Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཅིག་པ།


  expand section
   
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  collapse section
རིམ་པ་བཞིའི་རྣམ་པར་འབྱེད་པ་ཞེས་བྱ་བ།  ནག་པོ་པ།
   
   
   
   
   


 
previousརིམ་པ་བཞིའི་རྣམ་པར་འབྱེད་པ་ཞེས་བྱ་བ། ནག་པོ་པ།next

རིམ་པ་བཞིའི་རྣམ་པར་འབྱེད་པ་ཞེས་བྱ་བ།
ནག་པོ་པ།

དང་པོ། རྒྱུད་ཀྱི་རིམ་པའི་འགྲེལ་པ་བསྟན་པ།


DTG021_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨོ་ལ་ཙསྟུ་སྟ་ཡ་བི་བྷངྒ་ནཱ་མ། བོད་སྐད་དུ། རིམ་པ་བཞིའི་རྣམ་


DTG021_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་འབྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་ཉི་མའི་དཀྱིལ་འཁོར་དང༌། །བདུད་བཞི་རྣམ་པར་མནན་མཛད་པའི། །གང་མཛད་དེ་ལ་ཕྱག་འཚལ་ནས། །རིམ་པ་བཞི་ནི་གསལ་བར་དགྲོལ། །ཨེ་ཝཾ་མཱ་ཡཱ་ཞེས་བྱ་ནི། །ཞེས་བྱ་བ་ལ་སོགས་པ་ལ། འདིར་ཨེ་ཝཾ་མཱ་ཡཱ་ནི། རེ་ཞིག་ཐུན་མོང་མ་ཡིན་པའི་ཐེག་པ་འདི་ལ་སྡུད་པར་མཛད་པ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན་ལ། དེ་ཡང་དགོངས་པའི་སྐད་ཀྱིས། ཨེ་དང་ཝཾ་ནི་སྡུད་པར་མཛད་པའི་གསུང་མ་ཡིན་གྱི། རྡོ་རྗེ་འཆང་གི་བཞུགས་པའི་བཞུགས་གནས་བརྡས་བསྟན་པ་ཡིན་ནོ། །དེ་ཡང་ཚིག་མཛེས་པ་དང༌། ལེགས་པ་དང༌། ངེས་པའི་ཚིག་དང༌། སྡེབ་སྦྱོར་ལ་མོས་པ་རྣམས་དང༌། ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་བརྗོད་པར་བྱ་བའི་གཙོ་བོ་ཐབས་དང་ཤེས་རབ་ཀྱི་དངོས་པོ་ནི། ཡི་གེ་གཉིས་ཀྱིས་བསྟན་པ་ཡིན་ལ། དེ་ཉིད་ཚིག་ལ་ལྟོས་པ་མེད་པ་དང༌། སྤྲོས་པ་སྤོང་བ་རྣམས་ལ། དེ་ནས་གསང་བ་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡི་གེ་གཉིས་ཀྱི་ཚིག་ལས་གཞན་པར་རྒྱུད་དེ་དང་དེ་ལས་གསུངས་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་འཆང་ཉིད་ཀྱིས་གསུང་བར་བྱ་བའི་སྐྱེ་བོ་ལ་དགོངས་ནས་དགྱེས་པའི་རྡོ་རྗེ་ལ་སོགས་པའི་རྒྱུད་ཁ་ཅིག་ཏུ་ཡི་གེ་གཉིས་ཀྱིས་བཤད་དེ། དེ་ཡང་དངོས་པོ་རྣམས་ཆུ་དང༌། རླུང་དང༌། ནམ་མཁའ་རྣམས་ཀྱིས་བསྡུས་པ་ནི་ཕ་ལས་བྱུང་བ་སྟེ་ཝཾ་ངོ༌། །སའི་ཁམས་དང༌། མེའི་ཁམས་དང༌། ཡེ་ཤེས་ཀྱི་ཁམས་རྣམས་ནི་མ་ལས་བྱུང་བ་སྟེ་ཨེའོ། །དེ་བས་ན་ཨེ་ཝཾ་ངོ༌། །དེ་བས་ན་སྡུད་པར་མཛད་པའི་གསུང་མ་ཡིན་པར་བསྟན་པའི་ཕྱིར། ཨེ་ནི་ལས་ཀྱི་ཕྱག་རྒྱའོ། །ཝཾ་ནི་ཆོས་ཀྱི་ཕྱག་རྒྱའོ། །མཱ་ནི་ཕྱག་རྒྱ་ཆེན་པོའོ། །ཡཱ་ནི་དམ་ཚིག་གི་ཕྱག་རྒྱའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཨེ་ནི་རྣོ་བ་ཡིན་པའམ། འོག་གི་ཆ་ལ་གནས་པའམ། བྷ་གའི་རྣམ་པར་གནས་པའམ། གྲུ་གསུམ་དུ་གནས་པའམ། ནམ་མཁའ་ལྟར་སྟོང་པར་གནས་པའམ། གཅོད་ཅིང་འབིགས་པའི་རང་བཞིན་ཡིན་པའི་ཕྱིར་རམ། སྲེད་པའི་རང་བཞིན་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་ཡང་ཇི་སྐད་དུ། འབུམ་ཕྲག་ལྔའི་ཀྱེ་རྡོ་རྗེ་ལས། །


DTG021_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་ཨེ་ཡི་གཟུགས་ཅན་མ། །བློ་ལྡན་ནམ་མཁའི་ཁམས་སུ་བསམ། །ཞེས་པ་དང༌། གཞན་ཡང་དེ་ཉིད་ལས། རྣོ་ཕྱིར་མེ་ཡི་གཟུགས་དག་ཏུ། །དེ་ཡང་མ་མོ་རྣམས་སུ་བརྟགས། །དབྱངས་ཡིག་དང་པོའི་རང་བཞིན་དུ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བརྟགས། །ཞེས་གསུངས་སོ། །ལས་ཞེས་བྱ་བ་ནི་ལུས་དང༌། ངག་དང༌། ཡིད་བདེ་བའི་ལས་བྱེད་པའི་ཕྱིར་རོ། །རྒྱ་ཞེས་བྱ་བ་ནི་དེས་མཚོན་པར་བྱེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །གཞན་ཡང་ཝཾ་ནི། ཆོས་བརྗོད་པའི་ཡི་གེ་དང་འདྲ་བའམ། དཀར་པོའི་དོན་བརྗོད་པ་ཡིན་པའམ། ཆུ་དཀར་བ་ཡིན་པའམ། ཉོན་མོངས་པ་ཐམས་ཅད་འཁྲུ་བར་བྱེད་པའམ། བདེ་བ་ཆེན་པོའི་མཚན་ཉིད་འཛིན་པས་དེ་སྐད་ཅེས་བྱའོ། །མཱ་ནི་ཀུན་དུ་ཁྱབ་ཅིང་རྒྱ་ཆེ་བའམ། ཟབ་པའམ། ཡངས་པའམ། གཏོས་ཆེ་བའམ། རྒྱུན་མི་འཆད་པའི་བདེ་བ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཡཱ་ནི་འདའ་བར་བྱ་བ་མ་ཡིན་པའམ། ཇི་ལྟར་གནས་པ་དེ་ལྟར་གནས་པའམ། ཇི་བཞིན་པའི་མཚན་ཉིད་སྟོན་པའམ། ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པའམ། དམ་བཅས་པ་ལྟར་གནས་པ་དེའི་ཕྱིར། དེ་སྐད་ཅེས་བྱའོ། །གཞན་ཡང་ཡི་གེ་བཞི་ནི་འབྱུང་བ་བཞིའི་མཚན་ཉིད་ཅན། ལྷ་མོ་སྤྱན་མ་ལ་སོགས་པས་བྱིན་གྱིས་བརླབས་པ། སྐད་ཅིག་བཞི་དང༌། དགའ་བ་བཞི་དང༌། དབང་བཞི་དང༌། སྐུ་བཞི་ལ་སོགས་པ་ཡང་ཡིན་ནོ། །གཞན་ཡང་ཡི་གེ་བཞི་ནི་ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིར་བསྟན་པ་དེ་ཉིད་སྟོང་པ་ཉིད་དང༌། སྙིང་རྗེ་ལས་གཞན་པ་ཡོད་པ་མ་ཡིན་པར་བསྟན་པ་ནི། ཨེ་ནི་ཤེས་རབ་བོ། །ཝཾ་ནི་ཐབས་སོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་མེད་པ་སྟོན་པ་ནི་ཤེས་རབ་ཡིན་ལ། དངོས་པོའི་མཚན་ཉིད་སྟོན་པ་ནི་ཐབས་ཡིན་ཏེ། གོང་བུ་གསུམ་གསུམ་སྟེ་དྲུག་གི་བདག་ཉིད་དོ། །དེ་བས་དེའི་ཕྱིར་དངོས་པོ་ཐམས་ཅད་ནི་ཡི་གེ་གཉིས་སོ། །སྤྲུལ་པའི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་དང༌། ལོངས་སྤྱོད་ཀྱི་འཁོར་ལོ་དང༌། བདེ་བ་ཆེན་པོའི་འཁོར་ལོའོ་ཞེས་བྱ་བ་ནི་ལུས་ཅན་རྣམས་ལ་རྩའི་འཁོར་ལོའི་གཟུགས་ཀྱིས་རང་བཞིན་དུ་གནས་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་འདབ་མའི་གྲངས་རིམ་བཞིན་དུ། དྲུག་ཅུ་རྩ་བཞི་དང༌།


DTG021_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་དང༌། བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་སུ་རིག་པར་བྱ་སྟེ། དབྱུ་གུ་དང༌། ཐུན་མཚམས་དང༌། འཕོ་བ་དང༌། ཆུ་ཚོད་ཀྱི་དབྱེ་བས་རྟོགས་པར་བྱའོ། །དེ་རྣམས་ཀྱི་ཁ་དོག་ནི་སེར་པོ་དང༌། ནག་པོ་དང༌། དམར་པོ་དང༌། དཀར་པོ་སྟེ། ལས་བཞིའི་བྱེ་བྲག་གིས་དབྱེ་བར་བྱའོ། །ཨཱ་ལི་ཀཱ་ལི་ནི་གཡོན་པ་དང༌། གཡས་པའོ་ཞེས་པ་ནི། གཡོན་པ་ནི་ཨ་ལ་སོགས་པ་བཅུ་དྲུག་གི་དབྱངས་སུ་འོང་ལ། ཡོན་ཏན་ཞེས་བྱའོ། །གཡས་པ་ནི་ཀ་ལ་སོགས་པ་ལྔ་ཚན་གྱི་རང་བཞིན་དུ་འགྲོ་སྟེ། སྐྱོན་གྱི་ངོ་བོ་ཞེས་བྱའོ། །དེ་བས་ན་དེ་གཉིས་ནི་ཡོན་ཏན་སྐྱོན་གྱི་རང་བཞིན་ཞེས་བྱ་བ་ཡང་ཡིན་ནོ། །གཞན་ཡང་གཡས་པ་དང༌། གཡོན་པ་ནི། ཞི་བ་དང༌། ནུས་པ་ཞེས་ཀྱང་བྱའོ། །ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཾ། ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་པ་ནི། སྤྲུལ་པའི་འཁོར་ལོ་ལ་གནས་པའི་ཡི་གེ་རྣམས་སོ། །ཨོཾ་ཏཾ་ཧཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ། ཆོས་ཀྱི་འཁོར་ལོ་ཞེས་པ་ནི། ཆོས་ཀྱི་འཁོར་ལོ་ལ་གནས་པའི་ཡི་གེ་རྣམས་སོ། །དེའི་དབུས་སུ་ནི་ཡི་གེ་ཧཱུཾ་སྟེ། བདེ་བར་གཤེགས་པ་ལྔའི་རང་བཞིན་ནོ། །དེ་ལྟར་ཡང་གོང་དུ་བསྟན་པའི་སྡེ་ཚན་རྣམས་ཀྱི་རང་བཞིན་ནི་སྤྲུལ་པའི་འཁོར་ལོ་ཞེས་བྱ་སྟེ། དེའི་ལྟེ་བ་ལ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ཡི་གེ་ཨཾ་གནས་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་ཞེས་པ་ནི། མགྲིན་པའི་འདབ་མ་བཅུ་དྲུག་གོ །དེ་ལ་གནས་པའི་ཡི་གེ་ནི་ཨོཾ་ཨཱ་ཨཱི་ཨཱ་ཨཻ་ཞེས་བྱ་བ་རྣམས་སོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ནི། གོང་དུ་བརྗོད་པའི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེའི་ལྟེ་བ་ལ་ནི་ཡི་གེ་ཧཾ་ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྡོམ་པའི་བདག་ཉིད་དོ། །འོག་ཏུ་ཡི་གེ་ཀྵ་ཞེས་བྱ་བ་སྟེ། འོག་གི་སྒོ་སྲུང་བའོ། །ལུས་ཐམས་ཅད་ལ་འགྲོ་བ་དང༌། འོང་བའི་སྒོ་གཉིས་སུ་གནས་པ་ལས། འོག་གི་སྒོ་སྲུངས་ནི་ནི་ཀྵ་སྟེ་འོག་སྒོར་རོ། །དེ་ཉིད་ནི་འཇིག་རྟེན་ཕན་པ་རྣམས་ལ་ཕུང་པོ་ཟད་པར་བྱེད་པ་ཡང་ཡིན་ནོ། །ཟླ་བ་དང་ཉི་མ་དག་ནི་འོག་དང་སྟེང་གི་སྒོ་གཉིས་སོ་ཞེས་བྱ་བ་ནི། སྒོ་གཉིས་ཀྱི་མིང་བསྟན་པ་ཡོན་ཏན་དང་སྐྱོན་གྱི་རང་བཞིན་ཅན་ནོ། །དེ་ཡང་སྟེང་གི་ནི་གདུང་བ་བསྐྱེད་པའི་སྒོ་ཡིན་ལ། འོག་གི་


DTG021_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ལུས་ངག་ཡིད་སེམས་པར་བྱེད་པའི་སྒོ་ཞེས་བྱའོ། །གནད་འབྱེད་པའོ་ཞེས་བྱ་བ་ནི། སྟེང་གི་དགའ་བའི་དབང་ཕྱུག་སྟེ་སྟེང་ནའོ། །དེ་གཉིས་ཉིད་ནི་འགྲོ་བ་དང་འོང་བ་སྟེ། ཡར་ལ་སྲེག་པའི་ཚུལ་དུ་འགྲོ་ལ། མར་ནི་གསོ་བའི་ཚུལ་དུ་འོང་བས་ན། འགྲོ་བ་དང་འོང་བའོ། །རྣལ་འབྱོར་བཞི་ཞེས་བྱ་བ་ནི། འགྲོ་བ་དང་འོང་བ་གཉིས་ཀ་ལའོ། །མྱུར་བ་དང་ཞེས་བྱ་བ་ནི་མེའོ། །རླངས་པ་དང་ཞེས་བྱ་བ་ནི་རླུང་ངོ༌། །རྣམ་པར་འཆིང་བ་དང་ཞེས་བྱ་བ་ནི་སའོ། །དལ་བ་དང་ཞེས་བྱ་བ་ནི་ཆུ་སྟེ། དེ་ལྟར་ན་འགྲོ་འོང་གཉིས་ནི་རྣལ་འབྱོར་བཞིའོ། །སྟེང་གི་ལོགས་ནས་འཛག་པ་ནི་འོག་ཏུའོ་ཞེས་བྱ་བ་ནི་དེ་ལྟར་འགྲོ་བའི་རྣལ་འབྱོར་གྱི་སྟོབས་ཀྱིས། སྟེང་ཚངས་པའི་འཇིག་རྟེན་ནས་འཛག་པ་ནི་མི་ལ་སོགས་པའི་འོག་གི་ཡུལ་དུའོ། །ཏིང་ངེ་འཛིན་གསུམ་སྟེ་འགྲོ་བ་དང་འོང་བ་དེ་ཉིད་ལའོ། །དང་པོའི་རྣལ་འབྱོར་དང་ཞེས་པ་ནི་སྟོང་པ་ཉིད་དམ། ཡང་ན་ཙཎྜཱ་ལཱི་གྱེན་དུ་བསྐྱོད་པའོ། །དཀྱིལ་འཁོར་རྒྱལ་པོ་མཆོག་དང་ཞེས་པ་ནི། ཕྱག་མཚན་ལ་སོགས་པ་གྱུར་པ་ལས་གཟུགས་ཡོངས་སུ་རྫོགས་པའམ། ཡང་ན་ཙཎྜཱ་ལཱི་འོག་ཏུ་སྤྱན་དྲངས་པའོ། །ལས་ཀྱི་རྒྱལ་པོ་མཆོག་གོ་ཞེས་པ་ནི་སྐུ་ཕྲ་མོའི་སྤྲོ་བའམ། ཡང་ན་བདེ་བའི་སྟོབས་ཀྱིས་གཟུང་བའོ། །དེ་ཉིད་གསལ་པར་བསྟན་པ། དགུག་པ་དང་ཞེས་སྨོས་ཏེ་གཏུམ་མོས་སོ། །གཤེགས་སུ་གསོལ་བ་དང་ཞེས་པ་ནི་གཏུམ་མོ་སྟེ་སྟེང་དུའོ། །གཟུང་བའོ་ཞེས་པ་ནི། དེ་ལྟར་འཛག་པ་དེའོ། །ཡན་ལག་བཞིའི་ནི་ཞེས་པ་ནི། སྒྲུབ་པར་བྱེད་པའི་རྣལ་འབྱོར་རྣམས་ལའོ། །བསྙེན་པ་དང༌། ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་པ་ནི། རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས་གོ་རིམས་བཞིན་དུ་བསྙེན་པ་སྟོང་པ་ཉིད་དང༌། ཉེ་བར་སྒྲུབ་པ་ས་བོན་དགོད་པ་དང༌། སྒྲུབ་པ་སྐུ་ཡོངས་སུ་རྫོགས་པ་དང༌། སྒྲུབ་པ་ཆེན་པོས་ཡན་ལག་གསལ་བའམ། ཡང་ན་སྐུ་ཕྲ་མོ་སྤྲོས་པས་འགྲོ་བའི་དོན་བྱེད་པའོ། །ཅིག་ཤོས་ལྟར་ན་ནི། བསྙེན་པ་ལ་ཁྲོ་བོ་གཙུག་ཏོར་ཞེས་བྱ་བའི་རིགས་སུ་བསྒོམ་པ་དང༌། ཉེ་བར་སྒྲུབ་པའི་དུས་སུ་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་གཟུགས་སུ་བསྒོམ་པ་དང༌། སྒྲུབ་པ་ལ་ནི་ལྷའི་གཟུགས་ཞེས་བྱ་བར་བསྒོམ་


DTG021_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། སྒྲུབ་པ་ཆེན་པོ་ལ་སངས་རྒྱས་ཀྱི་བདག་པོ་ཞེས་བྱ་བའི་མིང་ཅན་བསྒོམ་པའོ། །དེ་ཡང་ཁྲོ་བོ་གཙུག་ཏོར་ཞེས་བྱ་བ་ནི། རྣམ་པར་ཤེས་པ་དང་ནམ་མཁའི་རིགས་མི་བསྐྱོད་པ་ཡིན་ཏེ། བླ་མའི་ཞལ་ལས་རྟོགས་པར་བྱ་བ་ཡིན་ལ། བདུད་རྩི་འཁྱིལ་པའི་ཁྲོ་བོ་ནི་རླུང་དོན་ཡོད་གྲུབ་པའི་རིགས་སྙིང་ག་ན་གནས་པ་ཡིན་ནོ། །ལྷའི་གཟུགས་ནི་གཏུམ་མོ་སྤྲོ་བ་སྟེ། འོད་དཔག་ཏུ་མེད་པའོ། །སངས་རྒྱས་བདག་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། འཛག་པ་མེད་པའི་བདེ་བའོ། །འབྲས་བུ་བཞི་ནི་ཞེས་པ་ནི། སྟོན་བཞིན་པའོ། །གང་ཡིན་ཞེ་ན། རྒྱུ་མཐུན་པ་དང་ཞེས་བྱ་བ་སྨོས་ཏེ། ཧཱུཾ་དུ་བསྐྱེད་པ་ལ་སོགས་པའི་ཡིན་ནོ། །རྣམ་པར་སྨིན་པ་དང་ཞེས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཡིན་ནོ། །སྐྱེས་བུ་བྱེད་པ་དང་ཞེས་པ་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ལྔའི་ཚུལ་དུའོ། །བྲལ་བའོ་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་གཟུང་བར་རྟོག་པ་དང༌། འཛིན་པར་རྟོག་པའི་དྲི་མ་གཉིས་སྤོང་ཞེས་བྱ་བའི་དོན་ཏོ། །དབྱེ་བ་བཞི་ཞེས་བྱ་བ་ནི། སྐྱེས་བུ་གྲུབ་པ་པོའི་ཁྱད་པར་བསྟན་པ་ཡིན་ནོ། །རྟུལ་པོ་དང་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་སྟེ་ཐ་མའོ། །འབྲིང་དང་ཞེས་བྱ་བ་ནི། དབང་པོ་འབྲིང་པོ་སྟེ་བར་མའོ། །རྣོན་པོ་ཞེས་བྱ་བ་ནི་སྐྱེས་བུ་དབང་པོ་རྣོན་པོའི་ཡང་རྣོན་པོ་སྟེ། དབང་པོ་རབ་ཏུ་གཏུགས་པའོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་རོ། །རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ནི་དགའ་བའོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་མཆོག་དགའི་བདག་ཉིད་དོ། །རྣམ་པར་ཉིད་པ་དང་ཞེས་བྱ་བ་ནི། ཁྱད་པར་གྱི་དགའ་བའི་སྐད་ཅིག་མའོ། །མཚན་ཉིད་དང་བྲལ་བའོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྐད་ཅིག་གོ །དེ་ཉིད་བལྟ་བ་དང༌། དགོད་པ་དང༌། ལག་བཅངས་དང༌། གཉིས་གཉིས་འཁྱུད་པའོ། །དགའ་བ་བཞི་ནི་དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བའོ་ཞེས་བྱ་བ་ནི་གོ་སླའོ། །བཟང་པོ་བཞི་ནི་ཞེས་པ་ནི། བདག་གི་བཟང་པོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ལྷར་བསྐྱེད་པའམ། ཡང་ན་ཕུང་པོ་ལ་སོགས་པ་གཟོད་མ་ནས་ལྷའི་རང་བཞིན་ཡིན་པའམ། གཟོད་


DTG021_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ནས་སྐྱེ་བ་མེད་པ་ནི་བཟང་པོ་ཞེས་བྱའོ། །དུས་ཀྱི་བཟང་པོ་ཞེས་བྱ་བ་ནི། འགོགས་པའི་དུས་སམ། བསམ་དུ་མེད་པའི་དུས་ལ་སོགས་པའོ། །ཡེ་ཤེས་ཀྱི་བཟང་པོ་ཞེས་བྱ་བ་ནི། དེའི་སྟོབས་ཀྱིས་འཛག་པ་མེད་པས་ཕུང་པོ་ལ་སོགས་པ་རྒྱས་པར་འགྱུར་རོ། །རླུང་གི་བཟང་པོ་ཞེས་བྱ་བ་ནི་འགགས་པས་བཟང་པོ་ཡིན་པའམ། རྒྱུ་བ་མེད་པས་བཟང་པོ་ཡིན་པའམ། ཡང་ན་རླུང་བཞི་ལས་རེ་རེ་འགྲུབ་པའམ། ཡང་ན་མེའི་རི་མོ་ཅན་ན་གནས་པ་ཡིན་པའམ། ཡང་ན་གཡོན་པ་དང་གཡས་པ་དག་ལས་སོ། །གཡོན་པའི་རྒྱུ་བ་ནི་རླུང་གི་བཟང་པོ་ཞེས་བྱའོ། །གནས་བཞི་ནི་ཞེས་བྱ་བ་ནི་རྟེན་པར་བྱ་བའམ། གཞི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཞན་གྱི་གནས་དང་ཞེས་བྱ་བ་ནི་གཞན་རྟེན་ལ་ལྟོས་པའི་ཕྱིར་ཏེ། ལས་སམ། ཡེ་ཤེས་སམ། བཀའོ། །བདག་གི་གནས་དང་ཞེས་བྱ་བ་ནི་རྣལ་འབྱོར་པ་བདག་ཉིད་བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྣལ་འབྱོར་གྱི་གནས་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ལས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟེན་གྱི་བདེ་བ་བྱུང་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་གནས་དང་ཞེས་བྱ་བ་ནི། དེ་ལྟར་སྙོམས་པར་ཞུགས་པ་ལས། བདེ་བ་རྟོགས་པའམ། ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ཁོ་ན་གསུམ་ཞེས་བྱ་བྱ་བ་ནི། ཕྱིན་ཅི་མ་ལོག་པས་དེ་ཁོ་ན་ཉིད་དོ། །དེ་ནི་བདག་གི་དེ་ཁོ་ན་ཉིད་དང་ཞེས་བྱ་བ་སྟེ། བདག་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལྷའི་དེ་ཁོ་ན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཟོད་མ་ནས་ཕྱིན་ཅི་མ་ལོག་པའི་ལྷ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཞེས་བྱ་བ་ནི་གཟོད་མ་ནས་ཕུང་པོ་རྣམས་ཕྱིན་ཅི་མ་ལོག་པའི་ལྷའི་གཞལ་ཡས་ཁང་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་ནི་ཞེས་བྱ་བ་ནི། སྙིང་པོའི་གནས་སམ། སྙིང་པོ་ལེན་པའམ། སྙིང་པོ་ཐིམ་པ་ཡིན་པས་དཀྱིལ་འཁོར་རོ། །སྐུའི་དཀྱིལ་འཁོར་ཞེས་བྱ་བ་ནི། ལུས་འདོམ་གང་གྲུ་བཞི་པའམ། ལྷའི་གནས་ཡིན་པའི་དོན་ཏོ། །གསུང་གི་དཀྱིལ་འཁོར་དང་ཞེས་བྱ་བ་ནི། དེའི་ནང་དུས་བོན་ལས་ལྷར་བསྐྱེད་པའི་ཕྱིར་རོ། །ཐུགས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་སེམས་ཉིད་ཐམས་ཅད་ཀྱི་གཞི་ཡིན་ལ། དེ་ཉིད་དཀྱིལ་འཁོར་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་གནས་


DTG021_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་པས་སོ། །ཤེས་རབ་གཉིས་ནི་འབིགས་པའམ། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའོ། །དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའོ་ཞེས་བྱ་བ་ནི་མིང་གཉིས་སོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཛིན་གྱི་དབུགས་འབྱིན་པའོ་ཞེས་བྱ་བ་ནི་དམིགས་པ་མེད་པ་ལ་གནས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་སྟེ། རྟོགས་པའི་གོ་སྐབས་མེད་ཅིང༌། དབུགས་འབྱིན་པའོ། །སྤྲུལ་པའི་དམིགས་པ་ནི་ཞེས་བྱ་བ་ནི་རྟོགས་པའི་སྤྲུལ་པས་སོ། །དེ་བཞིན་གཤེགས་པའི་དབུགས་འབྱིན་པ་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏེ། རགས་པའི་རྟོག་པ་ལས་དབུགས་ཕྱུང་བའི་ཕྱིར་རོ། །འཁོར་བའོ་ཞེས་བྱ་བ་ནི། ཇི་སྲིད་དུ་དམིགས་པ་མེད་པ་ལ་གནས་པ་དེ་སྲིད་དུ་འཁོར་བའོ། །སྐུ་གསུམ་ནི་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ་ཞེས་བྱ་བ་ནི། སྐུ་གསུམ་ནི་ཐིག་ལེ་གསུམ་མམ། ཡི་གེ་གསུམ་གྱི་བདག་ཉིད་འབྱུང་བའམ། འཇུག་པ་དང༌། གནས་པའི་རླུང་གསུམ་མོ། །དེ་བཞིན་གཤེགས་པ་ལྔ་ནི་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་རྒྱལ་བ་རིགས་ལྔའོ། །གཟུགས་དང་ཞེས་བྱ་བ་ནི་རྣམ་པ་སྣང་མཛད་དོ། །ཚོར་བ་དང་ཞེས་བྱ་བ་ནི་རྒྱལ་བ་འོད་དཔག་ཏུ་མེད་པའོ། །འདུ་ཤེས་དང་ཞེས་བྱ་བ་ནི་རྒྱལ་བ་རིན་ཆེན་འབྱུང་ལྡན་ནོ། །འདུ་བྱེད་དང་ཞེས་བྱ་བ་ནི་རྒྱལ་བ་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་རྒྱལ་བ་མི་བསྐྱོད་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཡོངས་སུ་གྱུར་པའོ། །ལྷ་མོ་བཞི་ནི་ཞེས་བྱ་བ་ནི། ན་བཟའ་དཀར་མོ་ལ་སོགས་པའོ། །སའི་ཁམས་དང༌། ཆུ་དང༌། མེ་དང༌། རླུང་དང་ཞེས་བྱ་བ་ནི་ལྷ་མོ་སྤྱན་མ་ལ་སོགས་པ་གོ་རིམས་བཞིན་ཏེ། ལྟུང་བྱེད་མ་དང༌། གསོད་བྱེད་མ་དང༌། འགུགས་བྱེད་མ་དང༌། གར་གྱི་དབང་ཕྱུག་མའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ་ཞེས་བྱ་བ་ནི་གཏི་མུག་དང༌། ཞེ་སྡང་དང༌། ཕྲག་དོག་དང༌། འདོད་ཆགས་


DTG021_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། སེར་སྣ་ལ་སོགས་པ་རྣམས་སོ། །ས་བཅུ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་ནས་འདི་ལྟར་འཁོར་ལོ་གསུམ་གྱི་བདག་ཉིད་དོ། །གནས་ནི་པུལླཱི་ར་མ་ལ་ཡ་དང༌། ཛཱ་ལནྡྷ་ར་དང༌། ཨཽ་ཌ་ཡ་ན་དང༌། ཨརྦུ་ང་སྟེ། བཞི་པོ་ནི་གནས་ཡིན་ནོ། །ཉེ་བའི་གནས་ཞེས་བྱ་བ་ནི། གོ་དཱ་བ་རི་དང༌། རཱ་མེ་ཤྭ་རི་དང༌། དེ་ཝཱི་ཀོ་ཊི་དང༌། མཱ་ལ་བ་སྟེ། བཞི་པོ་ནི་ཉེ་བའི་གནས་ཏེ་བརྒྱད་ཡིན་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་སྟེ་མཁའ་ལ་སྤྱོད་པ་ཡིན་ནོ། །ཞིང་དང་ཞེས་བྱ་བ་ནི། ཀཱ་མ་རཱུ་པ་དང༌། ཨོ་ཊེའོ། །ཉེ་བའི་ཞིང་དང་ཞེས་བྱ་བ་ནི། ཏྲི་ཤ་ཀུ་ནེ་དང༌། ཀོ་ས་ལའོ། །ཚནྡོ་ཧ་ཞེས་བྱ་བ་ནི། ཀ་ལིངྒ་དང༌། ལམྦཱ་ཀའོ། །ཉེ་བའི་ཚནྡོ་ཧ་ཞེས་བྱ་བ་ནི། ཀཱཉྩི་ཀ་དང༌། ཧི་མ་ལ་བྱའོ། །འདི་ནི་གསུང་གི་འཁོར་ལོ་སྟེ་ས་ལ་སྤྱོད་པའོ། །འདུ་བ་དང་ཞེས་བྱ་བ་ནི། ཡི་དགས་ལྷག་པར་གནས་པ་དང༌། ཁྱིམ་གྱི་ལྷའོ། །ཉེ་བའི་འདུ་བ་དང་ཞེས་བྱ་བ་ནི། སཽ་རཱཥྚ་དང༌། གསེར་གླིང་ངོ༌། །དུར་ཁྲོད་དང་ཞེས་བྱ་བ་ནི། ན་ག་ར་དང་སིནྡྷུའོ། །ཉེ་བའི་དུར་ཁྲོད་དང་ཞེས་བྱ་བ་ནི། མྱ་ངན་དང༌། ཀུ་ལུ་ཏའོ། །ཉི་ཤུ་རྩ་བཞིར་དབྱེ་བས་དབྱེ་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས་ཉི་ཤུ་རྩ་བཞིར་དབྱེ་བར་བྱའོ། །པུ་ལླཱི་ར་མ་ལ་ཡ་ཞེས་བྱ་བ་ནས། ཀུ་ལུ་ཏ་ཞེས་བྱ་བ་ཡན་ཆད་ནི་གོ་སླའོ། །འདི་རྣམས་རིམ་པ་ཇི་ལྟ་བས། །ཞེས་བྱ་བ་ནི་གོང་དུ་བརྗོད་པ་དེ་རྣམས་སོ། །སྤྱི་བོ་དང་ཞེས་བྱ་བ་ནི། པུ་ལླཱི་རར་ནི་རབ་ཏུ་གཏུམ་མའོ། །སོ་དང་སེན་མོ་རབ་ཏུ་སྐྱེད། །ཅེས་བྱའོ། །སྤྱི་གཙུག་དང་ཞེས་བྱ་བ་ནི། ཛཱ་ལནྡྷ་རར་གཏུམ་མིག་མ། །སྐྲ་དང་སྤུ་ནི་རབ་ཏུ་སྐྱེད། །ཅེས་བྱ་བའོ། །རྣ་བ་གཡས་པ་དང་ཞེས་བྱ་བ་ནི། ཨོ་ཌ་ཡ་ན་ཞེས་བྱ་བའི་གནས་མིང་ནི། ལྷ་མོ་འོད་ལྡན་མ་ཞེས་བྱ་བ་པགས་པ་དང་དྲི་མ་སྐྱེད་པའོ་ཞེས་བྱའོ། །རྩིབ་ལོགས་དང་ཞེས་བྱ་བ་ནི། ཨརྦུ་ད་ན་ཤངས་ཆེན་མ། ཤ་ནི་རབ་ཏུ་སྐྱེད་མཛད་མའོ། །ཞེས་བྱའོ། །རྣ་བ་གཡོན་པ་དང་ཞེས་བྱ་བ་ནི། གོ་དཱ་བ་རིར་དཔའ་བློ་མ། །རྒྱུས་པ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །སྨིན་མའི་དབུས་དང་ཞེས་བྱ་བ་ནི། རཱ་མེ་ཤྭ་རར་མིའུ་ཐུང་མ། རུས་པ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །མིག་


DTG021_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་དང་ཞེས་བྱ་བ་ནི། ལངྐའི་བདག་མོ་ལྷ་མོའི་རྫོང༌། དེས་ནི་མཆིན་པ་རབ་ཏུ་སྐྱེད། །ཅེས་བྱའོ། །ལག་པའི་རྩབ་དག་དང་ནི། །ཞེས་བྱ་བ་ནི། མཱ་ལ་བར་ནི་ལྗོན་གྲིབ་མ། །སྙིང་སྤྲུག་རབ་ཏུ་སྐྱེད་པར་མཛད། །ཅེས་བྱའོ། །མཆན་ཁུང་དག་དང་ཞེས་བྱ་བ་ནི། ཀཱ་མ་རཱུར་གནས་ས་སྲུང་མ། །མིག་ནི་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །ནུ་མ་གཉིས་དང་ཞེས་བྱ་བ་ནི། ཨོ་ཏྲེར་འཇིགས་བྱེད་ཆེན་མོ་གནས། །མཁྲིས་པ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །ལྟེ་བ་དང་ཞེས་པ་ནི། ཏྲི་ཤ་ཀུ་ནེར་རླུང་ཤུགས་མ། །གློ་བ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །སྣའི་རྩེ་མོ་དང་ཞེས་བྱ་བ་ནི། ཀོ་ས་ལར་ནི་སྐྱེམས་གསོལ་མ། །རྒྱུ་མ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །ཁ་དང་ཞེས་བྱ་བ་ནི། ཀ་ལིངྒར་ནི་སྔོ་བསངས་མོ། །རྩིབ་ལོགས་སྐུད་པའི་རྟེན་བྱེད་མའོ། །ཞེས་བྱའོ། །ཕྲག་གོང་ཞེས་བྱ་བ་ནི། ཤིན་ཏུ་བཟང་པོ་ལམྦ་ཀར། །ལྟོ་བའི་གནས་ནི་རབ་ཏུ་སྐྱེད། །ཅེས་བྱའོ། །སྙིང་དང་ཞེས་བྱ་བ་ནི། ཀཱཉྩི་ལ་གནས་རྟ་རྣ་མ། །ལྟག་པར་དྲི་ཆེན་སྐྱེད་པར་བྱེད། །ཅེས་བྱའོ། །ཕོ་མཚན་དང་ཞེས་བྱ་བ་ནི། གསང་གནས་ལ་གནས་བྱ་གདོང་མ། །མཚོགས་མའི་སྲུབས་ནི་སྐྱེད་པར་བྱེད། །ཅེས་བྱའོ། །རྟགས་དང་ཞེས་བྱ་བ་ནི། པྲེ་ཏ་པུ་རིར་རབ་གནས་པ། །འཁོར་ལོའི་ཤུགས་ཅན་མཆིལ་མ་སྐྱེད། །ཅེས་བྱའོ། །བཤང་བའི་ལམ་དང་ཞེས་བྱ་བ་ནི། ཁྱིམ་གྱི་ལྷ་གནས་དུམ་སྐྱེས་མ། །རྣག་ནི་རྟག་པར་སྐྱེད་པར་བྱེད། །ཅེས་བྱའོ། །བྲང་གི་གནས་དང་ཞེས་བྱ་བ་ནི། སཽ་རཱཥྚར་གླང་སྣ་མ། །རྟག་ཏུ་རྣག་ནི་རབ་ཏུ་སྐྱེད། །ཅེས་བྱའོ། །བྱིན་པ་དག་དང་ཞེས་བྱ་བ་ནི། འཁོར་ལོས་སྒྱུར་མ་གསེར་གླིང་གནས། །རྡུལ་ནི་རྟག་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །སོར་མོ་རྣམས་དང་ཞེས་བྱ་བ་ནི། ཤིན་ཏུ་དབང་མོ་གྲོང་ཁྱེར་གནས། །ཚིལ་ནི་རྟག་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །རྐང་པའི་རྒྱབ་དང་ཞེས་བྱ་བ་ནི། སིནྡྷུར་སྟོབས་ཆེ་ན་མ་ཞེས་གནས། །མྱ་ངན་བཅས་ཤིང་མཆི་མ་སྐྱེད། །ཅེས་བྱའོ། །མཐེ་བོང་དག་དང་ཞེས་བྱ་བ་ནི། མ་རོར་འཁོར་ལོས་སྒྱུར་བ་གནས། །ལྟག་པར་ལུད་བ་སྐམ་པོ་སྐྱེད། །ཅེས་བྱའོ། །པུས་མོ་གཉིས་དང་ཞེས་བྱ་བ་ནི། ཀུ་ལུ་ཏར་གནས་བརྩོན་ཆེན་མ། །སྣ་ཆུ་


DTG021_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟག་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །བལྟ་བར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཐ་ཚིག་གོ །པུལླཱི་ར་མ་ལ་ཡར་ནི་མགོ་ཟུག་གོ་ཅེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཐིམ་མོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་གནས་ཉི་ཤུ་རྩ་བཞི་པོར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ལུས་ཀྱི་ཁམས་སྐུ་གསུམ་གྱི་ཚུལ་གྱིས་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང་ཐིམ་པ་ནི་གནས་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་བལྟའོ། །གནས་འདི་རྣམས་སུ་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཇི་ལྟར་བ་དེ་བས་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་བདེ་བའི་བྱེ་བྲག་གིས་སོ། །བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ནི་འཛག་པ་མེད་པའི་བདེ་བས་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །རིམ་པ་ཇི་ལྟ་བར་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་གཟུགས་ཀྱིས་ཞེས་བྱ་བ་ནི་གནས་ཉི་ཤུ་རྩ་བཞི་པོ་རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི་ཚུལ་གྱིས་ཐིག་ལེ་འབྱུང་ཞིང༌། ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །བསྐྱེད་པ་དང༌། གནས་པ་དང༌། རབ་ཏུ་ཐིམ་པའོ་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ཚུལ་གྱིས་ཏེ། དཔེར་ན་ཉི་མ་ཤར་བ་དང༌། ཕྱེད་པ་དང༌། ནུབ་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་རྣམས་ཀྱི་གཙོ་བོས་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པ་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོ་ནི་རླུང་ཡིན་ཞེས་བྱ་བའི་དོན་ཏོ། །ཨོ་ཌི་ཡ་ན་ཞེས་བྱ་བ་ནི་རྣ་བ་གཡས་པ་སྟེ་འབྱུང་བའི་ལམ་མོ། །གནད་ཀྱི་སྒོ་ཕྱེད་པ་ཞེས་བྱ་བ་ནི་སྨིན་མཚམས་སུའོ། །རྡོ་རྗེ་མཁའ་འགྲོ་མས་བསྐུལ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་མེས་བདེ་བ་བསྐུལ་བའོ། །ཛཱ་ལནྡྷ་རར་བདེ་བ་ཆེན་པོའི་ཡེ་ཤེས་འདུ་བའོ་ཞེས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་རྣམས་ཀྱི་དབུའི་གཙུག་ཏོར་ནས་ཞུགས་པའི་དམ་ཚིག་གི་འཁོར་ལོའི་མིང་ཅན་དུ་བདེ་བའི་ཡེ་ཤེས་སྡུད་ཅེས་བྱ་བའི་དོན་ཏོ། །ཕྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡུད་པར་བྱའོ་ཞེས་བྱ་བ་ནི་ཡེ་ཤེས་རིམ་པ་ནས་སྟོན་བཞིན་པའོ། །འདི་ཉིད་དཀྱིལ་འཁོར་


DTG021_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། སྦྱིན་སྲེག་དང༌། མཆོད་པ་དང༌། བཟླས་པ་དང༌། བསམ་གཏན་དང༌། སེམས་པ་དང༌། རྡུལ་ཚོན་འབྲི་བ་ལ་སོགས་པའི་བསོད་ནམས་འདིའོ་ཞེས་བྱ་བ་ནི། རྣལ་འབྱོར་པ་བདག་ལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་བདུད་རྩི་ལེན་ཅིང༌། བདག་གི་ལུས་ངག་ཡིད་སིམ་པར་བྱེད་པས་ན་སྦྱིན་སྲེག་དང་དཀྱིལ་འཁོར་ལ་སོགས་པ་འདི་ཉིད་མཆོག་སྟེ། ཕྱིའི་དཀྱིལ་འཁོར་ལ་སོགས་པས་ལུས་ངལ་བར་བྱེད་པས་ཅི་ཞིག་བྱ་སྟེ། སྤང་བར་བྱ་ཞེས་བྱ་བ་ཡིན་ལ། དེ་ལས་གཞན་པ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་ལས་དང་པོར་གཏོགས་པ་རྣམས་ཀྱིས་སྤང་པར་མི་བྱ་སྟེ། འབད་པས་སྤྱད་པར་བྱ་བའི་དོན་ཏོ། །རྒྱུད་ཀྱི་རིམ་པའོ་ཞེས་བྱ་བ་ནི་རིམ་པ་སྟོན་པར་བྱེད་པ་ལས། འདི་ནི་རིམ་པ་དང་པོ་ལུས་ཅན་རྣམས་ལ་རང་བཞིན་དུ་བསྟན་ཏོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས། །རྒྱུད་ཀྱི་རིམ་པའི་འགྲེལ་པ་བསྟན་པ་སྟེ་དང་པོ་རྫོགས་སོ།། །།

གཉིས་པ། སྔགས་ཀྱི་རིམ་པའི་འགྲེལ་བ་བསྟན་པ།


DTG021_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྲུབ་པ་དང་སྲུབ་པར་བྱེད་པའི་སྦྱོར་བ་ལས་ཞེས་བྱ་བ་ནི་རྩ་གཉིས་ཕྲད་པར་བྱེད་པའི་སྦྱོར་བའམ། རྩ་གསུམ་ལ་དཀྲུགས་པའི་སྦྱོར་བའོ། །ཡེ་ཤེས་ཀྱི་མེ་འདི་ལ་ཞེས་བྱ་བ་ནི་ལྟེ་བ་ན་གནས་པའི་རང་འབྱུང་གི་མེ་འདི་ལའོ། །ལས་ཀྱི་རླུང་གིས་བསྐྱོད་པ་ཞེས་བྱ་བ་ནི་གཡས་དང་གཡོན་པའི་སྟོབས་སམ། བསྐྱོད་པ་ལས་འབྱུང་བས་སོ། །ལྟེ་བའི་དཀྱིལ་འཁོར་དུ་དུ་བ་དང་འབར་བ་དང་གསལ་བ་དང་ཞེས་བྱ་བ་ནི། དེའི་དབང་གིས་དང་པོར་དུ་བ་སྟེ་རླངས་པ་དང༌། དེ་ལས་འབར་བ་དང༌། དེ་ལས་ཀུན་དུ་གསལ་བའམ། ཡང་ན་དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན་དུ་བ་ལྟ་བུ་ལ་སོགས་པའི་རྟགས་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་འཁོར་ལོར་སོང་སྟེ་ཞེས་བྱ་བ་ནི། བདག་གི་ཆོས་ཀྱི་འཁོར་ལོར་སོང་བའོ། །བདེ་བར་གཤེགས་པ་བསྲེགས་ཞེས་བྱ་བ་ནི། དེ་ན་གནས་པའི་ཡི་གེ་ཐམས་ཅད་ཀྱི་རང་བཞིན་བསྲེགས་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོར་སོང་ཞིང༌། ཐམས་ཅད་ལ་བསྐོར་བ་གསུམ་བྱས་པ་དང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་དེ་དམ་


DTG021_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིག་གི་འཁོར་ལོ་ནས་ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ། ཐབས་དེ་ལ་གནས་པའི་ཡེ་ཤེས་ལ་བསྐོར་བ་གསུམ་བྱེད་ཞེས་བྱ་བའི་དོན་ཏོ། །མཛོད་སྤུར་སོང་སྟེ་གནད་ཀྱི་སྒོ་ཕྱེ་བ་དང་ཞེས་བྱ་བ་ནི་དགའ་བའི་དབང་ཕྱུག་གི་མིང་ཅན་དེ། བདེ་བ་ཆེན་པོའི་འཁོར་ལོར་སྟོན་པའོ། །ཨོ་ཌི་ཡ་ན་ཞེས་བྱ་བ་ནས་ཕྱུང་ཞིང་ཞེས་བྱ་བ་ནི་བདག་གི་རྣ་བ་གཡས་པ་ནས་ཡེ་ཤེས་ཀྱི་མེ་ཕྱུང་བའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་དང༌། སྤྱི་གཙུག་གི་ཁུང་བུར་སོང་སྟེ་ཞེས་བྱ་བ་ནི་ཡང་ཡེ་ཤེས་ཀྱི་མེ་དེ་བདག་གི་ཨོ་ཌི་ཡ་ན་ནས་ཕྱུང་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཛ་ལནྡྷ་རའི་ལམ་ནས་འཇུག་ཅིང༌། དམ་ཚིག་གི་འཁོར་ལོར་གཤེགས་པའོ། །གསེར་གྱི་སྒོ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཞབས་གསེར་གླིང་ནས་བྱུང་བའོ། །འབར་བ་འཛིན་པ་ཞེས་བྱ་བར་བཞུགས་སོ་ཞེས་བྱ་བ་ནི་སླར་བདག་གི་སྤྱི་བོ་ནས་ཞུགས་པའོ། །སྔོན་བཞིན་དུ་འཁོར་ལོ་ཐམས་ཅད་མ་ལུས་པར་བསྲེགས་ཏེ་ཞེས་བྱ་བ་ནི་འོངས་ནས་ཡང་སླར་འགྲོ་བའི་དུས་སོ། །འགྲོ་བ་དང་འཇུག་པ་ཡང་མི་མཐོང་ཞེས་བྱ་བ་ནི། ཡར་མེའི་ལ་མ་ནས་ཡང་འགྲོ་བ་དང༌། མར་ཆུའི་ལམ་ནས་འོང་བ་མི་མཐོང་བའོ། །ཅིའི་ཕྱིར་ཞེ་ན་སྐྲའི་ཉག་མ་གཅིག་བརྒྱ་སྟོང་དུ་གཤགས་པའི་ཚད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་ཚུལ་གྱིས་འགྲོ་བ་དང༌། འོང་བར་བྱེད་པའམ། ཡང་ན་ཤིན་ཏུ་ཕྲ་བའི་ཚུལ་དུ་ཡིད་གཏད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་རིམ་པའོ་ཞེས་བྱ་བ་ནི། དེ་ལྟར་རྒྱུད་ལ་གནས་བ་སྟེ། འཁོར་ལོ་བཞི་གནས་པའི་ཡི་གེ་རྣམས་ཨཱ་ལི་ཀཱ་ལི་ལས་གཞན་མ་ཡིན་པའམ། ཡང་ན་ཡར་འགྲོ་བ་ནི་ཀཱ་ལིའི་སྒྲ་དང་ལྡན་པར་འགྲོ་ལ། མར་འོང་བ་ནི་ཨཱ་ལིའི་སྒྲ་དང་ལྡན་པར་འོང་བའི་ཕྱིར་རོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས། སྔགས་ཀྱི་རིམ་པའི་འགྲེལ་པ་བསྟན་པ་སྟེ་གཉིས་པ་རྫོགས་སོ།། །།

གསུམ་པ། ཡེ་ཤེས་ཀྱི་རིམ་པ་བསྟན་པ།


DTG021_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་སོང་སྟེ་ཞེས་བྱ་བ་ནེ་ཡེ་ཤེས་ཀྱི་མེ་དེ་སྔར་བཞིན་མ་བསྲེགས་པ་རྣམས་བསྲེགས་ཤིང༌། སྔོན་གྱི་ལམ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩི་བླང་བར་བྱ་ཞིང༌། ཕྱིར་ཐུགས་ཀར་འགྲོའོ། །དམ་ཚིག་གི་འཁོར་ལོར་དཀྲུགས་ཤིང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་དཀྲུགས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཁྱེར་ནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའིའོ། །གོང་གི་སྒོ་ནས་ཕྱུང་སྟེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསེར་གླིང་ནས་སོ། །འོ་མའི་རྒྱུན་ལྟར་འོང་ཞིང༌། དེ་ཉིད་སྒོ་ནས་ཞུགས་སོ་ཞེས་བྱ་བ་ནི། བདག་གི་སྤྱི་བོའི་སྒོ་ནས་འཇུག་པའོ། །སོའི་མཚམས་ཀྱི་མཐའི་བུག་པ་ནས་འོངས་ཏེ་ཞེས་བྱ་བ་ནི་བདག་གི་རྙིལ་གྱི་མཚམས་ནས་འོངས་པའོ། །ལོངས་སྤྱོད་ཀྱི་འཁོར་ལོར་ངལ་བསོ་སྟེ་ཞེས་བྱ་བ་ནི་གནས་དེར་གནས་ཤིང་བདེ་བ་རྒྱས་པའོ། །བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་བ་སྐྱེད་པ་སྟེ་ཞེས་བྱ་བ་ནི་སྔར་གྱི་ཡི་གེ་བསྲེགས་པ་རྣམས་སླར་གསོ་ཞིང་དགྱེས་པ་བསྐྱེད་པའོ། །ལྟེ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་ཡེ་ཤེས་ཐམས་ཅད་རྒྱས་ཞེས་བྱ་བའི་དོན་ཏོ། །འདི་ཉིད་འདའ་བར་མི་བྱ་བ་སྟེ། མཁའ་འགྲོ་མ་ཀུན་གྱི་སྔོམ་པ་ཞེས་བྱ་བ་ཡིན་ནོ། །འདི་ལ་ཡང་འབྱུང་བ་དང༌། འོང་བ་དང༌། འཇུག་པ་ཡང་མི་མཐོང་སྟེ། སྐྲ་ཉག་མ་གཅིག་བརྒྱ་སྟོང་དུ་གཤགས་པའི་ཚད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུད་གོང་དུ་བརྗོད་པ་དང་མཚུངས་སོ། །ཡེ་ཤེས་ཀྱི་རིམ་པའོ་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་སྦྱོར་བས་བདུད་རྩི་འཛག་པའི་བདེ་བའི་ཕྱིར་མི་འདའ་བ་ནི་བདེ་བའི་ཡེ་ཤེས་སུ་དགོངས་སོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས་ཡེ་ཤེས་ཀྱི་རིམ་པ་བསྟན་པ་སྟེ་གསུམ་པ་རྫོགས་སོ།། །།

བཞི་པ། གསང་བའི་རིམ་པ་བསྟན་པ།


DTG021_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྒྱུད་དང་སྔགས་དང༌། ཡེ་ཤེས་སྤང་བ་ཞེས་བྱ་བ་ནི་གསང་བའི་རིམ་པའི་ཁྱད་པར་ཏེ་རྒྱུད་དུ་རྟོགས་པ་དང༌། སྔགས་སུ་རྟོགས་པ་དང༌།


DTG021_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་སུ་རྟོགས་པ་སྤངས་པའམ་དགག་པའོ། །སྒོ་དགག་པ་འགྲོ་བ་དང་འོང་བ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི། དབང་པོའི་སྒོ་འགག་ཅིང་ཡར་འགྲོ་བ་དང༌། མར་འོང་བ་ལས་གྲོལ་བའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང༌། ལྷ་མོ་དང༌། བྱང་ཆུབ་སེམས་དཔའི་རྟོག་པ་དང་བྲལ་བའམ། ཡང་ན་མི་གཙང་པའི་ལུས་སྤངས་ནས་པགས་པ་དང༌། ཤ་དང་ཁྲག་རུས་པ་དོར་ཏེ། རྡོ་རྗེའི་སྐུར་གྱུར་པའོ། །ཡུལ་རྣམས་ལས་གྲོལ་བའོ་ཞེས་བྱ་བ་ནི་ཡུལ་རྣམས་ལ་ཞེན་པ་མེད་པ་སྟེ། མི་རྟོག་པའི་ཡུལ་ལ་གནས་པའི་ཕྱིར་རོ། །མུན་པ་སྨག་ཏུ་གྱུར་པ་ལ་ཟླ་བའི་ནོར་བུ་ལྟར་འོད་གསལ་བ་ཞེས་བྱ་བ་ནི། དཔེར་ན་མུན་པ་འགའ་ཞིག་ལ་མར་མེའམ། ཆུ་ཤེལ་འོད་དང་ལྡན་པ་བཞག་ན་གསལ་བར་འགྱུར་བ་ལྟར། མ་རིག་པའི་མུན་པ་ཆེན་པོས་སྨག་ཏུ་འགྱུར་བ་ལ་ཡེ་ཤེས་ཀྱི་ཟླ་བའི་འོད་ཀྱིས་བསལ་བར་བྱེད་པའི་དོན་ཏོ། །རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་རྡུལ་ལས་ཁྲག་གི་རང་བཞིན་ཕྱིར་བོར་བའོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་གཟོད་མ་ནས་སྟོང་པར་ཤེས་པའོ། །མཚན་མ་མེད་བ་ཞེས་བྱ་བ་ནི་ཆོས་རྣམས་གཟོད་མ་ནས་མཚན་མ་མེད་པར་རྟོགས་པའོ། །སྨོན་པ་མེད་པ་ཞེས་བྱ་བ་ནི། སྨོན་པར་བྱ་བ་ཆོས་གང་ཡང་གྲུབ་པ་མེད་པར་ཤེས་པའོ། །རང་དང་གཞན་དང་ཞེས་བྱ་བ་ནི། བདག་ཏུ་རྟོག་པ་སྤངས་པ་དང༌། གཞན་དུ་རྟོག་པ་སྤངས་པའོ། །རང་རིག་པའི་ཡེ་ཤེས་སྤངས་པ་ཞེས་བྱ་བ་ནི་རིག་པའི་ཡེ་ཤེས་དང་བྲལ་བའམ། ཡང་ན་ཕྱོགས་གཅིག་ཤེས་པའི་ཡེ་ཤེས་སྤངས་པའོ། །ཕྱག་རྒྱ་ཆེན་པོའི་ཐབས་ནི་བདག་རིག་གཞན་རིག་ཐམས་ཅད་རིག་པ་ཡིན་པའི་ཕྱིར་རོ། །མཆོག་ཏུ་ཞི་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཡིན་ཏེ། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པའི་ཕྱིར་རོ། །འདོད་ཆགས་དང་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་ཟླ་བའི་གཟུགས་འཕྲལ་བར་གནས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་གསང་བའི་རྡོ་རྗེ་དང་


DTG021_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྲལ་བ་ཡིན་ལ། རྣམ་པར་འགྲེལ་པ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པ་ལ་ཞུ་བའི་བདག་ཉིད་དུ་གྱུར་ཏེ། གསང་བའི་རྡོ་རྗེར་ཞུགས་པ་དང༌། འདོད་ཆགས་དང་བྲལ་བ་སྟེ་ནོར་བུ་ལས་ཕྱིར་མི་འབྱུང་བ་དང་བྲལ་བ་སྟེ། འདྲེས་པ་ཞེས་བྱ་བའི་དོན་ཡིན་ནོ། །མར་ལ་མར་བླུགས་པ་ལྟར་མྱ་ངན་ལས་འདས་པ་བྱང་ཆུབ་ཀྱི་སེམས་བདག་མེད་པའོ་ཞེས་བྱ་བ་ནི། དཔེར་ན་མར་མེ་འཆི་ཀ་མ་ལ་མར་སླར་བསྣན་པ་ན་གསལ་བར་འགྱུར་བ་ལྟར། དེ་ལྟར་བརྗོད་པའི་ཏིང་ངེ་འཛིན་ལ་ཡང་ནས་ཡང་དུ་གནས་པས་བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བའི་ཕྱིར་ཞིང་གསལ་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདག་མེད་པ་རྟོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །བཅུན་མོའི་བྷ་ག་ཞེས་བྱ་བ་ནི་བདེ་བ་ཅན་ལའོ་ཞེས་བྱ་བ་ནི་འཇོམས་པའམ། སྐལ་བ་སྟོན་པས་བྷ་གའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྐྱེད་པས་ནི་དེ་སྐད་ཅེས་བྱའོ། །བཞུགས་སོ་ཞེས་བྱ་བ་ནི་གནས་པ་ལྟ་བུའོ་ཞེས་བྱ་བ་ནི་བདེ་བ་འབྱུང་བའི་གནས་ཏེ་ཁུ་བའི་གཟུགས་ཀྱིས་བཞུགས་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ་ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་ཐེག་པ་འདི་ལ་ཕུང་པོ་ལྔ་ནི་རྒྱལ་བ་རྣམ་པ་ལྔ་ཡིན་པ་ལ་སོགས་པའི་སྒྲས་ཁམས་རྣམས་ལྷ་མོ་བཞི་ཡིན་ཞིང༌། སྐྱེ་མཆེད་རྣམས་ནི་བྱང་ཆུབ་སེམས་དཔའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་ཨོཾ་ཨཱཿ་ཧཱུཾ་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་འབྱུང་བ་དང༌། འཇུག་པ་དང༌། གནས་པའི་ཡི་གེ་གསུམ་ཞེས་བྱའོ། །ཡི་གེ་འདི་རྣམས་ནི་ཞེས་བྱ་བ་ནི་འབྲུ་གསུམ་མོ། །དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བའོ། །དེ་རྣམས་ཏེ་ཕུང་པོ་ལ་སོགས་པའི་བདེ་བར་གཤེགས་པ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཏེ་ཡི་གེ་གསུམ་མོ། །བཙུན་མོ་ནི་མི་ལ་སོགས་པའི་བུད་མེད་ཀྱི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་བུ་མོ་བཞིའོ། །


DTG021_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་སྨོས་པ་ནི་ལྷ་དང་ལྷ་མིན་ལ་སོགས་པ་ཡང་ནུས་པ་ཅན་གྱིས་འགུགས་པ་ཡིན་ལ། སོགས་པའི་སྒྲ་གཅིག་གིས་སྤྲུལ་པའི་གཞོན་ནུ་མ་ཡང་ངོ༌། །དེ་ལ་བུད་མེད་ཀྱི་དོན་མི་དེའི་བྷ་གའོ་ཞེས་བྱ་བ་ནི་སྐལ་བ་སྟོན་པ་དེའི་སྐྱེ་གནས་སོ། །ཨེ་ཝཾ་འདི་ནི་ཞེས་བྱ་བ་ནི། །རྒྱུད་ལས་གསུངས་པའི་ལེགས་པར་སྦྱར་བའི་སྐད་འདིའོ། །ཨེ་ཡི་ཆ་བྱད་བཟང་པོ་གང༌། །ཞེས་བྱ་བ་ནི་སྐབས་ཁྱད་པར་ཅན་འདིར་ནི་ཨེའི་ཆ་བྱད་ཞེས་བྱ་བ་སྐྱེ་གནས་དངོས། ཨེའི་ཆ་བྱད་དུ་འདུག་པ་ཡིན་ལ། ཡི་གེ་མ་ཡིན་ནོ། །བཟང་པོ་ནི་བདེ་བ་ཡིན་པས་སོ། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨེའི་དབུས་གསང་བའི་རྡོ་རྗེ་ཝཾ་གི་རྣམ་པ་ལྟ་བུ་བཀོད་པ་ཡིན་གྱི། ཡི་གེ་ཝཾ་ནི་མ་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་ནི་འདི་ལས་གཞན་ན་མེད་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་ནི་སངས་རྒྱས་ནི་བར་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཟ་མ་ཏོག་ནི་ཡི་གེ་གཉིས་སོ། །དེ་ལ་བདག་གི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ཐོས་སོ་ཞེས་བྱ་བ་ནི་འཛག་པའི་དོན་ལ་བྱའི། རྣ་བའི་ཡུལ་དུ་ནི་མ་ཡིན་ནོ། །འཛག་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཏེ། སྤྲུལ་པ་དེ་འཆར་བ་དང༌། ལོངས་སྤྱོད་པ་སྟེ། ཉམས་སུ་མྱོང་བ་ལ་ཐོས་པ་ཞེས་བྱའོ། །འདི་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ནི་གཏན་ཚིགས་དེ་བས་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། ཐིག་ལེ་གསུམ་ལ་ལྕགས་གསུམ་གྱི་གཟུགས་སོ། །རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་བ་ནི་གོང་དུ་བཤད་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དེ་བཞུགས་སོ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བཅོམ་ལྡན་འདས་ནི་ཀུན་རྫོབ་ཏུ་བྱང་ཆུབ་ཀྱི་སེམས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་རླུང་འགོག་པའི་དུས་གཅིག་ནའོ། །སམ་གཅིག་དང་ཞེས་བྱ་བ་


DTG021_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་མཉམ་པའམ། མི་འདའ་བའི་དུས་གཅིག་ནའོ། །འགོག་པའི་དུས་དང་ཞེས་བྱ་བ་ནི་ཕྱིར་མི་འབྱུང་བའོ། །དཔྱིད་ཀྱི་དུས་ཇི་སྲིད་པའི་དུས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྐྱེ་བའམ། དགའ་བའི་མཐའ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསལ་བར་བསྟན་པ་ནི་གཡས་པ་གཡོན་པའི་སྣ་བུག་ཏུ་སོར་བ་ཞེས་བྱ་བ་ནི་གཡས་གཡོན་ན་གནས་པའི་རླུང་ངོ༌། །འགོག་པ་ཐོབ་པ་ནི་འགག་པའི་དོན་ཏོ་ཞེས་བྱ་བ་ནི་རླུང་དེ་ཉིད་དོ། །དེ་ལྟར་རླུང་འགགས་པ་དེས་རྟོག་པ་མི་འགག་གམ་ཞེས་དོགས་པ་ལ། ཆོས་གང་རྒྱུ་བྱུང་དེ་དག་ནི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སློང་ཆེན་པོས་དེ་སྐད་གསུངས། །ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་ངོ་ཞེས་ཀྱང་གསུངས་ལ། དེ་བས་རྣམ་པར་རྟོག་པའི་རྒྱུ་རླུང་འགགས་ན་རྟོག་པ་ཡང་འགག་ལ། གཞན་ཡང་གཡས་དང་གཡོན་དུ་བཀག་ན་མེ་འབར་ལ། མེས་བདུད་རྩི་འཛག་ཅིང་དེ་འཛགས་པས་ལུས་ངག་ཡིད་ཚིམ་པར་བྱེད་དོ། །དེས་ནི་སྡུག་པའི་ལྷ་མཉེས་པར་འགྱུར་བ་སྟེ། དེས་རྡོ་རྗེ་སེམས་དཔའི་གནས་ཐོབ་པར་འགྱུར་རོ། །སྲིད་པའི་རང་བཞིན་དག་པའི་ཕྱིར་ཞེས་བྱ་བ་ནི་ཆོས་རྣམས་ནི་གཟོད་མ་ནས་རང་བཞིན་རྣམ་པར་དག་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཤིན་ཏུ་རིང་དུ་སྤངས་པའི་ཕྱིར། རང་བཞིན་གྱིས་འབྱུང་བྲལ་བར་བྱས། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི། གདོད་མ་ནས་བདག་ལ་ལྡན་པ་ལས། བདག་ལ་རྟོག་པ་མེད་པས་རིང་དུ་སྤངས་ཤིང་བྲལ་བར་བྱ་སྟེ། དེ་བས་ན་སེམས་ཅན་རྣམས་ཀྱིས་བླ་མ་དམ་པ་བསྟེན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གསང་བའི་རིམ་པའོ་ཞེས་བྱ་བ་ནི། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་གདོད་མ་ནས་ཡོད་པ། རང་བཞིན་གྱིས་གསང་པའམ། ཡང་ན་འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་ནི་གསང་བར་བྱ་བ་ཡིན་ཞིང་སྦ་བར་བྱ་བ་ཡིན་ནོ། །རང་གི་སེམས་འདི་ནི་རིམ་པ་བཞི་པའོ་ཞེས་བྱ་བ་འདི་ནི་དེ་ལྟར་


DTG021_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་པའི་རིམ་པ་གསུམ་གྱི་ཐ་མ་ནི། གསང་བའི་རིམ་པ་སྟེ། རང་གིས་རང་གི་སེམས་རྟོགས་པ་འབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པའི་གསུང་རབ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྟོགས་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་སྙིང་པོ་བདག་གིས་རྟོགས་ནས་ཞེས་བྱ་བའོ། །བརྟུལ་ཞུགས་སྤྱོད་པ་ཞེས་བྱ་བ་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ། སེམས་ཅན་གྱི་དོན་དུ་འགྱུར་བའི་བྱ་བ་སྣ་ཚོགས་པའོ། །སློབ་དཔོན་ཞེས་བྱ་བ་ནི་ཨཱ་ཙཱ་ཪྻ་སྟེ། ཀུན་དུ་སྤྱོད་པའམ། ཆོ་གའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་བྱའོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ཨཱ་ཙཱཪྻ་ནག་པོ་ཉིད་ཀྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།།


previousརིམ་པ་བཞིའི་རྣམ་པར་འབྱེད་པ་ཞེས་བྱ་བ། ནག་པོ་པ།next