Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས།  ཉིན་མོ་མཛད།
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ཉིན་མོ་མཛད།next

བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས།
ཉིན་མོ་མཛད།


DTG022_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བཞུགས། བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་ལྷ་མོ་རྣམས་ཀྱིས་ཅང་ཏེའུའི་སྒྲས་བསྐུལ་པ་སྔོན་དུ་འགྲོ་བསམས་ནས་ལངས་ཏེ་དཔའ་པོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཞབས་ལ་ལུས་དང་ངག་དང་ཡིད་ཀྱི་གུས་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ་ཕྱག་འཚལ་བར་བྱའོ། །དེ་ནས་གདོང་ལ་སོགས་པ་བཀྲུས་ཏེ། སྒྲ་ལ་སོགས་དང་བྲལ་བའི་བསམ་གཏན་གྱི་ཁང་པར་ཞུགས་ཏེ་བདེ་བའི་སྟན་ལ་འདུག་ནས། གནས་དང་བདག་དང་རྣལ་འབྱོར་སྲུང་བརྩོན་པར་བྱ་སྟེ། གཡོན་པའི་སྡིགས་མཛུབ་བསྒྲེང་བ་སྙིང་གར་བཞག་སྟེ། གནོད་མཛེས་ཀྱི་སྔགས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྣཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ་བྷ་ག་པཱ་ན་བཛྲ་རཱ་ཛ་ཧཱུཾ་ཛ་ཧཱུཾ་ཕཊ། ཅེས་བརྗོད་དེ་ཤར་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །ད་ནས་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་པདྨ་དུམ་བུ་གཅིག་པའི་ནང་དུ་བི་མུ་ཤུ་མ་རཾ། གོ་ཀུ་ད་ཧ་ན། ཞེས་བྱ་བ་སྟོབས་དང་བཅས་པའི་བདུད་རྩི་བལྟས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོས་སྦྱང་བར་བྱའོ། །ཡི་གེ་ཨ་ས་ནི་སད་པར་བྱས་ལ། ཨོཾ་གྱིས་འབར་ཞིང་གསལ་བར་བྱས་ནས། རང་གི་ལྕེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་བསྒོམས་ཏེ། སརྦྦ་ཏ་ཐཱ་ག་ཏ་བིགྷྣཾ་བི་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་བཏུང་བར་བྱ་ཞིང་དེ་ཉིད་ཀྱིས་ལུས་ལ་བསྐུས་ནས། གནོད་སེམས་དང་རྣམ་པར་འཚེ་བ་དང་མི་དགའ་བ་དང༌། འདོད་པ་ལ་འདོད་ཆགས་པའི་གཉེན་པོར་གྱུར་པ་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བསྒོམ་པར་བྱའོ། །དེ་ལྟར་གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ནས། རང་གི་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ཤུན་ལྟ་བུའི་རྣམ་པར་བསྒོམས་ལ། དེའི་འོད་ཟེར་གྱི་ཚོགས་ཀྱིས་ལུས་དང་ཚོར་བ་དང་སེམས་དང་ཆོས་དག་སྟོང་པ་ཉིད་དུ་བསམས་ནས། མདུན་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་དང་


DTG022_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ཐམས་ཅད་དང་བླ་མ་བལྟ་བར་བྱའོ། །དེ་ནས་ཕྱི་ནང་གསང་བའི་མཆོད་པ་ཡིད་ཀྱིས་བྱས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་པར་བྱའོ། །དེའི་འོག་ཏུ་རྒྱུ་བ་དང་མི་རྒྱུ་བར་རང་གི་ལུས་དང་ལྷན་ཅིག་སྟོང་པར་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭཱ་བྷ་བ་ཨཱཏྨ་ཀོ྅ཧཾ། །དེ་ནས་སེམས་གཅིག་པུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་བསོད་ནམས་ཀྱི་ཚོགས་བསགས་པ་རྣམ་པ་སྣ་ཚོགས་སུ་སྣང་བའི་རང་བཞིན་དེ་ཉིད་ཀྱིས་སོ། །བགེགས་འབྱུང་བར་དགོས་ན་ཡི་གེ་ཨོཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསྒོམས་ལ་དེའི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐལ་བར་འགྱུར་བར་བསམས་ཏེ་རྡོ་རྗེའི་ར་བ་དང༌། རྡོ་རྗེའི་བླ་རེ་དང༌། རྡོ་རྗེའི་རང་བཞིན་ཅན་གྱིས་གཞིར་བྱིན་གྱིས་བརླབ་པའི་བར་དུའོ། །རྡོ་རྗེའི་ར་བ་དེར་ཆོས་འབྱུང་གི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་དེའི་ནང་དུ་འཇུག་པའི་སེམས་ནཱ་ད་ཙམ་བལྟས་ལ། འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་རྡོ་རྗེ་གཉིས་ཀྱིས་མཚན་པ་དང༌། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རྡོ་རྗེ་མཚན་པ་དང༌། དེའི་སྟེང་དུ་བཾ་ལས་གྱུར་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྡོ་རྗེས་མཚན་པ་དང༌། དེའི་སྟེང་དུ་ལཾ་ལས་གྱུར་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ་རྡོ་རྗེ་མཚན་པ་བསམ་པར་བྱའོ། །དེའི་སྟང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པའི་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྲུ་བཞི་པ་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ་དང༌། དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་སྟེ་རི་རབ་དང་འབྱུང་བ་བཞི་ཡོངས་སུ་གྱུར་པ་ལས་རྡོ་རྗེར་གྱུར་པའི་སའི་ཆར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་རིན་པོ་ཆེ་ཐམས་ཅད་ཀྱི་གཞལ་ཡས་ཁང་སྒོ་བཞི་ལ་སོགས་པར་བལྟ་བར་བྱའོ། །དེའི་ནང་དུ་འཁོར་ལོ་གསུམ་དང་དབུས་སུ་པདྨ་འདབ་མ་བརྒྱད་པ་ཁ་དོག་སྣ་ཚོགས་པ་བལྟ་བར་བྱའོ། །ལྟེ་བའི་སྟེང་དུ་དུས་མཚན་མ་དང་འཇིགས་བྱེད་ཆེན་པོ་བལྟའོ། །དའི་སྟེང་དུ་ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཟླ་བ་དང་ཉི་མ་དང༌། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་


DTG022_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམར་པོ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ་འོད་འཕྲོ་པའི་རང་བཞིན་ཅན་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟོན་ཀའི་ཟླ་བའི་སྤྲིན་ལྟ་བུ་ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་སྟེ། རལ་པའི་ཅོད་པན་གྱིས་སྦྲས་པ། །ཟླ་བ་ཕྱེད་པས་ཉེ་བར་མཛེས། ཐོད་པའི་ཕྲེང་བ་དག་གིས་བརྒྱན། །ཞལ་དཀར་སྔོ་དང་དམར་བ་དང༌། །ཞལ་ནི་ཅུང་ཟད་རྣམ་བཞད་པ། །རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས། །སྒེག་པའི་རོས་ནི་འཕྱོ་མཛད་པ། །སྒེག་པའི་སྐྱིལ་མོ་ཀྲུང་གིས་བཞུགས། །མཆུ་ཡིས་བཏུང་པའི་དྲེགས་པ་དགྱེས། །ཕྱག་རྒྱ་མཆོད་པ་ཁ་ཊྭཱཾ་ག །མི་མགོ་དང་ནི་རྩེ་གསུམ་འཆང༌། །ལྷ་མོ་དེ་མདོག་ཕྱག་གཉིས་པ། །གྲི་གུག་དང་ནི་ལྷུང་བཟེད་བསྣམས། །རྡོ་རྗེ་སེམས་དཔའ་ཡང་དག་འཁྱུད། །བདེ་བ་ཆེན་པོའི་གནས་ན་བཞུགས། །དེ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་ཞལ་དུ་ཞུགས་པར་རྣམ་པར་བསམས་ལ་བྱང་ཆུབ་ཀྱི་སེམས་འདོད་ཆགས་ཀྱི་མེས་ཞུ་པའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཀྱིས་སྤྲུལ་པའི་ལྷ་མོས་ཡོངས་སུ་བསྐུལ་བས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ་འོད་ཟེར་གྱི་ཚོགས་རབ་ཏུ་འཕྲོ་བ། སངས་རྒྱས་ཀྱི་ཚོགས་ཀྱི་རང་བཞིན་དུ་གྱུར་པ་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་ཅན་སྐུ་ལ་རྡོ་རྗེ་ཕག་མོས་འཁྱུད་པ། དཀྱིལ་འཁོར་གྱི་འཁོར་དང་ལྡན་པ་ཁྲོ་བོ་སྐུ་མདོག་ནམ་མཁའ་ལྟར་སྔོ་བསངས་ཞལ་བཞི་པ། ཕྱག་བཅུ་གཉིས་པ་གཡས་བརྐྱང་པའི་བཞུགས་པས་དུས་མཚན་གནོན་པ་རྩ་བའི་ཞལ་སྔོ་བསངས། གཡོན་སེར་པོ། རྒྱབ་པདྨ་རཱ་ག་ལྟར་དམར་བ། གཡས་ལྗང་གུ་མཆེ་བ་དང་བཅས་པས་འཇིགས་པར་མཛད་པ་སྨིན་མ་སེར་བ། དབུ་སྐྲ་གྱེན་དུ་བརྫེས་ལ་འབར་བ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཟླ་བ་བྱེད་པའི་ཐོད་ཅན་སྣ་ཚོགས་རྡོ་རྗེ་དབུ་རྒྱན་གྱིས་གནོན་པ། སྤྱན་བཅུ་གཉིས་པ། འཁོར་ལོ་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐེ་རགས་དང༌། མཆོད་ཕྱིར་ཐོགས་དང་ཐལ་བས་ཉེ་བར་སྤྲས་པ་སྟག་གི་ཤམ་ཐབས་ཅན་མི་མགོ་རློན་པའི་ཕྲེང་བ་འཕྱང་བ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་


DTG022_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་གཉིས་ཀྱིས་འཁྱུད་པ། ཕྱག་གཞན་གཉིས་ཀྱིས་གླང་པོ་ཆེའི་པགས་པའི་གོས་འཛིན་པ། གཡས་ཌ་མ་རུ་དང༌། དགྲ་སྟ་དང༌། གྲི་གུག་དང༌། རྩེ་གསུམ་བསྣམས་པ། གཡོན་ན་ཚངས་པའི་མགོ་བོ་དང༌། ཞགས་པ་དང༌། ཁ་ཊྭཱཾ་ག་དང། ཀ་པཱ་ལ་བསྣམས་པ་བལྟ་བར་བྱའོ། །ཕག་མོ་ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། ཞལ་ཞི་པ། སྐུ་མདོག་དམར་མོ་དུམ་བུས་བརྒྱན་པའི་སྐེ་རགས་ཅན་བྱིན་པ་གཉིས་ཀྱིས་ཡང་དག་པར་འཁྲིལ་བ། བདེ་བ་ཆེན་པོའི་གནས་ན་བཞུགས་པ་ཕྱག་གཉིས་ཀྱིས་འཁྱུད་པ། བདུད་སྡིག་ཏོ་ཅན་ལ་སོགས་པའི་ཁྲག་གིས་བཀང་པའི་ཀ་པཱ་ལ་བསྣམས་པ། ཕྱག་གཅིག་ན་གྲི་གུག་བསྣམས་པ། ཡན་ལག་ཕྱག་རྒྱ་དྲུག་གིས་བརྒྱན་པ་བསྒོམ་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །པདྨའི་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་དང༌། ཡིད་འོང་མ་དང༌། དུམ་སྐྱེས་མ་དང༌། གཟུགས་ཅན་མ་ནི་གོ་རིམས་བཞིན་དུ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ཞལ་གཅིག་པ། ཕྱག་གཉིས་པ། རོའི་གདན་ལ་གཡོན་བརྐྱང་པས་བཞུགས་པ། ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། གྲི་གུག་བསྣམས་པ། ཐོད་པའི་ཕྲེང་བས་བརྒྱན་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་པའི་སྐྲ་རགས་ཅན། ཕྱག་རྒྱ་ལྔ་འཆང་བ་སྟེ་ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ཡིད་འོང་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །མཚམས་སུ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྣོད་བཞིའོ། །རྣམ་པར་དག་པ་ནི་རྣམ་པར་ཐར་པ་བཞི་སྟེ། འདི་ལྟར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པའི་མཚན་ཉིད་དོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་སྔོན་པོ་རྡོ་རྗེ་དྲ་བས་བརྒྱན་པ། ཤར་དང་ལུས་ཀྱི་དཀྱིལ་འཁོར་མགོ་པོ་པུལླཱི་ར་མཱ་ལ་ཡ་ལ་ཐོད་པའི་དུམ་བུ་ཅན་དང༌། རབ་གཏུམ་མོ་སྟེ་


DTG022_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །སེན་མོ་དང་སོ་ནི་ཐོད་པའི་དུམ་པུ་ཅན་ནོ། །བྱང་དང་སྤྱི་གཙུག་ཛཱ་ལནྡྷ་ར་ལ་ནི་ཀེང་རུ་ས་ཆེན་པོ་དང་གཏུམ་པའི་མིག་ཅན་མ་སྟེ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །སྐྲ་དང་སྤུ་ནི་ཀེང་རུས་ཆེན་མོའོ། །ནུབ་དང་རྣ་བ་གཡས་པ་ཨཽ་ཌྱ་ན་ལ་ཀེང་རུས་དད་འོད་ལྡན་མ་སྟེ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་ལའོ། །པགས་པ་དང་དྲི་མ་ལ་ནི་ཀེང་རུས་སོ། །ལྷོ་དང་མགོ་བོའི་རྒྱབ་ཨརྦུ་ད་ལ་ནི་མཆེ་བ་གཅིག་པ་དང་སྣ་ཆེ་ན་མོ་སྟེ་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཤལ་ནི་མཆེ་བ་གཙིགས་པའོ། །གནས་དེ་བཞི་ནི་ས་རབ་ཏུ་དགའ་བའོ། །མེའི་ཕྱོགས་དང་རྣ་བ་གཡོན་པ་གོ་དཱ་བ་རིའི་ལ་ནི་ཆང་དགྲ་དང་བརྟན་པའི་བློ་ཅན་མ་སྟེ་དད་པའི་དབང་པའོ། །རྩ་རྒྱུས་ནི་ཆང་དགྲ་མའོ། །བདེན་བྲལ་གྱི་ཕྱོགས་དང་སྨིན་མའི་དབུས་སུ་རཱ་མེ་ཤྭ་ར་ལ་ནི་འོད་དཔག་མེད་དང་མིའུ་ཐུང་མ་སྟེ་བརྩོན་འགྲུས་ཀྱི་དབང་པོའོ། །རུས་པ་ལ་ནི་འོད་དཔག་ཏུ་མེད་པའོ། །རླུང་གི་ཕྱོགས་དང་མིག་དེ་བཱི་ཀོ་ཊཱི་ལ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ་སྟེ་དྲན་པའི་དབང་པོའོ། །མཁལ་མ་ལ་ནི་རྡོ་རྗེའི་འདོད་དོ། །དབང་ལྡན་གྱི་ཕྱོགས་དང་ཕྲག་པ་གཉིས་མཱ་ལ་བ་ལ་ནི་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཏིང་ངེ་འཛིན་གྱི་དབང་པོའོ། །སྙིང་རྗེ་ནི་རྡོ་རྗེའི་སྐུའོ། །ཉེ་བའི་གནས་ཏེ་ས་དྲི་མ་མེད་པའོ། །ཐུགས་ཀྱི་འཁོར་ལོ་ནི་ནམ་མཁའ་ལ་རྒྱུ་བའོ། །གསུང་གི་འཁོར་ལོ་དམར་པོ་པདྨའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང་མཆན་ཁུང་ཀཱ་མ་རཱུ་པ་ལ་ནི་མྱུ་གུ་ཅན་དང་ས་སྲུང་མ་སྟེ། ཤེས་རབ་ཀྱི་དབང་པོའོ། །མིག་ནི་མྱུ་གུ་ཅན་ནོ། །བྱང་དང་ནུ་མ་ཨོ་ཊ་ལ་ནི་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་དད་པའི་སྟོབས་སོ། །མཁྲིས་པ་ལ་ནི་རྡོ་རྗེ་རལ་པ་ཅན་ནོ། །ཞིང་སྟེ་ས་འོད་བྱེད་པ་ཅན་ནོ། །ནུབ་དང་ལྟེ་བ་ཏྲི་ཤ་ཀུན་ལ་ནི་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ་སྟེ་བརྩོན་འགྲུས་ཀྱི་སྟོབས་སོ། །གློ་བ་ལ་ནི་དཔའ་བོ་ཆེན་པོའོ། །ལྷོ་དང་སྣའི་དབང་པོ་ཀོ་ས་ལ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་དྲན་པའི་སྟོབས་སོ། །རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །ཉེ་བའི་ཞིང་སྟེས་འོད་འཕྲོ་བ་ཅན་ནོ། །མེའི་ཕྱོགས་དང་ཁ་ཀ་ལིངྒ་ལ་ནི་རབ་ཏུ་བཟང་


DTG022_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་དང་ལྷ་མོ་སྔོ་བསངས་མ་སྟེ་ཏིང་ངེ་འཛིན་གྱི་སྟོབས་སོ། །གཉེ་མ་ནི་རབ་ཏུ་བཟང་པོའོ། །བདེན་བྲལ་གྱི་ཕྱོགས་དང་མགྲིན་པ་ལཾ་པ་ཀ་ལ་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཤེས་རབ་ཀྱི་སྟོབས་སོ། །ལྟོ་བ་ནི་རྡོ་རྗེ་བཟང་པོའོ། །ཚནྡོ་ཧ་སྟེ་ས་ཤིན་ཏུ་སྦྱང་དཀའ་བའོ། །རླུང་གི་ཕྱོགས་དང་སྙིང་ག་ཀཱཉྩི་ལ་ནི་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ལྒང་པ་ནི་འཇིགས་བྱེད་ཆེན་མོའོ། །དཔང་ལྡན་གྱི་ཕྱོགས་དང་མདོམས་ཧི་མཱ་ལ་ཡ་ནི་མིག་མི་བཟང་དང་བྱ་གཏོར་མ་སྟེ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །མདོམས་བར་ནི་མིག་མི་བཟང་ངོ༌། །ཉེ་བའི་ཚནྡོ་ཧ་སྟེ་ས་མངོན་དུ་གྱུར་པའོ། །ས་ལ་རྒྱུ་བའོ། །སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང་མཚན་མ་པྲེ་ཏ་པཱུ་རི་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བད་ཀན་ནི་སྟོབས་པོ་ཆེའོ། །བྱང་དང་བཤང་ལམ་གྲྀ་ཧ་དེ་མ་ཏཱ་རལ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །རྣག་ལ་ནི་རྡོ་རྗེ་རིན་ཆེན་ནོ། །འདུས་པ་ཅན་ཏེ་ས་རིང་དུ་སོང་བའོ། །ནུབ་དང་བརླབ་གཉིས་སཽ་རཱཥྚ་ལ་རྟ་མགྲིན་དང་ཤཽཎྜི་ནཱི་སྟེ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཁྲག་ནི་རྟ་མགྲིན་ནོ། །ལྷོ་དང་བྱིན་པ་གཉིས་སུ་ཝརྞ་དྭཱི་པ་ལ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །རྡུལ་ནི་ནམ་མཁའི་སྙིང་པོའོ། །ཉེ་བའི་འདུས་པ་ཅན་ཏེ་ས་མི་གཡོ་བའོ། །མེའི་ཕྱོགས་དང་རྐང་པའི་སོར་མོན་གར་ལ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཚིལ་ནི་དཔལ་ཧེ་རུ་ཀའོ། །བདེན་བྲལ་གྱི་ཕྱོགས་དང་རྐང་པའི་བོལ་སིནྡྷུ་ལ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་ཡང་དག་པའི་ལྟ་བའོ། །མཆི་མ་ནི་པདྨ་གར་གྱི་དབང་ཕྱུག་གོ །དུར་ཁྲོད་དེ་ས་ལེགས་པའི་བློ་གྲོས་སོ། །རླུང་གི་ཕྱོགས་དང་མཐེ་བོང་མ་རུ་ལ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་སྟེ་ཡང་དག་པའི་རྟོག་པའོ། །མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །དབང་ལྡན་གྱི་ཕྱོགས་དང་པུས་མོ་གཉིས་ཀུ་ལུ་ཏཱར་


DTG022_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཡང་དག་པའི་ངག་གོ །སྣབས་ནི་རྡོ་རྗེ་སེམས་དཔའོ། །ཉེ་བའི་དུར་ཁྲོད་དེ་ས་ཆོས་ཀྱི་སྤྲིན་ནོ། །ས་འོག་ཏུ་འགྱུར་རོ། །ཐུགས་ཀྱི་འཁོར་ལོ་སྐུ་མདོག་ནག་པོ། གསུང་གི་འཁོར་ལོ་སྐུ་མདོག་དམར་པོ། སྐུའི་འཁོར་ལོ་སྐུ་མདོག་དཀར་པོ། ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུས་སྙོམས་པར་ཞུགས་པ་གཡས་བརྐྱང་པས་བཞུགས་པ། རལ་པའི་ཅོད་པན་དང་དར་དཔྱངས་ཅན་ཕྱག་རྒྱ་ལྔ་འཆང་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་ནི་ཕྱག་གཉིས་ཞལ་གཅིག་པ་ཀ་པཱ་ལ་དང་གདུག་པ་ལ། སྡིགས་མཛུབ་གྲི་གུག་བསྣམས་པས་འཁྱུད། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། །སྐྲ་གྲོལ་བས་ནི་རྣམ་པར་སྤྲོས། །གཉིས་མེད་སྦྱོར་བས་སྙོམས་པར་ཞུགས། །ནམ་མཁའི་གེས་མན་བས་པ་ལ་གཞོལ། །ལྷ་མོ་ཕྱག་རྒྱ་ལྔ་འཆང་བ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་ལ་ཁྲ་གདོང་མ་དང༌། འུག་པའི་གདོང་ཅན་མ་དང༌། ཁྱིའི་གདོང་ཅན་མ་དང༌། ཕག་གི་གདོང་ཅན་མའོ། །མེའི་ཕྱོགས་དང་བདེན་བྲལ་གྱི་ཕྱོགས་དང་རླུང་གི་ཕྱོགས་དང་དབང་ལྡན་གྱི་ཕྱོགས་རྣམས་ལ་གཤིན་རྗེ་བརྟན་མ་དང༌། གཤིན་རྗེ་ཕོ་ཉ་མ་དང༌། གཤིན་རྗེ་མཆེ་བ་མ་དང༌། གཤིན་རྗེ་འཇོམས་མའོ། །ཇི་ལྟར་མཁའ་འགྲོ་སོགས་འགྲོ་བ། །ཁྭ་གདོང་ལ་སོགས་ལ་སོགས་དབྱེ། །དེ་བཞིན་མཚམས་གནས་ལྷ་མོ་ནི། །གཟུགས་གཉིས་ཡིད་ནི་འཕྲོག་པའོ། །ཡི་དགས་གདན་ནི་འཇིགས་བྱེད་པོ། །སེམས་ཅན་དོན་མཛད་པ་ལ་བརྩོན། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བ་ལ་རྡོ་རྗེའི་ཕྲེང་བའོ། །ལུས་ཀྱི་དཀྱིལ་འཁོར་ལ་ལག་པ་གཡོན་པའི་རྩེ་མོ་ལ་ཁྲ་གདོང་མ་སྟེ་ཡང་དག་པའི་ལས་ཀྱི་མཐའོ། །མཁྲིག་མ་ལ་ནི་འུག་གདོང་མ་སྟེ་ཡང་དག་པའི་འཚོ་བའོ། །ལག་པ་གཡས་པའི་རྩེ་མོ་ལ་ནི་ཁྱིའི་གདོང་མ་སྟེ་ཡང་དག་པའི་རྩོལ་བའོ། །མཁྲིག་མ་ལ་ནི་ཕག་གདོང་མ་སྟེ་ཡང་དག་པའི་དྲན་པའོ། །རྐང་པ་གཡས་པའི་རྩེ་མོ་ལ་ནི་གཤིན་རྗེ་བརྟན་མ་སྟེ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པའི་དང་ཚུལ་ཅན་ནོ། །རྐང་པ་གཡོན་པའི་རྩེ་མོ་ལ་ནི་གཤིན་རྗེ་ཕོ་ཉ་མ་སྟེ་


DTG022_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་པའོ། །རྐང་པ་གཡས་པའི་ལོང་མོ་ལ་ནི་གཤིན་རྗེ་མཆེ་བ་མ་སྟེ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྦོང་པ་ཡང་དག་པར་སྒྲུབ་པར་བྱེད་པའོ། །རྐང་པ་གཡོན་པའི་ལོང་མོ་ལ་ནི་གཤིན་རྗེ་འཇོམས་པ་སྟེ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཀུན་ནས་མི་སྐྱེ་བར་བྱེད་པའོ། །སྙིང་གེའི་པདྨའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་ཐིག་ལེའི་གཟུགས་ཅན་ནོ། །ཕྱོགས་ཀྱི་པདྨའི་འདབ་མ་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །ལྟེ་བའི་པདྨ་ལ་ནི་རྡོ་རྗེ་ཕག་མོ་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེ་ལྟར་ཕྱི་དང་གསང་བའི་དཀྱིལ་འཁོར་རོ། །ད་ནི་ཕུང་པོ་ལ་སོགས་པའི་རྣམ་པར་དག་པ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དཔལ་ཧེ་རུ་ཀའོ། །མིག་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་ལ་ནི་ཕྲག་དོག་རྡོ་རྗེའོ། །ཁ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དཔལ་ཧེ་རུ་ཀའི་དབང་ཕྱུག་གོ །སའི་ཁམས་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། །མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ལ་ནི་རྣལ་འབྱོར་མའི་དྲ་བ་མ་སྟེ་དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལྷ་ལྷ་ཉིད་ཀྱི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་མགོ་བོ་ལ་ཡི་གེ་ཨོཾ་གྱིས་སྐུ་བྱིན་གྱིས་བརླབ་བོ། །ལྐོག་མ་ལ་ནི་ཡི་གེ་ཨཱཿ་ས་གསུང་བྱིན་གྱིས་བརླབ་པོ། །སྙིང་ག་ལ་ནི་ཡི་གེ་ཧཱུཾ་གིས་ཐུགས་བྱིན་གྱིས་བརླབ་པོ། །སྙིང་གའི་དབུས་སུ་ཡི་གེ་ཧཱུཾ་གིས་ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབ་པོ།། དེ་དག་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བསམ་མོ། །ཨོཾ་སརྦྦ་བཱ་ར་ཡོ་གི་ནཱི་ཀཱ་ཡ་བཱ་ཀ་ཙི་ཏྟ་བཛྲ་སྭ་བྷཱ་བ་ཨཱ་ཏམ་ཀོ྅ཧཾ། ཛཿ་ཧཱུཾ་བཾ་ཧོཿ། །དེ་ནས་ཡེ་ཤེས་སེམས་དཔའ་ལས་སྤྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་མདུན་དུ་བཞག་སྟེ་ཡང་དག་པར་མཆོད་


DTG022_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། དམ་ཚིག་གི་དཀྱིལ་འཁོར་ལ་བཅུག་ཅིང་མྱུར་དུ་རོ་གཅིག་པར་བྱའོ། །ཨོཾ་ཡོག་ཤུདྡྷཿསརྦྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། སྱིང་ག་ལ་ཨོཾ་ཧ། རྡོ་རྗེ་སེམས་པའ་བོ། མགོ་བོ་ལ་ན་མ་ཧི་རྣམ་པར་སྣང་མཛད་དོ། །སྤྱི་གཙུག་ལ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་གོ །ཕྲག་པ་གཉིས་ལ་བཽ་ཥ་ཊ་ཧེ་ཧེ་རུ་ཀའོ། །མིག་ལ་ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་རྟ་མཆོག་སྟེ་གོ་ཆའོ། །བཅོམ་ལྡན་འདས་དཔའ་བོའི་ཚོགས་དང་བཅས་པའི་གོ་ཆའོ། །ལྟེ་བ་ལ་ཨོཾ་བཾ་རྡོ་རྗེ་ཕག་མོའོ། །སྙིང་ག་ལ་ཧཾ་ཡཾ་ཐུན་མཚམས་མའོ། །ཁ་ལ་ཧྲིཾ་མོཾ་རྨོངས་བྱེད་མའོ། །མགོ་བོ་ལ་ཧྲེཾ་ཧྲིཾ་སྐྱོང་བྱེད་མའོ། །སྤྱི་གཙུག་ལ་ཧཱུཾ་ཧཱུཾ་སྐྲག་བྱེད་མའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་གཏུམ་མོ་སྟེ་གོ་ཆའོ། །རྣལ་འབྱོར་མ་ཐམས་ཅད་ལ་ཉིད་ཀྱིས་དགོད་པར་བྱའོ། །མཛུབ་མོ་གཉིས་མདུང་གུང་མོ་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་སྦྱར། །དེ་ནི་དཔྲལ་བའི་དབུས་བཞག་ནས། །གཅུ་ཞིང་བསྐོར་བས་བསྐྱོད་པར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །ཁ་ནས་ཡི་གེ་ཕཻཾ་སྒྲོགས་ཤིང༌། །ཕྱོགས་བཅུ་ལ་སོགས་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །དེ་ནས་སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པ་ནམ་མཁའི་དཀྱིལ་ཁེངས་པའི་དཔའ་བོ་དང་རྣལ་འབྱོར་མ་ཕྱག་ན་ཡེ་ཤེས་ཀྱི་བུམ་པ་བསྣམས་པས་གླུ་དང་གར་དང་བཅས་པའི་མཆོད་པས་བདག་ཉིད་དབང་བསྐུར་པར་བསམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་རང་གི་རིགས་ཅོད་པན་དུ་གྱུར་ཏོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་དེ་དག་ཐུགས་ཀའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཞལ་དུ་ཞུགས་ནས་ལྷ་མོའི་པདྨའི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་རབ་ཏུ་སྤྲོ་བར་བྱའོ། །དེ་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་དམ་ཚིག་གི་འཁོར་ལོ་མཆོད་དེ་ལའི་བསྟོད་པའི་མཆོད་པས་བསྟོད་ཅིང་གོང་དུ་བསྟན་པའི་རིམ་པས་བདུད་རྩི་མྱང་བར་བྱའོ། །ལུས་ངག་ཡིད་ཀྱི་དམ་ཚིག་གི །སེམས་ནི་སེམས་ཀྱིས་ལེགས་མཚོན་པ། །ཀུན་རྟོག་ཐམས་ཅད་སྤངས་ནས་ནི། །བསྒོམ་དང་ལྡན་པའི་བཟླས་པ་བྱ། །དམ་ཚིག་མཆོག་གི་བཟླས་པ་ཡིས། །དེ་ན་གསང་སྔགས་


DTG022_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་པར་བྱ། །ཧཱ་སྭཱ་ར་བ་ཤཾ་ལ་ཛྭ་ནཱི་ཀི་ཌཱ་ཊ་ཕ་ཧཱུཾ་ཧཱུཾ་ཀཾ་རུ་དུ་ཧེ་ཧེ་ཛྲ་བ་ཤྲཱི་ཨོཾ། ཊ་ཕ་ཧཱུཾ་ཧཱུཾ་ཧ་ཧཿཧྲཱི་ཨོཾ། །མགོ་བོའི་ལུགས་ལས་བཟློག་པའི་སྙིང་པའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཊ་ཕ་ཧཱུཾ་ཧཱུཾ་ཡེ་ནཱི་ཙ་རོ་བཻ་ཛྲ་བ་ཨོཾ། །ཧཱ་སྭཱ་ཊ་ཕ་ཧཱུཾ་ཧཱུཾ་ཡེ་ནཱི་རྞྞ་ཝ་ཛ་བ་ཡེ་ནཱི་ཀི་དྡཱ་དྡྷ་བུ་རྦྦ་ས་ཨོཾ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ནི་རབ་གི་མིང་གི་ཡི་གེ་ཨོཾ་དང་ཧཱུཾ་གི་བར་དུ་ཆུད་པའི་ཡི་གེ་ཧཱུཾ་དང་ཕཊ་ཀྱི་མཐའ་ཅན་དག་ཡིན་ནོ། །དཔའ་བོ་རྣམས་ཀྱི་ནི་ཀ་ར་ཀ་ར་ལ་སོགས་པའི་དེ་ཁོ་ན་བཞིན་དུ་བཟླས་སོ། །བཟླས་པ་ཡོངས་སུ་རྫོགས་ནས་ནི། །ཟླ་བའི་བཏུང་མཆོག་བཏུང་བར་བྱ། །ཆོས་རྣམས་ཀུན་གྱི་དངོས་མཉམ་ཉིད། །དམ་ཚིག་མཆོག་ཕྱིར་མཉམ་ཉིད་དོ། །ཆོས་རྣམས་བདག་མེད་ལམ་དུ་ནི། །དཀྱིལ་འཁོར་མཆོག་ནི་གཞུག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྣལ་འབྱོར་ངལ་བས་ངལ་སོས་བྱ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །དེ་ལ་རེ་ཁཱ་ངེས་པར་སྦྱར། །གྱེན་དུ་སྦར་བའི་ཚུལ་དག་གིས། །འོག་ཏུ་འབབ་པའི་རྒྱུ་ཡིན་ཕྱིར། །ཁུ་བའི་གཟུགས་ཀྱི་བདུད་རྩི་ནི། །ཐིག་ལེའི་གཟུགས་ཅན་འཛག་པར་འགྱུར། །སྣང་མེད་གོ་འཕང་ལ་གནས་ནས། །སྣང་མེད་མཉམ་པ་ཉིད་ལ་བརྟེན། །ཆོས་རྣམས་སྤྱོད་པ་མེད་།ཆོས་རྣམས་ཆོས་ཉིད་དག་ཀྱང་མེད། །རྟེན་འབྱུང་ཆོས་རྣམས་ནམ་མཁའ་འདྲ། །ངོ་བོ་ཉིད་མེད་མཚན་ཉིད་མེད། །དེ་ལྟར་དེ་ཉིད་གནས་དག་ན། །ཡེ་ཤེས་མིག་ནི་ཐོབ་པར་འགྱུར། །ལངས་པའི་དུས་ཀྱི་ཚེ་ན་ནི། །ཆོ་ག་བཞིན་དུ་གཏོར་མ་སྦྱིན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དག་དང་བྲལ། །ཀ་ནི་གང་དུའང་མི་གནས་པའོ། །རྣལ་འབྱོར་སེམས་ལ་ངལ་བོས་བྱའི། །མྱ་ངན་འདས་ཉིད་མི་བསྟེན་ཏོ། །འཕོ་བའི་ཚེ་ན་རྣལ་འབྱོར་པ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །ལྷ་ཡི་རྣལ་འབྱོར་མ་དག་གིས། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །སྣ་ཚོགས་རྒྱལ་མཚན་པ་དན་དང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་འདི། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དཔལ་


DTG022_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཉིན་མོ་མཛད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousབཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ཉིན་མོ་མཛད།next