Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལཱུ་ཡི་པའི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀཱ་ཁྱད་པར་གསལ་བྱེད་ཅེས་བྱ་བ།  དེ་བཞིན་གཤེགས་པའི་རྡོ་རྗེ།
   
   
   
   
   
   


 
previousལཱུ་ཡི་པའི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀཱ་ཁྱད་པར་གསལ་བྱེད་ཅེས་བྱ་བ། དེ་བཞིན་གཤེགས་པའི་རྡོ་རྗེ།next

ལཱུ་ཡི་པའི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀཱ་ཁྱད་པར་གསལ་བྱེད་ཅེས་བྱ་བ།
དེ་བཞིན་གཤེགས་པའི་རྡོ་རྗེ།


DTG022_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ལཱུ་ཡི་པ་ཨ་བྷི་ས་མ་ཡ་བྲྀ་ཏྟི་ཊཱི་ཀཱ་བི་ཤེ་ཥ་དྱོ་ཏ་ནཱ་མ། བོད་སྐད་དུ། ལཱུ་ཡི་བའི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀཱ་ཁྱད་པར་གསལ་བྱེད་ཅེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དགའ་བ་བཞི་ཡི་རྣམ་དག་པས། །གང་ཞིག་ཞལ་བཞི་པར་གསལ། །ཉི་མ་ཟླ་བ་མེ་དག་པ། །གང་གིས་འདི་ལ་སྤྱན་གསུམ་ལྡན། །བཅུ་གཉིས་ས་ཡི་དག་པ་ནི། །དེ་ཡི་གྲངས་ཅན་ཕྱག་གི་ཕྲེང༌། །ནམ་མཁའ་དུ་བ་ལྟ་བུའི་སྐུ། །བྱམས་པའི་དག་པ་ཉིད་ཀྱིས་གསལ། །བདེན་པ་གཉིས་ཀྱི་དག་པས་ནི། །བརྐྱང་བསྐུམ་གནས་པའི་བཅོམ་ལྡན་འདས། །ཧེ་རུ་ཀ་དཔལ་དེ་ཉིད་ལ། །བདག་ཉིད་རབ་ཏུ་གུས་བཏུད་ནས། །འཁོར་ལོ་སྡོམ་པ་འབྱུང་བ་ཡི། །ཚིགས་བཅད་བྱས་པའི་མངོན་རྟོགས་ཀྱི། །ཁྱད་པར་གསལ་བྱེད་ཅེས་བྱ་བའི། །ཊཱི་ཀཱ་བདག་གིས་བཤད་པར་བྱ། །དེ་ལ་ཐམས་ཅད་ཀྱི་དང་པོར་ཕྱག་རྒྱ་ཆེན་པོ་ལ་འདུན་པས་


DTG022_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏོར་མའི་ལས་བྱས་ནས་ཅི་བྱ་ཞེན། །དང་པོར་རི་སྦྱིལ་ལ་སོགས་ཞེས་བྱ་བ་ལ་སོགས་པ་བརྗོད་དེ་སོགས་པའི་སྒྲས་རྟེགས་གཅིག་པའམ། །དུར་ཁྲོད་དམ། །ཁང་སྟོང་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །ཤྲཱི་ལ་སོགས་པ་ནི། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཞེས་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་རྟོག་ཚོགས་བྲལ་བ་སྟེ། །ཀ་ཞེས་གང་དུའང་མི་གནས་སོ། །ཞེས་བྱ་བ་ཡི་གེ་བཞིའི་དོན་ལ་མངོན་དུ་ཕྱོགས་ཤིང༌། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་ཀྱིས་ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་པར་བྱའོ། །སྡོམ་པ་ཞེས་བྱ་བ་ནི་ཤེས་རབ་མ་ལ་འཁྱུད་པ་ཕྱག་གཉིས་པ། །ལྷན་ཅིག་སྐྱེས་པའི་སྡོམ་པར་བདག་ཉིད་མོས་པར་བྱའོ། །ཨཱ་ལི་ཀཱ་ལི་ལ་སོགས་པ་ནི། ཐོག་མར་ཨོཾ་ཡིག་ཐ་མར་ཧཱུཾ་ཧཱུཾ་ཕཊ་ཀྱི་ཡི་གེ་ཅན་གྱི་ཨཱ་ལི་ཀཱ་ལིའི་ཕྲེང་བ་ལས་འོད་ཟེར་ཁ་དོག་ལྔ་པ་འཕྲོས་ཤིང༌། གཡོན་སྐོར་གྱིས་ལྟེ་བའི་ཕྱོགས་སུ་ལན་གསུམ་ཡོངས་སུ་བསྐོར་བར་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་པས་བགེགས་ཀྱི་ཚོགས་བརླག་པར་བསམ། དེ་ནས་ཚངས་བའི་གནས་བཞི་ཞེས་པ་ནི། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་རྣམས་ཏེ། དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་བརྩེ་བ་ཉིད་ནི་བྱམས་པར་གསུངས། སྡུག་བསྔལ་གསུམ་ལྡན་འཇིག་རྟེན་ལ། །འཁོར་བ་བསྒྲལ་འདོད་སྙིང་རྗེའོ། །རང་གི་བསོད་ནམས་གཞན་ཕན་ལ། །རངས་པའི་སེམས་ཉིད་དགའ་བ་སྟེ། །ཆགས་དང་སྡང་བ་དང་བྲལ་བས། །ཐམས་ཅད་དོན་བྱེད་བཏང་སྙོམས་སོ། །འདི་ཡི་དགོས་པ་འཆད་དེ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་དྲི་མ་ཉམས་པའི་ཕྱིར། །ཧེ་རུ་ཀའི་དོན་སྙོམས་པས་སྟོང་པ་ཉིད་དུ་མོས་པའོ། །སྡོམ་པར་མོས་པ་ནི་ལུས་ཐམས་ཅད་ཀྱི་བྱ་བའི་རྣམ་པར་དག་པ་དང༌། འཁོར་བ་ཐོག་མ་མེད་པ་ནས་གྲུབ་པའི་རང་བཞིན་དུ་ཡོངས་སུ་དག་པའི་ཧེ་རུ་ཀའི་ཚུལ་ཉིད་ཀྱང་ཤུགས་ཀྱིས་བསྟན་ནོ། །ཨཱ་ལི་ཀཱ་ལི་སྒོམ་པ་ནི་གསུང་གི་དག་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དགེ་བའི་རྩ་བ་ཐམས་ཅད་འཕེལ་བའོ། །ད་ནི་རྣམ་པར་དག་པའི་ཕུང་པོ་ལ་སོགས་པ་ལས། །ཀུན་ནས་བསླང་བའི་མཆོད་པ་ལ་སོགས་ཕ་ནི་བྱང་ཆུབ་མྱུར་དུ་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་གསུངས་


DTG022_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། གཟུགས་ལ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི། དབང་པོ་ལྔ་ཡུལ་ལྔ་རྣམ་པར་རིག་བྱེད་མ་ཡིན་པ་སྟེ་གཟུགས་སུ་རུང་བ་ཡིན་པའི་ཕྱིར་གཟུགས་བཅུ་གཅིག་གོ །འདིར་གཟུགས་ཀྱི་ཕུང་པོ་སྐྱེ་བའི་ས་བོན་གྱི་རྟེན་ཡིན་པས། གཟུགས་ཀྱི་གནས་གཙོ་བོ་མགོའི་དབུས་དེར་བྷྲཱུཾ་དཀར་པོའོ། །ཚོར་བའི་ཕུང་པོ་ནི་བདེ་བ་དང༌། །སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་ཞེས་བྱ་བའི་ཚོར་བ་གསུམ་ཡང་སེམས་ལས་བྱུང་བའི་རང་བཞིན་ཏེ། དབང་པོ་དྲུག་པོ་ལ་བརྟེན་པས་འདི་རྣམས་བཅོ་བརྒྱད་དུ་འགྱུར་ཏེ། འདི་ཡང་དྲོད་ལ་བརྟེན་པ་འདིའི་གནས་ཀྱི་གཙོ་བོ་ལྟེ་བ་སྟེ་དེ་ལ་ཨོཾ་སེར་པོའོ། །འདུ་ཤེས་ཀྱི་ཕུང་པོ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ། ཁམས་བཅོ་བརྒྱད་ཀྱི་ཁྱད་པར་འཛིན་པའི་སྒོ་ནས་མིང་གི་སྦྱོར་བ་རྣམས་ཀྱིས་སེམས་ལས་བྱུང་བ་གང་སྐྱེས་པ་དེ་རྣམས་འདུ་ཤེས་སོ། །དེ་ཡང་མཐའ་ཡས་པ་ཡིན་ཏེ་ཡུལ་མཐའ་ཡས་པའི་ཕྱིར་རོ། །མིག་ལ་སོགས་པ་དབང་པོ་རྣམས་ཀྱི་ཕལ་ཆེར་རྩ་བར་གྱུར་པ་མགྲིན་པ་ཡིན་པས་དེར་ཧྲཱིཿ་དམར་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང། ཀུན་གཞི་དང༌། ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་དང༌། རྣམ་པར་ཤེས་པ་བརྒྱད་དོ། །འདི་ལ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཀུན་གཞི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་དབང་པོའི་རྟེན་སྲོག་རླུང་ཡིན་པས་དེའི་གནས་ནི་སྙིང་ག་སྟེ་དེ་ལ་ཧཱུཾ་དཀར་པོའོ། །བཞི་པོ་རྣམས་ལས་གཞན་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་རྣམས་ཏེ། དེ་ཡང་མ་རིག་པ་ཐེ་ཚོམ་ལོག་པར་ལྟ་བ། འཇིག་ཚོགས་སུ་ལྟ་བ་མཐར་འཛིན་པའི་ལྟ་བ་དང༌། ལྟ་བ་ལ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དང༌། འདོད་ཆགས་ང་རྒྱལ་ཕྲག་དོག་སེར་སྣ་ཁོང་ཁྲོ་ལ་སོགས་མང་པའོ། །དེའི་ཁོངས་སུ་ཆུད་པའི་སེམས་བྱུང་རྣམས་ཀྱི་ཡང་རྟེན་རླུང་སྟེ། དེའི་གནས་རྐང་པ་གཉིས་ཀྱི་ཁྲོང་མོའི་འོག་ཡིན་ཏེ། དེ་དག་ལ་གཟུགས་བརྙན་ལྟར་གཉིས་སུ་གྱུར་པའི་ཧོཿ་ལྗང་གུའོ།།


DTG022_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕུང་པོ་ལྔ་པོ་རྣམས་ཀྱི་དེ་བཞིན་ཉིད་ལ་སྤྱི་གཙུག་ཧྲཱིཿ་མཐིང་གའོ། །དེ་བཞིན་དུ་མིག་ལ་སོགས་པར་བྱང་ཆུབ་སེམས་དཔའ་ཀུན་གྱིས་བོན་ཨོཾ་དཀར་པོ་དང༌། ཧཱུཾ་མཐིང་ག །ཏྲཾ་སེར་པོ། ཨ་དམར་པོ། ཧཾ་ལྗང་གུ། ཧཱུཾ་དཀར་པོ་ལྟེ་བ་ལ་སོགས་པར་ལྟུང་བྱེད་མ་ལ་སོགས་པའི་ལཾ་སེར་པོ། མཾ་མཐིང་ག །པཾ་དམར་མོ། ཏཾ་ལྗང་གུ། །བཾ་དུང་མདོག་བསྒོམ་པར་བྱའོ། །རྒྱུད་གཞན་ལས་དྲངས་པའི་མཚན་ལ་སོགས་པར་ཚིགས་སུ་བཅད་པས་བསྙད་པ། རྣམ་སྣང་རིན་ཆེན་འབྱུང་གནས་ཏེ། །འོད་དཔག་མེད་དང་དོན་ཡོད་གྲུབ། །རྡོ་རྗེ་སེམས་དང་མི་བསྐྱོད་པ། །འདི་དྲུག་རྒྱལ་པའི་ཁྱུ་མཆོག་ཡིན། །བརྐྱང་བསྐུམ་སྤྱན་གསུམ་ལྡན་པ་རྣམས། །དཀར་སེར་དམར་པོ་ལྗང་གུ་དང༌། །དཀར་མཐིང་དེ་བཞིན་གཤེགས་པ་རྣམས། །དང་པོ་གཡས་ན་འཁོར་ལོ་འཕྱར། །གཡོན་པ་དྲིལ་བུ་དཀུར་བརྟེན་པ། །གསུམ་པོ་རིན་ཆེན་པདྨ་དམར། །སྣ་ཚོགས་རྡོ་རྗེ་འཕྱར་བས་རོལ། །གཡོན་རྣམས་དྲིལ་བུ་ཐུགས་ཀར་བསྣམས། །ལྔ་པ་ཐུགས་ཀར་ཕྱག་གཡས་ན། །རྡོ་རྗེ་གཡོན་པས་དྲིལ་བུ་དཀུར། །བརྟེན་པའོ་དེ་བཞིན་གཡོན་པ་གཞན། །མི་བསྐྱོད་པ་ནི་ཕྱག་གཡས་ཀྱིས། །ས་གནོན་ཕྱག་རྒྱས་རྡོ་རྗེ་འཛིན། །ས་སྙིང་ཕྱག་ན་རྡོ་རྗེ་དང༌། མཁའ་སྙིང་འཇིག་རྟེན་དབང་ཕྱུག་དང༌། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །ཀུན་དུ་བཟང་པོ་རྒྱལ་སྲས་རྣམས། །དཀར་པོ་མཐིང་གསེར་པོ་དམར། །སྔོན་པོ་དཀར་རྣམས་གོ་རིམས་བཞིན། །དང་པོ་གཡས་པས་འཁོར་ལོ་འབྱར། །གཡོན་པས་ཐུགས་ཀར་དྲིལ་བུ་བསྣམས། །ཕྱག་རྡོར་ཐུགས་ཀར་རྡོ་རྗེ་གཡས། །གཡོན་གྱི་དྲིལ་བུ་དཀུར་བརྟེན་པ། །གཞན་གསུམ་གཡས་པས་རིན་ཆེན་དང༌། །པདྨ་དམར་དང་རྡོ་རྗེ་འཕྱར། །གཡོན་པ་དྲིལ་བུ་ཐུགས་ཀར་བསྣམས། །པད་དམར་སྣ་ཚོགས་རྡོ་རྗེ་འཕྱར། །དྲུག་པ་ཐུགས་ཀར་རྡོ་རྗེ་གཡས། །གཡོན་པ་དྲིལ་བུ་དཀུར་བརྟེན་པའོ། །རང་རང་ས་བོན་ལས་བྱུང་བའི། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །ལྟུང་བྱེད་མ་ལ་སོགས་པ་ཡང༌། །སེར་དང་མཐིང་ནག་དམར་ལྗང་གུ། །ཞལ་གཅིག་ཕྱག་བཞི་པ་རྣམས་ཀྱིས། །འཁོར་


DTG022_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་རྡོ་རྗེ་པད་རལ་གྲི། །གཡས་པའི་གཞན་གྲི་གུག་གོ །གཡོན་རྣམས་ཐོད་པ་ཁ་ཊྭཱཾ་ག །ལྔ་པ་དུ་བའི་མདོག་ཅན་ཏེ། །ཞལ་གསུམ་དུ་མདོག་དཀར་དང་དམར། །ཕྱག་དྲུག་དེ་ཡི་གཡོན་པ་ལ། །ཐོད་པ་ཁ་ཊྭཱཾ་ཞགས་པ་འཛིན། །གཡས་ཀྱིས་ལྕགས་ཀྱུ་ཚངས་པའི་མགོ །གྲི་གུག་རྣམས་ནི་རིམ་པས་འཛིན། །གཅེར་བུ་སྐྲ་གྲོལ་ལྷ་མོ་རྣམས། །དེ་དག་ཐམས་ཅད་སྤྱན་གསུམ་པ། །ཞབས་གཉིས་བརྐྱང་བསྐུམ་ཡང་དག་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ལྟུང་བྱེད་མ་ལ་སོགས་རྣམས་ནི། །ལས་དང་རྗེས་སུ་མཐུན་པའི་མིང་ཅན་ཏེ་སངས་རྒྱས་སྤྱན་དང་མཱ་མ་ཀཱི་གོས་དཀར་མོ་དང་སྒྲོལ་མ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་རང་བཞིན་ནོ། །ལྟུང་བྱེད་མས་ནི་བདུད་ཐམས་ཅད་ལྟུང་བར་བྱེད་པས་ཞི་བར་བྱེད་པའོ། །པདྨ་གར་གྱི་དབང་ཕྱུག་མ་ནི་ལས་ཁ་ཚར་བ་ཐམས་ཅད་སྒྲུབ་པར་བྱེད་པས་གར་ཉིད་ནི་ལས་ཁ་ཚར་བ་ལ་དབང་ཕྱུག་སྟེ་དོན་ཡོད་གྲུབ་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནི་རྣམ་པར་སྣང་མཛད་དེ། དེ་བཞིན་དུ་མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཞན་དེ་བཞིན་གཤེགས་པ་ལྔ་རིམ་པ་བཞིན་དུ་རྟོགས་པར་བྱའོ། །གཏི་མུག་རྣམ་པར་ཉམས་པས་གཏི་མུག་རྡོ་རྗེའོ། །གཞན་རྣམས་ཀྱང་དེ་བཞིན་ནོ། །ལྷག་མ་གོ་སླའོ། །གཟུགས་བརྙན་ལ་སོགས་པ་ནི་ཡང་ན་ཕུང་པོ་ལྔ་གོ་རིམ་ས་བཞིན་དུ་གཟུགས་བརྙན་དང༌། ཆུ་བུར་སྨིག་རྒྱུ་ཆུ་ཤིང་དང་སྒྱུ་མ་བཞིན་དུ་ངེས་པར་བྱའོ། །དེ་ནས་ཞེས་པ་ནི་ཕུང་པོ་ལ་སོགས་པ་དག་པའི་མཇུག་ཐོགས་སུ་བར་མ་ཆད་པར་རྡོ་རྗེའི་གུར་བསྒོམ་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་ནག་པོ། ལྗང་གུ། དམར་པོ། སེར་པོའོ། །མཉམ་པ་ཞེས་པ་ནི་དེ་དང་དུས་མཉམ་པ་ཁོ་ན་ལའོ། །ཧཱུཾ་བྱུང་ཞེས་བྱ་བ་ནི་ཧཱུཾ་ཡིག་ལས་བྱུང་བ་དང༌། ཧཱུཾ་ཡིག་གིས་མཚན་པའི་རྡོ་རྗེའོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པའི་སྔགས་བརྗོད་ནས་སོ། །འོག་ཁྱབ་ནི་ས་འོག་གི་མཐའི་བར་དུའོ། །ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་རྡོ་རྗེ་རྩེ་ལྔའི་རང་བཞིན་རྩིག་པ་རྣམས་བསམ་


DTG022_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །ཨོཾ་བཛྲ་ཤར་ཛཱ་ལ་ཏྲཱཾ་ཤཾ་ཏྲཱཾ་ཞེས་པ་འདིས་མདའི་དྲ་བ་ཡང་ངོ༌། །ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེའི་གུར་བསྒོམ་པར་བྱའོ། །འོག་ཅེས་པ་ནི་རྡོ་རྗེའི་གུར་གྱི་འོག་ཏུ་ཨོཾ་བཛྲ་བི་དཱ་ན་ཧཱུཾ་ཁཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་རྡོ་རྗེའི་བླ་རེ་བསྒོམ་པར་བྱའོ། །ཨོཾ་བཛྲ་ཛྲ་ལཱ་ན་ལཱ་རྐ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་དྲ་བ་འབར་བ་ཡང་ངོ༌། །ཁྭ་གདོང་མ་ལ་སོགས་པ་ཞེས་བྱ་བ་ནི། སོགས་པའི་སྒྲས་འུག་གདོང༌། ཁྱི་གདོང༌། ཕག་གདོང་མ་ཡོངས་སུ་གཟུང་ངོ༌། །གསང་སྔགས་བཞི་ཞེས་པ་ནི་སུམྦྷ་ལ་སོགས་པ་ཞལ་བཞི་པའི་སྔགས་སོ། །གཉིས་གཉིས་རང་རང་ཕྱོགས་འོད་ལས་བྱུང་བ་ཞེས་པ་ནི་གསང་སྔགས་གཉིས་གཉིས་ཀྱི་འོད་ཟེར་ལས་སྐྱེས་པ་རྣམས་སོ། །གཤིན་རྗེ་བརྟན་མ་ལ་སོགས་ཞེས་པའི་སྒྲས་ནི་གཤིན་རྗེ་ཕོ་ཉ་མ། གཤིན་རྗེ་མཆེ་བ་མ། གཤིན་རྗེ་འཇོམས་མ་གཟུང་ངོ༌། །ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱིས་ཕྱོགས་མཚམས་སྲུང་བ་ཁོ་ན་བཟུང་ན་གང་གིས་སྟེང་དང་འོག་སྲུང་ཞེ་ན། བརྗོད་པ་སྟེང་དང་འོག་གི་སྲུང་བ་ཡང༌། རྒྱུད་འདི་ལ་དེ་རྣམས་ཁོ་ནས་བྱེད་དེ། ས་འོག་ཚངས་པའི་གནས་པར་ཞེས་གསུངས་པའི་ཕྱིར་རོ། །ཁྲོན་པར་ཞེས་པ་ནི་རྩིག་པའི་ཉེ་བར་བྱུང་བ་ལའོ། །དེ་བཞིན་ཉིད་དུ་རོ་གཅིག་གནས། །ཞེས་པ་ནི་བགེགས་རྣམས་བསམ་པར་བྱའོ། །ཐིམ་ཞེས་པ་ནི་ཁྭ་གདོང་མ་ལ་སོགས་པ་རྣམས་སོ། །ཆུ་ལ་ཆུ་ཞེས་པ་ལ་སོགས་པ་ནི་ཁྭ་གདོང་མ་ལ་སོགས་པ་རབ་ཏུ་ཞུགས་པའི་དུས་ཁོ་ནར་ཆུ་ལ་ཆུ་བརྡབས་པས་ཐིམ་པ་བཞིན་དུ་བྱུང་བའོ། །དེའི་དུས་སུ་རྡོ་རྗེའི་རྩིག་པ་ལ་སོགས་པ་ཡང་བུ་ག་མེད་པར་གཅིག་ཏུ་གྱུར་པ་དང༌། རྣམ་པ་ཐམས་ཅད་ཀྱི་འགྲོ་བ་རྣམས་བགེགས་དང་བྲལ་བར་ལྷག་པར་མོས་པར་བྱའོ། །སྲུང་བའི་གུར་ལ་སོགས་པའི་མཇུག་ཐོགས་སུ་ཅིའི་དོན་དུ་འདི་ལ་སྟོང་པ་ཉིད་དུ་སྒོམ་ཞེས་པའི་ཀླན་ཀ་མེད་དེ། གང་གི་ཕྱིར་རྒྱུད་འདི་ཤེས་རབ་ཆེན་པོ་དང་ལྡན་པའི་དབང་གིས་ཡིན་ཏེ། ཤེས་རབ་ཆེན་པོ་དང་ལྡན་པའི་ཡང་སྟོང་ཉིད་ཁོ་ན་སྲུང་བའི་མཆོག་གོ །འོ་ན་བྲིས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་ཡང་ཅིའི་ཕྱིར་ཞེས་པ་ཡང་མ་བརྗོད་ཅིག །གང་གི་ཚེ་ཁོ་ན་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བསྐྱེད་པའི་ཚེ་ཁོ་ནར་དམ་ཚིག་


DTG022_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོས་ཡོངས་སུ་བཅད་པའི་སྣ་ཚོགས་རྡོ་རྗེའི་ཕྲེང་བ་བསྐྱེད་པའི་ཕྱིར་རོ། །ཞལ་བཞི་པའི་སྔགས་ཀྱི་བཏུ་བའི་ཆོ་ག་ལ། རེ་ཁཱ་བརྒྱད་བརྒྱད་ཀྱིས་བྱས་པ་རེའུ་མིག་བཞི་བཅུ་ཞེ་དགུ་པར་འགྱུར་པ་ལ་ཨ་ཡིག་ཐོག་མར་ཧ་ཡིག་ཐ་མར་གནས་པ་ཡི་གེ་བཞི་བཅུ་ཞེ་དགུ་བྲི་བར་བྱའོ། །དེ་ལ། བཅུ་གསུམ་ཟླ་ཚེས་ཐིག་ལེར་བཅས། །ཞེ་བརྒྱད་པ་ལ་ལྔ་པའི་ཞབས། །ཞེ་གཅིག་པ་ལ་བཞི་བཅུའི་གདན། །སོ་དྲུག་པ་ལ་གསུམ་པར་ལྡན། །ཞེ་བརྒྱད་པ་ལ་ལྔ་པའི་ཞབས། །ཞེ་གཅིག་པ་ལ་བཞི་བཅུའི་གདན། །ཞེ་དགུ་པ་ལ་ལྔ་པ་ཅན། །ཟླ་ཚེས་ཐིག་ལེ་དང་བཅས་པ། །དེ་བཞིན་ཡི་གེ་གཞན་ཡང་ངོ༌། །སོ་བརྒྱད་པ་དང་ཉེར་བདུན་པ། །ཞེས་བྱ་བ་ནི་ཐོག་མའི་སྔགས། །བཅུ་གསུམ་ཟླ་ཚེས་ཐིག་ལེ་ཅན། །བཅུ་དགུ་པ་ལ་ཞེ་གསུམ་གདན། །དབྱངས་ཡིག་གསུམ་པ་དང་ལྡན་པ། །ཞེ་དགུ་པ་ལ་སོ་དྲུག་གདན། །བཅུ་དགུ་ལ་སོགས་ཡང་དེ་བཞིན། །ཞེ་དགུ་དབྱངས་ཡིག་ལྔ་པར་བཅས། །ཟླ་ཚེས་ཐིག་ལེར་ལྡན་པའོ། །ཞེ་དགུ་ལ་སོགས་ཡང་དེ་བཞིན། །སོ་བརྒྱད་པ་དང་ཉེར་བདུན་པ། །བཟུང་པས་གཉིས་པའི་སྔགས་ཡིན་ནོ། །བཅུ་གསུམ་ཟླ་ཚེ་ཐིག་ལེ་ཅན། །བཅུ་དགུ་ཞེ་གསུམ་པ་ཡི་གདན། །དབྱངས་ཡིག་གསུམ་པ་དང་ལྡན་པ། །ཞེ་དགུ་པ་ལ་སོ་དྲུག་ལྡན། །དབྱངས་ཀྱི་ཡི་གེ་གཉིས་པ་ཅན། །སོ་བདུན་པ་དང་ཞེ་གཉིས་པ། །བཅུ་དགུ་ལ་སོགས་ལ་དེ་བཞིན། །ཞེ་དགུ་པ་ལ་ལྔ་པ་དང༌། །ཟླ་ཚེས་ཐིག་ལེར་བཅས་པའོ། །ཞེ་དགུ་པ་སོགས་ཡང་དེ་བཞིན། །སོ་བརྒྱད་པ་དང་ཉེར་བདུན་པ། །ཞེས་བྱ་བ་ནི་གསུམ་པའི་སྔགས། །བཅུ་གསུམ་ཟླ་ཚེས་ཐིག་ལེར་ལྡན། །དབྱངས་ཀྱི་ཡི་གེ་གཉིས་པ་བླང༌། །སོ་དྲུག་ཞེ་གཉིས་ཞེ་དགུ་པ། །དབྱངས་ཡིག་བཅུ་གསུམ་པ་ཡིས་བརྒྱན། །བཞི་བཅུ་བཅུ་དགུ་སོ་དགུ་པ། །གཉིས་པ་ཟླ་ཚེས་ཐིག་ལེར་ལྡན། །སོ་དགུ་ཉེར་བཞི་ཞེ་གསུམ་གདན། །ཞེ་དགུ་པ་ལ་ལྔ་པ་དང༌། །ཟླ་ཚེས་ཐིག་ལེར་ལྡན་པ་སྟེ། །ཞེ་དགུ་ལ་སོགས་ཡང་དེ་བཞིན། །སོ་བརྒྱད་པ་དང་ཉེར་བདུན་པ། །ཞེས་བྱ་བ་ནི་བཞི་པའི་སྔགས་སོ། །དེ་རྣམས་ཞེས་པ་ནི་སྲུང་བའི་གུར་བསྒོམ་པའི་མཇུག་ཐོགས་སུ། སྙིང་གར་ཞེས་


DTG022_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་སྲུང་བའི་གུར་གྱི་དབུས་སུ་གནས་པའི་ཐུགས་ཀར་རོ། །དེ་སྟེང་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་རྡོ་རྗེ་འཛིན་བའི་རང་བཞིན་འོད་ཟེར་ལྔ་འཕྲོ་བ་དང་ལྡན་པ་སྟེ། །ངོ་བོ་ཉིད་ཀྱི་ཁ་དོག་ཀྱང་ཧཱུཾ་ཡིག་གི་དངུལ་ཆུ་དང་འདྲ་བ་སྟེ་དབུས་སྔོ་བ་ཉིད་དང༌། ཕྱི་རོལ་དཀར་བ་ཉིད་ཀྱི་ཕྱིར་རོ། །དེའི་འོད་ཟེར་རྣམས་ཀྱིས་བཀུག་པ། མདུན་གྱི་ནམ་མཁའི་ཕྱོགས་སུ་གནས་པ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་བ་སོགས་བླ་ན་མེད་པའི་ཡན་ལག་བདུན་པའི་མཆོད་པ་དང་བདག་ཉིད་དབུལ་བར་བྱ་སྟེ། དེ་ལ། རྡོ་རྗེ་མཁའ་འགྲོ་ཁྱོད་ལ་འདུད། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ལྡན། །འགྲོ་བ་སྐྱོ་བ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ཕྱག་འཚལ་བའོ། །སྙིང་གི་ས་བོན་འོད་བྱུང་ནས། །པི་ཝང་འཛིན་སོགས་མཛེས་རྣམས་ཀྱིས། །ཕྱི་ནང་དེ་ཉིད་གསང་བ་ཡི། །མཆོད་པས་མཆོད་པ་ཉིད་དུ་བརྗོད། །དེ་ལ་པི་ཝང་མ། གླིང་བུ་མ། རྔ་ཟླུམ་མ། རྫ་རྔ་མ་རྣམས་སྔོ་སེར་དམར་ལྗང་གུ་རྣམས་ཏེ་རང་རང་གི་རོལ་མོ་ཁོ་ན་དཀྲོལ་བའི་ཕྱག་གཙོ་བོ་གཉིས་དང་ལྡན་པ་རྣམས་དང༌། ཕྱག་གཞན་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྣམས་སོ། །བཞད་མ། སྒེག་མོ། གླུ་མ། གར་མ་རྣམས་དམར་སེར་སྔོན་མོ་ལྗང་གུ་རྣམས་སོ། །བཞད་མའི་གཙོ་མོའི་ཕྱག་གཉིས་ཀྱིས་བཞད་པའི་སྟངས་དང་ལྡན་པ། སྒེག་མོ་གཙོ་བོའི་ཕྱག་གིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཙོ་བོ་གཉིས་ཀྱིས་སྒེག་པའི་སྟངས་དང་ལྡན་པའོ། །གླུ་མ་གཙོ་བོའི་ཕྱག་གཉིས་ཀྱིས་ཕེག་རྡོ་བ་འཛིན་མ། གར་མ་གཙོ་བོའི་ཕྱག་གཉིས་ཀྱིས་པད་ཀོར་སྟངས་ཅན་ནོ། །འདི་རྣམས་ཕྱག་གཡས་དང་གཡོན་དག་ན་ཐོད་པ་དང་ཁ་ཊྭཱཾ་ག་དང་ལྡན་པའོ། །མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ་རྣམས་དཀར་མོ་དུ་བ་མར་མེའི་རྩེ་མོ་ལྟ་བུ་དང་དམར་མོ་རྣམས་སོ། །འདི་རྣམས་ཀྱི་གཙོ་བོའི་གཡས་པར་མེ་ཏོག་པོ་ག་ཕོར་མར་མེའི་སྡོང་པོ་དང་དྲིའི་དུང་ཆོས་རྣམས་སོ། །ཕྱག་གཞན་གསུམ་རྣམས་ན་ཌ་མ་རུ་དང་ཐོད་པ་ཁ་ཊྭཱཾ་ག་རྣམས་སོ། །གཟུགས་མ་རོ་མ་རེག་མ་ཆོས་མ་རྣམས་དཀར་མོ། དམར་མོ། ལྗང་གུ། དཀར་མོ་རྣམས་ཏེ། གཙོ་བོའི་


DTG022_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་གཡས་པའི་ཕྱག་གཅིག་གིས་མེ་ལོང་སྦྲང་ཆང་གི་སྣོད་དང༌། གོས་སྣ་ཚོགས་པ་དང༌། ཆོས་འབྱུང་འཛིན་པ་རྣམས་ཏེ། ཕྱག་གཞན་རྣམས་ན་ཌ་མ་རུ་དང་ཐོད་པ་ཁ་ཊྭཱཾ་ག་རྣམས་སོ། །ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་གི་ས་བོན་ལས་བྱུང་བ་རྣམས་སོ། །དེའི་རྗེས་སུ་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་བྱའོ་ཞེས་པ་ནི་མཆོད་པའོ། །འདོད་ཆགས་ཞེ་སྡང་གཏུ་མུག་གི །བདག་གི་ལུས་ངག་ཡིད་སྒོ་ནས། །སྡིག་བགྱིས་བགྱིད་སྩལ་ཡི་རང་གང༌། །དེ་དག་རྒྱལ་བའི་མདུན་དུ་བཤགས། །སྡིག་པ་བཤགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནི་བསོད་ནམས་གང༌། །གཞན་ཡང་རྫོགས་པའི་བྱང་ཆུབ་ཡང་དག་བསྟེན་རྣམས་དང༌། །རང་སངས་རྒྱས་དང་བླ་མ་དམ་པ་རྣམས་ཀྱི་ཡང༌། །དེ་དག་ཐམས་ཅད་བསོད་ནམས་ཤིན་ཏུ་རྗེས་ཡི་རང༌། །ཞེས་བྱ་བ་བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །དུས་གསུམ་བཞུགས་པའི་སངས་རྒྱས་མ་ལུས་ཐམས་ཅད་ནི། །མཐའ་ཡས་ཕྱོགས་ཁྱབ་ཐུགས་རྗེའི་ཡོན་ཏན་ཚོགས་རབ་ལྡན། །ཆོས་བཅས་སྐྱོན་བྲལ་འཕགས་པའི་ཚོགས་རྣམས་ཐམས་ཅད་ལའང༌། །ཤེས་ནས་བདག་ཉིད་གུས་པས་རབ་ཏུ་སྐྱབས་སུ་མཆི། །ཞེས་པ་ནི་སྐྱབས་སུ་འགྲོ་བའོ། །རྒྱལ་བའི་ཡོངས་སུ་དག་པའི་ཡང་དག་ལམ་བསྟེན་ནས། །ཚངས་དབང་དྲག་པོ་སོགས་ཀྱིས་རིན་ཐང་མེད་མི་རྙེད། །འདི་ལྟར་བདག་གིས་ཉེ་བར་བསགས་པའི་བསོད་ནམས་ཚོགས་ལས་ནི། །བྱང་ཆུབ་མཆོག་སེམས་དེ་ནི་རབ་ཏུ་བསྐྱེད་པར་བགྱི། །རྒྱལ་བའི་ལམ་བསྟེན་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །བདག་གིས་འགྲོ་རྣམས་བསྒྲལ་བྱའི་ཕྱིར། །བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །ཞེས་བྱ་བ་བདག་ཉིད་དབུལ་བའོ། །འདི་ལྟར་བསོད་ནམས་ཀྱི་ཚོགས་བརྗོད་ནས་ཧེ་རུ་ཀ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ཚོགས་བརྗོད་དེ། མཆོད་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་སེམས་ཙམ་ཉིད་དུ་མོས་པར་བྱ་སྟེ། རང་གི་མགོ་དང་མགྲིན་པ་སྙིང་གར་ཧེ་རུ་ཀ་ཞེས་པའི་ཡི་གེ་


DTG022_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་བསྒོམས་ཏེ། ཆོས་རྣམས་རྒྱུ་དང་བྲལ་བ་དེ་ལྟར་རྟོག་པ་དང་བྲལ་བ་གང་དུའང་མི་གནས་པ་ཞེས་བྱ་བར་ངེས་པར་སྦྱར་ནས། ཆོས་རྣམས་ཀྱི་ཚུལ་འདི་ལྟར་མ་ཤེས་པས་སེམས་ཅན་རྣམས་ནི་བདག་དང་བདག་གི་བ་ལ་སོགས་པ་བཟུང་ནས་འཁོར་བར་འཁྱམས་ཏེ། དེ་ལ་བདག་གིས་ཧེ་རུ་ཀར་བསྒྱུར་ནས་ཆོས་རྣམས་ཚུལ་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་ཤེས་པར་བྱའོ་ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་པར་བྱས་ནས། ཨོཾ་སྭ་བྷཱ་བ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང༌། ཁམས་གསུམ་སྟོང་བར་བསམ་པར་བྱའོ། །དེ་ལ་མཆོད་བྱ་མཆོད་བྱེད་མཆོད་པ་ལ་སོགས་པ་རྣམས་ཀྱིས་སེམས་ཙམ་ཉིད་དུ་མངོན་པར་བསྒོམ་པ་ལ་ཨོཾ་ཡིག་གོ །སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿ་ཞེས་བྱ་བ་ནི། གཟུང་བ་རྣམས་པར་དག་པའོ། །སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བ་ནི་འཛིན་པ་རྣམ་པར་དག་པའོ། །ཡང་སྨོན་ལམ་གྱི་དབང་གིས་སེམས་དེ་གོང་ནས་གོང་དུ་གནས་པའི་དཀར་པོ། དམར་པོ། མཐིང་ག །ཨོཾ་ཨཱཿ་ཧཱུཾ་གི་ཡི་གེའི་ཚུལ་དུ་གནས་པར་བྱའོ། །དེ་ནས་ཨོཾ་ཡིག་ལས་སྐུའི་འཁོར་ལོ་རྣམས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བར་བྱས་ནས་དེ་ཉིད་ཁོ་ན་ལ་རབ་ཏུ་གཞུག་པར་བྱའོ། །དེ་བཞིན་དུ་ཨཱཿ་ཡིག་ལས་གསུང་གི་འཁོར་ལོའི་ལྷ་རྣམས་དང༌། ཧཱུཾ་ཡིག་ལས་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སོ། །དེ་ནས་ཨོཾ་ཡིག་ཨཱཿ་ཡིག་ལ། ཨཱཿ་ཡིག་ཧཱུཾ་ཡིག་ལ། ཞབས་ཀྱུ་ཧ་ཡིག་ལ། ཧ་ཡིག་མགོ་ལ། མགོ་ཟླ་ཚེ་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ་ཐིམ་པར་བྱས་ནས་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆར་བཞག་ནས་ཆོས་ཉིད་མ་རྟོགས་ན་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་སྔར་བཞིན་དུ་སྙིང་རྗེ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེའི་ས་བོན་དུ་གྱུར་པར་རྣམ་པར་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་དེ། ནཱ་ད་ཙམ་གྱིས་རྣམ་པར་རྟོག་པ་ཡང་སྤང་པོ་ཞེས་བྱའོ། །ཆུང་དུས་ཀྱང་སྟོང་པ་ཉིད་ཀྱི་སྒོམ་པ་མེད་པར་རྡོ་རྗེའི་གུར་གྱི་དབུས་ཁོ་ན་ལ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་འབྱུང་ཨེ་ཡིག་གི་རྣམ་པ་སྟེང་ཡངས་པ་འོག་ཕྲ་བའི་རྣམ་པར་བསྒོམས་ནས། དབུས་སུ་གཞལ་ཡས་ཁང་


DTG022_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོམ་པར་བྱེད་པ་ནི་ཁ་ཅིག་གིའོ། །དེའི་རྗེས་སུ་སྟོང་པ་ཉིད་ལས་ལྡང་བའི་རྣལ་འབྱོར་གྱིས་བྷཻ་རཾ་བ་རླུང་གི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་སྣ་ཚོགས་རྡོ་རྗེ་མངོན་པར་རྫོགས་པར་བྱས་ནས། དེའི་སྟེང་དུ་སྣ་ཚོགས་པདྨ་བསྒོམ་སྟེ་དེའི་མཚན་ཉིད་བརྗོད་པ། ཤར་སོགས་ཕྱོགས་སུ་གནས་པའི་འདབ་མ་སྐྱ་རེངས་ལྟར། རླུང་དང་མེའི་ཕྱོགས་སུ་འདབ་མ་སེར་པོའི་མདོག །ཡི་དགས་བདག་པོ་དབང་ལྡན་ཕྱོགས་སུ་ཡང་དཱུར་བ་སྔོན་པོ་སྤྲིན་མདོག་ངེས་པར་སྣ་ཚོགས་པདྨའོ། །འདིའི་དོན་ནི་འདི་ལྟ་སྟེ་ཤར་ལ་སོགས་པའི་ཕྱོགས་ལ་གནས་པ་དམར་པོ་སྟེ། རླུང་མཚམས་དང་མེ་མཚམས་སུ་སེར་པོ། བདེན་བྲལ་མཚམས་སུ་སྔོན་པོ། དབང་ལྡན་མཚམས་སུ་མཐིང་གའོ། །དེའི་ལྟེ་བར་ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཞེས་པ་ནི་གཡོན་དང་གཡས་སྐོར་དུ་གནས་པའི་ཨཱ་ལི་གཱ་ལིའི་ཕྲེང་བ་ཡོངས་སུ་གྱུར་པ་ལས། ཨཱ་ལི་ཀཱ་ལིའི་དབྱིབས་གཟུགས་བརྙན་དུ་གྱུར་པའི་ཟླ་བ་དང་ཉི་མ་གཉིས་བསམ་པར་བྱའོ་ཞེས་བྱ་བ་རྣལ་འབྱོར་རོ། །དེ་ལ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཟླ་བ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉི་མ་དག་གི་ངོས་ཕྲད་པ་བདེ་བ་ཆེན་པོ་ཁ་སྦྱར་བའི་དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བའི་ནང་དུ་ཉི་མ་ལ་གནས་པའི་ས་བོན་ཧཱུཾ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དང་པོ་བཞག་པའི་ནཱ་ད་ལས་རིམ་པས་སྐྱེས་པ། རྡོ་རྗེ་འཛིན་པའི་རང་བཞིན་ནི་དེའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བའི་ཁ་དོག་ལྔ་པའི་འོད་ཟེར་ལས་འཕྲོས་པའི་འཁོར་ལོ་ལྔའི་ལྷ་རྣམས་ཀྱིས་འགྲོ་བ་དེའི་རང་བཞིན་དུ་བྱས་ཏེ་བསྡུས་ནས། ཡང་ཕྱོགས་བཅུ་ན་བཞུགས་པའི་གྲུབ་པ་ཐོབ་པ་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་ཉམས་མཉམ་པར་སྦྱོར་བས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཞུ་བར་བྱས་ནས་རབ་ཏུ་གཞུག་པར་བྱའོ། །དེ་ནས་མཆོག་ཏུ་དགའ་བའི་རང་བཞིན་གྱི་ས་བོན་དེའི་དུས་སུ་མངོན་དུ་ཕྱོགས་པར་བྱས་ནས་བསྒོམ་པར་བྱའོ། །དེ་ཁོ་ནའི་ཕྱིར་བཅོམ་ལྡན་འདས་འདི་རྒྱུའི་རྡོ་རྗེ་འཛིན་པའི་རང་བཞིན་ནོ་ཞེས་བྱ་བ་རྗེས་སུ་རྣལ་འབྱོར་རོ། །


DTG022_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧཱུཾ་ལ་སོགས་པ་ལས་བསྐྱེད་ཅེས་པ་ནི། ཟླ་བ་དང༌། ཉི་མ་དང༌། ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཚུལ་རྫོགས་པ་དཔལ་ཧེ་རུ་ཀ །ཨོཾ་ཨཱཿ་ཧཱུཾ་སརྦ་བའི་ར་ཡོ་གི་ནའི་ཀཱ་ཡ་ཝཱ་ཀ་ཙི་ཏྟ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ་སརྦ་དྷརྨཱཿ་བཛྲ་ཤུདྡྷོ྅ཧཾ། ཞེས་བྱ་བ་ལ་སོགས་པའི་སྔགས་འདི་གསུམ་བརྗོད་ཅིང༌། བཅོམ་ལྡན་འདས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྒོམ་པར་བྱའོ། །ཉི་མའི་འཁོར་ལོར་གནས་ཞེས་པ་ན་མ་རིག་པའི་མུན་པ་སེལ་བའི་རྣམ་པར་དག་པའི་ཕྱིར་དང༌། །ཁྲོ་བོའི་ཚུལ་ཉིད་ཀྱི་ཕྱིར་དང༌། ཁྲོ་བོ་རྣམས་ཀྱི་ཡང་ཉི་མ་ལ་གནས་པ་དང་འོད་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྟག་པ་ཞེས་པ་ལ་སོགས་པ་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་རྟག་པའི་རྣམ་པར་རྟོག་པའི་རང་བཞིན་དབང་ཕྱུག་མནན་པ་དང༌། ཆད་པའི་རྣམ་བར་རྟོག་པའི་རང་བཞིན་ཨུ་མ་དེ་མ་མནན་པའོ། །དེ་ལ་དབང་ཕྱུག་ནི་འཇིགས་བྱེད་དེས་བོན་གྱི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་མཐིང་ནག་སྤྱན་གསུམ་པ་ཕྱག་རྒྱ་ལྔ་དང་ལྡན་པ་གཡོན་དུ་བསྙེས་པ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་དག་གིས་ཐལ་མོ་སྦྱར་བ། གཞན་གཉིས་ཀྱིས་ཌ་མ་རུ་དང་རལ་གྲི་འཛིན་པའོ། །ཨུ་མ་དེ་བ་ནི་དུས་མཚན་མོ་སྟེ་ས་བོན་ཧྲཱིཿ་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་གཅིག་ཕྱག་བཞི་མ་ཕྱག་དང་པོ་དག་གིས་ཐལ་མོ་སྦྱར་བ། གཞན་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། སྤྱན་གསུམ་པ་ཕྱག་རྒྱ་ལྔ་དང་ལྡན་པ་གཡས་སུ་བསྙེས་པའོ། །འདི་ནི་སྤྱན་གསུམ་པར་བཤད་པའི་རྗེས་སུ་འཇུག་གོ །འཁོར་ལོ་ལ་སོགས་པ་ནི། དེ་ལ་འཁོར་ལོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚངས་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །དུར་ཁྲོད་ནི་སྡུག་བསྔལ་དང་མི་རྟག་པ་ལ་སོགས་པའི་དགྲ་རྣམས་ལ་བདེ་བའི་མངོན་པར་ཞེན་པ་དང༌། རྟག་པ་རྒྱུ་མེད་པ་རྒྱུ་མི་མཐུན་པ་ལ་སོགས་པའི་མངོན་པར་ཞེན་པ་དང༌། འཁོར་པ་ལ་མངོན་པར་ཞེན་པའམ་མ་ཡིན་པ་ལ་མངོན་པར་ཞེན་པ་ཟད་མི་ཤེས་པའི་མངོན་པར་ཞེན་པ། སྐྱེ་བའི་མངོན་པར་ཞེན་པ། བདག་ལ་མངོན་པར་ཞེན་པ། དེའི་རྗེས་སུ་འགྲོ་


DTG022_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་མངོན་པར་ཞེན་པ། དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པ། གོམས་པར་མ་བྱས་པ་སྟེ་ཆོས་བཅུའོ། །བཅུ་པོ་འདི་རྣམས་ཀྱི་རྣམ་པར་དག་པས་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བཅུ་རྟོགས་པར་བྱའོ། །ངེས་པའི་དོན་གྱིས་ཀྱང་རྩའི་བུ་ག་ནས་གྱེན་དུ་རྒྱུ་བའི་གཏུམ་མོའི་ཡེ་ཤེས་ཀྱི་མེས་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོར་མི་སྣང་བར་བྱེད་པའི་ཕྱིར་དེ་ཉིད་ཁོ་ན་དུར་ཁྲོད་བརྒྱད་དོ། །དེ་བས་ན་གཞན་དུ་གསུངས་པ་དུར་ཁྲོད་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུས་པའི་རྣམ་པར་ཤེས་པ་བརྒྱད་ཀྱི་བདག་མེད་པའི་རང་བཞིན་གྱིས་བརྒྱད་དོ། །གཞལ་ཡས་ཁང་གི་ནང་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་དབུས་སུ་གནས་པའོ། །གཞལ་ཡས་ཁང་དེ་ཡང་བྷྲཱུཾ་ཡིག་ལས་བྱུང་བ། རིག་མ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དང༌། དེ་བཞིན་གཤེགས་པ་དང་སོ་སོའི་སྐྱེ་བོ་དག་གི་དེ་བཞིན་ཉིད་དུ་ཚུལ་གཅིག་པས་མི་མཉམ་པའི་དངོས་པོ་མེད་པའི་ཕྱིར་གྲུ་བཞི་པའོ། །དྲན་པ་ཉེ་བར་གཞག་པ། ཡང་དག་པར་སྤོང་བ། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་རྣམ་པར་དག་པས་སྒོ་བཞི་པའོ། །ལམ་གྱི་ཡན་ལག་བརྒྱད་རྣམ་པར་དག་པས་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། དྲི་མེད་ཕྱག་རྒྱ་དང་སེང་གེ་རྣམ་པར་བརྩེ་བའི་ཏིང་ངེ་འཛིན་བཞིའི་རྣམ་པར་དག་པས་མདོ་ཁྱམས་བེ་དི་ཀ་ལྷའི་སྣམ་བུ་བཞིས་ཡོངས་སུ་བསྐོར་བའོ། །བསམ་གཏན་བཞི་རྣམ་པར་དག་པས་རྟ་བབས་བཞིས་བརྒྱན་པ། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པས་དྲ་བ་དང་དྲ་བ་ཕྱེད་པ་དང༌། ཟླ་བ་དང༌། ཉི་མ་དང༌། བ་དན་དང༌། མེ་ལོང་དང་རྔ་ཡབ་བོ། །མདོར་ན་སངས་རྒྱས་ཀྱི་ཡོན་ཏན་དེ་དང་དེའི་རྣམ་པར་དག་པས་མཚན་དང་ལྡན་པའོ། །རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར་དཔྲལ་བར་རྡོ་རྗེ་ལྔ་ལས་བྱས་པའི་ཕྲེང་བ་འཛིན་པའོ། །ཤར་དང་བྱང་ལ་སོགས་པར་རིམ་པས་མཐིང་ནག་ལྗང་བུ་དམར་པོ་སེར་པོའི་མདོག །ཞལ་བཞི་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་སྨོན་པ་མེད་པ། མངོན་པར་


DTG022_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུས་མ་བྱས་པའི་མཚན་ཉིད་རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པའོ། །བཅུ་གཉིས་ཞེས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགོག་པའི་ཕྱིར་རོ། །རེ་རེ་ལ་སྤྱན་གསུམ་པ་ཞེས་པ་ནི་དུས་གསུམ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་གཟིགས་པའི་ཕྱིར་རོ། །བརྐྱང་དང་བསྐུམ་པའི་ཞབས་ཞེས་པ་ནི་འགྲོ་བ་ཐམས་ཅད་སྟོང་པ་ཉིད་ཀྱིས་བསྡུས་པའི་ཕྱིར་ངོ༌། །དེ་ཡང་ཞབས་གཡོན་པ་བསྐུམ་པ་ལས་མཐོ་ལྔར་གཡས་བརྐྱང་པའོ་ཞེས་བྱ་བ་ནི། དེ་ཁོ་ནར་ཕྱག་གཉིས་ཀྱིས་སོ། །སྟོང་པ་དང་སྙིང་རྗེ་དག་རོ་གཅིག་པའི་ཕྱིར་གཡས་པའི་རྡོ་རྗེ་ནི་ཡེ་ཤེས་ལ་རོ་མཉམ་པའི་རང་བཞིན་ནོ། །གཡོན་ན་དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །གཏི་མུག་ལ་སོགས་པ་ནི་འགྲོ་བའི་གཏི་མུག་རྣམ་པར་ཉམས་པར་བྱས་པའི་ཕྱིར། དཀར་པོ་གཏི་མུག་གི་རང་བཞིན་ཁྲག་དང་བཅས་པ་བརྒྱངས་པ་རང་གི་རྒྱབ་ཏུ་འཛིན་པའོ། །ཌ་མ་རུལ་སོགས་པ་ནི་གཡས་པའི་གོང་མ་ཐོག་མར་བྱས་ནས་དེ་བཞིན་དུ་གཡོན་པའི་སྟེང་ཡང་ཐོག་མར་བྱས་ནས་ཁ་ཊྭཱཾ་ག་ལ་སོགས་པ་རིམ་པས་འཛིན་པའོ། །དེ་ལ་མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་བ་ནི་ཌ་མ་རུའོ། །ལུས་ངག་ཡིད་གསུམ་གྱི་སྐྱོན་གཅོད་པར་བྱེད་པས་དགྲ་སྟའོ། །དངོས་དང་དངོས་མིན་གྱི་རྣམ་པར་རྟོག་པ་གཅོད་པར་བྱེད་པའི་ཤེས་རབ་ནི་གྲི་གུག་གོ །སྲིད་པ་གསུམ་གྱི་ཉོན་མོངས་པ་དྲལ་བར་བྱེད་པས་རྩེ་གསུམ་བསྒྲེང་བ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དཀར་པོ་དང༌། སྐུ་གསུང་ཐུགས་རྣམ་པར་དག་པས་དཀར་པོ་དམར་པོ་ནག་པོའི་མགོ་བོ་གསུམ་དང་ལྡན་པའི་ཁ་ཊྭཱཾ་གའོ། །བདེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་རང་བཞིན་ཐོད་པའོ། །ཡང་དག་པའི་ཡེ་ཤེས་ཀྱི་རྣམ་པར་བཅིངས་པས་སྲུང་བ་ནི་རྡོ་རྗེའི་ཞགས་པའོ། །དངོས་དང་དངོས་མིན་གྱི་རྣམ་རྟོག་ཉམས་པ་དང་ཐར་པའི་རང་བཞིན་ཚངས་པའི་མགོ་བོའོ། །བཅོམ་ལྡན་འདས་ལ་བྱང་ཆུབ་ཀྱི་སེམས་རྒྱུན་གཡོན་ངོས་སུ་འབར་བའི་ཕྱིར། དབུ་ལ་ཅུང་ཟད་གཡོན་དུ་ཡོ་བའི་ཟླ་བ་ཕྱེད་པའོ། །ཆོས་ཀྱི་དབྱིངས་ལས་ཀུན་ནས་སློང་བ་ཉིད་ཀྱི་ཕྱིར་དབུ་ལ་ཐོད་པ་ལྔའི་ཕྲེང་བ་དང༌། འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་


DTG022_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར་སྣ་ཚོགས་རྡོ་རྗེ་དང་ལྡན་པའོ། །བདུད་བཞི་རྣམ་པར་ཉམས་པའི་ཕྱིར་དབུ་ལ་རལ་བའི་ཐོར་ཅོག་གོ །བློ་ལྡན་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔ་དང༌། ལྷ་མོ་བཞིའི་རང་བཞིན་ཞི་གནས་དང་ལྷག་མཐོང་བསྒོམས་པའི་དགའ་བ་དང་སྦྱོར་བའི་ཕྱིར། སྒེག་དང་དཔའ་བ་མི་སྡུག་པ། དྲེགས་དང་བཞད་མཛད་འཇིགས་སུ་རུང༌། །སྙིང་རྗེ་རྔམ་བ་ཞི་རྣམས་ཀྱི། །གར་གྱི་ཉམས་དགུར་ལྡན་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་གི་དྲི་མ་དང་བྲལ་བའི་ཕྱིར་སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །ཨཱ་ལི་ཀཱ་ལི་ལྔ་བཅུ་རྣམ་པར་དག་པས་མི་མགོ་ཁྲག་དང་བཅས་པ་གང་གིས་དོ་ཤལ་དུ་འཛིན་པ་དེ་ནི་དེ་བཞིན་ནོ། །མགུལ་རྒྱན་དང་གདུ་བུ་སྙན་རྒྱན་སྤྱི་གཙུག་གི་ནོར་བུ་དང་མིའི་རྒྱུས་པའི་ཚངས་སྐུད་དང་ལྡན་པ། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པས་ལུས་ཐམས་ཅད་ལ་ཐལ་པས་བྱུགས་པའོ། །མདུན་ནས་ཞེས་པ་ནི་འཁྱུད་ནས་གནས་པའོ། །ཟླ་མཚན་དང་ལྡན་པའི་ཕྱིར་ཉི་མ་ལ་གནས་པ་དང་ཉི་མའི་འོད་ཟེར་ཅན་ནོ། །འདོད་ཆགས་དང་བྲལ་བའི་ཕྱིར་ཐོད་པ་སྐམ་པོའི་ཕྲེང་བ་འཛིན་པ། བདུད་ཁྲག་ལ་སོགས་པ་ནི་འཁྱུད་པའི་ཕྱག་གཡོན་པས་འཛིན་པའི་ཐོད་པ་ལས་འཛག་པའི་ཁྲག་གི་རྒྱུན་གྱིས་རྗེ་བཙུན་ལ་སྟོབ་པ། །འཇིགས་བྱེད་ཅེས་བྱ་བ་ནི་གྱེན་དུ་བསྒྲེང་བའི་གཡས་པ་སྡིགས་མཛུབ་དང་བཅས་པའི་རྡོ་རྗེས་ཕྱོགས་བཅུར་གནས་པའི་གདུག་པའི་སེམས་ཅན་ཡང་དག་པར་འཇིགས་པར་བྱེད་པའོ། །བསྐལ་པའི་མེ་ལྟར་ཞེས་པ་ནི་སྟོང་པ་ཉིད་ཀྱིས་འགྲོ་བ་ལ་མི་དམིགས་པའི་མཉམ་པ་ཉིད་ཀྱི་ཕྱིར་རོ། །གཟི་བརྗིད་ཆེ་བ་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱིས་གསལ་བར་སྦྱོར་བའི་ཕྱིར། ཁྲག་ཅེས་པ་ནི་ཟླ་མཚན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བརླ་གཉིས་ལ་ནི་བཅོམ་ལྡན་འདས་ཀྱིའོ། །བདེ་ཆེན་ཞེས་པ་ནི་ལྷག་མཐོང་གི་ཚུལ་གྱིས་བདེ་བ་ཆེན་པོ་ལ་སིམ་ན་ཡང་འགྲོ་བའི་དོན་བྱེད་པའོ། །ཅུང་ཟད་དགོད་དང་ཡོངས་སུ་འཁྱུད། །གཅེར་བུ་ཉིད་དང་སྐྲ་གྲོལ་མ། །སྤུ་ལྡང་བ་དང་བདེ་ཆེན་པོའི། །ཕྱི་རོལ་དུ་ནི་རྟགས་ལྔའོ། །དངོས་སུ་རྟགས་གསུམ་བརྗོད་པའི་ཕྱིར། །དེ་ལ་རྟགས་གཉིས་རྟོགས་པར་བྱ། །འཁོར་ལོ་ལྔ་གནས་ལྷ་མོ་རྣམས། །


DTG022_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟགས་ལྔ་པོ་ལ་ཡང་དག་གནས། །ཞེས་སོ། །བྱང་ཆུབ་སེམས་ལ་སོགས་པ་ནི་སོགས་པའི་སྒྲས་བདུད་རྩི་ལྔ་སྒྲོན་མ་ལྔ་རྣམས་རོ་གྲུབ་པར་གྱུར་བ་འབྱུང་ངོ༌། །འདི་ལྟར་འཁོར་དང་བཅས་པ་དམ་ཚིག་སེམས་དཔའི་ཐུགས་ཀའི་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་ཏིང་ངེ་འཛིན་སེམས་དཔའ་དང༌། ལྟེ་བར་འཆད་པར་འགྱུར་བའི་ཨཱ་ལི་ཀཱ་ལི་ལ་སོགས་པ་ཡེ་ཤེས་སེམས་དཔའ་ཞེས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་བསྒོམ་པར་བྱའོ། །ཡང་ན་སྙིང་གར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། དེ་ནཱ་ད་དང་ཐིག་ལེ་བདེ་བ་ཆེན་པོའི་བདུད་རྩིའི་རང་བཞིན་དུ་བསམ་པར་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ནམ་མཁའ་ལ་སྤྱོད་པ་རྣམས་ནི་གང་དེ་རྣམས་ཀྱི་གནས་ཀྱང་གང་ཞེ་ན། འདིར་བརྗོད་པ་རབ་ཏུ་གཏུམ་མོ་ལ་སོགས་པ་དཔའ་མོ་བརྒྱད་ནི། ནམ་མཁའ་ལ་སྤྱོད་པ་ཅན་ཡིན་ནོ། །དེ་རྣམས་ཀྱི་གནས་ནི་ཇི་ལྟར་འདོད་པ་བཞིན། རྩིག་པ་ལ་སོགས་པ་ལམ་ཐོགས་པར་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དང༌། འདོད་པའི་དོན་ཡིད་ཀྱིས་བསམ་པ་ཙམ་གྱིས་ཐོབ་པ་ཡང་ངོ༌། །སྲིད་པའི་སྡུག་བསྔལ་ཉམས་སུ་མི་མྱོང་བ་ཡང་ཞེས་བྱ་བ་ནམ་མཁའ་ལ་སྤྱོད་པའི་གནས་སོ། །ས་ལ་སྤྱོད་པ་དངས་འོག་ན་གནས་པ་རྣམས་ཀྱི་གནས་ཀྱང་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱིས་ཐོབ་པའོ། །སྒོམ་པ་རབ་ཏུ་གྱུར་པའི་དབང་དུ་བྱས་ནས་ཁྱད་པར་བརྗོད་དེ། མིག་དག་ལ་པདྨ་དང་ཟླ་བ་ལ་ཀྲཾ་ཡིག་ལས་བྱུང་བའི་གཏི་མུག་རྡོ་རྗེ་བསྒོམ་པར་བྱའོ། །དཀར་པོ་གཟུགས་རྡོ་རྗེ་མས་ཀུན་ལ་འཁྱུད་པ། རྣ་བ་དག་ལ་པདྨ་དང་ཉི་མ་ལ་རྡོ་རྗེ་དང་ཧཱུཾ་ཡིག་ལས་བྱུང་བའི་ཞེ་སྡང་རྡོ་རྗེ་ནག་པོ་སྒྲ་རྡོ་རྗེ་མས་འཁྱུད་པ། སྣ་བུག་དག་ལ་པདྨ་དང་ཉི་མ་ལ་རིན་པོ་ཆེ་དང་ཏྲཾ་ཡོངས་སུ་གྱུར་པ་ལས་ཕྲག་དོག་རྡོ་རྗེའོ། །ཁ་ཅིག་ལ་སེར་སྣ་རྡོ་རྗེ་ཞེས་སོ། །སེར་པོ་དྲི་རྡོ་རྗེ་མས་འཁྱུད་པ། ལྕེའི་རྩ་བར་པདྨ་དང་ཉི་མ་ལ་པདྨ་དམར་པོ་དང་ཨཿཡོངྶ་སུ་གྱུར་བ་ལས་འདོད་ཆགས་རྡོ་རྗེ་དམར་པོ་རོ་རྡོ་རྗེ་མས་འཁྱུད་པ། དཔྲལ་བར་ཉི་མ་དང་ཧཱུཾ་ཡོངས་སུ་གྱུར་པ་ལས་སེར་སྣ་རྡོ་རྗེ་ལྗང་གུ་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་འཇུག་པ། ཐུགས་ཀར་པདྨ་དང་ཟླ་བ་ལ་རྡོ་རྗེ་དང་ཧཱུཾ་


DTG022_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་བྱུང་བ་དབང་ཕྱུག་རྡོ་རྗེ་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་སྙོམས་པར་འཇུག་པའོ། །གཏི་མུག་རྡོ་རྗེ་ལ་སོགས་པ་འདི་རྣམས་ནང་གི་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་རང་བཞིན། ལྷའི་མིག་ལ་སོགས་པ་རྣམས་སྦྱིན་པ་པོ་རིམ་པ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་མིང་གཞན་ཡང་ངོ༌། །རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་དང༌། རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །རལ་པའི་ཅོད་པན་ཅན་སྤྱན་གསུམ་པ་ཕྱག་རྒྱ་ལྔ་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་པ་རྣམས་ནི། ཕྱག་གཡས་པས་འཁོར་ལོ། རྡོ་རྗེ་རིན་ཆེན། པདྨ་དམར་པོ། སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་དཀར་པོ་འཛིན་པ་རྣམས་ཏེ། གཡོན་གྱིས་རྡོ་རྗེ་དྲིལ་བུ་འཛིན་པ་ཞབས་བརྐྱང་བསྐུམ་པའོ། །འདི་རྣམས་ཀྱི་ཤེས་རབ་མ་ཡང༌། ས་བོན་ཛཿཧཱུཾ་བོཾ་ཧོཿཁོཾ་རཾ་ལས་བྱུང་བ། ཕྱིའི་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་རང་བཞིན། རང་རང་གི་སྐུ་མདོག་དང་མཐུན་པ་བཟློག་པའི་བརྐྱང་བསྐུམ་ནི་ཁྱད་པར་རོ། །ཕྱག་གཡས་པས་མེ་ལོང་པི་ཝང་དྲིའི་དུང་ཆོས་རིའོ་སྣོད། །གོས་སྣ་ཚོགས་པ་ཆོས་འབྱུང་འཛིན་པ། གཡོན་པས་རྡོ་རྗེ་དྲིལ་བུ་འཛིན་པ་རྣམས་སོ། །སྒྲ་རྡོ་རྗེ་མ་ནི་གཡོན་གྱིས་ཀྱང་པི་ཝང་འཛིན་པ། རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའོ། །ལྟེ་བ། སྙིང་ག །མགྲིན་པ། དཔྲལ་བའི་པདྨ་དང་ཟླ་བ་རྣམས་ལ་ལོཾ་མོཾ་པོཾ་ཏོཾ་ལས་བྱུང་བའི་སངས་རྒྱས་སྤྱན། མཱ་མ་ཀཱི །གོས་དཀར་མོ། སྒྲོལ་མའི་རང་བཞིན། ལྟུང་བྱེད་མ། གསོད་བྱེད་མ། འགུགས་བྱེད་མ་དང་གར་གྱི་དབང་ཕྱུག་མ་རྣམས་ཞལ་གཅིག་ཕྱག་བཞི་པ་ཕྱག་གཡས་གཉིས་ན་འཁོར་ལོ་དང་གྲི་གུག །རྡོ་རྗེ་དང་གྲི་གུག །པདྨ་དང་གྲི་གུག །རལ་གྲི་དང་གྲི་གུག་འཛིན་པ། ཕྱག་གཡོན་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །གསང་གནས་སུ་པདྨ་དང་ཟླ་བ་ལ་ཁཾ་ལས་བྱུང་བའི་པད་འབར་མ་དུ་བའི་མདོག་ཅན་ཞལ་གསུམ་དཀར་པོ་དམར་པོའི་གཡས་དང་ཞལ་གྱི་ཞལ་ཅན། ཕྱག་གཡས་པ་གསུམ་གྱིས་ལྕགས་ཀྱུ་ཚངས་པའི་མགོ་པོ་གྲི་གུག་འཛིན་པ། ཕྱག་གཡོན་པ་གསུམ་གྱིས་ཐོད་པ་ཁ་ཊྭཱཾ་ག་ཞགས་པ་འཛིན་པའོ། །སྤྱན་གསུམ་


DTG022_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཕྱག་རྒྱ་ལྔ་དང་ལྡན་པ། སྐྲ་གྲོལ་བ་གཅེར་བུ་ཞབས་བརྐྱང་བསྐུམ་པ་འདི་རྣམས་ལྷ་མོ་ལྔ་རིམ་པ་བཞིན་དུ་ས་ཆུ་མེ་རླུང་ནམ་མཁའི་ཁམས་རྣམ་པར་དག་པའི་རང་བཞིན་རིམ་པས་བྷྲཱུཾ་ཧཱུཾ་ཧྲཱིཿཧོ། ཨོཾ་ལས་བྱུང་བའི་དཀར་པོ་མ་ཐིང་ནག །དམར་པོ། ལྗང་གུ། སེར་པོ། རྣམ་པར་སྣང་མཛད། མི་བསྐྱོད་པ། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་རིན་ཆེན་འབྱུང་ལྡན་རྣམས་ཀྱི་གཟུགས་དང་རྣམ་པར་ཤེས་པ་འདུ་བྱེད་དང་ཚོར་བའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་རྣམས་ཀྱིས་འཁྱུད་པ་དང་རྒྱས་བཏབ་པའོ། །གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལ་རྡོ་རྗེ་སེམས་དཔའ་དཀར་པོ་སྤྱི་གཙུག་ཏུ་པདྨ་དང་ཟླ་བ་ལ་ཧོ་ཡོངས་སུ་གྱུར་བ་ལས་བྱུང་བ་སྟེ། ཧཱུཾ་ལས་བྱུང་བ་རང་གི་མདོག་ཅན་རྡོ་རྗེ་འབར་མས་ཀུན་ནས་འཁྱུད་བ། དེ་ཡང་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པའི་རང་བཞིན་ནོ། །འདི་ལ་རྣམ་པར་སྣང་མཛད་ནི་འཁོར་ལོ་དང་བཅས་པའི་ཕྱག་གཡས་པ་འཕྱར་བའོ། །ཧེ་རུ་ཀ་རྡོ་རྗེ་ནི་ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱར་ལྡན་པ། འདི་གཉིས་དྲིལ་བུ་འཛིན་པར་བསྒོམས་ཤིང་བསྒྱིངས་པ་དང་བཅས་པའི་གཡོན་པས་དཀུར་བརྟེན་པའོ། །སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ། རིན་ཆེན་འབྱུང་ལྡན་རྣམས་པདྨ་དམར་པོ་སྣ་ཚོགས་རྡོ་རྗེ་རིན་པོ་ཆེ་འབྱར་བ། རོལ་པ་དང་བཅས་པའི་ཕྱག་གཡས་པ་དང་ཕྱག་གཡོན་པས་དྲིལ་བུ་ཐུགས་ཀར་འཛིན་པ་རྣམས་སོ། །རྡོ་རྗེ་སེམས་དཔའ་ནི་རོལ་པ་དང་བཅས་པའི་ཕྱག་གཡས་པ་ཐུགས་ཀར་རྡོ་རྗེ་དྲིལ་བུ་འཛིན་པར་བསམས་ཤིང་འགྱིང་བ་དང་བཅས་པའི་གཡོན་པས་དཀུར་བརྟེན་པའོ། །འདི་ལ་རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་ཕུང་པོ་ལྔ་པོའི་དེ་བཞིན་ཉིད་ལ་མི་བསྐྱོད་པ་ཞེས་བྱ་བ་ཡང་ཤེས་པར་བྱ་སྟེ། ཕན་ཚུན་འདི་དག་ནི་ངོ་བོ་གཅིག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ལ་རིགས་ཕན་ཚུན་རྒྱས་བཏབ་པ་ནི། མི་བསྐྱོད་པའོ། །མགོ་དང་མགྲིན་པ་སྙིང་གར་རྟག་པ་སྣང་བ་མཐའ་ཡས་མི་བསྐྱོད་པ་རྣམས་ལུས་ངག་ཡིད་ཀྱི་དག་པའི་ངོ་བོ་ཤེས་རབ་མ་དང་བཅས་པ་རྣམས་སོ། །གཏི་མུག་རྡོ་རྗེ་ལ་སོགས་པ་དེ་དག་ཀྱང༌། ཡང་དག་པར་སྦྱོར་བའི་བདེ་བ་ཆེན་པོར་ཞུ་ནས་སྐྱེ་མཆེད་དང་


DTG022_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁམས་དང་ཕུང་པོ་དང་ལུས་ལ་སོགས་པ་རྣམས་ལ་ཐིམ་པའོ། །ད་ནི་རྡོ་རྗེ་ལ་སོགས་དག་པ་བརྗོད་པར་བྱ་སྟེ། ལྷ་མོའི་ཨཱཿ་ཡིག་ལས་བྱུང་བ་པདྨ་དམར་པོ་དང་པདྨ་གསུམ་པ་དྱ་ཡིག་ལས་བྱུང་བའི་ལྟེ་བ་དཀར་པོ་རྩེ་མོར་དྱཱ་ཡིག་སེར་པོས་བྱིན་གྱིས་བརླབས་པའི་རྩེ་མོ་ཅན། དེ་ནས་ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་དག་གིས་ལྟེ་བ་དང་སྙིང་གར། རང་གི་སྙིང་པོ་དག་གིས་མགྲིན་པ་དང་དཔྲལ་བར་བཅོམ་ལྡན་འདས་མ་ལ། བཅོམ་ལྡན་འདས་ཀྱིས་འོ་བྱེད་པ། བཅོམ་ལྡན་འདས་མས་ཀྱང་བཅོམ་ལྡན་འདས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་བཅོམ་ལྡན་འདས་ཀྱི་མགྲིན་པ་དང་དཔྲལ་བར་འོ་བྱེད་པའོ། །དེ་ནས་ཡི་གེ་གསུམ་གྱིས་དགའ་བ་བརྩམ་པར་བྱའོ། །ཕྱི་རོལ་དུ་ཡང་དགའ་བ་བཟང་པོ་ལ་ཆོ་ག་འདི་ཁོ་ནའོ། །འདི་ཁོ་ནའི་ཕྱིར་རྒྱས་གདབ་པ་ཕན་ཚུན་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་མི་བསྐྱོད་པས་སོ། །དཔྲལ་བ། མགྲིན་པ། སྙིང་གར། རྟག་པ། འོད་དཔག་མེད། མི་བསྐྱོད་པ་རྣམས་ཤེས་རབ་མ་དང་བཅས་པ་སྐུ་གསུང་ཐུགས་རང་བཞིན་རྣམ་པར་དག་པ་རྣམས་སོ། །འདི་རྣམས་ཀྱང་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལྷ་རྣམས་སྦྱོར་བའི་བདེ་བས་ཞུ་ནས་སྐྱེ་མཆེད་ཁམས་ཕུང་པོ་སྐུ་ལ་སོགས་པ་རྣམས་ལ་བསྟ་མི་མོ། །ད་ནི་རྡོ་རྗེ་ལ་སོགས་པའི་དག་པ་བརྗོད་པར་བྱ་སྟེ། ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ནག་པོ་བྱཱ་དམར་པོ་ལས་བྱུང་བ་དེའི་ནོར་བུ་དམར་པོ་སྟེ། བྱཱ་ཡིག་སེར་པོས་བྱིན་གྱིས་བརླབས་པའི་རྩེ་མོའོ། །རྡོ་རྗེའི་སྣ་ཡི་རྩེ་མོར་ནི། །ཐིག་ལེ་ཡུངས་འབྲུ་ཙམ་ཅིག་བསམ། །དེ་བཞིན་དེ་ཡི་གནས་པ་ལ། །སྣོད་དང་བཅུད་ཀྱི་དཀྱིལ་འཁོར་བལྟ། །ཏིང་འཛིན་སེམས་པའི་ཐིག་ལེར་གནས། །དེ་བཞིན་དཀྱིལ་འཁོར་བསམ་པའམ། །ཡང་ན་ཕྱག་མཚན་དེའི་ས་བོན། །དེ་ན་གནས་པའི་དཀྱིལ་འཁོར་རོ། །ཡང་ན་ཕྲ་བ་སྨིན་མཚམས་སུ། །ཧཾ་ཡིག་ཐིག་ལེའི་ནང་གནས་པ། །གཟུགས་བརྙན་ལྟ་བུར་བལྟ་བར་བྱ། །དཀྱིལ་འཁོར་བྱང་ཆུབ་སྒྲུབ་བྱེད་པའོ། །ཡང་ན། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །དེ་ལ་རི་མོ་ངེས་པར་སྤྱར། །ལྟེ་བ་སྲུབ་དང་བསྲུབ་སྦྱོར་ཕྱིར། །འབར་བ་ཡང་ནི་གྱིན་དུ་རྒྱུ། །གཟུགས་ལ་


DTG022_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་ལྔ་བསྲེགས་ནས། །འབྱུང་བ་བཞི་བཅས་སྙིང་ག་རུའོ། །གཡས་སུ་ལན་གསུམ་རབ་ཏུ་བསྐོར། །ཐབས་ལ་མགྲིན་པའི་འཁོར་ལོ་རུའོ། །སྤྱི་བོའི་འཁོར་ལོར་ཐུར་བསྟན་ཁར། །ཧ་ཡིག་དེ་ནས་ཀྱང་ནི་བསྲེགས། །མཛོད་སྤུའི་བུ་གའི་གནས་ནས་འགྲོ། །བདུད་རྩིའི་དོན་དུ་ཕྱོགས་བཅུར་ཡང༌། །སྤྱི་བོའི་དབུས་གནས་བུ་ག་ཡིས། །སངས་རྒྱས་རྣམས་ཀྱི་ནང་རབ་ཞུགས། །སངས་རྒྱས་རྣམས་ཀྱི་ཐུགས་གནས་པའི། །ཡེ་ཤེས་བདུད་རྩི་བླངས་ནས་ནི། །དེ་རྣམས་མཛོད་སྤུའི་བུ་ག་ནས། །འཐོན་ནས་གློག་གི་འོད་ཟེར་མཚུངས། །ཤིན་ཏུ་ཕྲ་པའི་ཕྱག་རྒྱ་ཆེ། །རྟག་ཏུ་དགའ་བའི་སྤྲོ་བ་ཆེ། །སྤྱི་བོའི་དབུས་གནས་སྒོ་ལས་ནི། །སྒྲུབ་པ་པོ་ལ་ཡང་འཇུག་གོ །སོ་དང་མཚོག་མའི་ཕུ་གནས། །མགྲིན་པའི་འཁོར་ལོར་ངལ་བསོ་ཏེ། །ཕུང་པོ་ཁམས་རྣམས་ཚིག་པ་ཡི། །སྙིང་གར་དགའ་བ་སྐྱེད་པར་བྱེད། །དེ་ནས་ལྟེ་པའི་པདྨར་གནས། །དེ་བཞིན་སླར་ཡང་འགྲོ་དང་འོང༌། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་དྲན་དང་ནི་ཏིང་ངེ་འཛིན། །རྣལ་འབྱོར་རེ་རེར་བསམ་པར་བྱ། །བསྟན་པ་ལས་བྱུང་མཚན་མ་ནི། །འདར་དང་འཕར་བ་སོགས་མཐོང་ནས། །སེམས་ཅན་ཀུན་ལ་ཕན་གྱུར་པའི། །ལྷ་ཉིད་འཁོར་ལོ་སྤྲོ་བར་བྱ། །དེ་ལྟར་བསྒོམ་ཞིང་མྱུར་བར་ནི། །དྲེད་སོགས་རིམ་གྱིས་འབྲས་བུ་ཡི། །རབ་དགའ་ལ་སོགས་ས་རྣམས་ནི། །སྐྱེ་བ་འདི་ཉིད་ལ་ཐོབ་འགྱུར། །དེའི་རྗེས་སུ། སངས་རྒྱས་བྱང་ཆུབ་སེམས་རྣམས་དང། །མཁའ་འགྲོ་མ་རྣམས་རྣལ་འབྱོར་གྱིས། །གསང་སྔགས་དེ་རྣམས་སྤྱན་འདྲེན་གྱི། །མངོན་དུ་ཕྱོགས་པར་བྱེད་ཕྱིར་དགོངས། །ཇི་ལྟར་འགའ་ཞིག་སེམས་དཔའ་ཆེའི། །སྒྲ་ཆེན་འོ་དོད་འབོད་པ་སྟེ། །ཐོས་པ་ཙམ་གྱིས་བྱོན་པར་འགྱུར། །དེ་བཞིན་སངས་རྒྱས་རིམ་པར་བྱོན། །དེ་ནས་གསང་སྔགས་རྒྱལ་པོ་ཡིས། །སེམས་ཀྱི་རྡོ་རྗེ་ནས་བསྐུལ་བས། །དབྱེ་བར་དཀའ་བའི་སྒྲུབ་པ་སྟེར། །ཟབ་མོ་ནམ་མཁའ་མཐོང་བ་ཅན། །འདི་ལྟར་ཐུབ་པའི་གསུང་ཤེས་ནས། །མཉམ་པར་བཞག་པས་གསང་སྔགས་བཟླས། །ཧཱུཾ་ཡིག་བདག་


DTG022_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཅན་འབྱུང་བ། །ཨོཾ་གྱི་རང་བཞིན་འཇུག་པའོ། །གནས་པའི་བདག་ཉིད་ཨཱཿཡིག་སྟེ། །སྲོག་རྣམས་ཀྱི་ནི་རིམ་པར་དགོངས། །ཉིན་ཞག་གཅིག་ལ་རྒྱུ་བའི་རླུང༌། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །རྩ་བའི་སྔགས་སོགས་སྔགས་རྣམས་ལས། །སྔགས་པས་ཇི་ལྟར་འདོད་བཞིན་བཟླས། །དུང་ཆེན་ཕྲེང་བ་སྐུད་བརྒྱུས་པ། །སྲིན་ལག་མཐེ་བོང་སྦྱར་བས་སོ། །དེའི་རྗེས་སུ་ཕག་མོ་ལ་སོགས་པའི་ལྷ་ཉིད་ཀྱི་རྣམ་པར་མངོན་པར་ཞེན་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ས་བཅུ་གནས་ལ་སོགས་པ་དང་སྦྱར་བར་བྱའོ། །དེ་ལ་གཙང་བ་བདེ་བ་རྟག་པ་བདག་གི་ལོག་ཤེས་བཞིའི་གཉེན་པོ་ཉིད་ནི། དྲན་པ་ཉེ་བར་གཞག་པ་བཞི་སྟེ། དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི། གཟུགས་ཀྱི་ཕུང་པོའི་ཡོངས་སུ་ཤེས་པ་ལ་རབ་ཏུ་གཞོལ་པའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི། ཚོར་བའི་ཕུང་པོ་ཡོངས་སུ་ཤེས་པ་ལ་གཞོལ་བའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི། འདུ་ཤེས་དང་འདུ་བྱེད་དག་སྒྱུ་མ་ལྟ་བུར་ངེས་པར་གཟུང་ངོ༌། །སེམས་རྗེས་སུ་དྲན་པར་ཉེ་བར་གཞག་པ་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་སོ་སོར་བྱེད་པའོ། །དེ་ལ་དྲན་པ་ནི་ཉམས་སུ་མྱོང་བའི་དངོས་པོ་ལ་སེམས་མི་རྨུགས་པའོ། །དེ་ཉེ་བར་གནས་པར་བྱེད་པའི་ཤེས་རབ་ཀྱི་ཁྱད་པར་ནི་དྲན་པ་ཉེ་བར་གཞག་པའོ། །འབྱུང་བ་འདུས་པ་ནི་ལུས་སོ། །བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ནི་ཚོར་བའོ། །ཡང་དག་པའི་མཐའ་ནི་ཆོས་སོ། །སོ་སོར་སྣང་བ་ཙམ་ནི་སེམས་སོ། །འདི་རྣམས་ལ་སྒྱུ་མ་ལྟ་བུ་ཉིད་ཀྱིས་རྗེས་སུ་དྲན་པ་ཉིད་ནི་དྲན་པ་ཉེ་བར་གཞག་པའོ། །རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའོ། །དེའི་ཡན་ལག་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །དེ་ལ་དམ་པའི་ཆོས་ཐོས་པ་ལ་སོགས་པའི་མངོན་པར་ཞེན་པ་ཤིན་ཏུ་དང་བ་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །བརྩོན་འགྲུས་ལ་རྒྱུན་མ་ཆད་པར་གོམས་པ་ནི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཤིན་ཏུ་རྣམ་པར་དཔྱོད་པ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བའོ། །བྱང་ཆུབ་ཉིད་ནི་མངོན་སུམ་དུ་བྱེད་པ་ལ་ཁྱད་


DTG022_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་དུ་འཕགས་པ་ནི། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཡང་ན་སྤོང་བའི་འདུ་བྱེད་དང་ལྡན་པ་དབེན་པ་འདོད་ཆགས་དང་བྲལ་བ་དང༌། འགོག་པ་རྣམས་ལ་བརྟེན་པ་དང་རྣམ་པར་བྲལ་བ་ཡོངས་སུ་གྱུར་པ་ལྷག་པར་མོས་པའི་བསམ་པ་ནི་འདུན་པ་སྟེ་དེ་ལ་བདེན་པ་དང་ནི་ལམ་མོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པའི་འདོད་ཆགས་དང་བྲལ་བ་སྟེ་མྱ་ངན་ལས་འདས་པའོ། །ཟག་པ་དང་བཅས་པའི་དངོས་པོའི་སྦྱོར་བ་དང་བྲལ་བ་ནི་འགོག་པའོ། །འདི་རྣམས་ལ་བརྟེན་པ་ནི་དབེན་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་ལ་བརྟེན་པའོ། །རྣམ་པར་བྲལ་བ་ནི་འདུས་བྱས་པའི་དངོས་པོ་ཐམས་ཅད་ཀྱི་སྦྱོར་བ་དང་བྲལ་བའོ། །དེ་ཡོངས་སུ་གྱུར་པ་ནི་དེའི་རྒྱུ་མཐུན་པའོ། །དེ་བཞིན་དུ་བརྩོན་འགྲུས་སེམས་དཔྱོད་པ་རྣམས་སོ། །འདི་ལ་ཤེས་པས་དབང་བྱེད་པའི་ཕྱིར་མིག་ལ་སོགས་པ་བཞིན་དུ་དད་པ་ལ་སོགས་པ་ཡང་དབང་པོ་སྟེ། དེ་ལ་བདེན་པ་དང་དཀོན་མཆོག་དང་ལས་འབྲས་རྣམས་ལ་མངོན་པར་ཡིད་ཆེས་པ་ནི་དད་པ་སྟེ་དབང་པོའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ངེས་པར་བྱ་བ་ཉིད་ཀྱིས་ངེས་པར་གཟུང་བའོ། །དྲན་པའི་དབང་པོ་ནི་མི་རྨུགས་པའི་དྲན་པ་ཉིད་ཀྱིས་མ་རིག་པའི་སྐབས་མེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་སེམས་རྩེ་གཅིག་པ་ལ་དབང་ཕྱུག་པ་ཉིད་དོ། །ཤེས་རབ་ཀྱི་དབང་པོ་ནི་སྤང་བྱ་དང་བླད་བྱ་དག་ལ་དེ་ཉིད་དུ་ངེས་པར་གཟུང་བའོ། །ཡང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལ་སེམས་རབ་ཏུ་དང་བ་ནི་དད་པའོ། །སེམས་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་སོ། །དད་པའི་དབང་པོ་ལ་བརྟེན་པའི་ཆོས་རྣམས་གང་གིས་ཉེ་བར་སོགས་པར་བྱེད་པ་ནི། བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་ཀྱི་དབང་པོས་བསྐྱེད་པའི་དོན་ལ་མི་རྨུགས་པ་ནི་དྲན་པའི་དབང་པོའོ། །དྲན་པའི་དབང་པོ་ལས་དོན་མ་ཉམས་པ་རྣམས་གང་གིས་མངོན་དུ་ཕྱོགས་པར་བྱེད་པ་དེ་ཏིང་ངེ་འཛིན་གྱི་དབང་པོའོ། །ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་དོན་རྣམས་ཀྱིས་རྣམ་པར་འབྱེད་པ་དེ་ཤེས་རབ་ཀྱི་དབང་པོའོ། །མ་དང་པ་ལེ་ལོ་རབ་ཏུ་རྨུགས་པ་དང་བག་མེད་པ་དང་རྣམ་པར་གཡང་པ་ལ་སོགས་པའི་གཉེན་པོ་


DTG022_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐར་ཐུག་པའི་དབང་པོ་རྣམས་ཁོ་ན་སྟོབས་དག་སྟེ། དད་པའི་སྟོབས་བརྩོན་འགྲུས་ཀྱི་སྟོབས་དྲན་པའི་སྟོབས་ཏིང་ངེ་འཛིན་གྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །རང་ཉིད་ཁོ་ནས་ཡང་དག་པར་རྟོགས་པའི་ཕྱིར་ཡང་དག་བྱང་ཆུབ་སྟེ། སོམ་ཉི་དང་བྲལ་བའི་སེམས་སོ། །དེའི་རྒྱུ་ནི་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་དེ་ལ་སེམས་ཅན་ཀུན་གྱི་དོན་བྱ་བའི་ཕྱིར། ཡང་དག་པའི་བྱང་ཆུབ་ལ་སྨོན་ལམ་དད་ཐོས་པ་དང་རྟོག་པ་ཁོང་དུ་ཆུད་པ་ལ་མི་རྨུགས་པ་ནི་ངན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཆོས་ཅན་བདག་ལ་སོགས་པ་ཡོད་པ་མ་ཡིན་པ་དང༌། ཆོས་ཀྱི་ཕུང་པོ་ལྔ་ལ་སོགས་པ་ཁོ་ན་ཡོད་པ་ཞེས། །གང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དེ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཡིད་ཆོས་ཉིད་དང་རོ་གཅིག་པ་ན་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །དགའ་བ་མི་མཐུན་པ་བདག་དང་བདག་གི་བའི་བག་ཆགས་བཅད་པའི་ཕྱིར། ལུས་ངག་ཡིད་གསུམ་ལས་སུ་རུང་བ་ཉིད་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཚད་མེད་པ་བཞི་ནི་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་རྣམས་ལ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །སོ་སོ་སྐྱེ་བོའི་ས་ལས་ངེས་པར་འབྱུང་བ་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ཉོན་མོངས་པའི་གཉེན་པོར་གྱུར་པ་དང་མ་གྱུར་པ་ཉིད་ཀྱིས་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་རྣམས་ཀྱི་འབད་རྩོལ་མེད་པའི་རྒྱུད་དང་བཏང་སྙོམས་མི་བྱེད་པ་དག་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །སྡིག་པ་ཁོ་ནའི་རྗེས་སུ་མཐུན་པ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར། འཕགས་པ་ཡང་ཡིན་ལ་ཡན་ལག་བརྒྱད་པ་ཡང་ཡིན་པས་འཕགས་པའི་ཡན་ལག་བརྒྱད་པ་སྟེ། ཤེས་བྱའི་སྒྲིབ་པ་སྤོང་བ་བསྒོམ་པའི་ཆེད་དུ་ཚོལ་བས་ལམ་འཕགས་པའི་ཡན་ལག་བརྒྱད་ཀྱང་ཡིན་ལ་ལམ་ཡང་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེའི་ཡན་ལག་རྣམས་ནི་ཡང་དག་པའི་ལྟ་བ་ལ་སོགས་བརྒྱད་དེ། དེ་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་ཅན་དང་འཇིག་རྟེན་


DTG022_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕ་རོལ་ཏུ་ལྟ་བའོ། །ཡང་དག་པའི་རྟོག་པ་ནི་སྤང་བྱ་དང༌། བླང་བྱ་ཉེ་བར་ལེན་པ་དག་གིས་སྤང་བ་དང༌། །མངོན་སུམ་དུ་བྱ་བར་ཡིད་ལ་བྱེད་པའོ། །དགེ་བའི་སེམས་དཔའ་ཞིག་གིས་སེམས་ཅན་མི་སླུ་བར་བྱེད་པའི་དག་ནི་ཡང་དག་པའི་དག་གོ །དགེ་བ་བཅུ་ལས་མི་འདའ་བར་བྱ་བ་ནི་ཡང་དག་པའི་ལས་ཀྱི་མཐའོ། །སེམས་ཅན་ལ་ཚུལ་ཆོས་པ་མ་ཡིན་པ་ལ་སོགས་པའི་ཚུལ་གྱིས་འཚོ་བ་ནི་ཡང་དག་པའི་འཚོ་བའོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྗེས་སུ་འབྲེལ་པ་ལུས་ངག་ཡིད་ཀྱི་ལས་ནི་ཡང་དག་པའི་སྩོལ་བའོ། །ཇི་ལྟ་བ་བཞིན་དུ་རྟོགས་པའི་ཆོས་ཉིད་མ་རྨུགས་པ་ཉིད་ནི་ཡང་དག་པའི་དྲན་པའོ། །དཔལ་ཧེ་རུ་ཀའི་ཚུལ་དུ་དམིགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །འདི་རྣམས་ཀྱིས་སྒྲིབ་པ་རྣམས་སྤོང་བར་བྱེད་པའི་ཕྱིར་ཡང་དག་པའི་སྤོང་བ་རྣམས་སོ། །དེ་ལ་སྒྲིབ་པ་རྣམས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། སྙོམ་ལས་ལ་སོགས་པའི་ཉེ་བར་ཉོན་མོངས་པ་རྣམས་སོ། །གང་གི་ཕྱིར་འདི་རྣམས་སྤངས་ན་ཡང་དག་པར་སྤོང་བ་དེའི་ཕྱིར་ཐ་མར་རྒྱས་པར་བཤད་དོ། །ཡང་ན་ཐམས་ཅད་དུ་འདི་རྣམས་ཉེ་བར་སྦྱོར་བའི་ཕྱིར། ཐ་མར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པར་བཤད་དེ། ཇི་སྲིད་རྣལ་འབྱོར་པ་ཧེ་རུ་ཀར་མ་གྱུར་པ་དེ་སྲིད་དུ་འདི་རྣམས་ཁོ་ནས་རྟག་ཏུ་སྤྱོད་དོ་ཞེས་ཤེས་པར་བྱ་བའི་དོན་དུའོ། །ཡང་དག་པར་སྤོང་བའི་རང་བཞིན་ཡང་འགྲེལ་བར་གསལ་ལོ། །ས་བཅུའི་རྣམ་པར་དག་པས་གནས་ལ་སོགས་པ་བཅུར་བརྗོད་པར་བྱའོ། །དེ་ལ་གནས་དང་ཉེ་བའི་གནས་ལ་སོགས་པ་ནི་རིམ་པས། རབ་དགའ་དྲི་མེད་འོད་བྱེད་པ། །འོད་འཕྲོ་སྦྱངས་དཀའ་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་སྤྲིན་ནི། །པཱུ་ཛཱ་ཞེས་བྱ་བ་ལ་སོགས་པ་འདི་ལ་མན་ངག་ནི་འདི་ལྟ་སྟེ། པཱུཾ་ཛཱཾ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཐིག་ལེ་དང་བཅས་པ་བལྟས་ཤིང་པཱུཾ་ཡིག་ལ་སོགས་པའི་ཡི་གེ་ཡོངས་སུ་གྱུར་པ་རྩིབས་མེད་པའི་འཁོར་ལོའི་རྣམ་པ་གནས་ལ་སོགས་པའི་གནས་རྣམས་མགོ་ནས་བརྩམས་ཏེ་སྐད་ཅིག་ཏུ་བལྟ་བར་བྱའོ། །དེ་གནས་ལ་སོགས་པ་རྣམས་ལ་དེ་དང་དེའི་གནས་ཀྱི་རྩ་


DTG022_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ནི་དེ་དང་དེའི་ལྷ་ཉིད་ཀྱི་ཚུལ་དུ་ཡོངས་སུ་གྱུར་ནས་ལྷར་གནས་པ་བསྒོམ་པར་བྱའོ། །རྣ་བ་ཞེས་པ་ནི་རྣ་བའི་བུ་གའི་ནང་དུའོ། །དེ་བཞིན་ལྟེ་བ་མཚན་མ་བཤང་ལམ་སྨིན་མའི་དབུས་མིག་སྣ་རྣམས་ལ་ཡང་གོ་བར་བྱའོ། །ཇི་ལྟར་ཕྱི་རོལ་དུ་གནས་ལ་སོགས་པའི་ཉེ་བར་གནས་པའི་ཆུ་བོ་རྣམས་ཀྱི་ཆབ་ཀྱིས་གནས་ལ་སོགས་པ་གསོ་བར་བྱེད་པ་དེ་བཞིན་དུ་ལུས་ལ་ཡང་རྩ་རྣམས་ཀྱི་སེན་མོ་ལ་སོགས་པ་རྣམས་བསྐྱེད་པའི་ཕྱིར་ཕྱི་དང་མཉམ་པ་ཉིད་དོ། །ཕྱི་རོལ་དུ་རྡོ་རྗེའི་གནས་ནི་བྱང་ཆུབ་ཆེན་པོའི་མིང་ཅན་གྱི་གནས་དང༌། ཆུ་བོ་ནཻ་རཉྫ་ནའོ། །ལུས་ལ་བདེ་བ་ཆེན་པོའི་འཁོར་ལོ་རྡོ་རྗེའི་གནས་ཏེ། དབུ་མ་ནི་ནཻ་རཉྫ་ནའོ། །འདི་ལྟར་ཚངས་པའི་ལུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བརྟན་པར་མོས་པར་བྱའོ། །སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔར་གསུངས་པ་ཁོ་ནའི་མཇུག་བསྡུ་བ་ཡིན་ཏེ་དེ་ལ་མཐོ་རིས་ལ་སོགས་པ་རྣམས་དང་དབྱིར་མི་ཕྱེད་པའི་ལུས་སུ་འགྱུར་ཏེ། སྐུ་གསུང་ཐུགས་དང་མཐོ་རིས་མི་ཡུལ་ས་འོག་ཅེས་བྱ་བ་ནད་དང་ཕྱི་དང་རང་བཞིན་གཅིག་ཏུ་འགྱུར་ཞེས་བྱ་བའི་དོན་ཏོ། །ས་བོན་བརྗོད་དེ་ཡི་གེ་གསུམ་གྱི་རང་བཞིན་ལས་ཞེས་བྱ་ནི་ཡི་གེ་གསུམ་ལས་ནཱ་ད་ཡོངས་སུ་གྱུར་པའི་སྒོ་ནས་གང་ཧཱུཾ་རང་གི་ངོ་བོ་བསྐྱེད་པ་དེ་དེ་བཞིན་ནོ། །རྒྱུ་དེ་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་ལ་སོགས་པ་ནི་ཕྱག་མཚན་ལ་སོགས་པ་ལ་མ་ལྟོས་པར་ལྷ་མོ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །སྐད་ཅིག་ཕྱག་རྒྱ་ཞེས་པ་ནི། རང་དང་དུས་མཉམ་པ་ཁོ་ནར་ཤེས་རབ་དང་སྦྱོར་བའོ།། སྐད་ཅིག་དཀྱིལ་འཁོར་ལོ་ཞེས་པ་ནི། གཞལ་ཡས་ཁང་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དང་ལྷན་ཅིག་ཏུ་དུས་སྐད་ཅིག་ལ་རྫོགས་པའི་ཕྱིར་རོ། །སྐད་ཅིག་གིས་ནི་གསང་སྔགས་ཞེས་བྱ་བ་ནི་བསྐྱེད་པ་དང་དུས་མཉམ་དུ་ཨོཾ་ཨཱཿཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་ཚིགས་སུ་བཅད་པ་སྟེ། དེ་ནས་ནི་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་འཁོར་ལོ་རྣམ་པར་བསྒོམས་ཏེ་འཆད་པར་འགྱུར་བའི་ཆོ་ག་སྟེ། ཅི་བྱས་ནས་ཤེ་ན། དེ་ལ་གསུངས་པ་ཆོ་ག་གཉིས་ཤེས་ནས་སོ། །གོ་ཆ་གཉིས་ཀྱིས་ལྷ་རྣམས་


DTG022_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ལག་པའི་མཆོད་པ་དང་ཁྱད་པར་མེད་དོ། །པགས་པའི་ནང་དུ་གནས་པའི་རྡུལ་ཕྲ་རབ་དེ་སྔགས་ཀྱི་རང་བཞིན་ནམ་ལྷའི་རང་བཞིན་དུ་བལྟ་བར་བྱའོ། །མྱུར་ཞུགས་ཞེས་བྱ་བ་ནི་ཨརྒྷ་ལ་སོགས་པ་ལ་མ་ལྟོས་པར་རོ། །གོ་ཆ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པའོ། །སྙིང་གར་ཉི་གནས་ཞེས་པ་ནི་ཐུགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་ཧཱུཾ་ཡིག་བསྒོམས་ནས་དེའི་འོད་ཟེར་རྣམས་ཀྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་ལ་པི་ཝང་འཛིན་པ་ལ་སོགས་པ་སྔར་གསུངས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་ནས་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་དེས་དམ་ཚིག་གི་འཁོར་ལོ་རབ་ཏུ་གཞུག་གོ །དེ་ནས་དེའི་རྗེས་སུ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ་སྙིང་གའི་ས་བོན་ལས་བྱུང་བའི་པི་ཝང་མ་ལ་སོགས་ལྷ་མོ་བཅུ་དྲུག་གིས་མཆོད་ནས་ཅུང་ཟད་གཞོལ་བར་བྱས་པའི་ཐོད་པའི་བདུད་རྩིས་བདག་ཉིད་ལས་དབང་བསྐུར་བར་བྱའོ། །དེའི་དུས་སུ་ཡང་ཤིན་ཏུ་བདེ་བ་ཆེན་པོའི་རང་བཞིན་དུ་བདག་ཉིད་བསམ་པར་བྱ་སྟེ་ལྷག་མ་གོ་སླའོ། །དེའི་རྗེས་སུ་ཡེ་ཤེས་ལྔའི་རང་བཞིན་སྐུ་གསུམ་གྱི་བདག་ཉིད་ཅན་དུ་བལྟ་བར་བྱ་སྟེ། དེ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་སྤངས་ནས་སྒྲོ་འདོགས་ཐམས་ཅད་ཀྱི་སྤྲོས་པའི་རླུང་སྤངས་པས་དྲི་མ་མེད་པའི་སྣང་གསལ་རླུང་གིས་མ་བསྐྱོད་པའི་རྒྱུན་བཞིན་དུ་ཤིན་ཏུ་འོད་གསལ་བའི་ཡེ་ཤེས་ཀྱི་སྒྲོན་མ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མིང་ཅན། །དོན་དམ་པའི་བདེན་པ་ལ་དམིགས་པ་རང་ཉེ་བར་སྦྱོར་བའི་ཡེ་ཤེས་རབ་ཏུ་གསལ་བ། འཁོར་བ་གནས་པའི་བར་དུ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་རབ་ཏུ་གནས་ཏེ་རྣམ་པར་དག་པའི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པའོ། །དེས་བྱིན་གྱིས་བརླབས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གསུམ་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའི་གཞན་དོན་ལ་ངེས་པར་སྦྱོར་བ་སྟེ། གང་གི་དབང་ཐུན་མོང་དང་ཁྱད་པར་དག་གིས་སོ་སོར་བརྟགས་ནས་རང་རང་གི་ལྟ་བ་བཞིན་དུ་བྱ་བ་ནན་ཏན་གྱི་ཡེ་ཤེས་


DTG022_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་སེམས་ཅན་ཐམས་ཅད་གདུལ་བྱར་རུང་བ་བཞིན་དུ་དགོད་པར་བྱེད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་ལ་མི་རྟག་པ་ལ་སོགས་ཕ་ཐུན་མོང་གི་རྣམ་པས་དེས་པར་སྤྱོད་དོ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ཀྱང་དོན་གྱི་བྱ་བ་ཡང་ཐུན་མོང་གི་ངེས་པས་སེམས་པར་བྱེད་དོ། །འདི་ལྟར་ངེས་པར་སྤྱད་ནས་བྱེ་བྲག་གི་ཚུལ་གྱིས་སོ་སོར་རྟོག་སྟེ། གང་དགེ་བའི་རྩ་བ་ཡོངས་སུ་སྨིན་པའམ། དད་པ་ལ་སོགས་པའི་ཚོགས་མངོན་དུ་ཕྱོགས་པར་འགྱུར་བ་དེའི་ཆོ་ཁོ་ནར་ཐར་པ་ཐོབ་པའམ་ཞེས་འདི་ལྟར་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ་འདི་ཡེ་ཤེས་གསུམ་མོ། །ཀུན་གཞི་རྣམ་པར་ཤེས་པ་ཡང་ཤིན་ཏུ་རྣམ་པར་དག་པས་ཡོངས་སུ་གྱུར་པས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བརྗོད་དོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོངས་སུ་གྱུར་པ་ལ་བདག་ཏུ་ལྟ་བ་ལ་སོགས་པ་དང་བྲལ་བས་ཤིན་ཏུ་རྣམ་པར་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་བརྗོད་དོ། །རབ་ཏུ་འཇུག་པའི་རྣམ་པར་ཤེས་པ་དབང་པོ་ལས་བྱུང་བ་ཡོངས་སུ་གྱུར་པ་ཡང་བྱ་བ་ནན་ཏན་དུ་བརྗོད་དོ། །རྟེན་ཐམས་ཅད་ཡོངས་སུ་གྱུར་པས་ཀྱང་ཐུབ་པའི་ཁྱབ་པ་ཉིད་ཐོབ་པོ། །འདི་ལ་ཡང་སྒྲོ་འདོགས་པ་ཐམས་ཅད་ཀྱིས་དབེན་པས་ཤིན་ཏུ་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ལ་དམིགས་པས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་སྐུའོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དག་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུ་སྟེ། སྔོན་དུ་སོ་སོར་བརྟགས་ནས་སེམས་ཅན་གྱི་བྱ་བ་ལ་གཤེགས་པའི་ཕྱིར་རོ། །དེའི་དབང་གིས་གཞན་རྣམས་ལ་སངས་རྒྱས་ཀྱི་ཕྲིན་ལས་སྣང་བའི་ཕྱིར་རོ། །སྐྱེ་བ་ལ་སོགས་པར་སྟོན་པ་ཡང་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུ་སྟེ། མི་ཡིན་པས་ཀྱང་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འཐོབ་ཅེས་བྱ་བ་ངེས་པ་སྐྱེད་པར་བྱེད་པའི་ཕྱིར་ཏེ། དེས་ཉེ་བར་བསྟན་པའི་ལམ་ཡང་བསམ་པ་ལ་སོགས་པའི་རིམ་པས་བསྒོམ་ཞིང་གྲོལ་བ་ཐོབ་བོ། །གཞན་རྣམས་ཀྱང་དེའི་ལམ་དུ་འཇུག་གོ །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཞེས་པ་ཡང་གོ་བར་


DTG022_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །ཁཎྜ་ཀ་པཱ་ལ་ཞེས་པ་ནི་སེན་མོ་དང་སོ་ལ་སོགས་པ་ཁཎྜ་ཀ་པཱ་ལ་ལ་སོགས་པའི་རང་བཞིན་དུ་གོ་བར་བྱའོ། །བླ་མ་དང་སངས་རྒྱས་ལ་སོགས་པ་མཐོང་ན་སྡོམ་པ་ཉིད་དུ་མོས་པས་ཕྱག་ལ་སོགས་པ་བྱའོ་ཞེས་བྱ་བ་ཤིན་ཏུ་རྣལ་འབྱོར་རོ། །ད་ནི་རྣལ་འབྱོར་ཆེན་པོ་བརྗོད་པར་བྱ་སྟེ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་ཏེ། ཨཱ་ལི་ཀཱ་ལི་གཉིས་འོད་ཟེར་ལྔ་དང་ལྡན་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཉིད་ཀྱི་ཚོགས་སྤྲོས་པ་བརྗོད་ཅིང་སྣ་བུག་གཡས་པའི་རླུང་དང་བཅས་པ་འཐོན་ནས་འགྲོ་བ་འཁོར་ལོ་གསུམ་གྱི་རང་བཞིན་དུ་བྱས་ཏེ་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རོ་མཉམ་དུ་གྱུར་པས། །སྣ་བུག་གཡོན་དུ་རབ་ཏུ་ཞུགས་ནས་ལྟེ་བའི་དཀྱིལ་འཁོར་དུ་རང་གི་རྣམ་པའི་གཟུགས་བརྙན་ཅན་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་བསམས་ནས། སྐད་ཅིག་གིས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་བསམ་པར་བྱའོ། །དེ་ནས་ཟླ་བ་དང་ས་བོན་ཡོངས་སུ་གྱུར་པས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པའི་ཕྱག་གཉིས་མ་ཞལ་གཅིག་མ་ཕག་མོ་དམར་པོ་འཁྱུད་པ་ནམ་མཁའི་རི་མོ་བཞིན་དུ་བལྟས་ལ་སྒྱུ་མ་ལྟ་བུའི་ཤིན་ཏུ་དགའ་བའི་སྒྲས་ཀུན་ནས་དྲངས་པའི་ཁམས་གསུམ་དང་དཀྱིལ་འཁོར་རང་ལ་རིམ་པས་བསྟིམ་པར་བྱའོ། །རིམ་པ་ཡང་སྲིད་པ་ནི་སྣོད་དང་བཅུད་མཐའ་དག་སྟེ་དུར་ཁྲོད་རྣམས་ལའོ། །དུར་ཁྲོད་རྣམས་ཀྱང་སྲུང་བའི་ཕྱིའི་འཁོར་ལོ་ལའོ། །སྲུང་བའི་འཁོར་ལོ་སྐུའི་འཁོར་ལོ་ལ། །སྐུའི་འཁོར་ལོ་གསུང་གི་འཁོར་ལོ་ལ། །གསུང་གི་འཁོར་ལོ་ཐུགས་ཀྱི་འཁོར་ལོ་ལ། །ཐུགས་ཀྱི་འཁོར་ལོ་བདེ་བ་ཆེན་པོའི་འཁོར་ལོར་ཏེ་དེ་ལ་ཐུགས་ཀྱི་འཁོར་ལོའི་ཕྱོགས་སུ་གནས་པ་རྣམས་མཁའ་འགྲོ་མ་ལ་སོགས་པ་རྣམས་ལའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་གནས་པ་རྣམས་གཟུགས་མ་ལ་སོགས་པ་རྣམས་ལའོ། །མཁའ་འགྲོ་མ་ལ་སོགས་པ་ཡང་བཅོམ་ལྡན་འདས་ཀྱི་ཞལ་རྣམས་ལའོ། །རྡོ་རྗེ་ཕག་མོ་དང་སྡོམ་པ་དག་ལྟེ་བ་ལ་གནས་པའི་རྡོ་རྗེ་ཕག་མོ་དང་སྡོམ་པ་དག་ལ་རབ་ཏུ་ཐིམ་པར་བསམ་མོ། །དེ་དག་རྡོ་རྗེ་ཕག་མོ་དང་སྡོམ་པ་ཡང་དགའ་བ་མཉམ་པའི་བདེ་བ་ཆེན་པོས་འདོད་ཆགས་ཆེན་པོས་


DTG022_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུ་བར་གྱུར་ཏེ། ཞུ་བ་དེ་ཡོངས་སུ་གྱུར་པ་སིནྡྷཱུ་རས་བྱུགས་པའི་མུ་ཏིག་ལྟར་ཧཱུཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་ཨཱུ་ཡིག་ཧ་ཡིག་ལ། ཧ་ཡིག་མགོ་ལ། མགོ་བོ་ཟླ་ཕྱེད་ལོ། ཟླ་ཕྱོད་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ་རིམ་པས་རབ་ཏུ་ཐིམ་པ་བསམ་པར་བྱའོ། །ནཱ་ད་ཙམ་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚུལ་དུ་ལུས་པར་བལྟའོ། །རབ་ཀྱིས་དེ་ཡང་མི་དམིགས་སོ། །ཡང་ན་ལྟེ་བའི་པདྨ་ལ་གནས་པའི་ཉི་མ་དང་ཟླ་བ་ཁ་སྦྱོར་བའི་ནང་ན་ཡོད་པའི་ས་བོན་ཧཱུཾ་ལས་བྱུང་བའི་པདྨའི་རྩ་ལག་ལྟར་འོད་ཟེར་གྱི་རི་མོ་ལ་སེམས་རྟེན་པར་བྱེད་པའི་སྒོ་ནས། རྩ་གཉིས་ལ་སྲོག་རླུང་གི་རྒྱུ་བ་སྤངས་ནས། དབུས་མ་ལ་རབ་ཏུ་འཇུག་པས་གཏུམ་མོ་སྦར་བ་ལས་སྤྱི་བོའི་ཟླ་བ་ཞུ་ནས་འཁོར་ལོ་ལ་ཁྱབ་པའི་རིམ་པས་དགའ་བ་ལ་སོགས་པའི་དབྱེ་བའི་ཁྱད་པར་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་བྱུང་ནས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་དུས་གཅིག་ཏུ་དཀྱིལ་འཁོར་མི་དམིགས་པར་བྱ་བའམ། རིམ་པས་སྟོང་པ་ཉིད་དུ་བསྡུ་བར་བྱའོ། །རིམ་པ་ཡང་སྔར་ཁོ་ནའོ། །དེ་ལྟར་སྐད་ཅིག་རེ་རེར་རབ་ཏུ་འཇུག་པ་དང་ལྡན་པར་བྱའོ། །དེ་གསུངས་པ། ཇི་ལྟར་དབུགས་རླུང་མེ་ལོང་ལ། །ཀུན་དུ་སིམ་ནས་འགྲོ་བ་ཉིད། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །སྐད་ཅིག་རེ་རེར་རབ་ཏུ་འཇུག །ཅེས་སོ། །ཡང་དང་ཡང་དུ་འཇུག་པ་དང་ལྡང་བ་རྣམས་ཀྱིས་ཀྱང་བདེན་པ་གཉིས་ཐ་མི་དད་པ་རྫོགས་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་རྣལ་འབྱོར་མངོན་སུམ་དུ་བྱེད་པའོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོ་རྫོགས་སོ།། །།དེ་ལྟར་མན་ངག་ཇི་ལྟ་བ་བཞིན་དུ་སྒྲུབ་ཐབས་བཤད་ནས་སྒྲུབ་ཐབས་འདི་ཁོ་ན་བསྐྱེད་པ་དང༌། རྫོགས་པའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་དེ། དེ་ལ་ཤིན་ཏུ་རྣལ་འབྱོར་མའི་མཐའི་བར་ནི་བསྐྱེད་པའི་རིམ་པའོ། །རྣལ་འབྱོར་ཆེན་པོ་ནི་རྫོགས་པའི་རིམ་པ་སྟེ། བསྐྱེད་པ་དང་རྫོགས་རིམ་འདི་གཉིས་ནི། རིགས་པས་སྒྲུབས་པའི་ཡན་ལག་དྲུག་པའི་གོ་རིམས་ཁོ་ནས་བསམ་གཏན་བྱའོ། །གཞན་དུ་ན་ཡང་དག་པའི་སྒྲུབ་པ་ཐོབ་པར་མི་འགྱུར་རོ། །དེ་བཞིན་


DTG022_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་གསུངས་པ་ཡང་དཔལ་གསང་བ་འདུས་པ་རྒྱུད་ཕྱི་མ་ལས། བསྙེན་དང་ཡན་ལག་དྲུག་སྦྱོར་བས། །གྲུབ་པའི་མཆོག་ནི་བྱས་ནས་སུ། །བསྒྲུབ་པར་བྱའོ་གཞན་དུ་ན། །གྲུབ་པའི་མཆོག་ནི་མི་ཐོབ་བོ། །ཞེས་སོ། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་བྱ་བ་དེ་ལ་མིག་ལ་སོགས་པའི་འགྲེལ་བ་ཅན་རྣམ་པར་ཤེས་པ་ལྔ་རྣམས་གཟུགས་ལ་སོགས་པའི་ཡུལ་རྣམས་ལས་སོ་སོར་སྡུད་པ་ནི་བཀུག་ནས་ཡང་དག་པར་དུལ་བར་བྱེད་པ་གང་དེ་སོ་སོར་བསྡུས་པའོ། །ཡང་ན་ལྷ་ཉིད་ཀྱི་ཚུལ་དུ་ཡུལ་གཟུང་བ་ནི་སོ་སོར་སྡུད་པའོ། །བསམ་གཏན་སོ་སོར་སྡུད་པའི་གོ་རིམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལྷ་ཉིད་དུ་བསྒོམ་པའོ། །དེ་ཡང་རྣམ་པར་རྟོག་པ་རྣམ་པར་དཔྱོད་པ་དགའ་བ་བདེ་བ་སེམས་རྩེ་གཅིག་པའི་དབྱེ་བས་རྣམ་པ་ལྔའོ། །དེ་ལ་སྣོད་དང་བཅུད་ཀྱི་དཀྱིལ་འཁོར་དང་བཅས་པ་བཅོམ་ལྡན་འདས་དཔལ་སྡོམ་པའི་ཡོངས་སུ་བརྟག་པ་ཉིད་ནི་རྣམ་པར་རྟོག་པ་སྟེ། དེ་ཁོ་ན་ལ་བསྟན་པ་ཉིད་ཀྱིས་ངེས་པ་ནི་རྣམ་པར་དཔྱོད་པའོ། །རྣམ་པར་དཔྱོད་པས་དེ་དང་དེའི་ལྷ་ཉིད་དུ་དམིགས་པས་ཡིད་བདེ་བ་དེ་ནི་དགའ་བའོ། །དགའ་བ་བསྒོམས་པའི་ལྷ་ལ་སིམ་པ་དང་བཅས་པའི་སེམས་གང་ཡིན་པ་དེ་ནི་བདེ་བའོ། །བདེ་བ་དང་ལྡན་པའི་སེམས་ཏིང་ངེ་འཛིན་དུ་གྱུར་པའི་ཕྱིར་རྣམ་པ་སྣ་ཚོགས་པ་ལོག་པའི་ཀུན་རྫོབ་ཀྱི་ཡུལ་ཅན་གྱིས་མི་ཤེས་པའི་སྐྱེ་བ་ཟད་པས་འདོད་པའི་ལྷ་ཁོ་ན་ལ་དམིགས་པའི་སེམས་ནི་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་བསམ་གཏན་ཡན་ལག་ལྔ་པའོ། །དེ་ལྟར་སྔ་དྲོའི་ཐུན་མཚམས་ལ་ཇི་ལྟར་གསུངས་པའི་གོ་རིམས་ཀྱིས་དཀྱིལ་འཁོར་འཁོར་ལོ་བསྒོམས་ནས་ནི་ཉི་མའི་གུང་ཐུན་ལ་ཡང་སྐད་ཅིག་ཏུ་དེ་ཁོ་ན་བཞིན་དུ། དཀྱིལ་འཁོར་འཁོར་ལོ་དམིགས་ནས་སོ་སོར་སྡུད་པ་དང༌། བསམ་གཏན་དག་གིས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་མངོན་པར་ཕྱོགས་པར་བྱེད་ཅིང་བསམ་གཏན་བྱའོ། །དེའི་རྗེས་ལ་ཐུན་མཚམས་ཀྱི་དུས་སུ་དངོས་སུའམ་མོས་པས་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་ཐོད་པ་ཁ་ཊྭཱཾ་ག་ཌ་མ་རུ་འཛིན་པ། སངས་རྒྱས་ཐོད་


DTG022_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཅན་གྱི་བརྟུལ་ཞུགས་པའི་སྒྲུབ་པ་པོས་སྒྲུབ་པ་པོས་དཀྱིལ་འཁོར་ཁོ་ན་སྒོམ་ཞིང་བསྐོར་བ་དང་ཟ་བ་ལ་སོགས་པའི་ལས་བྱའོ། །ཡང་གསུངས་པ་ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་སྒོམ་པ་རྣམ་པར་བསྒོམ་པ་ནས་ལངས་ཏེ་ལྷའི་གཟུགས་སུ་གཞག་གོ །དོན་འདི་ཁོ་ན་ལ་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ལེའུ་སོ་དགུ་པ་ལས། ཧེ་རུ་ཀ་དཔལ་ཚུལ་གྱིས་ནི། །ཁ་ཊྭཱཾ་ག་སོགས་སྒོམ་རྣམས་ཀྱིས། །ཐོད་པ་གཡོན་པའི་ཕྱག་གིས་ཏེ། །བརྟུལ་ཞུགས་ལྡན་པས་སྤྱོད་པ་སྤྱད། །ཅེས་སོ། །ཁྱད་པར་དུ་ལས་ཁ་ཚར་གྱི་དོན་དུ་ཤིང་སྡོང་ལ་སོགས་པ་བཙུགས་པ་ན་ཚུལ་དེ་ཁོ་ནས་གཏོར་མ་སྦྱིན་པ་དང་སྲུང་བ་ཞག་རེ་རེ་ལ་བའོ་ཞེས་པའི་དག་གིས་སྒྲུབ་ཐབས་ཀྱི་བང་མཛོད་ཅེས་བྱ་བའི་ཊཱི་ཀཱ་ལས་ཀྱང་གསུངས་པ། ཁ་ཊྭཱཾ་ག་སོགས་སྒོམ་རྣམས་ཀྱིས། །ཞེས་བྱ་བ་ནི་སོགས་པའི་སྒྲས་ཌ་མ་རུའོ། །ཆུས་བྲན་པ་ལ་སོགས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ་སྐོར་པ་དང་བཟའ་བ་ལ་སོགས་པའི་ལས་ཐམས་ཅད་ལ་ཚུལ་འདི་ལྟར་བྱའོ། །བྱེ་བྲག་ཏུ་ཕྱག་མཚན་གསུམ་པའི་ནང་ནས་དམ་ཚིག་གི་དབང་གིས་གང་ཉེ་བར་སྦྱོར་བ་དེ་འདོད་པ་ལྟར་གཟུང་བར་བྱའོ། །འགའ་ཞིག་ཏུ་རྡོ་རྗེ་དང་དྲིལ་བུ་ཡང་བཟུང་སྟེ་རྟག་ཏུ་འདི་གཟུང་གི་ངེས་པར་མི་བྱའོ། །དེ་ལྟར་སངས་རྒྱས་ཐོད་པའི་བརྟུལ་ཞུགས་འཛིན་པ། ཕྱག་བཅུ་གཉིས་པ་ལ་སོགས་པའི་དཔལ་སྡོམ་པ་ལ་སོགས་པའི་ཏིང་ངེ་འཛིན་དངོས་སུ་བྱ་བའི་གོ་རིམས་ཀྱིས་འཇིག་རྟེན་གསུམ་གྱི་ཁོངས་སུ་ཆུད་པའི་སྒྲུབ་པ་དང་ཡོངས་སུ་མཐར་ཐུག་པ་ལ་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་ཡང་བསྒྲུབ་པར་བྱའོ། །འདི་ཡང་ཐོད་པ་འཆང་པའི་བརྟུལ་ཞུགས་ནི། །རྣལ་འབྱོར་མའི་རྒྱུད་དུ་དབང་བསྐུར་བའི་དུས་ཁོ་ནར་སྦྱིན་པར་བྱ་སྟེ། སྒྲུབ་པ་པོས་འདི་ཁོ་ན་མཚན་སུམ་ཅུ་རྩ་གཉིས་པ་ལ་སོགས་པའི་ཚུལ་གྱིས་སྟོང་པ་ཉིད་ལ་ལྡང་ཞེས་པ་འདི་ལ་ཐེ་ཚོམ་མི་བྱའོ། །འདི་ལ་ཡང་སྔ་དྲོའི་ཐུན་ནས་མཚན་མོ་ཕྱེད་ཀྱི་ཐུན་གྱི་བར་དུ་ལྷ་ཁོ་ན་བསྒོམ་ཞིང་གནས་པར་བྱའོ། །དེ་ནས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། དེ་ལ་གསུང་རབ་ལས་གྲུབ་པའི་མན་ངག་འདི་ལྟ་སྟེ། ལྟེ་བའི་འཁོར་ལོ་ཟླ་བའི་དཀྱིལ་འཁོར་ལ་ཇི་ལྟར་གསུངས་པའི་ཧཱུཾ་ཡིག་དབུས་སུ་གནས་པའི་ཨཱ་ལི་


DTG022_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀཱ་ལིའི་སྦྱོར་བ་སྐད་ཅིག་ཏུ་མོས་ནས་དེ་དང་དེའི་ཡི་གེ་དང་བཅས་པའི་འོད་ཟེར་རྣམས་སྤྲོ་བར་བྱའོ། །འོད་ཟེར་དེའི་ངེ་སྤར་འབྱེད་པས་བྷཻ་རཾ་པ་ལ་སོགས་པ་ཐམས་ཅད་སྣོད་དང་བཅུད་ཀྱི་དཀྱིལ་འཁོར་འོད་ཀྱི་རང་བཞིན་དུ་བྱས་ནས་ཨཱ་ལི་ཀཱ་ལིའི་སྦྱོར་བ་དེ་ཁོ་ན་ལ་རབ་ཏུ་གཞུག་པར་བྱའོ། །ཡང་དེ་བཞིན་དུ་འོད་ཟེར་རྣམ་པར་སྤྲོས་པས་འོད་ཟེར་དེའི་ངེས་པར་འབྱེད་པས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན་འདས་འོད་ཟེར་གྱི་རང་བཞིན་དུ་བྱས་ནས་ཡང་དེ་ཁོ་ན་བཞིན་དུ་རབ་ཏུ་འཇུག་པར་བྱའོ། །དེ་ཁོ་ན་བཞིན་དུ་ཡང་འོད་ཟེར་རྣམས་སྤྲོས་ནས་དེའི་འོད་ཟེར་གྱི་ངེས་པར་འབྱེད་པས་ཟླ་བའི་དཀྱིལ་འཁོར་ཧཱུཾ་ཡིག་དང་ཨཱ་ལི་ཀཱ་ལིའི་སྦྱོར་བ་འོད་ཀྱི་རང་བཞིན་དུ་བྱས་ནས། ཇི་ལྟར་དབུགས་རླུང་མེ་ལོང་ལ། །ཀུན་ནས་སིམ་པར་འགྲོ་བ་ཡི། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །སྐད་ཅིག་རེ་རེར་རབ་ཏུ་འཇུག །ཅེས་འདི་ལྟར་འོད་གསལ་མངོན་དུ་ཕྱོགས་པར་བྱས་ནས་གལ་ཏེ་ངལ་བསོ་བའི་བློས་ཉལ་བར་འདོད་ན་དེའི་ཚེ་འདིའི་དམིགས་པ་ཁོ་ནས་ཉལ་བར་བྱའོ། །དེ་ནས་མ་བཅོལ་པའི་རང་བཞིན་ཁོ་ནས་སྒྲུབ་པོ་པོས་འོད་གསལ་གྱི་རྣམ་པར་དག་པ་ལས། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་ཐོད་པ་ཁ་ཊྭཱཾ་ག་ཌ་མ་རུ་བསྣམས་པ་ཉིད་ཀྱིས་རྡོ་རྗེ་ཐོད་ལྡན་གྱི་བརྟུལ་ཞུགས་འཆད་བ་ཁོ་ན་ཞལ་གཅིག་ཕྱག་གཉིས་པའི་དཔལ་བདེ་མཆོག་གི་མོས་པས་ཉལ་བ་ལས་ལངས་ལ། སྔ་དྲོའི་ཐུན་ལ་སྔར་བཞིན་དུ་སོ་སོར་སྡུད་པའི་རིམ་པས་སྒྲུབ་ཐབས་ཡན་ལག་དང་བཅས་པ་བསྒོམ་པར་བྱའོ། །འདི་བཞིན་དུ་རིམ་པས་དད་པ་དང་བཅས་པ་བར་མ་ཆད་པར་ཡུན་རིང་པོར་སྒོམ་པ་དང་མ་བྲལ་བའི་སྒྲུབ་པ་པོ་ལ་དཔལ་བདེ་མཆོག་ལ་སོགས་པ་མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་ཀྱིས་རབ་ཏུ་འབད་པས་བདག་ཉིད་ཉེ་བར་སྟོན་པར་བྱེད་དེ། འདི་ཡང་མངོན་སུམ་དུ་མཐོང་བ་དེ་རྣམས་ཀྱིས་ཀྱང་འདི་ལ་རྗེས་སུ་འཛིན་ཏོ་ཞེས་བྱ་བ་བསྐྱེད་པའི་རིམ་པའོ། །སྲོག་སྩོལ་བ་ལ་སོགས་པའི་རིམ་པས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། དེ་ལ་རིམ་པ་འདི་ལྟ་སྟེ། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པ་ཤིན་ཏུ་རྣམ་པར་དག་


DTG022_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཆོས་ཀྱི་དབྱིངས་ཞེས་བྱའི་ཡི་ཤེས་ལྔའི་རྒྱུ་ཉིད་ཡིན་པས། ཡེ་ཤེས་ལྔའི་རང་བཞིན་མེ་རླུང་དབང་ཆེན་ཆུ་ནམ་མཁའི་རང་བཞིན་ཉིད་ཡིན་པས་འབྱུང་བ་ལྔའི་བདག་ཉིད་ཅན། སྲོག་རླུང་ཐུར་དུ་རྒྱུ་བར་བྱས་ནས་ཡུངས་འབྲུའི་ཚད་ཙམ་ཅིག་བྱད་ཆུབ་ཀྱི་སེམས་ཐིག་ལེ་འགྲིལ་བའི་ཚུལ་གྱིས་རྡོ་རྗེ་སྣའི་རྩེ་མོར་བབ་ནས་གང་དུ་གསུངས་པའི་སོ་སོར་སྡུད་པ་དང་ཡན་ལག་ལྔའི་བསམ་གཏན་གྱིས་རིམ་པར་བསམ་པར་བྱའོ། །འདི་ཡང་ཐིག་ལེའི་སྦྱོར་བ་སྟེ་སྲོག་རྣམས་ཕྱི་རོལ་དུ་འགྲོ་བ་བཟློག་པའི་དོན་དུ་དེ་བས་ན་དེའི་རྒྱུ་ཉིད་ཀྱིས་གསང་བ་འདུས་པ་བླ་མའི་རྒྱུད་ལས་སྲོག་རྩོལ་ཞེས་བྱ་བར་བརྗོད་དོ། །འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ། ལྟེ་བར་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ་ཐུགས་ལ་སོགས་པ་ལ་ཐིག་ལེ་ལ་སོགས་པའི་སྦྱོར་བའི་བསམ་གཏན་གང་དེ་ཡང་སྲོག་འཐོན་པ་བཟློག་པའི་དོན་ཉིད་ཀྱིས་སྲོག་རྩོལ་ཞེས་བརྗོད་དོ། །བྱེ་བྲག་ཏུ་བསམ་གཏན་འདི་ལྟ་བུའི་སྟོབས་ཀྱིས་རོ་མ་དད་བརྐྱང་མ་དག་གིས་རྒྱུ་བ་ལས་བཟློག་ནས་དབུ་མར་སྲོག་རླུང་གི་རྩོལ་བ་ནི་རབ་ཏུ་རྒྱུ་བ་སྟེ། འདི་ལྟར་ཡང་སྲོག་རྩོལ་ཞེས་བརྗོད་དེ། །དེ་ནས་ཐུགས་ཀར་ཉི་མ་དང་དཀྱིལ་འཁོར་མེད་པའི་ཧཱུཾ་ཡིག་རྐྱང་པ་བསྒོམས་ནས་དེའི་ཐིག་ལེ་ལ་སྲོག་རབ་ཏུ་འཇུག་པའི་སྒོ་ནས་གཟུང་བ་དང་འཛིན་པ་སྲོག་རྩོལ་དང་བཅས་པ་ཉམས་ན་དེ་ཁོ་ནའི་ཕྱིར་སྟོང་པ་ཉིད་ཁོ་ནར་གནས་པ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཞི་བ་སྣང་དམིགས་ཡོད་པ་ཙམ་པོ་སེམས་རིན་པོ་ཆེ་ནམ་མཁའ་དང་མཉམ་པའི་འོད་གསལ་ཉིད་དུ་གྱུར་པ་ལས་གང་སྲོག་རླུང་བརྟན་པར་གྱུར་པ་དེ་འཛིན་པའོ། །འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ་ལྟེ་བའི་རྩ་བར་གནས་པ་པྲ་པའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ། རྡོ་རྗེའི་སྣའི་རྩེ་མོ་ལ་བསྒོམས་པའི་ཐིག་ལེའི་སྦྱོར་བའམ། །གཏུམ་མོ་ལ་སོགས་པའི་སྦྱོར་བ་གང་ཡང་རུད་བའམ། གསུངས་མ་ཐག་པའི་རིམ་པས་གང་སྲོག་རླུང་བརྟན་པར་གྱུར་པ་དེ་ཡང་འཛིན་པའོ། །འཛིན་པ་འདིའི་མཇུག་ཐོགས་སུ་བར་མ་ཆད་པར་སྨིག་རྒྱུ་དུ་བ་སྲིན་བུ་མེ་ཁྱེར་མར་མེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་ལྔ་མཐོང་བར་འགྱུར་རོ། །དེ་ནས་སྲོག་རྩོལ་དང་ལྷན་ཅིག་ཏུ་འོད་གསལ་བའི་རང་བཞིན་ཉིད་ཀྱིས་གང་གི་ཚེ་སེམས་བརྟན་པར་གྱུར་པ་དེའི་ཚེ། སྨོན་


DTG022_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་གྱིས་རབ་ཏུ་འབྱེད་པའི་མཐུས་དང་པོ་བསྒོམས་པའི་ལྷ་ལ་རྗེས་སུ་དྲན་པ་འབྱུང་བ་དེ་ལ་ཡང་བསྒོམས་པའི་ཨཱ་ལི་ཀཱ་ལི་ལ་སོགས་པའི་ཕྲ་བའི་སྦྱོར་བ་ལས་སྒོམ་པ་པོས་འོད་ཟེར་སྒྲོས་པར་བྱས་པ་འདི་ནི་རྗེས་སུ་དྲན་པའོ། །འོད་དེ་དང་བཅས་པ་བ་སླུའི་བུ་ག་རེ་རེ་རྣམས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷའི་རང་བཞིན་སྤྲོས་པ་ནི་རྗེས་སུ་དྲན་པ་ཞེས་བྱ་བ་ནི་དགོངས་པ་ཅན་ཡིན་ནོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས། བརྟན་པའི་རིན་ཆེན་སྤྲོ་བར་བྱེད། །མི་བརྟན་པས་ན་སྤྲོ་མི་བྱ། །རབ་མཆོག་སྤྲིན་རྣམས་ཀྱིས་སྤྲོ་བྱ། །སངས་རྒྱས་ཡེ་ཤེས་མཉམ་འོད་ཀྱིས། །ཞེས་བྱའོ། །དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རང་བཞིན་གྱིས་སྤྲོས་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ལྷ་རྣམས་འོད་ཀྱི་རང་བཞིན་དུ་བྱས་ནས་འོད་ཟེར་རྣམས་ཀྱང་གསུངས་པའི་སྦྱོར་བ་རྣམས་ལས་རྒྱུད་ཐ་དད་པའི་ཕྱིར་སྒྲུབ་ཐབས་མི་གཅིག་པས་བསྒོམས་པའི་གང་ཡང་རུང་བའི་ཕྲ་བའི་སྦྱོར་བ་ལ་སྟོད་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་རང་བཞིན་ལ་འགྲིལ་པའི་ཚུལ་དུ་བསྡུས་ནས་སྐད་ཅིག་གིས་རང་རིག་པའི་ཡེ་ཤེས་འབྱུང་བ་ནི་ཏིང་ངེ་འཛིན་ནོ། །འདི་ཁོ་ན་རྒྱུད་གཞན་ནས་འབྱུང་བ་དང༌། བརྒྱུད་པའི་རིམ་པ་ལས་བྱུང་བའི་བཤད་པའོ། །འོད་གསལ་ལས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུས་ཞེས་པ་དེ་ཡང་ཏིང་ངེ་འཛིན་ཞེས་བྱ་བ་ཡང་འགའ་ཞིག་ཏུ་བཤད་དོ། །དཔལ་གསད་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ། བཅུ་པོ་དབང་པོ་རྣམས་ཀྱི་ནི། །རབ་འཇུག་གནས་པ་ཐམས་ཅད་དུ། །སོ་སོར་སྡུད་པ་ཞེས་བརྗོད་དེ། །འདོད་པའི་བསྡུས་པ་སོ་སོའོ། །འདོད་པ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་ནི་རབ་སྦྱོར་བས། བརྟགས་པ་བསམ་གཏན་དུ་བརྗོད་དེ། །བསམ་གཏན་རྣམ་པ་ལྡར་འགྱུར་ཏེ། །རྣམ་པར་རྟོག་དང་རྣམ་པར་དཔྱོད། །དགའ་དང་དེ་བཞིན་བདེ་བ་དང༌། །སེམས་ཀྱི་རྩེ་གཅིག་ཉིད་དང་ནི། །ལྔ་པོ་འདི་རྣམས་བསམ་གཏན་བསྡུས། །གསང་རྒྱུད་སྐུ་རྣམས་ཐམས་ཅད་ལ། །རྣམ་པ་སྣ་ཚོགས་ཡོངས་སུ་གྲགས། །གསང་གསུམ་འབྱུང་བ་རྟོག་པ་ཡིན། །རྣམ་དཔྱོད་ཡོངས་སུ་དེ་ལོངས་སྤྱོད། །གསུམ་པ་ཡིད་བདེ་དགའ་བ་སྟེ། །བཞི་པ་བདེ་བས་བསྡུས་


DTG022_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །སེམས་ཀྱི་ལྔ་པ་ཤེས་པར་བྱ། །ཤེས་དང་ཤེས་བྱའི་སྐྱེ་བ་ཉམས། །སངས་རྒྱས་ཐམས་ཅད་རང་བཞིན་ཞི། །ཐམས་ཅད་འདོད་པ་སོ་སོར་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །འགྲིལ་བའི་ཚུལ་གྱིས་ཕབ་ནས་སུ། །སྣ་ཡི་རྩེ་མོར་རབ་རྟོག་བྱ། །ཁ་དོག་ལྔ་ལྡན་རིན་ཆེན་ཆེ། །སྲོག་རྩོལ་ཞེས་བྱ་དྲན་པ་ཡིན། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་གཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །འགོག་པའི་རྡོ་རྗེ་གནས་སེམས་ལ། །རྟགས་ཀྱི་འབྱུང་བ་རབ་ཏུ་སྐྱོ། །དེ་ཡི་རྟགས་ཀྱང་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེ་ལས་བྱུང་བ། །དང་པོ་སྨིག་རྒྱུའི་རྣམ་པ་ཅན། །དུ་བའི་རྣམ་པ་གཉིས་པ་སྟེ། །གསུམ་པ་སྲིན་བུ་མེ་ཁྱེར་བཞིན། །བཞི་པ་མར་མེས་གསལ་བྱེད་པ། །ལྔ་བརྟག་ཏུ་གསལ་བྱེད་དེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །བརྟན་པ་རྡོ་རྗེའི་ལམ་གྱིས་སུ། །ནམ་མཁའི་ཁམས་ལ་དགྲམ་པར་བྱ། །བསྒོམས་ནས་རྗེས་སུ་དྲན་པ་གང༌། །དེ་ཡི་རྣམ་པར་ཅན་ཡང་དགྲམ། །རྗེས་སུ་དྲན་ཞེས་ཤེས་པར་བྱ། །དེ་ལ་རབ་ཏུ་གསལ་བར་སྐྱེ། །ཤེས་རབ་ཐབས་དང་སྙོམས་ཞུགས་པས། །ཐམས་ཅད་དངོས་པོ་ཐམས་ཅད་དུ། །འགྲིལ་བའི་ཚུལ་གྱིས་བསྡུས་ནས་ནི། །ཐིག་ལེའི་དབུས་སུ་རྣམ་པར་བསྒོམ། །སྐད་ཅིག་ཡི་ཤེས་རྫོགས་པ་ནི། །ཏིང་ངེ་འཛིན་ཞེས་མིང་ཅན་ནོ། །ཚིག་ལེའུར་བྱས་པ་འདི་རྣམས་ལས་རྟོགས་པར་དཀའ་བའི་ཚིག་རྣམ་པར་བཤད་དེ། བཅུ་པོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིའོ། །དེའི་ཕྱིར་འདི་ཁོ་ན་གསུངས་ཏེ། དབང་པོ་རྣམས་ཀྱི་རང་འཇུག་གནས། །ཞེས་པའོ། །དབང་པོ་རྣམས་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །ཡང་རང་འཇུག་པར་གནས་པ་ནི་རང་རང་གི་ཡུལ་ལ་འཇུག་པ་ནི་རབ་ཏུ་འཇུག་པ་སྟེ། རང་གི་འཇུག་པ་ལ་གནས་པའི་ཕྱིར་རང་འཇུག་གནས་པ་ནི་མིག་ལ་སོགས་པའི་ཤེས་པ་ལྔ་ཞེས་བྱ་བའི་དོན་ཏོ། །འདི་ཡང་བསྡུས་པ་སོ་སོ་ཞེས་བ་ནི། །འདོད་པར་བྱེད་པ་ནི་


DTG022_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་པར་ཞེན་པར་བྱེད་པའི་ཕྱིར་འདོད་པའི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལྔ་སྟེ། དེ་རྣམས་ལས་གཟུགས་ལ་སོགས་པའི་ཤེས་པ་ལྔ་རིམ་པ་བཞིན་དུ་སྡུད་བ་ནི་འགུགས་པར་བྱེད་པའི་ཕྱིར་སྡུད་པ་སྟེ། ཡུལ་དང་བྲལ་བའི་ཡིད་ནི་འདོད་པའི་བསྡུས་པའོ། །དེ་ལ་སོ་སོ་ཞེས་བྱ་བ་ནི་འདོད་པའི་བསྡུས་པ་ཐོབ་ནས་ཞེས་བྱ་བའི་དོན་ཏོ། །རང་འཇུག་པའི་གནས་གང་ཤེས་པ་ལྔ་དེ་ཁོ་ན་རིམ་གྱིས་རང་འཇུག་པ་དང་བྲལ་ཞིང་སོ་སོར་སྡུད་པར་བརྗོད་དོ། །འདོད་པ་ལྔ་རྣམས་ནི་ཡུལ་ལྔ་སྟེ། དེ་རྣམས་ལ་ལྷའི་ཚུལ་གྱིས་ཡོངས་སུ་རྟོག་བཞེས་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཐམས་ཅད་ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དཔལ་བདེ་མཆོག་ལ་སོགས་པའི་ལྷ་ཉིད་ཀྱི་རབ་ཏུ་སྦྱོར་བས་ཡོངས་སུ་རྟོགས་པ་ཡང་བསམ་གཏན་ནོ། །ཡིད་ཀྱི་དབང་པོ་དང་དེའི་རྣམ་པར་ཤེས་པ་དག་ནི་སྐུ་གསུང་ཐུགས་ཀྱི་གསང་བའི་བདག་ཉིད་ལྷ་རྣམས་གསལ་བའི་ཚུལ་དུ་བྱུང་བ་ནི་གསང་གསུམ་དབྱུང་སྟེ། དེ་ཁོ་ན་རྣམ་པར་རྟོག་པའོ། །ཤེས་དང་ཤེས་བྱའི་སྐྱེ་བ་ཉམས། །ཞེས་པ་ནི་ལོག་པའི་ཀུན་རྫོབ་ཀྱི་ངང་ཚུལ་ཅན་ཤེས་པ་དང་ཤེས་བྱའི་རྣམ་པར་རྟོག་པའི་སྐྱེ་བ་མེད་དོ། །རིན་ཆེན་ཆེ་བ་ཞེས་བྱ་བ་ནི་འབྲས་བུའི་མཆོག་སྦྱིན་པའི་ཕྱིར་རོ། །འགོག་པའི་རྡོ་རྗེ་ནི་འོད་གསལ་བ་སྟེ་དེ་ལ་གནས་པའི་སེམས་ནི་དེའི་རང་བཞིན་དུ་གྱུར་པའོ། །བརྟན་པ་རྡོ་རྗེའི་ལམ་གྱིས་སུ། །ནམ་མཁའི་ཁམས་ལ་དགྲམ་པར་བྱ། །ཞེས་བྱ་བ་ནི། །བརྟན་ཞིང་རྡོ་རྗེའི་ལམ་གྱིས་རྗེས་སུ་དྲན་པས་ནམ་མཁའི་ཁམས་རྣམས་སུ་དགྲམ་པར་བྱ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་འོད་ཟེར་དང་ལྡན་པའི་ལྷ་ཚོགས་རྣམས་སོ། །ཤེས་རབ་ཐབས་དང་སྙོམས་འཇུག་པས། །ཐམས་ཅད་དངོས་པོ་ཐམས་ཅད་དུ། །ཞེས་བྱ་བ་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་ནི་སྟོང་ཉིད་སྙིང་རྗེ་ཐ་མི་དད་པའི་ཚུལ་གྱིས་སོ། །ཐམས་ཅད་དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་འོད་ཟེར་དང་བཅས་པའི་ལྷ་ཉིད་ཚོགས་རྣམས་སོ། །འགྲིལ་བའི་ཚུལ་གྱིས་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་ཐ་མི་དད་པའི་ཚུལ་གྱིས་དེ་རྣམས་རང་གི་ལུས་ལ་བསྒོམས་པ་གང་ཡང་རུང་བའི་ཐིག་ལེའི་དབུས་སུ་ཉེ་བར་བསྡུས་ནས་ཐིག་ལེ་དེ་ཁོ་


DTG022_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་བསྒོམ་པར་བྱའོ། །ཐིག་ལེ་ཞེས་བྱ་བར་ཉེ་བར་མཚོན་པ་སྟེ། རིམ་པ་འདི་བཞིན་དུ་ཨཱ་ལི་ཀཱ་ལིའི་སྦྱོར་བ་ལ་སོགས་པ་ཡང་ངོ༌། །སྐད་ཅིག་ཡེ་ཤེས་རྫོགས་པ་ནི། །ཞེས་བྱ་བ་སྐད་ཅིག་གིས་རང་རིག་སྐྱེ་བས་བྱེད་བ་དེ་ཁོ་ན་ཉིད་མཐོང་བ་ཡང་ངོ༌། །བྱེ་བྲག་ཏུ་གང་གི་ཚེ་ཡང་འདི་སྨིན་མ་དང་གི་དབུས་སུ་སོ་སོར་སྡུད་པའི་གོ་རིམས་ཀྱིས་ཐིག་ལེ་བསྒོམས་པ་དེའི་ཚེ་ཡང་སྲོག་རྩོལ་དང་འཛིན་པ་དང་རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་འབྱུང་ངོ༌། །ཡང་གསུངས་པ་རྩ་བའི་རྒྱུད་ལས་སྨིན་མའི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་གནས་གཞག་པར་བྱའོ་ཞེས་བྱའི་འདི་ཁོ་ན་གསུངས་པ་རི་གི་ཨ་ར་ལླིའི་རྒྱུད་ལས་དེ་བཞིན་དུ་ཡང༌། པར་ལླིས་ཞུས་ལྷ་མོ་ལ། །ཡེ་ཤེས་མཆོག་ཀྱང་ཇི་ལྟ་བུ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །ལྷ་མོ་རིགས་ཀྱིས་ཡང་དག་གསུངས། །ཡེ་ཤེས་ཆེན་པོ་བདེ་བ་མཆོག །ཀུན་མཁྱེན་ཡེ་ཤེས་ལས་བྱུང་བ། །བསྲུབ་བྱ་སྲུབ་བྱེད་ལས་བྱུང་བ། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །དབང་པོ་ཐམས་ཅད་དེས་བཀག་ནས། །སྐྱེ་འགྲོ་མེད་པའི་དབེན་ཕྱོགས་སུ། །གཉིས་པ་ཐམས་ཅད་དང་བྲལ་བའི། །མིག་གཉིས་མ་ཕྱེ་མ་བཙུམས་པར། །སྨིན་མའི་མཚམས་སུ་སེམས་གཏད་ནས། །མུན་པ་མི་བཟད་ཚུལ་ཡང་ནི། །སྒྲུབ་པ་པོ་ཡིས་དང་པོར་མཐོང༌། །དེ་ནས་གཡོན་པའི་རྣ་བ་ནི། །དལ་བུས་དལ་བུས་གཡོ་བར་བྱེད། །ཤེས་རབ་མ་ཡི་བདེ་བ་གང༌། །དེ་བཞིན་ཕྱག་རྒྱ་ཆེན་པོའི་བདེ། །ཉེས་པའི་རང་བཞིན་མི་ཕྱག་རྒྱ། །དེ་ཡིས་ཤེས་བའང་ཉམས་པ་ཡིན། །དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བསྒོམ། །བདེ་བ་ཆེན་པོ་བསྒྲུབ་བྱའི་ཕྱིར། །ཡེ་ཤེས་ཆེན་པོ་འདི་ཁོ་ན། །རང་གི་རིག་བྱའི་རང་བཞིན་ཏེ། །གཞན་ལ་བསྟན་པར་མི་ནུས་པ། །གཞོན་ནུ་མ་ཡིས་བདེ་མྱོང་བཞིན། །སྦྱོར་བ་འདི་དང་བཅས་པ་ཡི། །སེམས་ཅན་མགུ་བྱེད་སེམས་ཀྱིས་སུ། །སྙིང་རྗེས་སེམས་ཅན་ཐམས་ཅད་ལ། །སྦྱོར་བ་འདི་ནི་བདེ་བར་བྱེད། །འདི་ལ་གོམས་པའི་སྦྱོར་བ་ཡིས། །མཁའ་དང་མཉམ་པའི་སེམས་ཀྱིས་སུ། །སྙིང་རྗེ་ཆེན་པོའི་རྫུ་འཕྲུལ་ཅན། །རྣལ་འབྱོར་གྲུབ་འགྱུར་ཐེ་ཚོམ་


DTG022_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད། །དང་པོར་མུན་པ་བྱེད་པ་མཐོང༌། །གཉིས་པ་དཀར་པོ་དུ་བ་བཞིན། །གསུམ་པ་སྲིན་བུ་མེ་ཁྱེར་མཚུངས། །བཞི་པ་ཛ་བའི་མེ་ཏོག་ལྟར། །ལྔ་པ་སྤྲིན་མེད་ནམ་མཁའ་སྟེ། །བདག་དང་གཞན་གྱི་ཚོར་བ་བྲལ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་ཡང༌། །སྤྲིན་མེད་ནམ་མཁའི་དཔེ་དང་ལྡན། །རྒྱུན་དུ་གོམས་པའི་སྦྱོར་བ་ཡིས། །རྩེ་གཅིག་སེམས་དཔའ་འདི་ལྟར་བྱོས། །རྟག་ཏུ་ཡེ་ཤེས་བདུད་རྩི་ཡིས། །བཏུང་བས་བཀྲེས་པའི་དགག་བྱ་མེད། །རྒ་དང་ནད་ཀྱིས་གདུང་བ་མེད། །ཐབས་ཀྱི་སྦྱོར་བ་འདི་ཡིས་ནི། །རིམ་གྱིས་ཐམས་ཅད་མཁྱེན་པར་འགྱུར། །ཞེས་སོ། །དེ་ལྟར་དམ་ཚིག་སེམས་དཔའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་དམ་ཚིག་སེམས་དཔའ་ལྟ་བུར་གནས་པ་ཤེས་རབ་མ་དང་བཅས་པ། ཡེ་ཤེས་སེམས་པའི་ཐུགས་ཀྱི་པདྨ་དང༌། ཟླ་བ་ལ་ཧཱུཾ་ཡིག་ཏིང་ངེ་འཛིན་སེམས་དཔའ་ལའམ། ཐིག་ལེ་ལ་སྣོད་དང་བཅུད་ཀྱི་ཚུལ་ཅན་སངས་རྒྱས་ཀྱི་ཚོགས་ཀྱི་འོད་ཟེར་ས་ཡ་འཕྲོ་ཞིང་གནས་དང་འཚམ་པ་ཉིད་ཀྱིས་ཤིན་ཏུ་ཕྲ་བ་བདེ་མཆོག་གི་དཀྱིལ་འཁོར་འཁོར་ལོ་རྣམ་པར་བསྒོམ་པར་བྱའོ། །དེ་ལ་འོད་ཟེར་རྣམ་པར་སྤྲོས་ཏེ་དེ་ཁོ་ན་ལ་རབ་ཏུ་བཅུག་ནས། རིགས་མཐུན་པའི་ས་བོན་ཡོངས་སུ་གྱུར་པ་རིགས་དང་མཐུན་པ་ཕྲ་བའི་ཕྱག་མཚན་ལ་དཀྱིལ་འཁོར་དང་བཅས་པའི་ཧཱུཾ་གྱུར་ནས་རྡོ་རྗེ་གཅིག་ཏུ་བསྒོམ་མོ། །དེ་ཁོ་ན་བཞིན་དུ་འོད་ཟེར་དང་བཅས་པའི་ཤིན་ཏུ་ཕྲ་བ་དཔལ་སྡོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོར་སྡུད་པ་ལ་སོགས་པའི་རིམ་པས་ཞག་བདུན་གྱི་བར་དུ་བར་མ་ཆད་པར་བསམ་པར་བྱའོ། །དེ་ནས་སྲོག་རྩོལ་འཛིན་པ་རྗེས་སུ་དྲན་པ་ཏིང་ངེ་འཛིན་རྣམས་འབྱུང་བར་འགྱུར་རོ། །འདར་བ་དང༌། གཡོ་བ་དང༌། ཕྲ་བ་དང༌། དབབ་པ་མཆོད་པའི་ཚུལ་རྣམས་ཏིང་ངེ་འཛིན་གྱི་རྟགས་ཀྱང་ཡང་དག་པར་འབྱུང་ངོ༌། །ཡང་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། སྙིང་གར་རྟག་ཏུ་གནས་པ་ཡི། །ཐིག་ལེ་གཅིག་པ་ཡི་གེ་མེད། །དེ་ཡང་སྒོམ་པའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །ཁྱད་པར་དུ་སྦྱོར་བ་འདི་སྒྲུབ་པར་བྱེད་པ་མདོར་བསྟན་པ་དང་བཅས་པའི་གསུང་རབ་རིག་པའི་རྒྱ་མཚོའི་རྒྱུད་ལས་


DTG022_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསལ་བ་དྲངས་ཏེ་སྒྲུབ་ཐབས་ཀྱི་བང་མཛོད་དུ་བྲིས་པ་དེ་ལྟར་ཡང༌། སེམས་ནི་ཁམས་གསུམ་བདག་ཉིད་ཅན། །གཞལ་ཡས་ཁང་བརྟེན་བསམས་ནས་སུ། །ས་ཡའི་འོད་ཀྱིས་ཀུན་ཁྱབ་ནས། །སངས་རྒྱས་སྤྲིན་ནི་སྤྲོ་བ་ཅན། །ཐིག་ལེའི་སྦྱོར་བས་བསྡུས་ནས་ཀྱང༌། །ཕྲ་བའི་སྦྱོར་བ་རྣམ་པར་བསྒོམ། །རིགས་དང་མཐུན་པའི་ཧཱུཾ་ལས་བྱུང༌། །ཕྱག་མཚན་ནང་དུ་དཀྱིལ་འཁོར་ཏེ། །ནམ་མཁའ་དང་མཚུངས་འོད་རྒྱས་པ། །རྒྱལ་བ་རིན་ཆེན་རྟེན་པ་ཆེ། །བདེ་བ་ཆེན་པོའི་ཕྲ་བ་ཡང༌། །ཕྲ་རབ་རྡུལ་གྱི་ཚུལ་འདུས་པ། །མ་ལུས་སེམས་ཅན་དམ་ཚིག་ནི། །མཁའ་འགྲོ་ཉིད་ཀྱང་རབ་ཏུ་གནས། །སྤྲོས་ཤིང་ཡེ་ཤེས་ཚོགས་ཕྲེང་བ། །རྣམ་པ་སྣ་ཚོགས་དུ་མའི་སྐུ། །སྲོག་རྩོལ་གྱིས་ནི་མནན་པ་ཡིས། །བརྟན་པའི་སེམས་ཀྱི་རང་བཞིན་འཇུག །གཡོ་དང་འདར་བ་ཉིད་དང་ནི། །མཆོད་དང་དབབ་པ་དེ་བཞིན་འཕར། །རྟགས་ནི་མངོན་སུམ་ཉིད་དུ་འགྱུར། །ངེས་པར་མཚན་མོ་བདུན་གྱིས་ཏེ། །ཁྱོད་ལ་འཁོར་ལོ་འདི་རྒྱས་སྟོན། །རྡོ་རྗེ་སྙིང་པོ་ཆེ་བའི་ཆེ། །ཞེས་སོ། །སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་འབྲས་བུ་ཡང་གསུངས་ཏེ་གསང་བ་འདུས་པའི་རྒྱུད་ཕྱི་མ་བླ་མ་ལས། སོ་སོར་སྡུད་པ་རབ་ཐོབ་ནས། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་ཐོབ་ནས་ནི། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །ངེས་པར་སྲོག་དང་རྩོལ་བ་ཡིས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །འཛིན་པའི་དོད་ཀྱི་སྟོབས་ཀྱིས་ངེས། །རྡོ་རྗེ་སེམས་དཔའ་ཀུན་ནས་འཇུག །རྗེས་སུ་དྲན་པའི་སྦྱོར་བ་ལས། །འོད་ཟེར་དཀྱིལ་འཁོར་སྐྱེ་བར་འགྱུར། །ཏིང་ངེ་འཛིན་དབང་ཉིད་ཙམ་གྱིས། །སྒྲིབ་པ་རྣམས་དང་བྲལ་བར་འགྱུར། །ཞེས་སོ། །རྣལ་འབྱོར་ཆེན་པོ་ལས་སྐྱོ་ན་བྱ་བ་གང་བྱེད་ཅེ་ན་དེ་གསུངས་པ་སྐད་ཅིག་ལ་སོགས་པའོ། །ཡུད་ཙམ་གྱིས་དཀྱིལ་འཁོར་འཁོར་ལོ་མོས་ནས་ལྟེ་བའི་འཁོར་ལོ་ཧཱུཾ་ཡིག་དམར་རམ། ནཱ་ད་བལྟས་ནས་ཡི་གེ་གསུམ་བརྗོད་ཅིང༌། ནཱ་ད་དེ་ལ་གདམས་ངག་ཇི་ལྟ་བ་བཞིན་དུ་འཐོན་པའི་རླུང་གི་འཁོར་ལོ་ལྡ་རབ་ཏུ་སྤྲོས་ནས་འགྲོ་བའི་དོན་བྱས་ཏེ་ཡང་བརྗོད་པའི་སྔགས་དང་བཅས་པས།


DTG022_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བའི་སྐུད་པའི་འཐོན་པའི་རིགས་འཇུག་པའི་རླུང་གིས་ནཱ་ད་དེ་ཁོ་ན་ལ་རབ་ཏུ་འཇུག་པར་བྱའོ། །དེ་བཞིན་དུ་ཡང་དང་ཡང་དུ་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་བཟླས་པའོ། །དེ་ཁོ་ན་བཞིན་དུ་ནཱ་ད་དེ་ཁོ་ན་ལས་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བརྗོད་ཅིང༌། འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྲོ་བ་དང་བསྡུ་བས་སྡར་བཞིན་དུ་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བཟླས་པ་བྱ་སྟེ། ལྷ་སོ་སོའི་སྔགས་བརྗོད་པས། ཡོངས་སུ་རྫོགས་པ་ལ་སོ་སོར་སྤྲོ་པ་དང་བསྡུ་བ་ཞེས་པ་ནི་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་ཕྲེང་བ་རང་གི་ཁར་ཞུགས་ནས་རྡོ་རྗེའི་ལམ་ནས་པདྨར་སོང་ནས་ཨ་བ་དྷཱུ་ཏཱིའི་ལམ་ནས་གྱེན་དུ་འོངས་ཏེ་བཅོམ་ལྡན་འདས་མའི་ཞལ་དུ་འཐོན་ཏེ། རང་གི་ཞལ་གྱི་སྒོ་ནས་དེ་ཁོ་ན་བཞིན་དུ་བསྐོར་བར་བསྒོམ་ཞིང་ཕྲེང་བའི་སྔགས་བརྗོད་ཅེས་པ་དོ་ལིའི་བཟླས་པའོ། །རང་བཞིན་གྱིས་གྲུབ་པའི་སྤྲུལ་པ་དང༌། བདེ་བ་ཆེན་པོ་གཉིས་ཀྱི་འཁོར་ལོར་གནས་པའི་ཨ་ཡིག་དང་ཧཾ་ཡིག་གི་ས་བོན་གཉིས་ཀྱི་བཟླས་པ་ནི་རང་བཞིན་གྱི་བཟླས་པའོ། །ཏིང་ངེ་འཛིན་སེམས་དཔའི་ཐིག་ལེ་ལས། སྔགས་ཀྱི་ཕྲེང་བ་འོད་དུ་འབར་བའི་རྣམ་པ་དང་ལྡན་པ། སེམས་དཔའ་གཉིས་ཀྱི་ཞལ་ནས་འཐོན་ནས་སེམས་མ་གཉིས་ཀྱི་ཞལ་དུ་རབ་ཏུ་ཞུགས་ནས་ཐུར་དུ་སེལ་བའི་རླུང་གིས་ཐུར་གྱི་རིམ་པས་རང་དང་ཕྱག་རྒྱ་ལ་མུ་ཏིག་གི་ཕྲེང་བ་བཞིན་དུ་བསྐོར་བར་བསྒོམ་པར་བྱའོ་ཞེས་བྱ་བ་ཡེ་ཤེས་ཀྱི་བཟླས་པའོ། །ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ལུས་འདི་ལ་ས་ཆུ་མེ་རླུང་གི་ཁམས་ཀྱི་རང་བཞིན། རང་བཞིན་དུ་གྲུབ་པ་དྲུག་ཅུ་རྩ་བཞི། བརྒྱད་ཅུ་དྲུག་སུམ་ཅུ་རྩ་གཉིས་ཀྱི་རྩའི་འདབ་མ་ཅན། འཁོར་ལོ་བཞིའི་རྣམ་པར་བསྒོམས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་དབྱངས་ཡིག་དང་པོ་ཨཱ་ལི་ཀཱ་ལིས་ཡོངས་སུ་བསྐོར་བ་དང་ལྡན་བ་ཧཱུཾ་ཡིག །བྷྲཱུཾ་ཨཱོཾ་ཛྲའྀཾ་ཁོཾ་ལཱོཾ་མཱོཾ་པཱོཾ་ཏཱོཾ་ཞེས་པའི་ས་བོན་གྱིས་བསྐོར་བ། ཨོཾ་ཆ་གསུམ་པ་ཨཱ་ཨཱི་ཨུ་ཨེ་ས་བོན་གྱིས་བསྐོར་བ་དང༌། ཧཾ་ཡིག་ལ་དབྱངས་ཡིག་ཉིས་འགྱུར་གྱི་ཕྲེང་བ་ཡོངས་སུ་བསྐོར་བ། འཁོར་ལོ་དེ་རྣམས་ལ་རྣམ་པར་བསམས་ནས་སྔགས་ཀྱི་ཡི་གེ་རྣམས་ཀྱང་མར་མེའི་རྩེ་མོ་དངས་པ་ལྟར་བལྟས་ནས། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་


DTG022_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་ཐམས་ཅད་གསལ་བར་བྱས་ནས་གནས་པ་ཞེས་བྱ་བ་སྔགས་ཀྱི་ཨཱ་ལིའོ། །འདི་ལ་ཨཱ་ལི་ཀཱ་ལི་ས་ཡོངས་སུ་བསྐོར་བ་ཞེས་བྱ་བའི་བཤད་པ་འདི་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྫོགས་པར་བྱེད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བཞི་བར་བྱེད་བ་དང༌། དགེ་བ་ཉེ་བར་འཕེལ་བར་བྱེད་པ་མེ་ལོང་ལྟ་བུའི་ངོ་བོ་ཉིད་ཉིས་འགྱུར་དང་དབྱངས་ཡིག་བཅུ་དྲུག །དེ་བཞིན་དུ་སེམས་ཅན་མ་ལུས་པའི་རྒྱུད་ལ་གནས་པའི་མ་རིག་པའི་མུན་པ་འཇོམས་པར་བྱེད་པ་མི་དགེ་བའི་འདམ་རྫབ་སྐེམ་པ་བྱེད་ཅིང༌། བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སུ་སྨིན་པར་བྱེད་པ་དཔེ་བྱད་བརྒྱད་ཅུ་རྫོགས་པར་བྱེད་པ། ད་དྷ་ཡ་ལའི་ཡི་གེ་དྲུག་བསྣན་པས་ཡི་གེ་བཞི་བཅུ་གཉིས་འགྱུར་གྱིས་ཡོངས་སུ་བསྐོར་བའོ། །སྔགས་ལ་མངོན་པར་ཞེ་ན་པའི་རྟོག་པ་དང་བཅས་པས་དེ་སྤོང་བའི་ཕྱིར་སྲུབ་པ་དང་བསྲུབ་པའི་སྦྱོར་བས་ཡེ་ཤེས་ཀྱི་མེ་ལས་ཀྱི་རླུང་གིས་བསྐྱོད་པ་ལྟེ་བའི་དཀྱིལ་འཁོར་ལ་དུ་བར་འཐུལ་ཞིང་འབར་བའི་རང་གི་འོད་ཟེར་རྣམས་ཀྱིས་ཨ་ཡིག་དབྱེ་བར་བྱས་ནས་མེ་དང་རླུང་གི་སྦྱོར་བས་སྤྲུལ་པའི་འཁོར་ལོ་བསྲེགས་ནས་དབུ་མའི་རྩ་ནས་གྱེན་དབུ་མའི་རྩ་ནས་གྱེན་དུ་སོང་སྟེ་རིམ་གྱིས་ཆོས་དང་ལོངས་སྤྱོད་བདེ་བ་ཆེན་པོའི་འཁོར་ལོ་རྣམས་ཀྱང་མི་སྣང་བར་བྱས་ནས། རྣ་བ་གཡས་པའི་ཨོ་ཌི་ཡ་ནའི་ལམ་ནས་འཐོན་ནས་ཕྱོགས་བཅུར་གནས་པའི་སེམས་ཅན་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསེར་གྱི་སྒོ་ཛཱ་ལནྡྷ་རའི་མིང་ཅན་སྤྱི་གཙུག་གི་བུ་གར་རབ་ཏུ་ཞུགས་ནས་བདེ་བ་ཆེན་པོའི་འཁོར་ལོ་ནས་བརྩམས་ཏེ། སྤྲུལ་པའི་འཁོར་ལོའི་བར་དུ་ཐུར་དུ་འོངས་པའི་རིམ་པས་མི་སྣང་བར་བྱས་ནས། རང་གི་ལྟེ་བའི་ནམ་མཁའ་ལ་ཐིམ་ཞིང༌། །སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་དུ་མཐོང་བ་ནི་རྒྱུད་ཀྱི་ཨཱ་ལིའོ། །འདི་ལྟར་རང་བཞིན་གྱི་སེམས་སྟོང་བ་ཉིད་དུ་བསྒོམ་པ་ཆད་པའི་ཚུལ་ཉིད་དུ་འགྱུར་ཞེ་ན་སྐྱོན་དེ་བསལ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྟེ་བའི་ནམ་མཁའ་ལས་ཡེ་ཤེས་ཀྱི་མེ་དེ་ཉིད་གྱེན་དུ་སྲོག་རླུང་རྒྱུ་བའི་ལམ་ལས་དེ་རྣམས་ཀྱི་བདེ་བ་ཆེན་པོའི་འཁོར་ལོ་ཐོབ་ནས་དེ་ལ་གནས་པའི་ཧཾ་ཡིག་གི་


DTG022_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཀྱི་བདུད་རྩི་བཞུ་ནས་དེ་རྣམས་ཁོ་ནའི་ཨོ་ཌི་ཡ་ནའི་ལམ་ནས་འཐོན་ནས། རང་ཉིད་ཀྱི་ཛཱ་ལནྡྷ་རའི་ལམ་ལ་རབ་ཏུ་ཞུགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་བསྲེགས་པ་རྣམས་ཀྱིས་ཀྱང་དགའ་བར་བྱེད་ཅེས་གསུངས་པའི་ཕྱིར་བདེ་བ་ཆེན་པོའི་འཁོར་ལོ་ནས་བརྩམས་ཏེ། སྤྲུལ་བའི་འཁོར་ལོའི་བར་དུ་སྔགས་དང་བཅས་པའི་འཁོར་ལོ་བཞི་ལ་གསོས་བཏབ་ནས་སྔར་བཞིན་དུ་གྱེན་གྱི་རིམ་པས་དེ་ཁོ་ནའི་ལམ་ལས་འཐོན་ནས་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་ལམ་དེ་ཁོ་ན་ཉིད་ནས་རབ་ཏུ་ཞུགས་ནས་འཁོར་ལོ་བཞི་གསོས་འདེབས་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཨཱ་ལིའོ། །འདི་ལྟར་ཡེ་ཤེས་ཀྱི་སྐུར་བསྒོམས་པས་རྟག་པ་ཉིད་དུ་འགྱུར་ཞེ་ན་དེའི་སྐྱོན་ཡོངས་སུ་བསལ་བའི་ཕྱིར། རྣལ་འབྱོར་པ་དེས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་རང་བཞིན་ཟུང་འཇུག་གི་ངོ་བོ་ཉིད་གསང་བའི་ཨཱ་ལི་བསྒོམས་པར་བྱ་སྟེ། རིམ་པ་འདིས་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་འཁོར་ལོ་ཞུ་བའི་བྱང་ཆུབ་སེམས་ཀྱི་པུ་ལླཱི་ར་མཱ་ལ་ཡར་དབང་དུ་བྱེད་པ། །ཛཱ་ལནྡྷ་རར་ལོངས་སྤྱོད་པ་ཨོ་ཌི་ཡ་ནར་ཐིམ་པ་ཞེས་བྱ་བ་ལ་སོགས་པའི་རིམ་པས་གནས་ཉི་ཤུ་རྩ་བཞི་རེ་རེ་ལ་ཡང་བསྣུར་བ་གསུམ་བྱས་ནས། ཡན་ལག་ཐམས་ཅད་ལ་ཐིམ་པ་ཞེས་པ་བྱ་བ་གསུངས་པའི་གཙོ་བོ་ཉིད་ཀྱི་ཕྱིར་ཡན་ལག་ཐམས་ཅད་བསྡུས་པའི་གནས་རྡོ་རྗེ་ནོར་བུའི་རྩེ་མོར་ཐིག་ལེའི་ཚུལ་རྣམ་པར་བསྒོམས་ནས་རྟོག་པ་མེད་པའི་ཚུལ་གྱིས་ཆོས་ཉིད་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་ཚུལ་གྱི་རྣམ་པ་ཅན་ཉམས་སུ་མྱོང་ནས་འགྲོ་འོད་དང་འབྲལ་བ་དབང་པོའི་སྒོ་བཀག །གཟུང་བ་དང་འཛིན་པ་དང་བྲལ་བར་གནས་པར་བྱའོ་ཞེས་བྱ་བ་གསང་བའི་ཨཱ་ལིའོ། །ཁྲུས་བྱེད་པའི་དུས་སུ་དབང་བསྐུར་བའི་ཆོ་ག་བྱའོ། །གཏོར་མའི་དེ་ཉིད་བརྗོད་པ་ཡོཾ་རོཾ་ལས་བྱུང་བ་ཞེས་བྱ་བ་ནི། དཔལ་བདེ་མཆོག་གིས་སྦྱོར་བ་དང་ལྡན་པའི་སྔགས་པས་ཟན་ལ་སོགས་པ་མདུན་དུ་བཞག་ནས་དག་པར་བྱ་སྟེ། དེ་ལ་མདུན་དུ་ཡོཾ་ཡིག་ལས་བྱུང་བ། རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡོཾ་ཡིག་ལས་མེའི་དཀྱིལ་འཁོར་དེ་ལ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོ་གསུམ་


DTG022_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་བྱས་པའི་སྐྱེད་པོ་ལ་ཨ་ཡིག་དཀར་པོ་ལས་བྱུང་བ་པདྨའི་སྣོད་དཀར་པོ་དེ་ལ་ཟན་ལ་སོགས་པ་དང༌། ཨོཾ་ཏྲཾ་ཨོཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཾ་ཞེས་པའི་ཡི་གེ་ལས་བྱུང་བ་དང༌། དེའི་བྱིན་གྱི་རླབས་ཀྱིས་བདུད་རྩི་ལྔ་སྒྲོན་མ་ལྔའི་ཚུལ་དུ་རྫོགས་པར་བྱས་ནས་རླུང་གིས་བསྐྱོད་པའི་མེའི་དྲོད་ཀྱིས་རབ་ཏུ་བཞུ་ནས་ས་བོན་གྱི་ཡི་གེ་ལ་སོགས་པ་ཞུ་བར་གྱུར་ཏེ་ཉི་མའི་མདོག་ཅན་དུ་བསྒོམ་པར་བྱའོ། །དེ་ནས་དངུལ་ཆུའི་ཁ་དོག་ཧཱུཾ་ལས་བྱུང་བ། ཁ་ཐུར་དུ་བསྟན་པ་བདུད་རྩིའི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ་ཞུ་ནས་ཞུ་བ་དེ་ཡང་དངུལ་ཆུའི་ཁ་དོག་ཅན་བསིལ་བར་བལྟས་ཏེ། དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་གོ་རིམས་བཞིན་དུ་སྟེང་དང་སྟེང་དུ་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་དང་འོད་ཟེར་རྣམས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་ཕྱོགས་བཅུར་གནས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དང། རྒྱ་མཚོ་ལ་སོགས་པའི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་སྙོམས་པར་ཞུགས་པ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ནས་སོ་སོ་རང་གིས་བོན་རྣམས་ལ་རབ་ཏུ་ཞུགས་སོ། །དེ་ནས་ཨོཾ་ཡིག་ལ་སོགས་པ་ཡང་རིམ་པས་རབ་ཏུ་ཐིམ་པར་བལྟ་སྟེ། ཇི་ཙམ་འདོད་པ་བཞིན་དུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས་འབར་བའི་ཕྱག་རྒྱ་དང་དེའི་སྔགས་དག་གིས་བཀུག་པས་དཀྱིལ་འཁོར་འཁོར་ལོ་ཡོངས་སུ་རྫོགས་པ་མདུན་དུ་གནས་པར་བྱ་སྟེ། །ཨརྒ་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པའི་ཟླ་བ་དེ་ཉི་མའི་དང་བཞིན་ཕྱག་གཉིས་ཀྱི་ནང་དུ་གནས་པའི་ཧཱུཾ་ཡིག་བལྟས་ནས་ཨ་ནྱོ་ནྱ་ལ་སོགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ཟླ་བ་ཉི་མ་ཧཱུཾ་ཡིག་ཡོངས་སུ་གྱུར་པས་རྡོ་རྗེའི་ཐལ་མོ་སྦྱར་བའི་ཕྱག་གཉིས་ལ་བདུད་རྩིའི་སྣོད་ད་བཞག་ནས་སམ་མངོན་པར་བསམས་ནས། གཏོར་མ་དེ་བདག་གིས་བྱ་བའི་དོན་དུ་ལྷ་མོ་ཚད་མ་ལ་སོགས་པ་བཀླག་ཅིང༌། དེ་ནས་མཆོད་བྱ་མཆོད་བྱེད་མཆོད་རྫས་རྣམས་དབྱེར་མེད་དུ་བལྟས་ཤིང་བདུད་རྩིའི་སྣོད་དེ་ཕྱོགས་རྣམས་ཀྱི་ཤར་ཕྱོགས་ནས་བརྩམས་ཏེ་གཡོན་སྐོར་དུའོ། །མཚམས་རྣམས་ཀྱི་མེ་མཚམས་ནས་བརྩམས་ཏེ་གཡས་སྐོར་དུ་སྐོར་བར་བྱད་ཅིང་ཧཱུཾ་ལས་བྱུང་བའི་


DTG022_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྗགས་དཀར་པོ་ཅན། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ་ཨོཾ་ཀ་རལ་སོགས་པའི་སྔགས་ཀྱིས་ལན་ཅིག་བརྗོད་པས་གཏོར་མ་དབུལ་བར་བྱའོ། །བཅོམ་ལྡན་འདས་ཤེས་རབ་མ་དང་བཅས་པ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་དང༌། ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ཅི་རིགས་སུ་སྐོར་བར་བྱེད་ཅིང༌། བཛྲཱ་ར་ལླི་ལ་སོགས་པའི་སྔགས་ལན་གཅིག་གཉིས་གསུམ་བཞི་ལྔ་བརྗོད་པས་དྲངས་ནས་ཞལ་བསིལ་བ་དང༌། གདོང་ཕྱིས་དང་གོ་ལ་ལ་སོགས་པ་ཕུལ་ཏེ། པི་ཝང་མ་ལ་སོགས་པ་རྣམས་ཀྱིས་མཆོད་ནས། སྲིད་ཞི་ལ་སོགས་པའི་བསྟོད་པས་བསྟོད་དེ། མངོན་པར་འདོད་པའི་དོན་གྲུབ་པར་གསོལ་བ་གདབ། །དེ་ནས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་རྣམས་ལ། སྔར་བཞིན་དུ་ཕྱོགས་དང་མཚམས་སུ་ཨོཾ་ཁ་ལ་སོགས་པའི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ། །ལྷག་མ་དག་ནི་གོ་སླའོ། །ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏི་ཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་མོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། བྷ་ག་འབན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ་ཧཱུཾ་ཕཊ། ཅེས་བྱ་བ་ཡི་གེ་བརྒྱ་པའི་སྔགས་བརྗོད་དོ། །དེ་ནས་ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་པད་ཀོར་གྱི་ཕྱག་རྒྱས་དགྱེས་པར་བྱ་སྟེ། ཕྱག་རྒྱ་བཏུལ་ནས་མངོན་པར་འཁྱུད་པའི་སྟངས་སྔོན་དུ་འགྲོ་བའི་སྲིན་ལག་དང་མཐེ་བོང་གི་སེ་གོལ་གཏོགས་ནས་ཨོཾ་བཛྲ་མུཿ། ཞེས་བརྗོད་ཅིང་གཤེགས་སུ་གསོལ་ནས་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །ལག་པའི་མཆོད་པའི་ཆོ་ག་ཡང་ཀུན་དུ་སྤྱོད་པའི་རྒྱུད་ལས་རྟོགས་པར་བྱའོ། །གསུངས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་དག་པར་བྱས་པའི་ལག་པ་གཡོན་པའི་མིང་མེད་ཀྱི་རཾ་གནས་དང་ཉེ་བའི་གནས་ལ་སོགས་པ་བརྗོད་ཅིང༌། ཆོ་ག་ཇི་ལྟ་བ་བཞིན་དུ་དག་པར་བྱས་པའི་མྱོས་པར་བྱེད་པས་དཀྱིལ་འཁོར་གྲུ་གསུམ་པ་གཉིས་བྱུགས་ཏེ། དེའི་དབུས་སུ་ཟླུམ་པོ་དེ་ལ་ཐུགས་ཀའི་ས་བོན་ལས་བྱུང་བའམ། དེའི་འོད་ཟེར་གྱིས་བཀུག་པའི་སྣོད་དང་བཅུད་ཀྱི་དཀྱིལ་འཁོར་


DTG022_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་བཅོམ་ལྡན་འདས་རྣམ་བར་བསམས་ནས། དེ་ལ་བདུད་རྩི་ལྔ་ལ་སོགས་པའི་རང་བཞིན་དུ་རྫོགས་པར་བྱས་པའི་བཟའ་བཏུང་ལ་སོགས་པ་ཡི་གེ་གསུམ་མམ། རྐང་པ་བརྒྱད་པའི་སྔགས་ཀྱིས་ཕུལ་ནས། །པདྨའི་སྣོད་ན་ཡོད་པའི་བདུད་རྩིར་བྱས་པའི་མྱོས་བྱེད་མཐེ་བོང་དང་སྲིན་ལག་གིས་བླངས་ནས། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་གཉིས་ལ་རང་རང་གི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་དབུལ་ལོ། །དང་པོ་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་རྣམས་ལ། དེ་རྣམས་ཀྱི་སོ་སོའི་སྔགས་རྣམས་ཀྱིས་བསྟབ་སྟེ་མཉེས་པར་བྱའོ། །དེ་ནས་ཡང་དག་པར་མཆོད་དེ་ཆོ་གའི་ཆད་ལྷག་ཁ་བསྐང་བར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་དེ། ཚོགས་བྱིན་གྱིས་བརླབ་པར་གསོལ་བ་བཏབ་ནས། ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷ་རྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་པད་ཀོར་གྱི་ཕྱག་རྒྱས་དགྱེས་པར་བྱས་ནས་ཕྱག་རྒྱ་དེ་བཏུལ་ལ་འཁྱུད་པའི་སྟངས་སྔོན་དུ་འགྲོ་བས་རྡོ་རྗེའི་ཚོགས་ཌི་ཀས་དེ་ཁོ་ན་བཞིན་དུ། ཨོཾ་བཛྲ་མུཿ་ཞེས་པ་གཤེགས་སུ་གསོལ་ཏེ། འཁོར་ལོ་དེ་བདག་ཉིད་ལ་རབ་ཏུ་གཞུག་པར་བྱའོ། །དེ་དང་དེའི་ས་ལ་གནས་པའི་མྱོས་བྱེད་ཀྱང་མིང་མེད་ཀྱིས་བླངས་ཏེ། སྙིང་དང༌། ལྕེ་དང། སྤྱི་བོར། ཧཱུཾ་ཨཱཿ་ཨོཾ་གྱི་ཡི་གེ་བརྗོད་པ་སྔོན་དུ་འགྲོ་བས་བྱུགས་ནས་ལག་པ་དེ་ལ་གནས་པའི་ལྷའི་འཁོར་ལོ་ཡང་བདག་ཉིད་ལ་རབ་ཏུ་ཞུགས་པར་བལྟ་བར་བྱའོ། །ཨོཾ་ན་མོ་བྷ་ག་བ་ཏཱི་བཛྲ་བཱ་རཱ་ཧཱི་པཾ། ཨཱཪྻ་ཨ་པ་རཱ་ཛི་ཏི་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་སརྦ་བྷཱ་ཏ་བྷ་ཡཱ་པ་ཧེ་མ་ཧཱ་བཛྲེ། བཛྲེ་ས་ནི་ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནི་ནོ་ཏྲ་བྷྲ་མ་ཎི། ཤོཥ་ཎི། རོཥ་ཎི། ཀྲོ་དྷ་ཀ་རཱ་ལི་ནི། ཏྲ་ས་ནི། མཱ་ར་ཎཱི། བྲ་བྷེ་ད་ནི། ཨ་པ་རཱ་ཛ་ཡི། བི་ཛ་ཡི། ཛམྦྷ་ནི། སྟམྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧཱི། མ་ཧཱ་ཡོ་གི་ནཱི། ཀཱ་མེ་ཤྭ་རི་ཁྒ་གེ །ཏདྱ་ཐཱ། པྲོ་ཏང་གེ། །པྲོ་ཏང་གེ །ཧ་ན། ཧ་ན། པྲཱ་ཎཱཾ་ཀིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་།དྷུ་ན། བཛྲ་ཧཱ་སྟེ། ཤོ་ཥ་ཡ། ཤོ་ཥ་ཡ། བཛྲ་ཁ་ཊྲཱཾ་ག །ཀ་པཱ་ལ། མཱ་ལ་དྷཱ་རི་ཎི། མ་ཧཱ་པི་ཤི་ཏ་མཱཾ་ས་ཤི་རོ་མ་ནུ་ཥྱཱ་ནྟྲཾ་པྲཱ་པྲྀཏྟ། སཾ་ནི་དྷྱཾ་ན་ར་ཤི་རོ་མཱ་ལ་གྲཾ་ཐི་ཏ་ནྷཱ་རི་ཎི། སུམྦྷ་ནི། སུམྦྷ།


DTG022_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧ་ན་ཧ་ན། པྲཱ་ཎཱན། སརྦ་པཱ་པཾ་སཏྭ་ནཱཾ་སརྦ་པ་ཤུ་ནཱཾ་མ་ཧཱ་མཱཾ་སཙྪེ་ད་ནི། ཀྲོ་དྷ་མཱུརྟི། དཾཥྚཱ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ །དེ་བ་སྱ་ཨཱ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ་ཨཱ་ན་ནི། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁི་བིཾ་ག་ལ་ལོ་ཙ་ནི་བཛྲ་ཤརཱི་རེ། བཛྲཱ་ས་ནེ། མི་ལི་མི་ལི། ཏི་མི་ལི། ཏི་མི་ལི། ཙི་ལི་ཏ། ཧེ་ཧེ། ཧ་ཧ། ཧཱུཾ་ཧཱུཾ། ཁ་ཁ། དྷུ་དྷུ། རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཨཱ་དྭཻ་ཏེ་མ་ཧཱ་ཡོ་གི་ནི་པ་ཋི་ཏ་སིདྡྷ། དྲཾ་དྷཾ། དྲེཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷཱི་མེ། ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ། ཧོཿ་ཧོཿ་ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་བཱ་རེ་ཏེ་ཧཱུཾ་ཧཱུཾ་ཕཊ། སཾ་ཧ་རཱུ་པེ་ཁ་ག་ཛ་རུ་པེ་གཿ། ཏྲཻ་ལོ་ཀྱོ་ད་རི། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ་བཱི་ར་དྭེ་ཏེ། ཧཱུཾ་ཧཱུཾ་ཧ་ཧ། མ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གི་ཤྭ་རི་ཏྭཾ་ཌཱ་ཀི་ནཱི་བནད་ནི་སརྦ་ལོ་ཀཱ་ནི། སདྱ་པྲ་ཏྱ་ཡ་ཀཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བྷི་རེ་པ་ར་མ་སིདྡྷེ། ཡོ་གེ་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ། སྭཱ་ཧཱ། ཞེས་བྱ་བ་བཅོམ་ལྡན་འདས་མ་རྡོ་རྗེ་པག་མོའི་ཕྲེང་བའི་སྔགས་སོ། །བླ་མ་རྣམས་ཀྱི་བརྒྱུད་བའི་ལོ་རྒྱུས་ནི། །ཕྱི་དང་ནང་གི་རིག་པ་ཐམས་ཅད་ལ་སྦྱངས་བའི་ཐུགས་རྒྱུད་དང་ལྡན་པ་དཔལ་དཔེ་མེད་འཚོ་ཞེས་བྱ་བ་དེས་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་གདམས་ངག་བསྒོམས་ཤིང་ལོ་བཅུ་གཉིས་སུ་ཁར་ས་པ་ཎི་རྩ་འདབ་ལ་སོགས་པ་ཇི་ལྟར་གནས་པ་ཤེས་ཏེ་བཞུགས་པས་དེ་ལས་ཀྱང་ཁྱད་པར་གྱི་རྟོག་པ་མ་བྱུང་ནས་ཤིན་ཏུ་ཐུགས་མུག་པར་གྱུར་ནས་མནལ་བར་གྱུར་པ་ལ་རྡོ་རྗེ་རྣལ་འབྱོར་མས་བཀའ་བསྒོ་བ་བུ་བི་ཀྲ་མ་བུ་རར་སོང་ཤིག །དེར་ཁྱོད་ཀྱིས་ཁྱད་པར་རྟོགས་པར་འགྱུར་རོ་ཞེས་ལུང་བསྟན་ནས་དེས་ཀྱང་དེའི་བཀའ་སྤྱི་བོས་བླངས་ཏེ། དེའི་དུས་ཀྱི་སློབ་མ་ཕྱི་བཞིན་འབྲང་བ་ཚོང་དཔོན་གྱི་བུ་པཎྜི་ཏ་ཆེན་པོ་དཔལ་འཛིན་དང་གཉིས་བི་ཀྲ་མ་པུ་རར་གཤེགས་སོ། །དེར་ཡང་དུས་མཆོད་ཆེན་པོ་ཞིག་གི་ཚེ་མཚན་མོ་ཕྱེད་ཀྱི་དུས་སུ། བཅོམ་ལྡན་འདས་ཨཱ་བ་དྷཱུ་ཏཱི་ཅིག་གི་ཆ་བྱད་དུ་མཛད་ནས་བུ་དེ་ཁོ་ན་ཉིད་འདི་ཡིན་ཞེས་མངོན་སུམ་དུ་གདམས་སོ། །དེས་ཀྱང་གདམས་བ་དེ་


DTG022_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོབ་པ་ཙམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་གྱུར་པ་དང༌། དེའི་ཚེ་ཁོ་ནར་བཅོམ་ལྡན་འདས་མི་སྣང་བར་གྱུར་ཏོ། །དེའི་བར་དུ་མཚན་མོ་འདས་ནས་དེས་ཀྱང་ཏིང་ངེ་འཛིན་ལས་བཞེངས་ཏེ། དཔལ་ལྡན་བླ་མ་ཐུགས་རྗེ་ཆེན་པོ་མཆོག་གི་བདག་ཉིད་ཆེན་པོ་དེས་སྣོད་དང་ལྡན་པར་དགོངས་ནས་རང་གིས་རྟོགས་པ་དེ་པཎྜི་ཏ་ཆེན་པོ་དཔལ་འོད་མཛད་ལྷ་ལ་གནང༌། སྐྱོན་མེད་ཅིང་བརྗོད་ཀྱིས་མི་ལང་བའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་དཔལ་བླ་མ་དེ་ལས་པཎྜི་ཏ་ཆེན་པོ་ཆོས་ཀྱི་འབྱུང་གནས་ཞི་བས་ཞུས་སོ། །དེ་ལ་ཡང་གྲགས་པའི་ལྷས་ཞུས། དེ་ལ་པཎྜི་ཏ་ཆེན་པོ་ཆོས་འཕགས་ཀྱིས་ཞུས། དེ་ལས་དེ་བཞིན་གཤེགས་པའི་རྡོ་རྗེ་བདག་གིས་ཞུས་ནས་རང་གི་དྲན་པ་གསོ་བའི་ཕྱིར་ཅུང་ཟད་བྲིས་སོ། །ཉན་ཐོས་ཕྱི་རོལ་ཡོད་པར་སྨྲ། །རྣལ་འབྱོར་སྤྱོད་བས་སེམས་རང་བཞིན། །འགྲོ་བ་སྟོང་པ་དབུ་མ་བས། །གསང་སྔགས་པ་ཡང་འོད་གསལ་བཞེད། །ཁ་ཅིག་ཡུལ་རྣམས་སྤངས་ནས་ཏེ། །འགའ་ཞིག་ཡུལ་རྣམས་དགག་བྱས་པ། །ཁ་ཅིག་ཡུལ་རྣམས་ཉིད་ཁོ་ནས། །མི་ཡི་ཁྱུ་མཆོག་བྱང་ཆུབ་སྒྲུབ། །རྟོག་པ་ཉམས་པས་བློ་ཉེས་འགྱུར། །བློ་ངན་འདི་ལྟར་རྟོག་པར་བྱེད། །བློ་ལྡན་འདི་ཉིད་ཁོ་ན་ཡིས། །ནམ་མཁའ་བས་ལྷག་ཅི་ཡང་འཆར། །ཞེས་དཔལ་ས་ར་ཧ་པས་གསུངས་སོ། །ཇི་ལྟར་ཁྱིམ་ཐབ་མོ་ནི་སྐྱེས་བུ་འཕྱོན་མ་ལ། རྗེས་སུ་ཆགས་གྱུར་རང་གི་ཁྱོ་ལའང་ཆགས་པ་ལྟར་བྱེད་པ། །དེ་བཞིན་རྣལ་འབྱོར་རྟོགས་པའི་ཡུལ་ལ་ཆགས་པ་ཡིས། །སླར་ཡང་ཡུལ་ལ་ལོངས་ནི་སྤྱོད་པར་བྱེད་པའོ། །གྲོགས་ངན་ནང་ནས་རྣལ་འབྱོར་གང༌། །བསྟན་པ་བསྲུང་ཕྱིར་འཇིགས་པ་ཡིས། །བཟང་པོའི་སྤྱོད་པ་བརྩམ་བྱའི་ཕྱིར། །དེ་ནི་སེམས་ཀྱི་རྣལ་འབྱོར་རྩོམ། །རྙོག་བཅས་ཡིད་ལྡན་ལས་ཀྱི་ཕྱག་རྒྱ་རབ་སྤངས་ནས། །རྟོག་པ་ལས་བྱུང་ཡེ་ཤེས་ཕྱག་རྒྱ་ནི། །ཡང་དང་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱས་བའི་མཆོག །དེ་སྐྱེད་བྱེད་པས་ཕྱག་རྒྱ་མཆོག་དེ་བསྒོམ་པར་བྱ། །རྒྱུད་དང་སྒྲུབ་ཐབས་ཊཱི་ཀཱ་ལས། །ཚིག་རྐང་རེ་རེ་རྙེད་པ་གང༌། །དེ་རྣམས་བསྡུས་ནས་ཡིག་སྣ་འདི། །རང་ལ་ཕན་ཕྱིན་བདག་གིས་བྱས། །སོ་སོ་སྐྱེ་བོ་ཉིད་ཕྱིར་དང༌། །རྒྱུན་ཆགས་ཏིང་


DTG022_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་མེད་བའི་ཕྱིར། །འདི་ལ་མི་གསལ་མི་དག་པ། །དེ་ལ་མཁས་རྣམས་བཟོད་པར་མཛོད། །སྡོམ་པ་འབྱུང་བའི་ཡིག་སྣ་འདི། །དེ་བཞིན་གཤེགས་པའི་རྡོ་རྗེ་ཡིས། །བྱས་པའི་དགེ་བ་ཐོབ་པ་གང༌། །དེ་ཡིས་སྐྱེ་བོ་རྒྱལ་གྱུར་ཅིག །དཔལ་ཨུ་རྒྱན་གྱི་གནས་ཆེན་པོ་ལས་བྱུང་བ། དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀཱ་ཁྱད་པར་གསལ་བྱེད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་བོད་ཡུལ་གྱི་དབུས་དྲང་སྲོང་སྲིན་པོའི་རིར་རང་འགྱུར་དུ་མཛད་པའོ། །


previousལཱུ་ཡི་པའི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀཱ་ཁྱད་པར་གསལ་བྱེད་ཅེས་བྱ་བ། དེ་བཞིན་གཤེགས་པའི་རྡོ་རྗེ།next