Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག།  པྲ་ཛྙཱ་རཀྵི་ཏ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག། པྲ་ཛྙཱ་རཀྵི་ཏ།next

དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག།
པྲ་ཛྙཱ་རཀྵི་ཏ།


DTG022_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་པཱུ་ཛ་མེ་གྷ་བི་དྷིཿ། བོད་སྐད་དུ། དཔལ་འཁོར་ལོ་སྔོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བླ་མ་དམ་པའི་ཞབས་པ་ད་ལ།།


DTG022_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏུང་དེ་མན་ངག་ཇི་ལྟར་བར། །བདག་གིས་བདེ་མཆོག་རྒྱུད་བརྟེན་ནས། །ཕྱི་མཆོད་ཆོ་ག་གསལ་པོར་བསྡུ། །འདིར་རྣལ་འབྱོར་བ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ་མཆོད་པར་འདོད་པས་ནང་པར་སྔ་བར་ལངས་པའམ། སྐབས་ཇི་ལྟ་བ་ཡང་རུང་སྟེ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པ་ཁོ་ནའི་སྔགས་པས་ས་ཕྱོགས་གཙང་མར་ལག་པ་བཞག་ལ་ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བ་བརྗོད་དེ་བདུད་རྩི་རིལ་བུ་དྲི་ཞིམ་པོ་ལ་སོགས་པའམ་རྫས་གང་ཡང་རུང༌། བ་ལང་གི་ལྕི་བའི་རིལ་བུས་དཀྱིལ་འཁོར་གྲུ་བཞི་པ་བྱུགས་ནས་དེའི་དབུས་སུ་ལག་པ་བཞག་སྟེ་པུ་ཛཱ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུའི་རང་བཞིན་རྣམས་དེ་དང་དེའི་སར་ལྷག་པར་མོས་པ་སྔོན་དུ་འགྲོ་བས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་དེ་ཉིད་དུ་ཡུད་ཙམ་གྱིས་འབྱུང་བ་བཞི་ལ་གནས་པའི་རི་རབ་ཀྱི་སྟེང་གི་སྣ་ཚོགས་པདྨ་ཟླ་བ་ལ་རང་གི་སྙིང་གནས་བྱུང་བའི་ཧཱུཾ་དེ་ཉིད་བཞག་ནས་ས་བོན་དེའི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཡི་གེ་ཧཱུཾ་དེ་ལ་བཅུག་སྟེ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བལྟ་པར་བྱའོ།། དེ་ནས་སྙིང་གའི་ས་བོན་ལས་བྱུང་བའི་པི་ཝང་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་དེ་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་ཡང་ཕུལ་ཏེ་ཆོག་ཇི་ལྟ་བ་བཞིན་སྦྱངས་པའི་ལག་པ་གཡོན་པས་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་གསུམ་གྱིས་མེ་ཏོག་དགོད་དོ། །དེ་ནས་དེ་ཉིད་དུ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྙིང་པོ་རྣམས་ཀྱིས་སོ། །དེ་ནས་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་རྣམས་ལ་རང་རང་གི་སྔགས་ཀྱིས་ཕྱོགས་རྣམས་སུ་གཡོན་སྐོར། མཚམས་སུ་གཡས་སྐོར་གྱིས་གནས་ཇི་ལྟ་བ་བཞིན་དུ་མེ་ཏོག་དགོད་དོ། །དེ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ་དེ་དང་དེའི་གནས་སུ་ཨོཾ་ཧ་ཞེས་བྱ་བ་ལ་སོགས་པ་དེ་དང་དེའི་སྔགས་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་ལག་པ་གཡོན་པ་ན་གནས་པའི་མེ་ཏོག་དེ་རྐང་པ་བརྒྱད་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་


DTG022_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་དུ་དོར་ཏེ་མགོ་པོར་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་ལྷའི་དཀྱིལ་འཁོར་དེ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་སྙིང་བོ་ནས་བརྩམས་ཏེ་རྐང་པ་བརྒྱད་པའི་མཐར་ཐུག་པའི་སྔགས་ཀྱི་བསྟོད་པ་སྔོན་དུ་འགྲོ་བ་ཅན་ཇི་ལྟར་བསྟན་པའི་བསྟོད་པ་རྣམས་ཀྱིས་ཡང་དག་པར་བསྟོད་ནས་ནུས་པ་ཇི་ལྟ་བར་སྡིག་པ་བཤགས་པ་ལ་སོགས་པ་དང་བསམ་གཏན་དང་སྔགས་བཟླས་པ་དང་སྨོན་ལམ་གདབ་པ་ལ་སོགས་པ་བྱས་ཏེ་ཡི་གེ་བརྒྱ་པ་བཏོན་ནས་ཨོཾ་ཡོ་ག་ཤུདྡྷཿ་སརྦྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བྱ་བའི་སྔགས་དང་བཅས་པས་བཛྲ་མུཿ་ཞེས་བྱ་བས་གཤེགས་སུ་གསོལ་ཏེ་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་རི་མོ་བྲི་བར་བྱའོ། །ཕྱི་རོལ་མཆོད་ཚུལ་ལེགས་པར་བསྡུས། །བདག་གིས་བསོད་ནམས་གང་བསགས་པ། །དེས་ནི་འགྲོ་བ་མ་ལུས་ཀུན། །སངས་རྒྱས་མཆོད་པའི་རྗེས་གཞོལ་ཤོག །དཔལ་འཁོར་ལོ་སྔོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་དཔལ་པྲཛྙཱ་རཀྵི་ཏས་མཛད་པ་རྫོགས་སོ།། །།དཔལ་སུ་མ་ཏི་ཀཱི་རྟི་དང་སྒྲ་བསྒྱུར་གྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།


previousདཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག། པྲ་ཛྙཱ་རཀྵི་ཏ།next