་སྦྱོར་བའི་ངང་ཚུལ་ནི་དབང་བསྐུར་བ་ཡེ་ཤེས་དང་ལྡན་པའི་དམ་ཚིག་དང་སྙིང་རྗེ་ལྡན་པ་གང་ལ་ཡང་ཁྲོ་བ་མེད་པ་ཅན་ནོ། །ཡེ་ཤེས་ནི་ལྔའོ། །ལུས་ནི་མཚན་དང་དཔེ་བྱད་དོ། །ཀུན་དུ་ཞེས་བྱ་བ་ལ་སོགས་པ་ནི། ཞག་བཅུ་དྲུག་ཏུ་རྣལ་འབྱོར་དང་རྣལ་འབྱོར་མ་མཆོད་དེ་བཀུར་སྟིར་བྱ་ཞིང་བཟླས་པ་དང་སྔགས་དང་ཕྱག་རྒྱར་ལྡན་པའི་གཅེར་བུས་རྟག་ཏུ་ཤེས་རབ་དང་བཅས་པ་དེ་དོན་དུ་གཉེར་ཞིང་བཟླས་པ་བྱའོ། །གཅེར་བུ་ནི་སྔགས་དང་ཕྱག་རྒྱ་དང་གོ་ཆ་ལ་སོགས་པ་དང་བྲལ་བའོ། །ཡེ་ཤེས་ལྔའི་མ་མོའོ། །བདག་གི་ཕོ་ཉ་ནི་ལྷན་ཅིག་སྐྱེས་པ་མཛེས་པ་དང་ལྡན་པ་གཉིས་སུ་མེད་པ་ཉིད་ལས་གཞན་ཀུན་དུ་མཆོག་ཏུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་རྫས་ནི་སྙོམས་པར་ཞུགས་པའི་དུས་སོ། །དེའི་དུས་སུ་མི་དམིགས་པའོ། །མཚན་མོ་ནི་ཤེས་རབ་སྟེ་དངོས་སུ་གཅེར་བུ་


DTG021_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བའོ། །ཉིན་པར་ནི་ཐབས་སོ། །གསང་བ་ནི་གཅིག་ཏུ་གྱུར་པའོ། །མི་དམིགས་པ་སྟེ་ཇི་སྲིད་དུ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་གསལ་བ་དཀྱིལ་འཁོར་གྱི་འཁོར་ལོར་གསང་བར་སྙོམས་པའོ། །སྲོག་ཆགས་ཡན་ལག་གོས་ནི་རང་གི་ལུས་ཀྱི་པགས་པ་དེ་ཉིད་ཀྱིས་ཏེ། གནས་སུ་ཤེས་བར་བྱའོ། །བདེ་བ་ནི་རྡོ་རྗེ་འཛིན་པ་སྟེ་དོན་དུ་གཉེར་བས་བསྐྱོད་ཅིང་བསྒོམ་པའོ། །དཀར་བ་ནི་དཀར་བ་སྟེ་བཅོམ་ལྡན་འདས་ཀྱིས་འབྱུང་བ་བཞི་ལ་སོགས་པའི་ཞལ་སྤངས་པའོ། །རྒྱུད་པ་ནི་དབང་པོའི་ཡུལ་ལ་སོགས་པའོ། །ཟོས་པ་ནི་རང་བཞིན་མེད་པ་ཉིད་དུ་ལྷག་པར་རྟོགས་པའོ། །བཟའ་བའི་བཏུང་བ་ནི་དགྲ་ཀུན་མི་དམིགས་པའོ། །གཉིས་སུ་མེད་པར་མཆོད་པ་ནི་གཙང་སྦྲ་གསུམ་པ་མོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པས་སྦུན་ཟླ་ནི་རྡོ་རྗེ་སྤུན་ནོ། །ཟླ་བ་ནི་གཉིས་སུ་མེད་པ་སྟེ། རྡོ་རྗེ་དང་པདྨའི་ཐིག་ལེའི་སྐད་ཅིག་མའོ། །གཉིས་སུ་མེད་པ་ནི་ཡེ་ཤེས་སོ། །བདེ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །སྡུག་བསྔལ་ནི་ཁྲག་གོ །ལྷན་ཅིག་ནི་ལྷན་ཅིག་གོ །བདེ་བ་དང་སྡུག་བསྔལ་ལྷན་ཅིག་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྔགས་སུན་འབྱིན་པ་ལ་ཡང་ངོ༌། །དེ་བཞིན་དུ་གསལ་བར་སྟོན་པ་ཉིད་དམ། སྔགས་སུན་འབྱིན་པ་ཉིད་ལ་མཆོག་ཏུ་མི་བྱ་བར་འགྱུར་རོ། །ཙཱ་རུ་ནི་གང་ལ་ལེགས་པར་སྦྱར་བའོ། །གཡོན་པས་ཟ་བ་ནི་ཤེས་རབ་ཀྱི་བྱང་ཆུབ་སེམས་སོ། །གཡོན་པ་ནི་བུད་མེད་དོ། །ལུས་ནི་ལུས་སོ། །དེ་ཡིས་གཡོན་པའི་བུད་མེད་ལ་དེར་འཁྱུད་པ་ལ་གཡོན་པ་མཆོད་པར་བྱའོ། །གཡོན་པས་སྤྱོད་ཅེས་པ་ནི་བུད་མེད་མཆོད་པ་ཐོས་ནས་ལྷན་ཅིག་སྐྱེས་པར་མངོན་པར་བྱང་ཆུབ་པའོ། །གཡོན་པས་ཐར་པ་ནི་ཕག་མོ་སྟེ། སྐད་ཅིག་མ་བདུན་པའི་དུས་སུ་མྱ་ངན་ལས་འདས་པའོ། །བསྟན་པ་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པ་དང༌། བརྟུལ་ཞུགས་ལ་སོགས་པ་གསུངས་ཀྱང༌། སྐད་ཅིག་མ་བདུན་པ་ལ་ཕྱི་རོལ་གྱི་ཕག་མོ་དང་ཧེ་རུ་ཀའི་སྐུ་བསྐུལ་ནས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྙིང་གའི་ཐིག་ལེ་རང་གི་སྣ་རྩེར་བལྟས་ལ་བརྣག་པའི་བུད་མེད་སྣའི་རླུང་གིས་བཀུག་ནས་དེའི་གོང་འོག་ཏུ་བཅུག་སྟེ་


DTG021_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུ་བའི་བུ་ག་ནས་བཅུག་སྟེ་མགོ་ལ་བསྐོར་ནས་བསྐུལ་ཞིང་བརྗོད་དེ་རང་གི་མགྲིན་པར་གཞུག་གོ །ཡི་དགས་མོ་ནི་ཤི་བའོ། །རྨ་མེད་ལ་སོགས་པ་ནི་དེར་དྲི་ཞིམ་པོའི་ཆུས་ཁྲུས་བྱའོ། །དེའི་སྐྱེ་གནས་སུ་གི་ཝང་དང་རང་གི་རྡོ་རྗེ་བཅུག་སྟེ་བསམ་གཏན་དང་བཟླས་པ་བརྩམས་ལ་དེ་རུ་དུ་བ་ལ་སོགས་པ་བྱའོ། །དེར་འཛག་པ་ནི་གི་ཝང་བླངས་ནས་སོ། །དེའི་ཐིག་ལས་ཐམས་ཅད་དབང་དུ་དགུག་པར་འགྱུར་རོ། །བ་བླ་ལ་ཞེས་བྱ་བ་ལ་སོགས་པས་ནི་བ་བླ་དང་ལྡོང་རོས་དག་བུ་མོ་མི་གསེར་སྐྱའི་སྐྱེ་གནས་སུ་བཅུག་ལ་དེ་དང་སྙོམས་པར་ཞུགས་ལ་དེ་སྲིད་དུ་བསམ་གཏན་དང་བཟླས་པ་བྱ་སྟེ། ཇི་སྲིད་དུ་འཇགས་ཀྱི་བར་དུ་བྱའོ། །དེའི་ཐིག་ལེས་གཏེར་ལ་སོགས་པའི་ནོར་དབྱུང་བའོ། །བ་བླ་ལ་སོགས་པ་ནི་བ་བླ་དང་ལྡོང་རོས་དག་བུ་མོ་མིག་སེར་སྐྱའི་སྐྱེ་གནས་སུ་བཅུག་ལ་དེ་དང་སྙོམས་པར་ཞུགས་པའི་རྣལ་འབྱོར་དང་ལྡན་པས་ཁ་དོག་གི་ཐིག་ལེ་བྱས་པས་ནོར་ལ་སོགས་པ་སྟེར་རོ། །འཚོ་བ་ནི་ཞེས་པ་ནི་འྩོ་བའི་ཐབས་སོ་ཞེས་པ་ནི་ཁ་ཅིག་གིའོ། །སྡེ་ཞེས་བྱ་བ་ལ་སོགས་པ་ནི་མིག་གི་སྟེང་དུ་རཾ་བསམས་ལ་རླུང་གཡོས་པས་ཡི་གེ་ཡཾ་བྱིན་གྱིས་བརླབས་ཏེ་རླུང་གི་དཀྱིལ་འཁོར་གྱིས་རབ་ཏུ་འབར་བར་བལྟའོ། །དེ་ནས་དེ་ལ་ཚིག་དྲག་གི་ཡི་གེ་ཨཿ་འོ། །མཚོན་ཆའི་གོ་ཆའོ། །མཚོན་ཆ་མཆོག་ནི་རཾ་མོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གོ་ཆའི་རིག་བ་དེས་མངོན་པར་ཤེས་པའི་རྣལ་འབྱོར་པས་བསྐལ་པར་གོ་ཆ་གང་ལ་ཉེ་བར་སྤྱོད་དོ། །རྒྱུད་ཅེས་པ་ནི་ཁ་ཅིག་གིའོ། །སྙིང་ག་ནི་སྙིང་ག་ཙམ་ནས་སྦྱིན་སྲེག་བྱེད་དོ། །རིམ་པས་བསམ་གཏན་དང་བཟླས་པ་དང་བརྟུལ་ཞུགས་ཀྱི་ནུས་པས་དུར་ཁྲོད་ལ་སོགས་པའི་རོ་ལངས་ནི་རང་གི་ནུས་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྙིང་པོ་ལ་སོགས་པའི་སྔགས་ཀྱི་བཟླས་པའི་ཚུལ་ལོ། །རིགས་ནི་རིགས་ཏེ་རྒྱས་པའི་དང་སྲོག་ཆགས་ཀྱི་དང་ཤིང་གི་ཁྱད་པར་རོ། །གྲངས་ནི་ཕྲེང་བ་ཞེས་བྱའོ། །རྡོ་རྗེ་ཕྲེང་བ་ནི་རྡོ་རྗེའི་བགྲང་ཕྲེང་སྟེ། ཤིང་གི་བྱེ་བྲག་ཁ་ཅིག་གིའོ། །དབང་ཆན་སྐྱེས་བུའི་རུས་པ་ཡིས། །ཞེས་བྱ་བ་ནི། མཚན་ཉིད་དང་ལྡན་བའི་སྐྱེས་བུའི་རུས་པའོ། །རྣལ་འབྱོར་ཆེན་པོའི་པང་གནས་པ་ནི། བཅོམ་ལྡན་འདས་


DTG021_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་སྔོན་ནས་འཁྱུད་པ་སྟེ། རྡོ་རྗེ་ཕག་མོའི་རང་གི་བཙུན་མོ་གཡོན་ནས་སུའོ། །ནུས་པ་གསལ་བའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་རོལ་པས་དགའ་བའི་ཚལ་ན་བཞུགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ཕྱག་རྒྱ་དང་གཉིས་སུ་མེད་པའི་བསྲེག་རྫས་ཀྱི་སྦྱིན་སྲེག་བྱའོ། །འོ་མ་ནི་བསྟན་པའོ། །བསྲེག་རྫས་ལ་མཚན་མོ་སྟོང་ཕྲག་མངོན་པར་བསྔགས་ཏེ། འབུམ་ཕྲག་གཅིག་སྦྱིན་སྲེག་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་རྫས་དེ་རྣམས་རྩ་བའི་སྔགས་ཀྱིས་སྟོང་ཕྲག་གཅིག་ཏུ་སྦྱིན་སྲེག་དབུལ་བར་བྱའོ། །སྔགས་གཞན་བརྒྱས་སྦྱིན་སྲེག་བྱའོ། །ཟླ་བའི་འོ་མའོ། །ལོངས་སྤྱོད་པ་ནི་ས་གཞི་ལའོ། །བདག་གིས་ནི་རྡོ་རྗེ་ཕག་མོ་དང་རྣལ་འབྱོར་གྱི་དབང་ཕྱུག་བཅོམ་ལྡན་འདས་དང་ཐབས་ཅིག་ཏུའོ། །ཤ་ཆེན་པོའི་འམ་གཞན་གྱིས་སྦྱིན་སྲེག་བྱའོ། །པདྨ་ནི་མེ་ཏོག་པདྨའོ། །རེ་རེ་ནི་གཅིག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཔའ་བོ་ནི་རྣལ་འབྱོར་པའོ། །བསྙེན་བ་ནི་བྱེད་པའོ། །གདོལ་པའི་མེ་བླངས་ནས་སྤར་བར་བྱའོ། །གདོལ་པས་འདུས་བྱས་པའི་མེ་ཞེས་བ་ནི་ཁ་ཅིག་གིའོ། །མཚན་མོ་ནི་དབེན་པར་རོ། །མདུང་ཐུང་གིས་ཕུག་དགུག་པའི་རྣལ་འབྱོར་པས་བསྲེག་བྱའི་རྫས་ལ་བསྒྲུབ་བྱ་བཀུག་ལ་བཅུག་སྟེ་བྱའོ། །ཕོ་ཉ་དེ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དེའི་རྣལ་འབྱོར་གྱི་སྡིག་པ་འགྱོད་པས་འབྱང་སྟེ། དེ་ཉིད་ལ་ཕྱི་ནས་མར་ལ་སོགས་པའི་མར་གྱི་སྦྱིན་སྲེག་གི་བཟླས་པས་ཀྱང་སྡིག་པ་ཟད་པར་འགྱུར་རོ་ཞེས་པ་ནི་ཁ་ཅིག་གིའོ། །ཞི་བ་ཞེས་བགྱི་བ་ནི་གཞན་གྱིའོ། །ནིམ་པའི་ཁུ་བས་ཁྲའི་གཤོག་པ་དང་ཤ་ཟའི་ཤ་ཁོ་དྷ་ཀ་སྦགས་ཏེ་བརྒྱ་རྩ་བརྒྱད་ནི་བརྒྱ་རྩ་བརྒྱད་པོ་ལན་ཅིག་གོ །དབང་དུ་བྱས་པ་ལ་བཅོམ་ལྡན་འདས་སིནྡྷུ་རའི་མདོག་ཅན་ནོ། །རྫས་ལ་ཡང་སིནྡྷུ་ར་བྱུག་གོ །དེ་ནི་བསྒྲུབ་བྱའི་མིང་སྔགས་ཀྱི་མཐར་སྨོས་ཏེ་ཡིད་ལ་མངོན་པར་འདོད་པའི་ཕྱག་རྒྱ་བརྣགས་པའི་ཆོ་གས་སོ། །རྒྱལ་དབང་ནི་རྣལ་འབྱོར་པའོ། །ཡེ་ཤེས་གཟུགས་ནི་ནུས་པ་ཐོབ་པའོ། །མངོན་པར་འགུགས་སོ། །རོལ་པ་དྲུག་ཅུ་རྩ་བཞིའི་རྣལ་འབྱོར་ནི་རོལ་པ་ཕྱག་རྒྱ་ཆེན་


DTG021_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའོ། །འདི་དག་ནི་ཐ་མ་དང་འབྲིང་པོ་ལ་ལྟོས་ནས་བསྟན་པའོ། །དབང་པོ་རབ་ཀྱི་རྣལ་འབྱོར་པ་ནི་ལྷག་པའི་རྣལ་འབྱོར་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་ང་རྒྱལ་བྱེད་པའོ། །བདག་གི་ཕྱག་རྒྱ་དང་ལྡན་པ་གཅིག་ཏུ་ཕྱག་རྒྱ་གཉིས་སུ་མེད་པར་རྟག་ཏུ་མཆོད་དོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གསོད་པ་ནི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་གཞོམ་དུ་མེད་པར་འགྱུར་བའི་ཡེ་ཤེས་ཀྱི་མེས་རྟོག་པ་ཐམས་ཅད་སྤངས་ཏེ། གཉིས་སུ་མེད་པར་ལེགས་པར་བརྟེན་པར་ལྡན་པའོ། །ཕོ་ཉ་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་གཉིས་སུ་མེད་པའི་རྣལ་འབྱོར་རོ། །གསོད་པ་ནི་ཁུ་ཚུར་ལ་སོགས་པའི་རྣལ་འབྱོར་གྱིས་སོ། །ལེན་པ་ནི་བཟའ་བའི་ཆོ་ག་ལ་སོགས་པ་སྟེ། བཟའ་བ་བསྟེན་པ་དང་ལྡན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ནི་རྣལ་འབྱོར་པ་སྟེ་རོལ་སྦྱིན་སྲེག་བྱེད་པའོ། །དེ་དང་དེའི་སྒྲུབ་སྔགས་ཉིད་ཀྱིས་ང་རྒྱལ་བྱ་སྟེ་བཟླས་པ་བྱའོ། །བཅོམ་ལྡན་འདས་དར་རྣལ་འབྱོར་མ་དུ་མས་ཡོངས་སུ་བསྐོར་ཅིང་ངོ༌། །དེ་ནས་འཇིག་རྟེན་གསུམ་དུ་རྒྱུ་ཞེས་པ་ལ་སོགས་པ་ནི་སྲིད་པ་མཐའ་དག་ལས་རྒྱལ་བའོ། །ཆེ་ཞེས་བྱ་བ་ལ་སོགས་པ་ནི་རིམ་པ་འདིས་ནི་ཧེ་རུ་ཀ་དང་རྡོ་རྗེས་སེམས་དཔའི་གོ་འཕང་ཐོབ་པའོ། །བཟླས་མེད་མ་བྱས་ནི་སྔོན་དུ་བསྙེན་པའོ། །མ་ལུས་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་རྡོ་རྗེ་བསྒོམས་པས་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དུམ་བུ་གཅིག་པའི་ཐོད་པ་ནི་དུམ་བུ་གཅིག་པའོ། །དུམ་བུ་གཅིག་པའི་ཐོད་པའམ་གྲོ་ག་ལ་པདྨ་འདབ་མ་བརྒྱད་ཕྱེད་པ་ཅན་གྱི་ལྟེ་བ་ལ་མིང་དང་ལྷན་ཅིག་པའི་བསྒྲུབ་བྱའི་ལུས་བྲི་བར་བྱའོ། །འདབ་མ་རྣམས་ལ་ལུགས་ལས་བཟློག་པའི་སྔགས་དང་མིང་ཐོད་པ་ལ་བལྟ་པར་བྱའོ། །དེ་བཞིན་དུ་ཡང་ཕ་རོལ་གྱི་དམག་ཚོགས་བྲིས་པ་དེས་འདོད་པ་འགྲུབ་པོ། །དེ་ཉིད་པདྨའི་འདབ་མ་རྣམས་ལ་སྔགས་བྲི་ཞིང་འདབ་མ་རྣམས་ལ་སྔགས་བཟློག་སྟེ་བཟླས་པ་བྱ་ཞིང་རེ་རེར་སྦྱིན་སྲེག་བྱའོ། །དེར་ཡིད་ལ་འདོད་པའི་བསྒྲུབ་བྱ་བསམ་མོ། །སྦྱིན་སྲེག་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་འདབ་མ་བསྲེགས་པས་བསྒྲུབ་བྱ་གྲངས་ནས་བཅུག་སྟེ་འགུགས་སོ། །འཁོར་


DTG021_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོས་གཏོར་མ་དབུལ་ལོ། །གཉིས་མེད་པ་ནི་ཕྱག་རྒྱའོ། །ཨ་ཧ་ཏ་ལ་གཞན་དུ་ན་བྱ་བ་མ་ཡིན་ནོ། །ཙནྡན་དམར་པོ་ལས་བྱུང་བའི་གཟུགས་བརྙན་བྱས་པའི་སྙིང་གང་གི་ཁྲག་དང་གི་ཝང་དག་གིས་འཁོར་ལོ་བྲི་བར་བྱའོ། །དམ་ཚིག་ཕྱིན་ཅི་ལོག་གིས་ནི། །ཞེས་པ་ནི། སྒྲུབ་པ་ཕྱིན་ཅི་ལོག་གིས་སོ། །གསེར་གྱི་མདོག་ནི་བཙག་གོ །ཀུན་དུ་རིག་པའི་འཁོར་ལོ་ཕག་མོའི་སྙིང་པོའི་སྔགས་སོ། །རང་གི་ལུས་མཐའ་དག་ལ་རྩ་བའི་སྔགས་བསྒོམ་པ་ལ་སོགས་པས་བཀོད་པ་བྱས་ན་རྣལ་འབྱོར་པ་དེ་དེ་བཞིན་གཤེགས་པ་དང་མཚུངས་བར་འགྱུར་རོ། །སྔགས་གཞན་གྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ནི་རང་གི་ཕྱག་རྒྱ་རྡོ་རྗེ་ཕག་མོ་ཡིས་བཅིངས་ནས་འཁྱུད་པའོ། །ས་བོན་དགོད་པར་ཚིག་རྣམ་པར་སྦྱར་རོ། །སྔགས་དགོད་པ་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་རྣལ་འབྱོར་པ་ལའོ། །འདི་དག་རིག་པ་ནི་རྡོ་རྗེ་ཕག་མོའི་སྙིང་བའི་སྔགས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ལན་ཅིག་བཟླས་པས་ཐམས་ཅད་འགུགས་པ་ལ་སོགས་པའོ། །རླུང་གི་དཀྱིལ་འཁོར་གཅིག་གིས་ཁྱེར་བའི་འདབ་མ་ལ་ཆེ་གེ་མོ་སྐྲོད་ཅིག་ཅེས་བྱ་བ་ལ་སོགས་པ་བྲིས་པའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གཞན་ལ་བསྐུར་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་པོ་ཏང་གི་ལེགས་པར་འོངས་པར་དྲིས་པ་དང༌། པྲ་ཏི་པོ་ཏང་གི་ཕྱག་འཚལ་བ་སྟེ་ལེགས་པར་འོངས་སོ་ཞེས་པ་ནི་ལན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གཡོན་པ་དག་ནི་འབྱུང་བའི་གནས་ནི་རྣལ་འབྱོར་མ་རྟོགས་པའི་རྒྱུར་རོ། །ཆོ་ག་ཤེས་པ་རྣལ་འབྱོར་པའོ། །སྐུལ་བྱེད་ཅེས་པ་ནི་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་བ་ཞེས་བྱ་བ་མིང་གི་རྣམ་གྲངས་སོ། །སྤྱི་བོ་ནི་བླ་མ་དང་དབུ་མའོ། །གཙོ་བོ་ནི་མིང་མེད་དོ། །བྱིས་པ་ཅན་ནི་མཐེའུ་ཆུང་ངོ༌། །ཤིང་ནི་མཐེ་བོང་ངོ༌། །དཀྱིལ་དུ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཀྱིལ་དུ་འདུས་ཏེ། དཀྱིལ་དུ་དཔའ་བོ་དང་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་གང་དུ་འཚོགས་པ་གང་གི་ཚོགས་ཚུལ་གྱིས་བརྡ་དང་སྐད་ལ་སོགས་པ་ཤེས་པ་དེ་ཉིད་སྤྱོད་པའོ། །གནས་ལ་ལྷའི་འཁོར་ལོ་བཀོད་དེ་དབང་པོར་བྱས་ལ་རྨོངས་པ་འདི་ཡང་སྐལ་པ་དང་མི་ལྡན་པའོ། །དཀྱིལ་འཁོར་འདིར་ཞེས་པ་ནི་


DTG021_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པའི་ལག་པ་གཡོན་པས་ལག་པ་གཡས་པའི་རྒྱབ་ཕྱིས་ཏེ་གཤེགས་སུ་གསོལ་བའོ། །དེ་ནས་དེས་གཞན་དུ་བཟའ་བར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་རང་གི་རིགས་ཀྱི་སློབ་མ་དམ་ཚིག་ཤེས་པ་དང་ལྷན་ཅིག་ཏུ་བཟའ་བར་བྱའོ། །རྣལ་འབྱོར་པ་དང་རྣལ་འབྱོར་མའི་ལག་མཐིལ་གྱི་རྒྱབ་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དྲི་མ་མེད་པར་གཤེགས་སུ་གསོལ་ཏོ། སྣོད་གཉིས་ཀྱི་ལྷག་མའི་ཙཱ་རུ་སློབ་མ་བརྡ་ཤེས་པ་དང་ལྷན་ཅིག་ཏུ་བཟའ་བར་བྱའོ། །དེ་བཞིན་མཆོག་གི་དཀྱིལ་འཁོར་ནི་སྐུ་རྣམ་ཀུན་ཞི་བ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་དགོད་པར་བསྟན་ཏོ། །གཤིན་རྗེ་ལ་སོགས་པའི་ཡུལ་གྱི་རིམ་པས་རྣལ་འབྱོར་མ་ལ་སོགས་པ་དགོད་པར་བྱའོ། །རྣལ་འབྱོར་མ་གཡོན་ནས་སྤྱོད་པའོ། །མཁའ་འགྲོ་མ་ནི་ཡང་དག་པའི་བཀའ་དྲིན་གྱིས་རྟོགས་ནས་གནས་སོ། །འདི་དག་ནི་འདི་རྣམས་ཏེ་སྒྲུབ་པོ་དེ་དང་དེ་རྣལ་འབྱོར་མ་དང་གཡོན་ནས་སོ། །མི་མོ་ནི་རྣལ་འབྱོར་མ་སྟེ། རྟག་ཏུ་རང་གི་དམ་ཚིག་དང་དངོས་གྲུབ་སྟོན་པར་བྱེད་ཅིང་གནས་ཀྱི་ཡང་དག་པར་སྟོན་པར་འགྱུར་བ་དང་ཡང་དག་པར་འབྱུང་བར་འགྱུར་རོ། །གཡོན་པའི་སོར་མོ་ནི་རང་གི་ཕྱོགས་ཀྱི་གནས་ལ་སོགས་པ་ཀུན་དུ་སྟོན་པར་བྱེད་དོ། །རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་ལྔ་བསྟེན་པའི་རྣལ་འབྱོར་མ་དང་འདྲ་བ་དེ་ཡང་དངོས་གྲུབ་བྱེད་པའོ། །དཔའ་བོ་ནི་རྣལ་འབྱོར་བའི་རིགས་ཁང་པར་ཕྱག་རྒྱ་རྣམས་མཚོན་པར་བྱའོ། །དགའ་བ་དང་ཟག་མེད་ནི་འཕེལ་བ་དང་མི་ཟད་པའི་དངོས་པོ་རང་གི་དམ་ཚིག་བསྲུང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའོ། །ཀུན་དུ་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །དེ་ཉིད་ཅེས་པ་བཞི་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བསྒོམ་པ་དང༌། སྔགས་དང༌། ཕྱག་རྒྱ་དང༌། གོ་ཆ་ལ་སོགས་པས་བསྲུང་པ་བྱས་བའོ། །བརྒྱན་པ་ནི་མཚན་པའོ། །མན་ངག་ཅེས་བྱ་བ་ལ་སོགས་པ་ནི་ལྟེ་བའི་ཕྱོགས་སུ་སྤྲོས་པ་དང་བྲལ་བའི་ཐིག་ལེ་ནཱ་དའི་ཡི་གེ་ཨོཾ་ཨཱཿ་ཧཱུཾ་ལ་སོགས་པའི་གཟུགས་ཀྱིས་འབར་བའི་ཚུལ་སྲོག་གི་རླུང་རྒྱུ་བའོ། །གང་དང་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཉིད་དེ་བཞིན་གཤེགས་པའི་དགོངས་


DTG021_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བཟླས་ན་དེ་བཞིན་གཤེགས་པས་བརྣགས་པའི་འབྲས་བུ་ཀུན་སྟེར་ཏེ། ཡིད་བཞིན་གྱི་ནོར་བུ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཤིན་ཏུ་གསང་བའི་སྔགས་ཤེས་པའོ། །སྦྱོར་བ་དེ་ཉིད་བརྩམ་པར་བྱ་བ་ནི་འདི་དག་གཞན་བྱ་བ་ལ་སོགས་པའི་རྒྱུད་དེ་རྣམས་སུ་སྒྲུབ་བ་པོ་རྣམས་རྨོངས་པར་བྱེད་པའོ། །དེ་གཞན་དུ་སྙིང་པོ་མ་ལུས་པའི་སྔགས་ལ་སོགས་པ་སྦས་ནས་སྙིང་པོ་མེད་པ་བསྟན་པ་མ་ཡིན་ནོ། །ཧེ་རུ་ཀ་བསྒོམས་པས་མཉམ་པར་འཇུག་ཅིང་བདག་ཉིད་ཧེ་རུ་ཀའི་གཟུགས་སུ་ང་རྒྱལ་བརྟན་པོར་རོ།། སློབ་དཔོན་གྱི་ནི་བདག་ཉིད་ཆེན་པོ་ནི་བླ་མ་དེའི་བཀའ་དྲིན་གྱིས་ཏེ། བླ་མས་བརྡས་བསྟན་པའི་ཕྱག་རྒྱའི་ཕྱི་རོལ་དང་ནང་གི་ཤེས་རབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ༌། །རྣལ་འབྱོར་གྱིས་གོམས་པའི་རྫོགས་བའོ། །གཡོན་པའི་ཤེས་རབ་བུད་མེད་དོ། །བརྟེན་པས་ཀྱང་སྤྱོད་པའོ། །སྲིད་པ་གསུམ་ལ་དམིགས་པ་ནི་ཡེ་ཤེས་ཀྱི་སྐྱེད་པར་བྱེད་པའོ། །གཡོན་པའི་སྔགས་ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་སྔགས་དང་ལྷ་མོ་ཡིས་སོ། །རྣལ་འབྱོར་ཡེ་ཤེས་སྦས་པ་ནི། །ཞེས་བྱ་བ་ནི་སྟོང་པ་དང་ཡེ་ཤེས་སོ། །བྱ་བའི་བསྟན་བཅོས་ལ་འཇུག་པ་ཞེས་བྱ་བ་ནི་སྟོང་པ་དང་སྙིང་རྗེའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་གི་ངོ་བོ་སྦས་པའི་དོན་དུ་ཀྲི་ཡའི་བསྟན་བཅོས་ལ་སོགས་པ་ལ་འཇུག་པའོ། །དེ་ཡིས་ན་རྒྱུད་ཀྱི་རྗེས་སུ་འབྲངས་པའི་ཉོན་མོངས་པ་མེད་པ་དངོས་གྲུབ་འགྲུབ་བ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འགྲུབ་པའོ། །གང་དུ་དེའི་དོན་སྦས་པའོ། །དེ་ཉིད་དེ་ལ་འཇུག་པར་བྱེད་པ་ལ་ཀྲི་ཡ་ལ་སོགས་པའི་བསྟན་བཅོས་བསྟན་ཏོ། །དེ་ནས་དེའི་འགྲུབ་ཅེས་པ་ནི་ཀྲི་ཡ་ལ་སོགས་པའི་དངོས་གྲུབ་དེ་ནི་འདིང་དཀའ་བ་མེད་པར་འགྲུབ་པའོ། །སྨིན་པར་བྱེད་པ་ནི་རྣལ་འབྱོར་གྱི་རྒྱུད་དོ། །གྲོལ་བ་ལ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །གཞན་དུ་རྟེན་སྦས་པ་ཉིད་དེ། འདིར་སྨྲས་པ། བ་གླང་ལྕི་བ་ནི་རླུང་ངོ༌། །ལྷག་མ་ནི་མེའོ། །སྐམ་པ་མེད་པ་ནི་ཆུའོ། །མགོ་སྐམ་ནི་སའོ། །རི་ནི་རིའི་རྒྱལ་པོ་རི་རབ་བོ། །རྟེན་ནི་པདྨའོ། །བདག་པོ་སེམས་ཀྱི་དཀྱིལ་འཁོར་རོ། །བ་གླང་ལྕི་བ་ཞེས་བྱ་བ་ལ་


DTG021_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་འབྱུང་བ་བཞི་ཞེས་བྱ་བ་ལ་སོགས་པའོ། །གཅིག་གིས་བརྒྱ་ཕྱེད་མ་ཚང་བ་ནི་ཧའོ། །གསུམ་ཞེས་པ་ནི་ཚེས་གསུམ་སྟེ། མཐའ་ནི་ཟླ་བ་ཆ་གསུམ་པའོ། །དེའི་སྟེང་དུ་ཆ་གསུམ་པའི་ཐིག་ལེས་བརྒྱན་པའོ། །བཞི་པའི་མཐའ་ནི་དབྱངས་ཡིག་ལྔ་པ་སྟེ་དེ་ཡང་དག་པར་སྦྱར་བ་སྟེ། དེས་ན་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ཁ་ཅིག་ནི་གསུམ་པའི་མཐའ་ཞེས་པ་ནི་ཤ་ཥ་སའི་མཐའ་སྟེ་ཧ་ཞེས་ཟེར་རོ། །དེས་ན་ཧཱུཾ་ལས་བསྐྱེད་པའོ། །དཀྱིལ་འཁོར་ཞེས་ཟེར་རོ། །མཚོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་བསྒོམ་པའི་སྟེ། རྟེན་འབྲེལ་བཅུ་གཉིས་དག་པས་ཉི་ཤུ་རྩ་བཞིའི་ཕྱེད་ཀྱི་ཕྱག་རྒྱའོ། །ཕྱག་འབུམ་པའི་བར་དུའོ། །བདེན་པ་གཉིས་ལ་མཉམ་པར་བརྟེན་པ་ནི་ཕྱག་གཉིས་ཀྱི་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་ཤེས་རབ་དང་ཀུན་རྫོབ་ཏུ་གཟུགས་མཐར་ཕྱིན་བའོ། །དྲུག་ཅུ་རྩ་བཞིའི་འཁོར་ཞེས་པ་ནི་མཆོད་ཅིང་བསྒོམ་པའོ། །འཇིག་རྟེན་དབང་ཕྱུག་ཐང་ཤིང་ནི་པདྨ་དམར་པོ་ལ་གནས་པའོ། །དེའི་རྗེས་སུ་འབྲང་བའི་རྫས་སོ། །དེ་ཉི་ཤུ་རྩ་བཞིས་འཁོར་ལོ་མཆོད་པའོ། །སངས་རྒྱས་ཉིད་སྒྲུབ་པར་བྱེད་པའི་ཐབས་སོ། །དུས་འདི་ཉིད་ལ་རྒྱས་པར་བྱེད་པའོ། །འདི་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །ད་ལྟར་འདི་ཉིད་ནི་རྟ་དང་གླང་པོ་ཆེའོ། །ཁྲོ་བོ་ནི་མིའོ། །བྱ་རྒོད་ནི་བྱ་རྒོད་དོ། །གཞན་ཡང་རྫས་དེས་གཏོར་མ་དབུལ་ལོ། །རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་དངོས་སུ་བསྐོར་རོ། །ཉི་མ་བྲིས་པ་སྤྱི་བོར་གཟུང་བར་བྱའོ། །སྐྱེས་པ་དང་བུད་མེད་དག་གི་དཔུང་པ་དང་ལག་པར་བྱིན་ལ་དེའི་སྔགས་བཟླས་པར་བྱའོ། །དེ་དང་དེ་ཡང་དབང་དུ་འགྱུར་རོ། །རྐང་མགྱོགས་ནི་མུན་པ་ལ་འབར་བར་འགྱུར་ཏེ། ཚེར་མ་ལ་སོགས་པས་མི་འབིགས་སོ། །གཞན་གྱི་རིག་པ་ཟློས་པ་ལས་ཐལ་བ་ལ་གཞན་གྱི་སྔགས་ལ་སོགས་པ་བློས་གནས་པར་བལྟས་ནས་བསྣུན་པ་ནུས་པ་མི་འབྱུང་ངོ༌། །སྔགས་དེས་ཐལ་བ་ལ་མངོན་པར་བསྔགས་ཏེ་བསྣུན་པས་རེངས་པར་འགྱུར་རོ། །བརྒྱ་རྩ་བརྒྱད་བཟླས་ཏེ་བཅིངས་ན་གོས་མང་པོ་དབང་དུ་འདུ་བར་འགྱུར་རོ། །དེ་བཞིན་དུ་སོ་ག་


DTG021_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའོ། །མཛུབ་མོ་དང་གུང་མོ་དང་མིང་མེད་རྣམས་ཀྱིས་དཔྲལ་བར་ཐལ་བའི་རི་མོའི་ཐིག་ལེ་གསུམ་བྱའོ། །མཐེ་བོས་ཐལ་བ་བྱུགས་ཏེ། ཐིག་ལེ་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །ས་ཕྱོགས་ཙམ་དུ་ཐལ་རེ་ཐལ་རེ་སྦྱིན་སྲེག་བྱའོ། །འཆི་ཞེས་བྱ་བ་ནི་གོ་བར་བྱའོ། །སྐྱེས་པའི་མཚན་མ་དང་བུད་མེད་ཀྱི་སྐྱེ་གནས་སུ་ནི་བུད་མེད་སྨྱོ་བར་འགྱུར་རོ། །དཔའ་བོའི་ཆུ་ནི་ཆང་ངོ༌། །ཕྱག་རྒྱ་ཡོངས་སུ་བསྒྱུར་བ་ནི་སྔགས་ཟློས་པ་སྟེ། སྐྱེས་པའམ་བུད་མེད་ཀྱི་མིང་ནས་སྨོས་ཏེ་བརྗོད་ན་གཞན་པར་འགྱུར་རོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་དགུ་པའོ། །བརྩེ་བའི་སྟོན་མོ་ནི་ཚུལ་གཅིག་པ་ལ་མོས་པ་རྣམས་ནི་ལྷན་ཅིག་པའི་སྟོན་མོའོ། །རྡོ་རྗེ་སྤུན་རྣམས་ལྷན་ཅིག་ལ་ནི་འཁོར་ལོའི་སྟོན་མོའོ། །བདག་ཉིད་ཀྱི་སློབ་མ་རྣམས་དང་ལྷན་ཅིག་པ་ནི་ཚོགས་ཀྱི་སྟོན་མོ་སྟེ། ཚོགས་ཀྱི་འཁོར་ལོར་འགྱུར་རོ། །རང་གི་རྣལ་འབྱོར་མ་རྣམས་འདུས་པ་ནི་གཏོར་མའི་སྟོན་མོའོ། །དངོས་གྲུབ་ཀྱི་དཀྱིལ་འཁོར་བྱ་བའོ། །གཉིས་སུ་མེད་པའི་ཡེ་ཤེས་ཤེས་པའི་རྣལ་འབྱོར་པས་དེ་ཁོ་ན་ཉིད་རིག་པ་ནི་གང་ཟག་རྣམས་ཡོངས་སུ་ལོངས་སྤྱོད་པས་བསོད་ནམས་ཀྱི་ཚོགས་ལས་འགྱུར་རོ། །སྐལ་བཟང་གི་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། །བུད་མེད་ཅེས་བྱ་བ་ལ་སོགས་པ་ནི་ནོར་རོ། །ལྷའི་སྐུར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་བསམས་ཏེ་བཟའ་བར་བྱའོ་ཞེས་པའི་དོན་ཏོ། །བུད་མེད་ནི་ཕྱི་རོལ་དང་ནང་གི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀ་བ་གཅིག་ནི་མགོ་བོ་དང་བཅས་པའི་སྒལ་ཚིགས་སོ། །སྒོ་ནི་འབྱུང་བ་དང་འཇུག་པའི་ཐབས་ཀྱི་བུག་པ་ཕུང་པོ་ལྔ་དང་དབང་པོ་དང་ཉོན་མོངས་པར་གྱུར་པ་ལ་སོགས་པའོ། །ཧེ་རུ་ཀའི་གཟུགས་ཀྱིས་སོ། །རབ་ཏུ་གྲུབ་པ་ནི་རབ་ཏུ་འགྲུབ་པར་འགྱུར་རོ། །ཟླ་བ་ནི་ཆང་ངོ༌། །དྲི་ཆུ་ལ་སོགས་པ་ནི་བདུད་རྩི་ལྔའོ། །འཚོ་བའི་རྫས་བྱང་ཆུབ་སེམས་སོ། །བཅོམ་ལྡན་འདས་མ་ཞེས་བྱ་བ་ལ་སོགས་པ་ནི་ཕག་མོའི་གཟུགས་ཅན་གྱི་རྣལ་འབྱོར་པས་བཟླས་པ་ལ་སོགས་པ་དང་བྲལ་བས་ཀྱང་འགྲུབ་ཅིང་སྐྱེས་པའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །གསང་བའི་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་


DTG021_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་མཉམ་པས་ཀྱང་གསང་བའི་པདྨའི་སྤྱོད་པ་བརྟེན་པ་ལ་སོགས་པའོ། །གྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་འབྱུང་ངོ༌། །བསྟེན་པ་ནི་རང་བྱུང་གི་མེ་ཏོག་ཉེ་བར་ལོངས་སྤྱོད་པའོ། །བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་རང་གི་མེ་ཏོག་གི་མཆོད་པས་ཕག་མོའི་བཀའ་དྲིན་གྱིས་ཚེ་རིང་ཞིང་ནད་མེད་པའི་མཆོག་རྣལ་འབྱོར་པས་རྙེད་པར་འགྱུར་རོ། །བདག་གིས་ཞེས་པ་ནི་རང་བྱུང་གི་ཐིག་ལེ་བྱས་ན་རྡོ་རྗེ་ཕག་མོ་ཞེས་པ་ཁ་ཅིག་གིའོ། །ཕག་མོ་དག་གི་བཀའ་དྲིན་གྱིས་མཆོག་བརྙེས་སོ། །སྔགས་ནི་སྙིང་པོ་ལ་སོགས་པའོ། །ཡིད་ཀྱིས་བཟླས་པ་ནི་གཞན་གྱིས་མི་ཐོས་པའི་ཕྱིར་རོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་ཐམ་པའོ། །ཀུན་སྦས་ནི་ཡི་གེ་དྲུག་པའི་སྔགས་སོ། །དེ་ནས་མངོན་པར་བསྔགས་པའི་དབྱིག་པ་ལ་སོགས་པ་བཀྲུས་པའི་ཆུས་གཏོར་ནས་ཐིག་ལེ་བྱས་ན་ཇི་སྐད་བསྟན་བ་བཞིན་དུ་འགྱུར་རོ། །བསྒྲུབ་བྱའི་མིང་ཡི་གེ་ཕཊ་ཀྱི་མཐའ་ཅན་གྱི་ཡི་གེ་དྲུག་པའི་སྔགས་ཀྱིས་བསྔགས་པ་ལ་སོགས་པས་བཅིང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་མའི་བཟླས་པ་ཇི་སྐད་དུ་བསྟན་པ་འགྲུབ་བོ། །ཐང་ཀ་བཀྲམ་སྟེ་ཡོ་བྱད་རྣམ་པ་ལྔས་མཆོད་ཅིང་ཕྱག་རྒྱའི་གསང་བས་ཀྱང་མཆོད་པར་བྱའོ། །དེ་ལྟར་མ་ཡིན་ན་བརྩེ་བའི་སྟོན་མོ་ལ་སོགས་པའི་ཕྱིའི་གཏོར་མའོ། །རང་གི་སྟོན་མོ་ནི་ཞལ་ཟས་དང་མར་མེ་དབུལ་ལོ། །མར་མེའི་དུད་པས་ལྟུང་བར་འགྱུར་རོ། །མར་མེ་ཞེས་བྱ་བ་ལ་སོགས་པ་ནི་ཆུའི་སྣོད་ལ་སོགས་བར་སྦྱིན་པར་བྱའོ། །འདི་དག་ནི་སུམ་ཅུ་རྩ་གཅིག་གོ །བརྗེ་བ་ཉིད་ནི་ཆེར་གསང་ཞིང་སྦ་བའོ། །བྱ་བའི་ཆོ་ག་ངེས་པར་བཤད་པ་བ་ལང་གི་སྤུ་ཞེས་བྱ་བ་ལ་སོགས་པའོ། །ཐལ་བ་དང་བཅས་པ་ནི་དུར་ཁྲོད་ཀྱི་ཐལ་བའོ། །ཡི་གེ་ཨེ་བྱས་ཤིང་གནས་པས་དགུག་པ་དང་ལྷན་ཅིག་ཏུ་བཟླས་པར་བྱའོ། །སྔགས་བྲི་ཞིང་བཟླས་པར་བྱའོ། །སྦས་པའི་ལས་ནི་བྱེད་པའོ། །དེ་ཉིད་ཀྱི་སོལ་བས་བྲི་བར་བྱའོ། །བ་ལང་གི་རབ་ན་བ་ལང་གནས་པའོ། །གནས་ནི་བྲེས་སོ། །ཐམས་ཅད་རང་གི་ལུས་སོ། །རིག་པ་ནི་བཅོམ་ལྡན་འདས་མའི་སྙིང་པོའི་


DTG021_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་དང༌། བཅོམ་ལྡན་འདས་མའི་ཉེ་བའི་སྙིང་པོའི་སྔགས་སོ། །དེ་དག་བརྗོད་པའི་བཟླས་པ་ལ་སོགས་པས་ལས་ཐམས་ཅད་བྱེད་དོ། །རིག་པ་ནི་ངེས་པར་བསྟན་པ་ཇི་ལྟ་བར་ཞེས་བྱ་བ་ལ་སོགས་པའོ། །ས་ནི་ཨོཾ་མོ་ཡི་གེ་བ་དང་ཡི་གེ་ཨོཾ་དང་ས་བོན་ནི་ཡི་གེ་ཧ་ལས་ཡི་གེ་ཨེའོ། །མེའི་བུ་ནི་རའོ། །གསུམ་པ་ན་ཨིའོ། །ཧཱུཾ་ཕཊ། དེ་ནས་ཨོཾ་བོ་ཧེ་རེ་ཧཱུཾ་ཕཊ། རྟོག་པ་གཞན་གྱི་བྱ་བའི་ཆོ་གའི་རིམ་པར་ཕྱེ་བ་བཅུ་ལས་གསུངས་པའི་བུད་མེད་ཀྱི་ཁྲག་ལ་སོགས་པས་བདུག་ཅིང་སྔགས་འདི་བཟླས་སོ། །སྣོད་དུ་འབེབས་པ་ནི་སྒྲུབ་པ་པོ་ནུབ་ཏུ་མངོན་པར་ཕྱོགས་པས་འདུག་སྟེ། བརྗོད་པར་འདོད་པ་བཅུ་དྲུག་ལ་སོགས་པ་དཀྱིལ་འཁོར་གཞན་ཉིད་བསྒྲུབས་ཏེ། གོར་བསྟན་ལ་གོས་དོར་ཏེ་འདུག་ལ། དེའི་མདུན་དུ་དཀྱིལ་འཁོར་བྱས་ཏེ་བཟའ་བ་ལ་སོགས་པས་དབུལ་ལོ། །ནིར་ཡས་གོ་ཀུ་ད་ཧ་ན་བདུད་རྩིས་མཆོད་དེ་ཇི་སྟེ་མངོན་སུམ་དུ་བིན་ན་སྨྲ་བར་འགྱུར་རོ། །དེ་རྣལ་འབྱོར་པའི་ཡིད་ལ་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཏོར་མ་དང་སྟོན་མོ་ལ་ཤ་ལ་སོགས་པ་དབུལ་བར་བྱའོ། །དམ་ཚིག་བླ་མ་མཆོད་པ་ཧེ་རུ་ཀ་ལ་མཆོད་པ་བྱས་པར་འགྱུར་རོ། །འདི་དག་ནི་སུམ་ཅུ་རྩ་བཞིའོ། །རབ་སྒྲུབ་ནི་རབ་ཏུ་སྒྲུབ་བ་བྱེད་པའོ། །གང་གིས་ནི་ཡེ་ཤེས་གང་གིས་སོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པ་ནི་དེའི་ཡེ་ཤེས་ཀྱི་ཁྱད་པར་རོ། །བདག་ཉིད་ཀྱིས་ཀྱང་དབང་བསྐུར་ཐོབ་ཅིང་བསྒོམས་པ་ལ་སོགས་པས་མཚན་མ་ཐོབ་པས་སྔར་གྱི་བཞིན་ནི་ཕག་མོའི་རས་རིས་ཀྱི་སྤྱན་སྔར་ཕྱི་རོལ་གྱི་ཕྱག་རྒྱ་ཆེན་པོ་མཆོད་པར་བྱའོ། །མཚན་གསུམ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གཉིས་སུ་མེད་པའི་སྦྱོར་བ་ལ་གནས་གསང་བའི་རྣལ་འབྱོར་པས་ཕྱག་བྱའོ། །དེ་ནས་བདག་ཉིད་ཕྱག་རྒྱ་གཉིས་སུ་མེད་པའི་སྦྱོར་བས་མཆོད་པར་བྱའོ། །དེ་ནས་བར་དོའི་སེམས་བཞིན་དུ་རྨི་ལམ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་ངང་མཚུངས་པར་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་སྒྲུབ་པ་པོ་དང་དེའི་ཕྱག་རྒྱ་དག་གིས་ལུས་ལ་འཇུག་པར་བྱའོ། །དེ་ནས་དེ་དང་མཚུངས་པར་འགྱུར་རོ། །བཅོམ་ལྡན་འདས་ཉིད་རྣལ་འབྱོར་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་


DTG021_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་གྲུབ་པ་ནི་འགྲུབ་པར་འགྱུར་བའི་ཐ་ཚིག་གོ །གསུམ་ནི་མཚན་མ་གསུམ་མོ། །ཧེ་རུ་ཀ་དང་ལྷན་ཅིག་ནི་དེའི་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཕག་མོའོ། །གཞན་ཡང་མཆོད་ཡོན་དང་སྔགས་དགོད་པ་ལ་སོགས་པའོ། །པུས་མོ་ནི་སྙིང་རྗེའོ། །ས་ནི་ཆོས་འབྱུང་ངོ། །ཕྱག་འཚལ་བ་ནི་རྡོ་རྗེའི་སྤྱི་བོར་དགའ་བ་བཟུང་བའོ། །མཆོད་པ་ནི་བསྐྱོད་པའོ། །དེ་ནི་ལྷན་ཅིག་སྐྱེས་པའི་སྒྲུབ་པ་པོའོ། །དེ་ལྟ་བས་ན་མཆོག་འདི་ནི་མཆོག་ཏུ་རྣམ་པར་ཆད་པ་བདེ་བ་ཆེན་པོའི་སྒྲུབ་པའོ། །འབྲས་བུའི་རྣམ་པར་གཞག་པ་རྣམ་པར་འཆད་ཅིང་དངོས་པོ་མེད་པའོ། །དེ་ནས་བསྒྲུབ་པར་བྱ་བའི་ཐབས་ཀྱི་ལུས་ཀྱི་རྡོ་རྗེའི་སྒོ་ནས་ཤེས་རབ་ལ་ཐིམ་པའི་བྱང་ཆུབ་སེམས་ཀྱི་སྙོམས་པར་ཞུགས་པ་འཇུག་ཅིང་འདུས་ཏེ། སྔགས་དང་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པས་ན་སྒྲུབ་པ་པོའི་ཕྱག་རྒྱར་འབྲེལ་པ་སྟེ། བྱང་ཆུབ་ཀྱི་སེམས་གཅིག་གི་སེམས་སུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་གཅིག་ཉིད་དུ་འགྱུར་ཞེས་པའི་ཐ་ཚིག་གོ །ཆད་བ་དང་དངོས་པོ་མེད་པར་དེ་ལ་འཇུག་པས་ན་ཐེ་ཚོམ་མེད་དོ། །དགའ་བ་དང་ལྡན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་མཚོན་པའི་སྐད་ཅིག་གི་སྐད་ཅིག་ལ་ཐོབ་པའོ། །དཔའ་བོ་ནི་བཅོམ་ལྡན་འདས་སོ། །ཀུན་ནི་ལྷན་ཅིག་སྐྱེས་པ་རོ་གཅིག་པའི་སྣ་ཚོགས་དེས་མཁྱེན་ཅིང་ཀུན་ཀྱང་མཁྱེན་པས་ཀུན་མཁྱེན་ནོ། །དེ་ནི་གཞན་དང་དངོས་པོ་མེད་པའོ། །འཇིག་རྟེན་གསུམ་སྤྱོད་པ་ནི་འཇིག་རྟེན་གསུམ་གྱི་བདག་ཉིད་རྩ་བའི་འཁོར་ལོ་ཡན་ལག་དང༌། ཉིང་ལག་རྐང་པའི་མཐིལ་ནས་སྤྱི་བོར་ཐུག་གི་བར་གྱི་ལུས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་བདེ་བ་ཆེན་པོ་ཕྱག་རྒྱ་དང་བཅས་པའོ། །ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །ཐམས་ཅད་དུ་ནི་ཆོས་ཀྱི་དབྱིངས་རིག་པས་ནི་ཆོས་ཀྱི་སྐུའོ། །རབ་ཏུ་དགའ་བའི་ཡིད་ཅེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའོ། །ཐམས་ཅད་དུ་ཐམས་ཅད་ཀྱི་དོན་བྱེད་པ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །འཇིག་རྟེན་གསུམ་གྱི་མངའ་བདག་ནི་བསྙེན་བཀུར་བའོ། །རྩོད་པ་ཐམས་ཅད་ཇི་སྲིད་དུ་སྤང་བར་བྱ་བའོ། །གང་གི་ཕྱིར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་


DTG021_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པས་མངོན་པར་སངས་རྒྱས་ནས་མཁྱེན་ཅིང་མཁྱེན་པས་ཞེས་པ་ཁ་ཅིག་གིའོ། །ས་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་རགས་སོ། །རེངས་པ་ནི་འདིར་སྐྱེས་པ་ལས་སོ། །འདིའི་ཞེས་པ་ནི་དེ་བཞིན་དུ་རེངས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གཞན་ཡང་རེངས་བར་བྱེད་པའི་སྔགས་རྒྱུ་བ་དང་བཅས་པ་གསུམ་ལ་སོགས་པ་རེངས་པར་བྱེད་དོ། །ས་གཞི་བཞིན་དུ་མི་གཡོ་བའོ། །སྔགས་ཀྱི་མཐུས་སོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གནས་པར་སྔགས་དགོད་པར་བྱའོ། །ཁ་ཞེས་བྱ་བ་ལ་སོགས་པ་ནི་ལྐུགས་པར་བྱ་བ་བསྒྲུབ་པར་བྱ་བའི་ཁར་རོ། །ཕྱིར་རྒོལ་བའི་རིག་པ་འགུགས་པ་ནི་ལྕེ་ལའོ། །དགའ་བའི་ཚུལ་གྱིས་སྔགས་བསྒྲུབ་བྱའི་ལུས་ལའོ། །བདག་གི་ནི་བདག་ཉིད་དེ། ཡིད་བཞིན་གྱི་ནོར་བུ་ནི་སྔགས་སོ། །ཐམས་ཅད་དུ་བདག་ཀྱང་ཡིད་བཞིན་དུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའོ། །བརྟུལ་ཞུགས་བཟང་པོ་ནི་ལྷུང་བ་མེད་པའོ། །ཆུ་བོ་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་པ་ལ་གནོད་པར་བྱེད་པའོ། །འཇུག་པ་ལ་སོགས་པ་ནི་རང་བཞིན་དུ་འགྱུར་ཏེ་རྡོ་རྗེ་སེམས་དཔའ་དག་ཏུ་འགྱུར་ཞིང་ཉེ་བར་འདུག་སྟེ་བསྲུང་བའི་དོན་ཏོ། །སྔགས་པ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་རབ་འབྱམས་མིང་བརྟེན་པའི་སྔགས་བྲི་བར་བྱའོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་ལྔ་པའོ། །འཁྱམ་དུ་གཞུག་པ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཅིངས་ཏེ། རླུང་གི་གཟུགས་བརྙན་གྱི་སྙིང་གར་སྙིང་པོ་སྔགས་ཀྱིས་བརྟེན་པའི་མིང་བྲིས་ཏེ་འཁོར་ལོར་བཅུག་ལ་སྙིང་པོ་ཕྱིན་ཅི་ལོག་ཏུ་བཟླས་སོ། །ཡི་གེ་དྲུག་པས་ཕོ་ཉ་མོ་རྣམས་ཀྱིས་འཕྱན་ཞིང་ཁྱེར་བར་བལྟའོ། །རླུང་གི་དཀྱིལ་འཁོར་ནི་རླུང་གིས་བསྒྲུབ་བྱ་བསྲེག་གོ །སྙིང་པོ་ནི་སུམྦྷ་ལ་སོགས་པའི་སྔགས་ཀྱིས་སོ། །གང་ལ་ཞེས་བྱ་བ་ནི་དེ་བཞིན་དུ་སྙིང་གར་ངེས་པར་བཅུག་ནས་བརྒྱ་རྩ་བརྒྱད་བཟླས་ཏེ། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ལ་སོགས་པ་བསམ་གཏན་དེ་བཞིན་དུ་བྱའོ། །ཟླ་བ་ཕྱེད་པ་བྱ་སྟེ་བསྟན་པ་ལྟར་བྲི་ཞིང་ཟླ་བ་ཕྱེད་པ་ལ་བསྒྲུབ་བྱའི་མིང་དང་སྔགས་བྲིའོ། །དེ་ཉིད་


DTG021_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་ཞེས་པ་ནི་ལས་ཀྱིས་སྔགས་སུན་འབྱིན་པར་བྱེད་པ་འཆི་བར་འགྱུར་རོ། །ཁྲག་འཛག་པ་ཞེས་བྱ་བ་ནི་ཁ་ཅིག་གོ །བདག་ཉིད་ཀྱི་དངོས་གྲུབ་ཡིད་ལ་འདོད་པ་སྟེ། དེ་རྣམས་དེ་བཞིན་གཤེགས་པ་ལ་སོགས་པའི་སྤྱན་སྔར་བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པར་བྱེད་པ་ཐོས་པར་འོ་དོད་འབོད་པར་བྱ་ཞིང་ལས་བྱའོ། །སྟོང་པ་ཆེན་པོ་ནི་དུར་ཁྲོད་དེ་དེར་ལས་བརྩམ་མོ། །འདི་དེ་ལྷ་ཉིད་དང་ལྷན་ཅིག་ཏུ་བྱའོ། །འཇིག་རྟེན་སྤྱོད་པ་ནི་དབང་ལ་སོགས་པའོ། །མཁས་པ་ནི་སྦྱོར་བ་ལ་མཁས་པའོ། །སུམ་ཅུ་དྲུག་པའོ། །རང་གི་མིང་ནི་མཐའ་ཡས་ལ་སོགས་པའི་སོ་སོའི་མིང་གི་དང་པོ་དང་ཐ་མར་སོ་སོའི་སྔགས་སོ། །ལྔ་པའི་གཉིས་པ་ནི་ཕའོ། །ལྔ་པ་ནི་ཨུའོ། །བཅུ་དྲུག་པ་ནི་ཨཿ་འོ། །དེ་རྣམས་ལ་ཕུཿའོ། །དང་པོའི་མཐར་ནི་ཞེས་པ་ནི་ཕུཿ་ཨ་ནནྟ་ཕུཿ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །དེས་ཆུ་བོའི་འཇིམ་པ་ལ་ནི་གདེངས་ཀ་བདུན་པའི་ཀླུ་བརྒྱད་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་པདྨ་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་བྲིའོ། །དེ་རྣམས་ལ་རེ་རེའི་སྙིང་ག་རྣམས་སུ་དེའི་མིང་བརྟེན་པའི་ཧེ་རུ་ཀའི་སྙིང་པོའི་སྔགས་དཀྱིལ་རྣམས་སུ་བྲི་བར་བྱའོ། །དེ་ནས་རས་ལ་སོགས་པ་ལས་བྱས་པ་དེ་ཀླུ་རྣམས་ཀྱི་སྙིང་གར་བཅུག་ལ་དེ་ཀླུ་གནས་པའི་མཚོ་ལས་སྐྱེས་པའི་འདབ་མ་བརྒྱད་པོ་རྣམས་ལ་གཞག་པར་བྱའོ། །དེ་ནས་ཉི་མ་བདུན་དུ་དེ་མཆོད་པར་བྱའོ། །ཡུལ་ནི་ཕྱོགས་སོ། །ཁ་ཅོག་ཅེས་པ་ནི་རང་རང་གི་མདོག་གོ །དུར་ཁྲོད་ཀྱི་རས་ལ་དེ་དང་འདྲ་བ་ཉིད་ཀྱི་དེའི་འཁོར་ལོ་བྲིས་ནས་སྤུ་གུའི་ནང་དུ་བཅུག་ནས་བསྲོ་བར་བྱའོ། །དང་པོ་ཐོག་མར་གང་བྱུང་ནས་མཐའ་མར་ཅི་ཞེ་ན། དང་པོ་དང་མཐའ་མའི་བར་གྱི་གཟའ་ཟླ་བ་ལ་སོགས་པའི་མཐར་མཇུག་རིངས་སོ། །དང་པོར་ཡི་གེ་ཨོཾ་མོ། །རང་རང་དེའི་དང་དེའི་མིག་དང་ཁྲོ་བོའི་སྙིང་པོའི་མཐར་སྭཱ་ཧཱ། དེ་ནས་ཨོཾ་ཨཱཿ་དཪྻ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །དེ་ནས་གྲགས་པ་འདི་རྣམས་ཀྱང་ཡི་གེ་ཨོཾ་དང་པོ་དང༌། རང་གི་མིང་དང༌། ཧཱུཾ་ཧཱུཾ་སྭཱ་ཧཱ་མཐའ་མའི་སྔགས་དེ་གྲགས་པའོ། །ཁྲོ་བོ་ནི་ཡི་གེ་ཧཱུཾ་ངོ༌། །དེ་དང་ལྡན་པ་དང་ནི་རང་གི་མིང་


DTG021_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོ། །བསྟན་བཅོས་ནི་བདག་ཉིད་ཕག་མོའི་རྣལ་འབྱོར་པ་དཀྱིལ་འཁོར་གྱི་བདག་པོས་ཕྱི་རོལ་དང་ནང་གི་སྦྱིན་སྲེག་བྱའོ། །དེ་ནས་དེ་རྣམས་ཀྱི་ཐབ་ཁུང་དུ་ཕྱག་མཚན་གྱི་གཙོ་བོ་དང་རང་གི་སྔགས་ཀྱིས་བྲིས་ལ་ཕྱི་རོལ་གྱི་སྦྱིན་སྲེག་གིས་བསྒྲུབ་བྱ་ཅི་བགྱི་བའི་བར་དུ་འགྱུར་རོ། །ཞལ་བཞི་ནི་སུམྦྷ་ལ་སོགས་པའི་སྔགས་སོ། །དེ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅིངས་ལ་བདག་ཉིད་བསྲུང་བར་བྱའོ། །དེ་ནས་མར་སྤགས་པའི་འབྲས་བུ་སྦྱིན་སྲེག་བྱའོ། །ཁྲི་ཕྲག་གཉིས་དང་དགུ་བཅུ་རྩ་བརྒྱད་བྱའོ། །དེ་ནས་དེ་མཉེས་ཤིང་ཡེ་ཤེས་དེའི་མཆོག་དང་ལྷན་ཅིག་ཏུ་མ་བྲལ་བར་ཐམས་ཅད་མཁྱེན་པ་དེ་རྣལ་འབྱོར་པས་མཉེས་པར་འགྱུར་རོ། །ཀུན་ཞེས་བྱ་བ་ལ་སོགས་པ་ནི་མཉེས་པའི་ཁྱད་པར་ཏེ་ཀུན་མཁྱེན་ཡེ་ཤེས་དེ་ནི་མཆོག་གོ །རང་གི་སྔགས་དང་ཕྱག་རྒྱ་དེས་རྟོགས་པ་ནི་ཁ་ཅིག་གིའོ། །དྲུག་ཅུ་རྩ་བཞི་ནི་ཕྱི་རོལ་དང་ནང་གི་བྱེ་བྲག་གིས་མཆོད་པར་བྱའོ། །གཞིའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ནི་སྣ་ཚོགས་རོ་གཅིག་པར་བསྟན་པའི་ཕྱིར་རོ། །དེ་ཉིད་རང་བྱུང་ཡེ་ཤེས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྡའོ། །བདག་ཉིད་ཀྱང་དེར་འགྱུར་ཞིང་དེའི་སྟོབས་ཀྱིས་འགྱུར་རོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བདུན་པའོ། །མཆོག་ནི་མཆོག་ཏུ་འབྱུང་བའོ། །ཕོ་ཉ་མོ་དབང་ཕྱུག་ནི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་ཕག་མོའོ། །ཞལ་བཞིར་འགྱུར་བ་ནི་ཡི་གེ་ཧཱུཾ་ངོ༌། །ལས་ཀྱི་དབྱེ་བ་ལས་ཁ་དོག་གི་དབྱེ་བའོ།། སུམྦྷ་བ་ལ་སོགས་པའི་སྔགས་ཞེས་པ་ནི་ཁ་ཅིག་གིའོ། །གོས་ཆེན་ཕྱོགས་ཀྱི་གོས་ཅན་ནམ། །མི་ལ་སོགས་པའི་པགས་པའམ། །རོ་གཏུམས་པའི་རས་སོ། །དུར་ཁྲོད་ལས་འབྱུང་བ་ནི་ཕྱག་དར་ཁྲོད་དོ། །དབང་ཆེན་ནི་རྒྱུས་པའོ། །སྤྲང་ཆེན་ནི་མར་ཁུ་ཆེན་པོའོ། །ཐམས་ཅད་དུར་ཁྲོད་ནི་རང་གི་ལུས་ཏེ་དེ་ཉིད་ལ་ལྷན་ཅིག་སྐྱེས་པ་ནི་གནས་ཤིང་ནང་གི་ཤེས་རབ་སྟེ་དུར་ཁྲོད་ཅེས་བྱ་བའི་ཕྱག་རྒྱས་བསྟན་ཏོ། །ཁམས་གསུམ་པ་ཐམས་ཅད་ཀྱང་དུར་ཁྲོད་དེ་བདག་མེད་པས་སོ། །དེའི་འདི་ཤིན་ཏུ་རྣམ་པ་སྣ་ཚོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG021_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིན་པ་སྣ་ཚོགས་པའི་ཕྱག་རྒྱའི་ཕྱག་རྒྱའོ། །ཕྱི་རོལ་ལམ་ནང་གི་གོས་ཆེན་ལ་སོགས་པ་བརྟེན་པ་དེ་རྣལ་འབྱོར་པ་འདིའི་ཕྱག་རྒྱའོ། །ནང་གི་འཁོར་ལོ་བཞི་ཡིན་ནོ་ཞེས་པ་ཁ་ཅིག་གོ །དགོངས་པ་ཅིར་འགྱུར་ཞེ་ན། གསུངས་པ། ཇི་སྲིད་དུ་རྡུལ་ཕྲ་རབ་ཀྱི་དངོས་པོ་གྲངས་མེད་པའི་བར་དུ་ནི་ཤེས་པར་འགྱུར་ཞེས་པའི་དོན་ཏོ། །རྡུལ་ཕྲ་རབ་ཀྱི་གྲངས་སུ་ཡང་དགྲ་བོ་དགུག་གོ །ཞགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་གིའོ། །བསྒྲུབ་བྱའི་མགོ་ལ་གནས་ནས་སྦྱིན་སྲེག་བྱས་པས་འཆི་བར་འགྱུར་རོ། །དེ་བཞིན་དུ་གྲུབ་པའི་རྣལ་འབྱོར་མ་ལ་སོགས་པས་ཀྱང་མགོ་ལ་བཞུགས་ནས་སྦྱིན་སྲེག་བྱ། བསམ་གཏན་བྱའོ། །སྙིང་པོའི་སྔགས་ཀྱིས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། རང་གི་སྙིང་ག་ནས་རྣལ་འབྱོར་མ་རྣམས་སྤྲོས་ཏེ་གང་དུ་གང་གི་གཟུགས་བརྙན་ལ་གཞུག་པ་སྟེ། ཕྱག་རྒྱ་ཀུབ་ཛི་ཀ་བསྒོམ་པ་ལ་སོགས་པས་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །ཕྱག་རྒྱའི་རྣལ་འབྱོར་མ་ཀུབ་ཛི་ཀ་ཞེས་པ་གཞན་ནོ། །འདིས་གསུངས་པ། བསྡུ་བ་ནི་རེངས་བར་བྱེད་པའོ། །འདིས་ཕོ་ཉ་མོ་གཞན་དེའི་རང་བཞིན་གྱིས་འཇིག་རྟེན་འཇིག་པར་བྱེད་དོ་ཞེས་པ་ཁ་ཅིག་གིའོ། །ཡུལ་ཐམས་ཅད་དང་ཡུལ་ཅན་གྱི་ལྡོག་པ་ཐམས་ཅད་མི་དམིགས་པའོ། །ཀུབ་ཛི་ཀའི་ཕྱག་རྒྱ་དེས་འཁོར་གསུམ་བསྡུས་ཞེས་པ་གཞན་གྱིའོ། །སྔར་བསྟན་པའི་རིམ་པར་ཕྱེ་བ་བཅུ་དགུ་པས་གསུངས་པའི་ཆོ་ག་ནི་ནིམ་པའི་འདབ་མ་དང་ཁུ་བས་སྦགས་ནས་སྦྱིན་སྲེག་བྱའོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བརྒྱད་པའོ། །ཆོ་ག་ནི་བདག་ཉིད་སྒྲུབ་ཅིང་ཕྱོགས་བཅིང་བ་ལ་སོགས་པའོ། །ཤིན་ཏུ་རྣམ་པར་དག་པ་ནི་སྔགས་ཀྱི་ལུས་ལ་སོགས་པའོ། །རྫ་རྔ་བྲིས་པ་དེའི་དཀྱིལ་དུ་ཐད་ཀར་རི་མོ་དྲུག་དྲུག་བྱའོ། །རྫ་རྡའི་ཆ་ཆིངས་མ་རི་མོ་ཐག་པ་རི་མོ་གཅིག་སྟེང་དུ་བྲི་བར་བྱའོ།། དེའི་རྗེས་སུ་རི་མོ་དགུས་བཅིངས་ལ་ཞེས་པ་བཅིངས་ཤིང་བསྡམས་པའོ། །ཡི་གེ་རིམ་གྱིས་དང་མཉམ་པོར་ཏེ་མི་མཉམ་པ་ཡང་མ་ཡིན་ནོ། །སྟེང་དུ་རི་མོ་བརྒྱད་ཐད་ཀར་ཀུན་ནས་ཟུམ་པོར་རི་མོ་སྦྱིན་ནོ། །རྫ་རྔའི་བྱ་བ་ལ་སོགས་པ་གཞན་ཤིན་ཏུ་མང་བར་ཡོད་དོ། །ཡི་གེ་ར་ནི་རེ་


DTG021_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕའོ། །དབྱངས་ཀྱི་ལྔ་པ་ནི་ཡི་གེ་ཨུའོ། །འདིས་རུ་ཞེས་པར་འགྱུར་རོ། །ཨོཾ་ཧེ་ཧེ་རུ་ཡི་གེ་བཞི་པ་ལ་ལྟོས་ནས་ལྔ་པ་རུ་ཞེས་པ་ཁ་ཅིག་གིའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་སེམས་དཔའིའོ། །ཨོཾ་ཧཱི་ཧྲཱིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། རྣམ་པར་སྣང་མཛད་ཀྱིའོ། །ཨོཾ་ཨཱ་རོ་ལི་ཀ་སྭཱ་ཧཱ། པདྨ་གར་གྱི་དབང་ཕྱུག་གིའོ། །ཨོཾ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཕཊ། ཧེ་རུ་ཀའིའོ། །ཨོཾ་ཁ་སོལྐཱ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཉི་མའིའོ། །ཨོཾ་བྷོ་བྷོ་ག་བཾ་ཨ་ན་ཡ་ཧཱུཾ་ཕཊ། རྟ་མཆོག་གི་སྔགས་སོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་དགུ་པའིའོ། །ཀུན་དུ་མཚོན་པ་ནི་སྔགས་བཀོད་པས་སོ། །ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །དགོད་པར་བྱ་བ་ནི་བཟླ་བར་བྱ་བའི་དོན་དུའམ། རྣལ་འབྱོར་པ་གློ་བུར་དུ་འོངས་པ་ལ་བརྡ་བསྟན་པར་བྱའོ། །ལག་པ་ལ་ཕག་མོ་དང་སྙོམས་པར་ཞུགས་པའི་ཧེ་རུ་ཀའོ། །ལག་པའི་རྒྱབ་ཏུ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་བསམ་པར་བྱའོ། །བརྡ་བྱས་ན་མཉམ་པ་གོའོ། །དཔའ་བོ་དང་རྣལ་འབྱོར་མ་ཕྱོགས་ཀྱི་རིམ་པས་ལྷོ་དང༌། ཤར་དང༌། བྱང་དང༌། ནུབ་ཀྱི་ཕྱོགས་རྣམས་སུའོ། །ཕྱོགས་དང་བྲལ་བ་ནི་རིམ་པས་བདེན་བྲལ་དང༌། རླུང་ལྷ་དང༌། དབང་ལྡན་དང། མེའི་མཚམས་རྣམས་སུ་སྣོད་ལ་སོགས་པའི་སྣོད་རྣམས་སུ་བཏུང་བ་ལ་སོགས་པ་བྱའོ། །ཡང་གསུངས་པ། ལུགས་འབྱུང་ལུགས་ལས་བཟློག་པས་གོ་རམས་ཀྱིས་ཐོད་པ་དབུལ་བར་བྱའོ། །དུས་ནི་རྣལ་འབྱོར་མའོ། །དྲུག་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་གཅིག་པ་ལས་གསུངས་པའི་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པའོ། །ཉིས་འགྱུར་ཞེས་པ་ནི་བསྟན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །མཆོད་པ་ནི་བཀོད་པའི་འཁོར་ལོ་དང་བཅས་པའི་བཅོམ་ལྡན་འདས་མཆོད་པར་བྱའོ། །ཙཱ་རུ་ནི་བཟའ་བ་དང་སྟོན་མོའི་ལས་གཞན་བདེ་མཆོག་གི་བདག་ཉིད་ཀྱིས་འཁོར་ལོ་སྣོད་གཉིས་ཀྱི་ལྷག་མ་ཙཱ་རུའོ། །ཚེས་ནི་བཅུ་པའོ། །ཚེས་གྲངས་ནི་བཅོ་ལྔ་པའོ། །དུས་རིམ་པ་ཟླ་བ་ཀུན་དུ་རྫོགས་པའི་ཐིག་ལེ་དང་ཙཱ་རུའི་ཐིག་ལེ་དུས་ཀྱི་རིམ་པས་ཀུན་དུ་


DTG021_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫོགས་ནས་ཧེ་རུ་ཀ་ཉིད་ཀྱི་དཀྱིལ་འཁོར་ཐིག་ལེ་གཟུགས་སོ། །ནང་དུ་ནཾ་ལུས་ཀྱི་ནང་དུ་སྟེ་ཡི་གེ་ཧའི་ཐིག་ལེའོ། །ཤེས་རབ་ཀྱི་བདེ་བ་ཞུ་བའི་དུས་སུ་ལག་པའི་མཆོད་པ་ལ་རབ་ཏུ་འཇུག་པར་བསྟན་ཏོ། །ལག་པས་མཆོད་པ་མཐེ་བོང་གཡོན་པ་ལ་སོགས་པས་བཟའ་བའོ།། རྣལ་འབྱོར་གྱི་དབང་ཕྱུག་ནི་གསང་བ་ཤེས་རབ་པོ། །དུས་དྲུག་གི་སྒྲའི་བརྗོད་བྱ་བ་ནི་རྣལ་འབྱོར་མ་ཉིས་འགྱུར་དུ་སྒྲའི་བརྗོད་བྱ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་འདུས་ནས་དཀྱིལ་འཁོར་བྱ་བ་སྟེ་བཅུ་གཉིས་པ་རྣམས་རྣལ་འབྱོར་པ་དང་རྣལ་འབྱོར་མ་ཞེས་བྱ་བའི་དོན་ཏོ། །བཅུ་གཉིས་ཀྱི་གྲངས་ལ་རྣལ་འབྱོར་མ་བཅུ་གཉིས་པོ་རྣམས་དང་བཅུ་གསུམ་གྱི་བདག་ཉིད་ཅན་ཧེ་རུ་ཀའི་དཀྱིལ་འཁོར་དུ་སོན་པའི་ལྷའི་གྲངས་མཁའ་འགྲོ་མའི་བརྡ་བསྟན་ནོ། །སྲིང་མོའི་སྒྲའི་བརྗོད་བྱ་ནི་རྣལ་འབྱོར་མའོ། །འདི་དག་ནི་རིམ་པར་ཕྱེ་བ་བཞི་བཅུ་པའོ། །བཞི་ནི་འཁོར་ལོའི་སྐད་ཅིག་གི་དགའ་བའོ། །འཇིག་རྟེན་པ་ཐམས་ཅད་ལ་གྲགས་པའི་དུས་ལ་སོགས་པ་ཡང་རྫོགས་ལྡན་ལ་སོགས་པར་བསྟན་ཏེ། དེ་རྣམས་ལ་མཁའ་འགྲོ་མ་འབྱུང་སྟེ། ཐམས་ཅད་ཀྱི་མ་ལ་སོགས་པའི་སྒྲའི་བརྗོད་བྱ་ནི་འདིར་རྣལ་འབྱོར་མ་སྟེ་དེ་རྣམས་དེར་བརྟེན་པས་ཡོན་ཏན་འགྲུབ་པར་འགྱུར་རོ། །མ་ནི་བླ་མའི་ཤེས་རབ་མ་དབང་ལྔ་བསྐུར་བའོ། །སྲིང་མོ་ནི་ལྷན་ཅིག་ཏུ་མཉན་པའི་བླ་མས་དབང་དྲུག་བསྐུར་བའོ། །བུ་མོ་ནི་བདག་ཉིད་ཀྱིས་སྔགས་ལ་སོགས་པ་བྱིན་ཏེ་འདུས་བྱས་ནས་དབང་བདུན་བསྐུར་བའོ། །གཞན་གྱིས་དབང་བསྐུར་ཞིང་བདག་ཉིད་ལ་མཉན་པ་ནི་ཆུང་མ་སྟེ་བདག་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་དབང་བསྐུར་བའོ། །དཔའ་བོ་ཐབས་ནི་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཡེ་ཤེས་རྗེས་སུ་འདོད་པའོ། །ཚངས་པ་ལ་སོགས་པ་ནི་ཐམས་ཅད་ཀྱིས་གྲུབ་པ་མཆོད་པའོ། །བཞི་མཆོག་གི་མཆོག་ནི་མཁའ་འགྲོ་མ་ཕག་མོའི་རིག་པ་དང་དེའི་སྔགས་གཅིག་གོ །རྒྱལ་པོ་ཧེ་རུ་ཀའི་རིག་པ་དང་དེའི་སྔགས་གཉིས་སོ། །སྔགས་ལ་སོགས་པ་དང་དམ་ཚིག་དང་སྡོམ་པ་ནི་གསུམ་པའོ། །རྣལ་འབྱོར་གྱི་ཡེ་ཤེས་དང༌། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ནི་རིན་པོ་ཆེའི་བཞི་པའོ། །


DTG021_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཞེས་པ་དེར་སྐྱེས་བུའི་པདྨའི་ལག་པས་བཏུང་བ་ལ་སོགས་པ་དབུལ་ལོ། །བདག་ཉིད་ཀྱང་དེ་བཞིན་ཉིད་དུ་བླང་ངོ༌། །དེ་བཞིན་དུ་མཆོད་པ་དང་བཅས་ན་ང་མཆོད་པ་ཡིན་ནོ། །རྣལ་འབྱོར་པ་ལྷན་ཅིག་ཏུ་དཔའ་བོ་ཐམས་ཅད་དེ་ལས་གཉིས་མེད་དུ་གནས་པ་ཡིན་ནོ། །དེར་འདུས་ནི་ངའི་སྐུ་ཇི་ལྟར་མཆོད་པ་དེ་བཞིན་དུ་ཐམས་ཅད་ལ་མཆོད་པ་བྱའོ། །གང་ཞིག་བདག་ཉིད་གཉིས་སུ་མེད་པ་འདོད་ན་སྐྱེ་བོའི་བདག་ཉིད་དུ་འདུས་ཏེ་ཐམས་ཅད་དུ་གནས་ལ་གཞན་ཐམས་ཅད་སྤངས་པའོ། །གཞན་ཐམས་ཅད་གོ་སླའོ། །རིམ་པར་ཕྱེ་བ་ཞེ་གཅིག་པའོ། །ཟླ་བ་གཅིག་ནི་བསྒོམ་པ་དང་བཟླས་པ་ལ་སོགས་པ་བྱའོ། །དེ་ནས་མཚན་མར་རྣལ་འབྱོར་མས་སྟོན་ནི་བདག་ཉིད་ཀྱང་གཞན་ནས་འོངས་ཕྲད་དེ་དངོས་སུ་མཐོང་བར་འགྱུར་རོ། །འབྲས་ཀྱི་ཕྱེ་མ་ལས་གཟུགས་བརྙན་བྱས་ཏེ། གྲོག་ལ་སོགས་པ་ལ་བསྒྲུབ་བྱའི་མིང་དང་སྔགས་འཁོར་ལོ་བྲིས་ཏེ་གཞུག་པར་བྱའོ། །དེའི་ལུས་ལ་ཙནྡན་དམར་པོ་བྱུགས་ཏེ་མཆོད་ནས་སྔགས་ཀྱི་བཟླས་པ་ལ་སོགས་པ་བྱའོ། །དེ་ནས་དེ་དབང་དུ་བྱས་པར་འགྱུར་རོ། །ཡང་ན་བསྒྲུབ་བྱ་བཀུག་ལ་དེའི་ཁྲག་པ་བཏུང་ཞིང་ཟོས་པས་མཁའ་སྤྱོད་ཀྱི་གནས་དངོས་གྲུབ་པོ།། དཀྱིལ་འཁོར་གྱི་དུས་སུ་མཆོད་པའི་ཁྱད་པར་རོ། །བྱ་བའི་དམ་ཚིག་ཧེ་རུ་ཀའི་གཟུགས་ཀྱི་ཕྱི་རོལ་དང་ནང་གི་སྦྱིན་སྲེག་བྱ་སྟེ་ཆང་དང་ཤའི་སྦྱིན་སྲེག་བྱ་ཞིང་དུར་ཁྲོད་དུ་གཏོར་མ་བཏང་ངོ༌། །རྟོགས་པ་ནི་བཅོམ་ལྡན་འདས་ཀྱི་སྐུའི་བདག་ཉིད་དུ་བསྡུས་པའོ། །རྣལ་འབྱོར་བཞི་ནི་རྫོགས་པའི་ཕྱག་རྒྱ་བསྡུས་པའོ། །ཐམས་ཅད་ནི་ཇི་སྲིད་བྱ་བར་འགྱུར་རོ། །དེ་ཉིད་གསུངས་པ། རང་གི་བྱ་བ་ལ་སོགས་པའི་རིམ་པས་ཕྱེ་བའི་མཐའ་མས་སོ། །ལྷའི་རྣལ་འབྱོར་གཅིག་དང་བཅས་པའི་རྣལ་འབྱོར་རོ། །འདི་ལས་གཞན་ཅུང་ཟད་ཀྱང་རྣལ་འབྱོར་ཡོད་པར་བྱ་བ་མ་ཡིན་ནོ། །རྣལ་འབྱོར་བཞི་དང་ཕྱག་རྒྱ་དང་སྐུ་དང་སྔགས་དང་ཕྱག་མཚན་འདུས་པར་རང་གི་ཕྱག་རྒྱའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་བྱེ་བྲག་གི་ཐིག་ལེ་དང་ནཱ་དའི་གཟུགས་བསྟན་ཅིང་བལྟས་ལ། སྦྱོར་བ་མེད་ཅིང་རང་བཞིན་མེད་པ་དེའི་མཚན་


DTG021_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ། །ཕྱག་རྒྱ་ཆེན་པོ་ནི་ལ་ལར་ཚིག་སྟེ་དེའི་ནི་སྤང་བ་ཉིད་ཀྱི་དོན་ཏེ་ཞེས་པ་ནི་ཁ་ཅིག་གིའོ། །ལས་ཀྱི་དབྱེ་བས་དགེ་བ་ལ་སོགས་པ་ལ་ཞི་བ་ལ་སོགས་པའི་དོན་ཏོ། །ལྟེ་བ་དང་སྙིང་ག་ལ་སོགས་པར་ཧཱུཾ་གི་ཡི་གེ་དམིགས་པ་དངོས་པོའི་བྱེ་བྲག་གི་དབང་གིས་འཕར་བ་ལ་སོགས་པར་བརྗོད་དེ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །མི་འདོད་པ་སྤངས་པ་ནི་ཐར་པ་དང་ཞི་བ་དང་གསོད་པ་དང་མངོན་སྤྱོད་དོ། །དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ནི་འཕང་བའི་ངེས་པ་མེད་པ་ཡང་ངོ༌། །བཤད་པ་སྤྲིན་ཞེས་པ་ནི་རིང་བའོ། །བ་ལང་ཞེས་པ་ནི་ཐུང་བའོ། །ཇི་ལྟར་བ་ལང་རྣམས་ཨུ་ཟེར་ཞིང་མཇིང་པ་བཀུག་ནས་འཐུང་ཞིང་ཆགས་པ་ཅན་དལ་གྱིས་འདོན་པར་འགྱུར་རོ། །ཇི་ལྟར་སྤྲུལ་རྣམས་ཕུ་ཞེས་ཟེར་ཞིང་དེ་མ་ཐག་ཏུ་རྣམ་པར་གཅོད་དོ། །རྣམ་པར་ཤེས་པ་ནི་པུ་ལུ་སྟེ་བརྒྱད་དོ། །དབང་དུ་བྱ་བའི་དོན་དུ་གསང་ཆེན་དུ་བརྗོད་དོ། །ཕྱི་རོལ་ལམ་ནི་ཕྱི་རོལ་གྱི་ལམ་ལ་ཕྱོགས་པའོ། །ཐབས་ནི་སྲི་ཞུ་དང་བཀུར་སྟི་ཉེ་བར་དམིགས་པའི་མཚན་ཉིད་དོ། །མཚན་མ་སྟོན་ཅིང་རྟོགས་པ་མངོན་པའི་ཐབས་ཏེ་ཆུའི་དོང་དུ་ཆུ་འདུ་བ་ལ་སོགས་པ་བཞིན་ནོ། །གཟུང་བའི་ཡུལ་ཏེ་ཧེ་རུ་ཀའི་རྣམ་པ་ལས་ཀྱི་རབ་འབྱམས་སོ། །དེའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་སྟེ། ལམ་བསྒོམ་པ་ལ་སོགས་པའི་རིམ་པའོ། །བསྟན་བཅོས་ཉེ་བར་སྟོན་པ་ལ་སོགས་པར་གོ་བར་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །བསྟན་བཅོས་ཀྱི་མཚན་ཉིད་སྟོན་པའི་ཐབས་སོ། །འདི་དག་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་གཉིས་པའོ། །ཉོན་ཞེས་པ་ནི་བཅོམ་ལྡན་འདས་ལའོ། །ངས་ནི་ཕག་མོས་བཤད་པའོ། །བཤད་པ་ནི་རྒྱས་པར་མངོན་པར་བརྗོད་པ་འབུམ་པའོ། །འདིར་ཡང་ཀ་བ་གཅིག་ལ་སོགས་པ་ནི་དཀྱིལ་འཁོར་གྱི་གཞལ་ཡས་ཁང་ངོ༌། །གཞན་དུ་ན་ཡང་ལྟེ་བའི་ནང་ན་གནས་སོ། །དེ་ལ་པདྨའོ། །དེ་ལ་པདྨའི་སྟེ་བཅོམ་ལྡན་འདས་རང་བཞིན་མེད་པ་ཆ་མེད་པའི་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཆའི་རྣམ་པའང་ལུས་ཀྱི་ཐིག་ལེ་དང་ནཱ་ད་ལ་སོགས་པའོ། །ཉོན་མོངས་པ་མེད་པ་ཞེས་པ་ནི་ཁ་ཅིག་གིའོ། །གོས་བ་མེད་པ་ནི་རང་བཞིན་མེད་པ་དངོས་པོ་


DTG021_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པ་ཞེས་པ་ཁ་ཅིག་གིའོ། །ཕག་མོ་རྣམ་པར་སྦྱར་བ་དང་ལྡན་པ་ཁར་འཁྱུད་པ་སྟེ་བཅོམ་ལྡན་འདས་ཉིད་ལ་ཡང་དག་པར་ཕྱོགས་པ་བྷ་ག་དང༌། ལ་ལ་ཉིད་ནི་ལྟེ་བའི་པདྨར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་སོ། །ཤེས་པ་ནི་འདིར་དམ་པའི་ཆོས་ལ་ཕྱོགས་པའི་སྒོ་ནས་དང་བསྐྱེད་པའི་སྒོ་ནས་གཙོ་བོའི་ལུས་སོ། །དང་པོ་ལ་སོགས་པ་ནི་འདིར་རབ་ཏུ་སྒྲུབ་པར་བྱེད་པའོ། །རླུང་མ་ལུས་པ་བཀག་སྟེ། སེམས་དང་སེམས་ལས་འབྱུང་བ་འགོག་པ་ནམ་མཁའ་ཀུན་ཁྱབ་ཀྱི་ཏིང་ངེ་འཛིན་ནོ། །དེའི་གཟུགས་ནི་གོང་བུ་གཞོམ་དུ་མེད་པའི་ལུས་ཐིག་ལེ་དང་ལྡན་པ་ཞུ་བའོ། །དེ་ནས་དེ་ཡང་གོང་དུ་ཐིག་ལེ་དང་ནཱ་ད་ཡང་དེ་ཙམ་མོ། །དེ་ནས་ཡང་ཐམས་ཅད་མི་དམིགས་ཤིང་དམིགས་སུ་མེད་པའི་སེམས་ཙམ་མོ། །དེ་ཡང་སེམས་ཞེས་བྱ་བའི་ཆོས་ཀྱི་དབྱིངས་སོ། །རིམ་པར་ཕྱེ་བ་བཞི་བཅུ་རྩ་གསུམ་པའོ། །དེ་ལ་ནཾ་པདྨའོ། །དེ་བཞིན་ནི་གཞོམ་དུ་མེད་པའི་སྒྱུ་འཕྲུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་དང་དེ་བཞིན་ཉིད་ཡིན་པའི་ཕྱིར་ཡང་ངོ༌། །སྣ་ཚོགས་པའི་སྒྱུ་འཕྲུལ་གྱིས་གཟུགས་ཅན་ཞེས་པ་ནི་ཁ་ཅིག་གིའོ། །མགོ་བོའི་ཟླ་བ་ནི་རང་གི་སྙིང་གར་རོ། །ལྟེ་བ་ཞེས་པ་ལ་སོགས་པ་ནི་སྔོན་དུ་འགྲོ་བའི་རྣལ་འབྱོར་ཉིད་རྫོགས་པའོ། །པདྨ་སུམ་ཅུ་རྩ་གསུམ་གྱི་འདབ་མ་ཟེ་བ་དང་ལྡན་པའོ། །ཟླ་བ་ལ་གནས་ཤིང་གཞོམ་དུ་མེད་པའི་བྱང་ཆུབ་ཀྱི་སེམས་གཡོན་ནས་འཇུག་པའི་ཨཱ་ལི་དང༌། དེའི་ཕྱི་རོལ་གྱི་གཡས་སུ་བསྐོར་བའི་ཀཱ་ལི་དག་ནི་ཐབས་དང་ཤེས་རབ་ཡིན་ཏེ། ཁ་སྦྱོར་དུ་བྱས་ནས་འོག་དང་སྟེང་དུ་ཕྱོགས་ཤིང་ཡང་དག་པར་ལྡན་པའི་བསྐོར་བའོ། །དེ་སྟོང་པ་ཉིད་དེ་ཉིད་ལ་བལྟའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་པདྨ་དང་ཟླ་བ་རྣམས་སོ། །དགེ་བ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རྣམ་པར་དག་པའི་ཨཱ་ལི་ཀཱ་ལི་གཡོ་བས་ཉི་མ་སྣ་བུག་ནས་འཆར་བ་དང་ནུབ་པར་བལྟའོ་ཞེས་པ་ནི་ཁ་ཅིག་གིའོ། །དག་པ་ནི་མདོར་བསྟན་ཏེ། འདིར་རྣལ་འབྱོར་པའི་ཉི་མ་དང་ཟླ་བའི་ཕྱི་རོལ་དུ་ཤར་ནས་རྒྱུ་ཞིང་སྣར་ནུབ་པའོ། །སེམས་གཡོ་བ་མེད་ཅིང་རླུང་རྒྱུ་བའི་དངོས་པོ་མེད་པའོ། །སྣ་རྩེ་ནི་ཀུན་འདྲ་མ་བྱ་རོག་གི་གདོང་ཅན་གྱི་


DTG021_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐིག་ལེ་ཡུངས་ཀར་ཙམ་མོ། །རྒྱུ་བ་ནི་བརྟེན་པའོ། །མི་རྒྱུ་བ་ནི་རྟེན་ནོ། །སྒྲ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ངེས་པར་བསམ་གཏན་བྱས་པའི་རིམ་པ་འདིས་བྱང་ཆུབ་མཐོང་ཞིང་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཉོན་མོངས་པས་ནི་སྔོན་དུ་མངོན་པར་ཕྱོགས་པར་བྱས་པའོ། །དེ་ནས་རང་གི་ངང་གིས་བྱ་བས་ཉོན་མོངས་པ་སྤངས་ཤིང་རྣལ་འབྱོར་གྱི་ཡུལ་གྱི་བདེ་བའི་ཚོགས་ཞེས་པ་ཁ་ཅིག་གིའོ། །རྣལ་འབྱོར་པ་མཚོན་པ་ནི་མཚན་མའོ། །འདོད་པ་ན་སྤྱོད་པའི་ལྷ་མོ་གང་གིས་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་ཉམས་སུ་མྱོང་བར་བལྟ་ཞིང་གནས་བཟང་པོར་གནས་པ་ཉིད་དུ་དམིགས་པར་བྱའོ། །གཟུགས་ན་སྤྱོད་པའི་ལྷ་མོ་གང་གི་དགའ་བའི་ཟས་ལ་སོགས་པ་སེམས་ལས་བྱུང་བའི་བསམ་གཏན་ནོ། །གཟུགས་མེད་པ་ན་སྤྱོད་པ་གང་གི་ཡང་སྙོམས་པར་འཇུག་པ་ལ་སོགས་པའི་ཟས་ལ་སྙོམས་པར་འཇུག་པའོ། །ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པའི་འདུ་ཤེས་དང་གསུམ་སྲིད་པའི་རྩེ་མོ་སེམས་ལས་བྱུང་བ་དང་ཡིད་ཀྱིས་ཆོས་ཀྱི་དབྱིངས་སུ་ཡིད་ཀྱི་ཤེས་པ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །ཆོས་ཀྱི་དབྱིངས་ནི་འོད་གསལ་ལོ། །སངས་རྒྱས་ནི་ཟུང་འཇུག་གི་མངོན་པར་བྱང་ཆུབ་པའོ། །རྩེ་གཅིག་དུ་བསམ་ཞིང་ནཱ་ད་དེ་ཙམ་ཡང་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །དེ་ནི་རྟོག་པ་ཐམས་ཅད་ལས་འདས་པ་ཕྲ་མོའི་ཡེ་ཤེས་སུ་འགྱུར་རོ་ཞེས་པ་ཁ་ཅིག་གིའོ། །སེམས་མེད་ཅེས་བྱ་བ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པར་བཤད་པའོ། །དོན་དམ་པར་རྡུལ་མེད་དོ། །རྡུལ་ཕྲ་རབ་ཀྱི་ཕྲ་མོ་གང་ལ་དཀྱིལ་འཁོར་གྱི་འཁོར་ལོའོ། །ས་བོན་ནི་གཞོམ་དུ་མེད་པ་ལ་སོགས་པའི་གཟུགས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རང་བཞིན་དུ་བསམ་ཞིང་བལྟས་པས་ལྷའི་མིག་དང༌། རྣ་བ་དང༌། སྣ་དང༌། གཞན་གྱི་སེམས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་ལྔའོ། །དྲུག་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱས་པའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ཟད་པ་མཁྱེན་ཅིང་མངོན་པར་ཤེས་པར་ངེས་པར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་ཟད་པ་འདི་བཞིན་དུ་ཟག་པ་ཟད་པ་ཞེས་པ་ནི་ཟད་པའི་ཤེས་པས་མཐོང་ན་


DTG021_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟད་པའི་ཤེས་པ་མངོན་པར་ཤེས་པའོ། །ཡང་མི་སྐྱེ་བར་འགྱུར་བ་ཞེས་པ་ནི་མངོན་པར་ཤེས་པའི་དོན་གྱིས་ན་ཡང་མི་སྐྱེ་ཞིང་ཟད་པའི་མངོན་ཤེས་ཏེ་འདིར་ནི་ཟད་པ་ནི་དངོས་པོ་མེད་པའོ། །དེ་ཡང་སླར་མི་སྐྱེ་བ་ནི་མངོན་སུམ་དུ་རྣམ་པར་ཤེས་པ་བརྒྱད་དོ། །ཀུན་ཤེས་ནི་སྤྲུལ་པ་ཀུན་བྱེད་པ་སྟེ་སྤྲུལ་པ་དང་ཡེ་ཤེས་ཀྱི་སྐུ་དང༌། ཆོས་ཀྱི་སྐུའོ། །སྟོབས་ཀྱི་རྩེ་བ་མཐོང་བ་ནི་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། དཔག་བསམ་གྱི་ཤིང་བཞིན་དུ་རྣམ་པར་རྟོག་པ་མེད་པར་ཡང་འགྲོ་བའི་དོན་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡོངས་སུ་ལྷག་མ་ཞེས་བསྟན་ཏོ། །བྱུང་བ་ནི་རྫོགས་པའོ། །སྐྱེ་བའི་ཆོས་སྟོན་ཅིང་རྟག་ཏུ་གང་ཡང་རྣམ་པར་མ་ཆད་པའི་དངོས་པོའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་གསུངས་པ། ཇི་སྲིད་དུ་རིགས་ཐམས་ཅད་ཀུན་དུ་འཛིན་པར་བྱེད་པ་ལུས་ཀྱི་རྣམ་པར་གཡེང་བ་ནི་ཟློས་གར་རོ། །ངག་གི་རབ་འབྱམས་ཧཱུཾ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་ལ་སོགས་པའི་སྒྲ་བརྗོད་པའི་མཐའི་དངོས་པོ་ལྔ་པོ་རྣམས་རང་རང་གི་སྔགས་ཀྱི་ས་བོན་ལས་རྫོགས་པའི་ཕྱག་རྒྱ་དང་ལུས་གང་དག་དེ་དག་གིས་སྔགས་དང་ཕྱག་རྒྱའོ། །རང་གི་ས་བོན་ལ་སྐུ་རྫོགས་པར་བསྐྱེད་དོ། །བྱེ་བྲག་ཏུ་གསུངས་པ་དཔལ་ཁྲག་འཐུང་དང༌། རྡོ་རྗེ་དང༌། སངས་རྒྱས་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་མཁའ་འགྲོ་མའིའོ། །གོ་འཕང་ནི་ཐབས་དང་ཤེས་རབ་ཀྱི་ཁྱད་པར་ལ་གནས་ཤིང་དེ་ལ་རྣམ་པར་ཞུགས་པའོ། །པདྨ་འདབ་མ་བཞི་ནི་པདྨ་བཞིའོ། །འཁོར་ལོ་ནི་གཞལ་ཡས་ཁང་དུ་པདྨ་འདབ་མ་བཞི་པ་ལ་མཁའ་འགྲོ་མ་བཞིའོ། །ལྟེ་བ་ལ་མཁའ་འགྲོ་གཅིག་འཁོར་རོ། །འདི་དག་ནི་བཞི་བཅུ་རྩ་བཞི་པའོ། །བསྟན་པའི་རྫས་ཀྱི་ནད་པ་འདྲ་བའི་གཟུགས་བྱའོ། །ཇི་སྲིད་པ་ནི་ནད་པའི་ཚད་དུ་སྐྲ་ཡང་དེ་སྲིད་ཀྱི་ཚད་དུ་བུ་མོས་བཀལ་བའི་སྐུད་པ་དུམ་བུ་དུམ་བུར་གཏུབས་ལ་འདྲ་གཟུགས་ཀྱི་སྐུ་བྱའོ། །ནད་པ་ལ་རས་ལ་སོགས་པ་བླ་རེ་དང་མེ་ཏོག་ལ་སོགས་པས་མཛེས་པར་ལྡན་པའི་བག་ཙ་བཅས་ལ། དེ་ལ་རོ་བཞིན་དུ་འདྲ་གཟུགས་མདུན་དུ་གཞག་གོ །དེ་ནས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། ཕྲེང་བ་


DTG021_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་དཀྱིལ་འཁོར་པ་མཐའ་དག་གི་སྔགས་རྣམས་དགོས་པ་བསྙེན་ལ། དེའི་ང་རྒྱལ་དུ་ཤུགས་ཕྱུང་ལ་བསྐུལ་བར་བྱའོ། །དེའི་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །རང་འདོད་པའི་ལྷའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་དཔའ་བོ་དྲུག་གི་གོ་བསྐོན་པ་དང༌། ཕག་མོའི་ཡི་གེ་དྲུག་པའི་གོ་ཆ་དང༌། རྗེ་བཙུན་དང་རྗེ་བཙུན་མའི་སྔགས་གཉིས་ཀྱིས་བསྲུངས་ལ་གོས་སར་པ་དམར་པོ་བགོ་བར་བྱའོ། །སྙིང་པོའི་སྔགས་ཀྱི་མེ་ཏོག་དང་ཕྲེང་བའི་ཁྱད་པར་དང་བཅས་པ་དང༌། བདུག་པ་ཡང་གཞག་གོ །དེ་ནས་དེའི་ས་བཏང་བར་གང་ཅི་ཡང་རུང་བའི་རྒྱན་ལ་སོགས་པ་དེ་རྣམས་ཐམས་ཅད་དེའི་མདུན་ལོགས་སུ་གཞག་གོ །དེ་ནས་ཞུགས་པ་དབྱུང་བར་བྱའོ། །ཡི་དགས་འགྲོ་བ་ནི་བག་ཙའི་ལས་སོ། །ཀྱེ་ཀྱེ་ཤིང་ངོ༌། །གང་གི་ཕྱི་རོལ་གྱི་ལག་གདུབ་ལ་སོགས་པས་སློབ་དཔོན་ལ་ལག་གདུབ་ལ་སོགས་པས་བརྒྱན་པའོ། །སྐྱེད་པ་བཅིངས་ནས་མཚོན་ཆ་རལ་གྲི་ཐོགས་ནས་གཙུག་ཏོར་བཅིངས་ལ་གོ་བགོ་བ་ལ་སོགས་པ་བྱས་ལ། དཔའ་བོ་ལ་སོགས་པ་རྣམས་ཀྱིས་བསྐོར་བ་ནས་འགྲོའོ། །གདོང་མ་ལ་སོགས་པ་དུར་ཁྲོད་ནི་རྙིང་པར་རོ། །དེ་ནས་ཡི་གེ་ཧཱུཾ་བརྗོད་པར་བྱ་ཞིང་བྱ་བ་བྱེད་པ་སོང་ཤིག་པའོ། །དེ་ནས་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །དཀྱིལ་འཁོར་ཡང་བཞེངས་པར་བྱའོ། །དེ་ཕྱོགས་དང་ཕྱོགས་དང་བྲལ་བ་བརྒྱད་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་དགོད་པར་བྱའོ། །དཀྱིལ་དུ་འདྲ་གཟུགས་མགོ་ལྷོར་བསྟན་ལ་སྔགས་སློབ་དཔོན་གྱིས་མཚན་པའོ། །འདྲ་གཟུགས་བྱས་པའི་གོ་ཆ་ལ་སོགས་པ་ཕྱུང་ལ་ནད་པའི་ལུས་ལ་དགོད་དོ། །དེ་ཡང་སུམྦྷ་ལ་སོགས་པས་བསྲུང་བ་བྱས་ལ། བསྒྲུབ་བྱ་དཀར་པོར་ནད་ལས་ཐར་པར་བལྟ་བ་བྱས་ལ་ནད་ལས་ཐར་ན་འདི་བཞིན་དུ་འགྱུར་ཞེས་པའོ། །གཡོན་བརྐྱང་ནི་སློབ་དཔོན་ནོ། །བསྲུང་བ་ནི་བསྲུང་བྱ་ལ་གཡོགས་པའོ། །འདྲ་བ་ནི་ལུས་སོ།། འདྲ་གཟུགས་དེ་བརྒལ་བར་བྱ་བ་ལྷ་སྦྱིན་གྱི་སྡུག་བསྔལ་གཅོད་པ་ནི་ཤི་བ་ཉིད་ལ་དེ་རལ་གྲིས་གཏུབས་ལ་དབང་པོ་དང་གཞན་ཤར་གྱི་ཁྭ་གདོང་ལ་སོགས་པའོ། །མ་མོ་བརྒྱད་པོ་རྣམས་ལ་དེ་དུམ་བུ་དུམ་བུར་གཏུབས་ལ་ཞི་བའི་དོན་དུ་སྙིང་པོ་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་


DTG021_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་དེར་བ་ཞུགས་པའི་ཡོ་བྱད་ཐམས་ཅད་སློབ་དཔོན་ལ་དབུལ་བར་བྱའོ། །ནད་ལས་ཐར་པ་ནི་ཞི་བའོ། །དེ་ནས་དེར་ཞུགས་པ་ཐམས་ཅད་ཁྲུས་བྱས་ཏེ། གཏོར་མ་བཏང་ལ། དང་པོར་རེ་ཞིག་དེས་ཟར་གཞུག་གོ །གཞན་དང་གཞན་ལ་སོགས་པ་ཡང་ཟར་གཞུག་གོ །གོས་ལ་སོགས་པས་མཉེས་པར་བྱའོ། །དེ་ནས་ཞི་བར་བྱས་པར་འགྱུར་རོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་ལས་རིམ་པ་ཕྱེ་བ་བཞི་བཅུ་རྩ་ལྔའི་དཀའ་འགྲེལ་ལོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་ཡི་གེ་ཅུང་ཟད་ཅེས་བྱ་བའི་འགྲེལ་པ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ་རྫོགས་སོ།། །།མངོན་འབྱུང་ཧེ་རུ་ཀ་ཡི་དཀའ་འགྲེལ་བྱས་པས་བསོད་ནམས་གང་བསགས་པ། །དེ་ཡིས་སྣ་ཚོགས་ཀུན་ནས་ཧེ་རུ་ཀ་དཔལ་འབྱུང་བར་ཤོག །ཀྱེ་མ་བླ་མ་སློབ་མའི་སྐྱེ་བོས་བསྟེན་ཅིང་ཀྱེ་མ་བླ་མའི་ཐུགས་རྗེས་སློབ་མ་ལའོ། །གང་ཞིག་མངོན་པར་འབྱུང་བ་ཟབ་མོའི་རྒྱུད་ཀྱི་བཀའ་འགྲེལ་ཟླ་བའི་གཞོན་ནུས་བྱས། །ལྷོ་ཕྱོགས་ཨོ་ཌི་བི་ཥའི་ཡུལ། །བྷ་ཚ་མ་ཡི་གྲོང་ཁྱེར་དུ། །གསོ་སྦྱོར་སྨན་གྱི་རིགས་སུ་འཁྲུངས། །རྗེ་བཙུན་ཡི་གེ་པ་ཡི་རིགས། །མཁས་པའི་མཁས་པས་བསྔགས་པ་ཡི། །རཀྵི་ཏ་པའི་ཞལ་སྔས་བསྒྱུར།། །།རྒྱ་གར་གྱི་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨ་བློ་གྲོས་ཀྱིས་དཔལ་བི་ཀྲ་མ་ཤྲཱི་ལར་བསྒྱུར་རོ།། །།


previousདཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་། ཟླ་བ་གཞོན་ནུ།next