Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ།  རྒྱལ་བ་བཟང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ། རྒྱལ་བ་བཟང་པོ།next

དཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ།
རྒྱལ་བ་བཟང་པོ།


DTG022_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜལོ་པ་ཡི་ཀ་ནཱ་མ། བོད་སྐད་དུ། དཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཀུན་དུ་བཟང་པོའི་སྙིང་པོ་ནི། །རྡོ་རྗེ་ཡེ་


DTG022_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་ཆོས་མཆོག་ལྡན། །དྲག་པོའི་མཛེས་མ་དང་བཅས་པའི། །རྡོ་རྗེ་དཔལ་དྲག་ཕྱག་འཚལ་ནས། །དཔལ་ལྡན་བདེ་མཆོག་རྒྱུད་དུ་ནི། །དེ་ལ་བསྡུས་པའི་རང་བཞིན་གྱིས། །ཅི་གསུངས་དཀྱིལ་འཁོར་ཆོ་གའི་རིམ། །དེ་འདིར་རྒྱས་པར་བཤད་པར་བྱ། །གང་ཕྱིར་དབང་བསྐུར་ཆོ་ག་ནི། །གཅིག་ཏུ་ཚད་བར་མ་བསྟན་གང༌། །གང་ཞིག་རྒྱུད་གཞན་ལས་གྲགས་པ། །བསྡེབས་ནས་གཅིག་ཏུ་ལེགས་བསྡུས་ནས། །དབང་བསྐུར་ཆོ་གའི་དགོས་པ་ནི། །སློབ་མ་རྣམས་ལ་རྗེས་བརྩེ་བས། །སྔགས་དང་ཚིགས་བཅད་གཞན་གྱིས་ནི། །དེ་ཡང་འདིར་ནི་ཁ་བསྐང་བྱ། །དེ་ལ་སློབ་མ་གཙང་ཞིང་བརྩོན། །འདོད་ཆགས་ཞེ་སྡང་རྣམ་སྤངས་ཤིང༌། །སློབ་མ་ཡོན་ཏན་ཐམས་ཅད་ལྡན། །གཞན་གྱི་རིག་མ་སུན་མི་འདོན། །སློབ་དཔོན་མཚན་ཉིད་དང་ལྡན་པ། །དེ་བཞིན་བསྟན་བཅོས་མང་པོ་ཐོས། །སྔགས་དང་རྒྱུད་ཀྱི་ཆོ་ག་ཤེས། །བཟོད་ལྡན་མཚན་ཉིད་ཤེས་པར་བྱ། །ཧེ་རུ་ཀ་དཔལ་དབང་བསྐུར་གྱིས། །དབང་བསྐུར་རྣལ་འབྱོར་ཆེད་དུ་བརྩོན། །ཇི་སྲིད་བླ་མ་དགྱེས་བར་དུ། །དེ་སྲིད་བླ་མ་འབད་པས་བསྟེན། །བུ་ཁྱོད་ཅི་བྱ་ཞེས་བརྗོད་དེ། །དེ་ནས་རང་གི་བསམ་པ་སྨྲ། །མཆོད་པའི་སྤྲིན་གྱིས་རབ་མཆོད་ནས། །སྔགས་འདི་ཡིས་ནི་ཕྱག་བྱ་སྟེ། །ཨོཾ་སརྦ་ཏ་ཐཱ་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་པའམ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སམྦར་སྭཱ་ཧཱ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞིབ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བའི། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་པ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་


DTG022_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་དུ་གསོལ། །ཞེས་བྱའི་བསྟོད་པའི་ཚིགས་བཅད་ཀྱིས། །བླ་མར་ལན་གསུམ་གསོལ་བ་གདབ། །གསོལ་བ་བཏབ་པའི་བླ་མ་གང༌། །རང་གི་སེམས་ལ་འདི་བྱ་སྟེ། །དཔལ་ལྡན་བདེ་མཆོག་རིམ་གསུངས་པའི། །ཆོ་གས་འགྲོ་བ་ཐམས་ཅད་ནི། །བདག་གིས་འབད་པས་བཏོན་ནས་སུ། །བདེ་བ་མཆོག་ལ་དགོད་བྱ་སྟེ། །ཡང་དག་བླ་ན་མེད་པ་ཡི། །བྱང་ཆུབ་ངེས་པར་འདིས་སྟེར་བྱེད། །འདི་ལྟར་བསྟོད་པ་བྱས་ནས་ནི། །འདི་ལྟར་ཡང་ནི་བརྗོད་པར་བྱ། །ཉོན་མོངས་འདམ་གྱིས་མ་གོས་པ། །སྲིད་པའི་རྒྱ་མཚོར་བྱིད་བ་ཡི། །དེ་ཕྱིར་རྒལ་བར་མི་ནུས་པས། །སེམས་ཅན་ཕུང་པོ་ཤིན་ཏུ་སྡུག །ཉན་ཐོས་ལ་སོགས་བརྒལ་བ་དང༌། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་དང༌། །དཔའ་བོ་རྣམས་ཀྱིས་བདེ་ཆེན་འཐོབ། །དཀྱིལ་འཁོར་ཤེས་ལ་སྤྲོ་བར་གྱིས། །དྲི་མ་གསུམ་སྤངས་འཁོར་ལོ་གསུམ། །བླ་ན་མེད་པར་ཁྱོད་འཇུག་གམ། །འདི་ཉིད་ལན་གསུམ་བརྗོད་པར་བྱ། །དེ་བཞིན་སློབ་མས་ལན་གསུམ་མོ། །འགྲོ་བ་གདོན་པའི་བསམ་པ་ཡིས། །སྤྲོ་བས་འདི་སྐད་དུ་ནི་བརྗོད། །སླར་ཡང་བླ་མས་སློབ་མ་ལ། །འདི་སྐད་དུ་ནི་དྲི་བྱ་སྟེ། །ཁྱོད་ཀྱིས་ཡོ་བྱད་ཐམས་ཅད་ནི། །ཚོགས་སམ་ལན་གསུམ་དྲི་བར་བྱ། །སློབ་མས་ཀྱང་ནི་བརྗོད་བྱ་བ། །ཡོ་བྱད་ཕུན་ཚོགས་ཅུང་ཞིག་འབྱོར། །ཅུང་ཞིག་ཀྱང་ནི་མ་འབྱོར་བརྗོད། །གསོལ་བ་འདེབས་པའི་ཚིགས་བཅད་ནི། །སྔགས་པས་ཚིགས་བཅད་ཉི་ཤུ་གཅིག །གསོལ་བ་བཏབ་པའི་བླ་མ་ཡིས། །སློབ་མ་དེ་ནི་ཡོངས་སུ་གཟུང༌། །ཆོ་ག་འདི་ཡིས་ཡང་དག་པར། །ཡིད་ནི་མཉམ་པར་ལེགས་པར་གཞག །དེ་ལ་ཐོག་མར་རེ་ཞིག་ནི། །ཧེ་རུ་ཀ་དཔལ་རྒྱལ་བདག་ཉིད། །རྣལ་འབྱོར་གང་ཞིག་དཀྱིལ་འཁོར་འདྲི། །དེ་ཡི་རྣལ་འབྱོར་རྟོགས་པར་བྱ། །དེ་ནས་ཧེ་རུ་ཀ་ཞེས་པའི། །སློབ་མ་མཉམ་པར་གཞག་པ་ལ། །ཇི་སྲིད་རིམ་བཞིན་ཡི་གེ་གསུམ། །སྤྱི་གཙུག་མགྲིན་པ་སྙིང་གར་དགོད། །རྒྱུད་མེད་རྣམ་པར་ཉམས་དོན་དུ། །གར་ཡང་རྣམ་པར་མི་གནས་དང༌། །བརྗོད་དང་བྲལ་བའི་རང་བཞིན་དང༌། །དེ་བཞིན་འདི་ནི་རང་བཞིན་མེད། །སློབ་མ་


DTG022_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་མེད་འདི་བྱ། །འོག་ནས་བརྗོད་པའི་རང་བཞིན་གྱིས། །ཧེ་རུ་ཀ་དཔལ་རྣལ་འབྱོར་དུ། །སློབ་མ་རྫོགས་པར་བསྐྱེད་ནས་ནི། །དབང་བསྐུར་ཡང་དག་བསྡུས་པ་ནི། །ཡིད་ཀྱིས་ཡོངས་སུ་བརྟག་པ་ཡིན། །ལྷ་མོ་བཞི་ཡིས་དབང་བསྐུར་བ།། མཁས་པས་བདུད་རྩིས་ཁྲུས་བྱའོ། །པུལླི་མཱ་ལ་ཡ་ལ་སོགས། །ཉི་ཤུ་རྩ་བཞིའི་ས་བོན་ལྡན། །དེ་ཡི་ས་བོན་མཐུ་ཡིས་ནི། །རབ་ཏུ་གཏུ་མ་མོ་ལ་སོགས་པས། །མདུན་ནས་སློབ་མཆོག་གོ་ཆ་བྱ། །དེ་ནས་སྲུང་བ་ཆེན་པོར་འགྱུར། །སྤྱི་གཙུག་ལ་སོགས་ཐམས་ཅད་དུ། །ཇི་སྲིད་པུས་མོ་བར་མཚམས་མེད། །དེ་ཡིས་སེམས་ལས་བྱུང་བའི་བགེགས། །ཐམས་ཅད་དུ་ནི་འབྱུང་མི་འགྱུར། །དེ་ལྟར་ཡང་དག་ཉེར་བསྐྱེད་བྱ། །སློབ་མ་ཡོངས་བཟུང་ཚིགས་བཅད་དགུས། །དེ་བཞིན་སློབ་མ་ཡོངས་སུ་བཟུང་ནས། །བསྙེན་པ་ཡང་དག་བརྩམས་པ་སྟེ། །དཔལ་ལྡན་ཧེ་རུ་ཀ་རྣལ་འབྱོར། །དེ་ཡི་སྔགས་དང་རྣལ་འབྱོར་རིག །དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཡིས་ནུས། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར་དག་ནི་བརྟགས་ན་འགྲུབ། །རང་གི་ལྷ་ཡི་རྣལ་འབྱོར་ནི། །བདག་གིས་འདི་རུ་བཤད་བྱ་སྟེ། །རྣལ་འབྱོར་ཅན་གྱིས་དེ་གནས་བསྟན། །ཇི་བཞིན་གསལ་བ་བརྗོད་པར་བྱ། །འབབ་ཆུ་རི་བོ་ཡིད་འོད་བ། །འབྲས་བུ་རྩ་བ་བཅས་པ་དང༌། །མེ་ཏོག་སྣ་ཚོགས་བཀྲམ་པ་ཡི། །རྒྱུན་དུ་ཤིང་གི་གྲིབ་མ་ལ། །གྲོང་ཁྱེར་ལས་རིང་ཉེ་བ་མིན། །སྐྱེ་འགྲོ་ཡིད་མཐུན་སྐྱེ་བོ་སྤངས། །གལ་ཏེ་མེད་ན་ཆུ་བོའི་འགྲམ། །ཉེ་བར་སྡོང་པོ་ཡལ་འདབ་ལྡན། །གལ་ཏ་ས་ཕྱོགས་མེད་ན་ནི། །རྒྱལ་པོ་གང་དུ་འདོད་པར་རོ། །གྲོང་ཁྱེར་དག་གིས་ཕྱོགས་སམ། །གོང་དུ་བསྟན་པའི་ས་ཕྱོགས་སུ། །ཡིད་དུ་འོང་བར་ཡང་དག་སྤྱོད། །ཕྱག་དར་བྱུག་པ་ལ་སོགས་ཀྱིས། །འབད་དེ་རྫོགས་པར་བྱས་ནས་ནི། །དྲི་དང་མེ་ཏོག་སྣ་ཚོགས་སོགས། །ཡང་དག་མཆོད་ལ་གཏོར་མ་བརྩམས། །དེ་ནས་འཇམ་པའི་སྟན་ལ་ནི། །ཡང་དག་གནས་ཏེ་བདུད་རྩི་ལྔ། །གཡས་ཀྱི་ངོས་སུ་བཞག་ནས་ནི། །བརྟུལ་ཞུགས་ཅན་


DTG022_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་རི་ལུ་བཟའ། །སློབ་དཔོན་ཡང་དག་རྒྱུད་ཤེས་ཤིང༌། །སྔགས་དང་ཕྱག་རྒྱའི་ཕ་རོལ་སོན། །ཕྱི་རོལ་ཡན་ལག་བླངས་ནས་ནི། །དེ་དག་ལྷན་ཅིག་རྣལ་འབྱོར་བྱ། །དེ་ལ་འདི་ཡིས་རིམ་ཤེས་པས། །ཕྱག་རྒྱ་དྲུག་དང་ལྡན་པའི་ལུས། །ཐལ་བ་སྤངས་པའི་ལྷག་མ་ཡིས། །རིག་མ་ཡང་དག་བརྒྱན་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །བདེ་བའི་རྒྱུ་རུ་བདག་ཉིད་ནི། །ཧེ་རུ་ཀ་དཔལ་ཉིད་ཡིན་ནོ། །སྔོན་དུ་སྨོན་ལམ་ལན་གསུམ་བརྗོད། །ཁ་སྦྱོར་རྣལ་འབྱོར་བསྒོམ་བྱས་ནས། །དུར་ཁྲོད་ཆེན་པོ་བརྩམ་པར་བྱ། །རོ་ནི་ཚིག་དང་མ་ཚིག་དང༌། །ཅེ་སྦྱང་བཀྲ་མི་ཤིས་པའི་སྒྲ། །ཁྭ་དང་འུག་པ་བྱ་རོག་དང༌། །སྡོང་པོ་ཁུང་བུ་སྦྲུལ་དང་ནི། །འདི་ལྟར་འཇིགས་པའི་གཟུགས་བརྙན་ནི། །དང་པོ་བྱས་ཏེ་དེ་མ་ཐག །འོག་ནས་འབྱུང་བའི་རྣལ་འབྱོར་ཆེ། །ཧཱུཾ་ཞེས་སྐད་ཅིག་གིས་དམིགས་ལ། །ཨཱ་ལི་ཀཱ་ལི་ལན་གསུམ་བརྗོད། །རབ་ལན་གསུམ་དགོད་པ་ནི། །གཉི་ག་ཡི་ནི་སྤྱི་གཙུག་དང༌། །མགྲིན་པ་སྙིང་ག་དག་ཏུ་དགོད། །སྔོན་བཞིན་འགྲོ་ཀུན་སྣང་མེད་པར། །དེ་བཞིན་དུ་ནི་བདག་ཉིད་བྱ། །སྨོན་ལམ་དབང་གིས་ནམ་མཁའ་ལ། །ལངས་ཏེ་སེམས་ཀྱི་མཚན་ཉིད་ནི། །ཨོཾ་ཨཱཿ་ཧཱུཾ་གི་ཡི་གེ་གསུམ། །ཇི་ལྟ་བ་ཡི་རིམ་པ་བཞིན། །སྟེང་འོག་བར་དུ་རྣམ་པར་བསམ། །དེ་ནས་ཧཱུཾ་ཡིག་གྱུར་པ་ལས། །རྩེ་ལྔ་པ་ཡི་རྡོ་རྗེ་སྟེ། །དེ་ཡི་ལྟེ་བའི་དཀྱིལ་གནས་པ། །ཡང་ན་ཧཱུཾ་གི་ཡི་གེ་བལྟ། །ཧཱུཾ་ལས་འོད་ཟེར་འཕྲོས་ནས་ནི། །ཨཱཿ་ཡིག་ལ་ནི་ཞུགས་པར་བསམ། །དེ་བཞིན་ཨཱཿ་ལས་བྱུང་ནས་ནི། །ཨོཾ་ཡིག་ལ་ནི་ལེགས་པར་ཞུགས། །ཨོཾ་ལས་འོད་ཟེར་འཕྲོས་ནས་ནི། །ཨོཾ་ཨཱཿ་ཧཱུཾ་གི་ཡི་གེ་གསུམ། །ཇི་སྲིད་ནམ་མཁའི་མཐར་ཐུག་པར། །དེ་སྲིད་ཡི་གེ་གནས་འདྲ་བ། །སེམས་ཅན་ཐམས་ཅད་རྣམ་དག་དོན། །དེ་ལྟར་སྤྲོ་བར་འདོད་པ་ཡིན། །རྩ་བའི་ཡི་གེ་གསུམ་པོ་ལས། །འོད་ཟེར་ལྕགས་ཀྱུ་རྣམ་པར་སྤོས། །སླར་ནི་ཡང་དག་བཀུག་ནས་སུ། །ཡི་གེ་གསུམ་ལ་ལེགས་པར་བསྡུ། །ཕྱི་ནས་དེ་ཡི་ཨོཾ་ཡིག་ནི། །ཨཱཿ་ཡིག་ལ་ནི་གཞུག་པར་བྱ། །དེ་བཞིན་


DTG022_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱཿ་ཡིག་རྡོ་རྗེ་ལ། །རྡོ་རྗེ་ཡང་ནི་ཧཱུཾ་ལ་གཞུག །མགོ་བོ་ཟླ་ཕྱེད་ཐིག་ལེ་སྒྲ། །སྒྲ་ཡང་དེ་བཞིན་རིམ་ཤེས་བྱ། །སྒྲ་ཙམ་དུ་ནི་ཞུགས་བྱས་ལ། །དེ་ཡང་ཉེ་བར་དམིགས་མི་བྱ། །དེ་ལྟར་བྱས་ནས་ཕྱི་ནས་ནི། །སངས་རྒྱས་ཞིང་ནི་རྣམ་སྦྱང་བྱ། །ཡ་ར་ལ་ཝའི་རང་བཞིན་ལ། །རླུང་དང་མེ་དང་ས་དང་ཆུ། །དེ་སྟེང་རུས་སྦལ་ཐོད་པའམ། །ཇི་ལྟར་འདོད་བར་བརྟག་པར་བྱ། །དེར་ནི་ཨ་ཡི་རང་བཞིན་ལས། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །དེ་སྟེང་པདྨ་འདབ་མ་བརྒྱད། །དེ་ཡི་སྟེང་དུ་རི་རབ་བསྒོམ། །དེ་བཞིན་དུ་ཡང་འདབ་མ་བརྒྱད། །ཟེའུ་འབྲུ་དཀར་པོ་བཅས་པ་ཡིས། །གྲགས་པའི་རང་བཞིན་ས་བོན་ནི། །གོང་ནས་གོང་དུ་བསྒོམ་པར་བྱ། །པདྨའི་འདབ་མའི་ཁ་དོག་ནི། །ངེས་པར་འདིར་ཡང་བརྟག་བྱ་སྟེ། །དང་པོར་ཁ་དོག་ནག་པོའོ། །གཉིས་པ་དེ་བཞིན་ལྗང་གུ་སྟེ། །གསུམ་པའི་རྣམ་པ་དམར་པོའོ།། བཞི་པ་སེར་པོའི་རྣམ་པ་སྟེ། །མཚམས་ཀྱི་འདབ་མ་འདྲེས་པའི། །རིན་ཆེན་སྣ་བཞིའི་རང་བཞིན་གྱི། །རི་ཡི་རྒྱལ་པོ་ཟུར་བཞིན་པ། །རི་བདུན་རི་ཡིས་ཡོངས་བསྐོར་བའི། །ཟེའུ་འབྲུར་ཨཱ་ལི་ཀཱ་ལི་དགོད། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་བཞིན་སངས་རྒྱས་ཞིང་དུ་གནས། །འདི་ལྟར་ཡོངས་སུ་གྲགས་པ་ཡིན། །འདི་ནི་རྫོགས་པའི་རིམ་པ་སྟེ། །འཁོར་ལོ་གསུམ་དང་བདག་ཉིད་བཅས། །གཞན་དུ་རྙེད་པར་དཀའ་བའི་ཕྱིར། །འབད་དེ་ལེགས་པར་གསུངས་པ་ཡིན། །ནཱ་ད་ཙམ་ལས་བྱུང་བ་ཡི། །དེ་བཞིན་དུ་ནི་ཐིག་ལེའོ། །ཐིག་ལེ་ལས་ནི་ཟླ་ཕྱེད་བྱས། །ཟླ་ཕྱེད་ལས་ནི་དེ་བཞིན་མགོ །མགོ་བོ་ལ་ནི་ཧཾ་ཡིག་གོ །ཧཾ་ལས་ཨཱུ་ནི་བྱུང་བ་སྟེ། །དེ་ལྟར་ཧཱུཾ་ཡིག་རྫོགས་ནས་ནི། །ཟླ་བའི་གཟུགས་བརྙན་སྟེང་དུ་བསྒོམ། །ཧཱུཾ་གི་ཡི་གེ་གཅིག་ཉིད་ལས། །བདེ་མཆོག་དཀྱིལ་འཁོར་མ་ལུས་པ། །གཞལ་ཡས་ཁང་པའི་མཐར་ཐུག་པར། །ཅི་གསུངས་སྐད་ཅིག་དེ་ལ་བསྒོམ། །ས་གཞིར་འབྲས་ཀྱིས་བོན་བཞིན། །འདིར་ནི་ཕྱིར་འབྱིན་རིམ་པ་མེད། །དཔའ་བོ་རྣམས་དང་མཁའ་འགྲོ་མ། །རང་བདག་དུས་གཅིག་བསྐྱེད་པ་སྟེ། །དཔའ་བོ་དབང་


DTG022_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱུག་ཟེའུ་འབྲུལ། །དེ་ཡི་ཁ་དོག་ཕྱག་སོགས་རིམ། །བླ་མའི་མན་ངག་གསུངས་པ་ནི། །རྒྱས་པ་རུ་ནི་བཤད་པར་བྱ། །རྩ་ཞལ་རང་ལུས་ཐམས་ཅད་ནི། །དུ་བའི་མདོག་ཅན་འོང་འཕྲོ་བའི། །སྤྱི་བོ་གཡོན་ཕྱོགས་ཟླ་ཕྱེད་དང༌། །རལ་པའི་དབུ་རྒྱན་གྱིས་བརྒྱན་བའི། །སྣ་ཚོགས་རྡོ་རྗེས་མཚན་པ་སྟེ། །ཐོད་པ་ལྔ་ཡིད་བུ་རྒྱན་ཅན། །དབུས་སུ་དཔའ་བོ་ལྷ་དབང་ཕྱུག །གཡོན་དུ་མཁའ་འགྲོ་མཱ་མའོ། །གཡས་ནི་དུམ་སྐྱེས་གཟུགས་ཅན་མའོ། །དེ་འོག་རྡོ་རྗེ་ཕྲེང་བ་དང༌། །ཐམས་ཅད་དུ་ནི་སྤྱན་གསུམ་པ། །གཡོན་གྱི་ཞལ་ནི་ལྗང་གུ་སྟེ། །རྒྱབ་ནི་ཤིན་ཏུ་དམར་བའོ། །གཡས་ཀྱི་ཞལ་ནི་སེར་བ་སྟེ། །དེ་ལྟར་ཞལ་གྱི་རིམ་པའོ། །སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན། །ཞེ་སྡང་ཐམས་ཅད་སྤངས་པ་ཡི། །མགུལ་རྒྱན་དང་ནི་ལག་གདུབ་དང༌། །སྤྱི་གཙུག་ནོར་བུ་རྣ་ཆ་དང༌། །ཐལ་བ་དང་ནི་མཆོད་ཕྱིར་ཐོགས། །དེ་རྣམས་ཕྱག་རྒྱ་དྲུག་ཏུ་གྲགས། །ཨཱ་ལི་ཀཱ་ལི་རྣམ་དག་པའི། །ཐོད་པའི་ཕྲེང་བ་འཕྱང་བ་སྟེ། །སྟག་གི་པགས་པའི་ཤམ་ཐབས་གང༌། །དངོས་སུ་དེ་དང་ལྡན་པའོ། །དང་པོ་ཕྱག་ནི་གཉིས་དག་གིས། །རྡོ་རྗེ་དྲིལ་བུ་གཉིས་བཟུང་ནས། །ལྷ་མོ་ལེགས་འཁྱུད་འོ་བྱེད་པའོ། །གཉིས་ཀྱིས་གླང་པོའི་པགས་པའི་གོས། །དེ་ཡི་རྒྱབ་ནས་ཁྲག་འཛག་ཅིང༌། །འོད་ཀྱི་དཀྱིལ་འཁོར་བཞིན་དུ་བསྐོར། །གཡོན་གྱི་ཕྱག་ནི་གསུམ་པ་ན། །ངོ་མཚར་རྡོ་རྗེ་ཁ་ཊྭཱཾ་ག །བཞི་པ་ན་ནི་ཐོད་པ་སྟེ། །རྒྱུ་མ་ཤ་ཁྲག་བཅས་པའོ། །ལྔ་པ་ན་ནི་ཞགས་པ་སྟེ། །དྲུག་པ་ཚངས་པའི་མགོ་བོའོ། །གཡས་ཀྱི་ཕྱག་ནི་གསུམ་པ་ན། །རྩེ་གསུམ་བགེགས་ནི་འཇོམས་པའོ། །བཞི་པ་ན་ནི་དགྲ་སྟ་སྟེ། །ལྔ་པ་ན་ནི་རོ་ལངས་སོ། །དྲུག་པ་མི་ཟད་རྡེའུ་ཆུང་སྒྲ། །ཕྱག་ནི་བཅུ་གཉིས་དག་ཏུ་འདོད། །རུས་པ་ཡི་ནི་རྒྱན་གྱིས་བརྒྱན། །པདྨའི་ཟེ་འབྲུར་གནས་པ་ཡི། །ལྷ་མོ་ཐོད་པའི་ཕྱག་གིས་ནི། །ཁྲག་གིས་བཀང་ནས་མགུལ་ནས་འཁྱུད། །དུས་གཅིག་ཏུ་ནི་ཕན་ཚུན་འཐུང༌། །གང་ཕྱིར་ཞལ་ནི་གཅིག་ཕྱིར་རོ། །གཡས་པས་རྡོ་རྗེ་བསྣམས་པ་ནི། །སྟེང་དུ་རབ་ཏུ་བརྐྱང་བ་ཉིད། །དེ་ལྟར་ལྷ་མོ་ཕྱག་གཉིས་སམ། །སྐྲ་གྲོལ་འོད་ཀྱི་ཚོགས་དང་


DTG022_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན། །ཐལ་བ་སྤངས་བའི་ཕྱག་རྒྱ་ནི། །ལྷག་མ་ཡི་ནི་ཚོགས་ཀྱིས་བརྒྱན། །མི་ཡི་རུས་པའི་སྐ་རགས་མཛེས། །སྤྱན་གསུམ་ནམ་མཁའི་གོས་ཅན་ནོ། །གཡས་བརྐྱང་བ་ཡི་ཞབས་དང་ལྡན། །གཞན་ནི་གཡོན་ནི་བརྐྱང་བའི་ཞབས། །འཇིགས་བྱེད་ཡང་དག་མནན་པ་ཡི། །གཉིས་ནི་ལེགས་པར་བསྒོམ་པར་བྱ། །ཤར་གྱི་འདབ་མར་མཁའ་འགྲོ་མ། །གཡོན་པར་ལཱ་མ་རུ་ནི་གྲགས། །རྒྱབ་ཏུ་དུམ་སྐྱེས་མ་ཡིན་ཏེ། །གཡས་སུ་གཟུགས་ཅན་མ་རུ་གྲགས། །པད་འདབ་དེ་དང་དེ་མདོག་འོད། །ལྷ་མོ་བཞི་རུ་གྲགས་པ་ཡིན། །མཚམས་ཀྱི་པདྨར་ཐོད་པ་རྣམས། །དྲི་ཆེན་དྲི་ཆུ་ཁུ་ཁྲག་གོ །པདྨའི་ཕྱི་རོལ་འཁོར་ལོ་གསུམ། །སྙིང་པོར་ཡོངས་སུ་བརྟགས་པ་ཡིན། །རྩིབས་ནི་བརྒྱད་བརྒྱད་འཁོར་ལོ་ནི། །དེ་ནི་འཕར་མ་སུམ་བརྩེགས་སོ། །དཔའ་བོ་མགོན་པོ་ཞབས་ནས་ནི། །རྐེད་པའི་བར་དུ་གནས་པ་སྟེ། །སྐུ་ཡི་འཁོར་ལོ་འདི་བརྗོད་པས། །སྟོབས་པོ་ཆེ་ལ་སོགས་བརྒྱད་དོ། །རྐེད་པའི་བར་ནས་བརྩམས་ནས་ནི། །ནུ་མ་གཉིས་བར་ཡང་དག་གནས། །གསུང་གི་འཁོར་ལོ་ཇི་ལྟ་བར། །མྱུ་གུ་ཅན་ལ་སོགས་བརྒྱུད་དོ། །ནུ་མ་ནས་ནི་བརྩམས་ནས་སུ། །མགྲིན་པའི་བར་དུ་གནས་པ་ནི། །ཐུགས་ཀྱི་འཁོར་ལོ་ཇི་ལྟ་བར། །ཐོད་པའི་དུམ་བུ་སོགས་བརྒྱད་དོ། །ཀེང་རུས་ཆེ་ལ་སོགས་ཞེས་པ། །དེ་རྣམས་མིང་གིས་གཡོན་ཞེས་བྱ། །དཔའ་བོ་ཉི་ཤུ་རྩ་བཞི་ཡང༌། །ཐམས་ཅད་ཕྱག་བཞི་པ་ཉིད་དོ། །ཐོག་མ་ཡི་ནི་ཕྱག་ཉིད་ཀྱིས། །དཔའ་བོ་དབང་ཕྱུག་བཞིན་དུ་གནས། །གཡོན་བའི་ཕྱག་ན་ཐོད་པ་སྟེ། །གཡས་ན་དེ་བཞིན་རྡེའུ་ཆུང་ངོ༌། །དཔའ་བོ་ཞབས་ནི་གཡས་བརྐྱང་པ། །བུད་མེད་ཞབས་ནི་གཡོན་བརྐྱང་བའོ། །དཔའ་བོ་རྣམས་དང་མཁའ་འགྲོ་རྣམས། །སྔགས་དང་ཕྱག་རྒྱ་སྔོན་བཞིན་ནོ། །ནག་པོ་དམར་པོ་དེ་བཞིན་སེར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དང་པོའི་སྒོར་ནི་ཁ་གདོང་མ། །གཡོན་དུ་འུག་པའི་གདོང་མ་སྟེ། །ནུབ་ཏུ་ཁྱི་གདོང་མར་ཤེས་བྱ། །ལྷོ་རུ་ཕག་གི་གདོང་མ་སྟེ། །ལྷག་མ་གཤིན་རྗེ་བརྟན་མ་དང༌། །གཤིན་རྗེ་ཕོ་ཉ་དེ་ལས་གཞན། །གཤིན་


DTG022_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་མཆེ་བ་ཉིད་དང་ནི། །གཞན་ཡང་གཤིན་རྗེ་འཇོམས་མ་སྟེ། །ལྷ་མོ་དེ་ལྟར་མཚམས་རྣམས་སུ། །ལྷ་མོ་བཞི་རུ་གྲགས་པ་ཡིན། །གཙོ་བོ་ཡི་ནི་ཞལ་གྱི་གདོང༌། །སྒོ་སྐྱོང་བཞི་ཡང་དེ་མདོག་གེ། །མཚམས་བཞི་ཡི་ནི་ལྷ་མོ་རྣམས། །མདོག་གཉིས་ཉེ་བའི་རིམ་པས་སཱོ། །སུམ་ཅུ་རྩ་དྲུག་ལྷ་མོ་རྣམས། །གཡོན་གྱི་ཕྱག་ན་ཐོད་པའོ། །གཡས་ན་གྲི་གུག་ཤེས་བྱ་སྟེ། །གཅེར་བུ་སྐྲ་ནི་གྲོལ་བའོ། །མ་ལུས་ཡང་དག་བརྗོད་པ་ནི། །ཐམས་ཅད་འདི་བཞིན་བསྒོམ་པར་བྱ། །འཁོར་ལོ་གསུམ་པོ་ནང་བྱས་ནས། །གཞལ་ཡས་ཁང་པ་བསྒོམ་པར་བྱ། །དྲི་དང་མེ་ཏོག་དེ་བཞིན་སྤོས། །བཟང་པོའི་ལྷ་བཤོས་བྱུག་པ་དང༌། །བཟང་པོའི་མར་མེ་ཕྱེད་པ་དང༌། །བཟའ་དང་སྟོན་མོའི་བྱེ་བྲག་དང༌། །སྒྲོན་མ་དང་ནི་བདུད་རྩི་དང༌། །སྣ་ཚོགས་པ་ཡི་བཏུང་བ་དང༌། །གླིང་བུ་པི་ཝང་རྔ་ཕྲན་སོགས། །རྣམ་པ་སྣ་ཚོགས་གླུ་ཡི་སྒྲ། །གར་མ་སྒེག་མོ་སོགས་མཆོད་ཀྱིས། །ཤིན་ཏུ་མཉམ་གཞག་མཆོད་བྱེད་ཅིང༌། །རྟ་བབས་བཞི་དང་ཡང་དག་ལྡན། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །དྲིལ་བུ་དར་དཔྱངས་བ་དན་སོགས། །རྔ་ཡབ་མེ་ཏོག་ཕྲེང་བས་བརྒྱན། །དུར་ཁྲོད་རྣམས་ནི་ཐམས་ཅད་དུ། །སྔར་གསུངས་དེ་ཡི་ཁྱད་པར་རོ། །བསྲུང་བའི་དོན་དུ་ཕྱི་རོལ་དུ། །རབ་གསུམ་གྱིས་བསྐོར་བ་སྟེ། །རྡོ་རྗེ་པདྨ་འཁོར་ལོ་ནི། །ར་བ་ཞེས་ནི་གྲགས་པའོ། །གཞལ་ཡས་ཁང་གི་མཐའ་ཡི་བར། །མཁས་པས་དེ་ལྟར་ཤེས་པར་བྱ། །སྣ་ཚོགས་ཐམས་ཅད་རྫོགས་པར་ནི། །དུས་གཅིག་ཏུ་ནི་བསྒོམ་པར་བྱ། །བྱེ་བྲག་མང་པོ་སྤྱོད་པ་ཡི། །ཡང་དག་བརྟན་ཞིང་བསྒོམ་པར་བྱ། །དེ་ནས་གནོད་མཛེས་སྔགས་ཀྱིས་ནི། །མཁས་པས་བགེགས་ནི་བསྐྲད་བྱ་སྟེ། །ཚིག་རྐང་དག་ནི་བཞི་པོ་དེ། །ཞལ་བཞི་ནས་ནི་བརྗོད་པར་བྱ། །མཁའ་འགྲོ་མ་སོགས་ལྷ་མོ་བཞི། །ཐུགས་ཀྱི་འཁོར་སོགས་འཁོར་ལོ་ཅན། །ཁ་གདོང་ལ་སོགས་ཕོ་ཉ་བརྒྱད། །སོ་སོའི་མིང་ནི་བརྗོད་པར་བྱ། །དེ་ནས་སྲུང་བའི་ཆོ་གའི་ཕྱིར། །འདི་ལྟར་ལུས་ཀྱི་གོ་ཆ་བྱ། །ཨོཾ་ཧ་ཞེས་བྱ་རྫོགས་པ་ཡི། །རྡོ་རྗེ་


DTG022_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་སྙིང་གར་གནས། །ན་མ་ཧི་ལས་མགོ་བོ་ལ། །རྣམ་པར་སྣང་མཛད་གནས་པའོ། །སྭཱ་ཧཱ་ཧུ་ལས་སྤྱི་གཙུག་ཕྱོགས། །པདྨ་གར་གྱི་དབང་ཕྱུག་གོ །བཽ་ཥཊ་ཧེ་ལས་ཕྲག་གཉིས་སུ། །ཧེ་རུ་ཀ་དབལ་དག་ཏུ་གྲགས། །ཧཱུཾ་ཧཱུཾ་ཧོ་ལས་མིག་གཉིས་སུ། །དེ་བཞིན་རྡོ་རྗེ་ཉི་མ་ཡང༌། །ཕཊ་ཧཾ་ནི་ལུས་ཀུན་ལ་དགོད། །དེ་ཉིད་ཡོངས་སུ་གྱུར་པ་ལས། །རྟ་མཆོག་མཚོན་མཚན་ཆའི་གཟུགས་ཅན་ནི། །ལུས་ཀུན་ལ་ནི་རྣམ་པར་གནས། །ཨོཾ་བཾ་རྡོ་རྗེ་ཕག་མོ་ནི། །ལྷ་མོའི་ལྟེ་བར་གནས་པའོ། །ཧཾ་ཡོཾ་ཞེས་བྱའི་སྔགས་ཀྱིས་ནི། །གཤིན་རྗེ་མ་ནི་སྙིང་གར་གནས། །དེ་བཞིན་ཧྲཱིཾ་མོཾ་ཞེས་བྱས་ནི། །རྨོངས་བྱེད་མ་ནི་ཁ་ལ་གནས། །ཧྲེཾ་ཧྲེཾ་ཞེས་བྱ་མགོ་བོ་ལ། །སྐྱེད་བྱེད་མ་ནི་རྣམ་གནས་པའོ། །ཧཱུཾ་ཧཱུཾ་ཞེས་བྱ་སྤྱི་གཙུག་དབུས། །རྣལ་འབྱོར་མ་ནི་སྐྲག་བྱེད་གནས། །ཡི་གེ་ཕཊ་ཕཊ་ཅེས་བྱ་བས། །མ་ལུས་ལུས་ཀུན་གཏུམ་མོ་ཡི། །མཚོན་ཆ་ཡི་ནི་རང་བཞིན་ནོ། །དེ་ལྟར་ཡན་ལག་དྲུག་དགོད་པ། །གཉིག་ལ་ཡང་བྱས་པར་མཆོད། ཐལ་མོ་ཕྱེ་བའི་ཐོད་པ་ཡིས། །མཁས་པས་མཆོད་ཡོན་ལན་གསུམ་སྤྱིན། །ཡེ་ཤེས་འཁོར་ལོ་གཞུག་པའི་ཕྱིར། །སྔགས་དང་ཕྱག་རྒྱ་ཡང་དག་བརྩམ། །ཇི་ལྟར་འཁོར་ལོ་འདིར་བསྟན་པ། །དེ་ཡང་དེ་བཞིན་གནས་པ་ཉིད། །ཧཱུཾ་ཡིག་སྙིང་གར་བསམ་བྱ་སྟེ། །དེ་ལས་བྱུང་བའི་འོད་ཟེར་གྱིས། །དཔའ་བོ་ཀུན་དུ་གནས་པ་ཡིས། །ཡེ་ཤེས་འཁོར་ལོ་ཡང་དག་བསྐུལ། །རྐང་པ་ཡང་དག་བརྐྱང་བྱ་སྟེ། །གཡས་པ་ཡི་ནི་མཐེབ་ཆེན་གྱིས། །གཡོན་པ་ཡི་ནི་མཐེབ་ཆེན་མནན། །ཕོ་ཉའི་ཕྱག་རྒྱ་ལྷག་མ་སྟེ། །མཐེའུ་ཆུང་གི་ནི་སོར་མོ་དང༌། །དེ་བཞིན་རྡོ་རྗེ་ཐལ་མོ་བརྐྱང༌། །མཐེབ་མོ་སྔོན་དུ་ཁ་སྦྱར་ནས། །མཐེབ་རྩེ་འོག་ཏུ་བལྟ་བར་བྱ། །མཛུབ་མོ་གཉིས་ནི་ཕན་ཚུན་དུ། །ལྕགས་སྒྲོག་ལྟ་བུར་བཅིང་བ་ཉིད། །དཔྲལ་བའི་སྟེང་དུ་ཡང་དག་གཞག །ཕཻཾ་ནི་ལན་གཉིས་བརྗོད་པ་ཡིས། །རྐང་པ་གཡོ་བའི་ཚུལ་གྱིས་ནི། །གཡོན་དང་གཡས་སུ་དེ་བཞིན་ནོ། །རང་གི་འཁོར་ལོ་ལྟ་བུས་བལྟ། །འཁོར་ལོ་འཁོར་ལོར་


DTG022_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞུག་པར་བྱ། །དེ་ནས་ལྷ་མོའི་གནས་བཞིན་ནོ། །ལྟེ་བ་སྙིང་ག་དེ་བཞིན་དུ། །ཁ་ཡི་ཕྱོགས་དང་དཔྲལ་བ་རུ། །ཕྱག་བརྒྱ་བཞི་ནི་ཡང་དག་དགོད། །དེ་ལ་སྔགས་ནི་འདི་ཡིན་ནོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཌཱ་ཀི་ནཱི་ཛྭ་ལས་མྦ་རཾ་སྭཱ་ཧཱ། དེ་ནས་ཐམས་ཅད་བསྲུང་བའི་ཕྱིར། །ཕྱི་རོལ་མཚམས་ཀྱི་ར་བ་ནི། །ནམ་མཁའ་ཡི་ནི་ཁོངས་ཉིད་དུ། །རྡོ་རྗེ་གུར་ནི་བསྒོམ་པར་བྱ། །དེ་ལྟར་ཡོངས་སུ་རྫོགས་བྱས་ནས། །རྡོ་རྗེ་པདྨ་བསྒོམ་པར་བྱ། །བྱཱ་ལས་བྱུང་བའི་རྡོ་རྗེ་བསམ། །དེ་བཞིན་པདྨ་དྱཱ་ལས་སོ། །དེ་ནས་ཨརྒྷ་བྱིན་ནས་ནི། །དྲིལ་བུ་འབད་པས་དཀྲོལ་བར་བྱ། །ཕྱི་ནང་གསང་བ་ལ་སོགས་པའི། །སྒེག་མོ་ལ་སོགས་ཡང་དག་མཆོད། །ཨེ་མའོ་ཆོས་ཨེ་མའོ་ཆོས། །ཨེ་མའོ་ཆོས་དོན་ཡང་དག་བྱུང༌། །ཆོས་དོན་དག་པ་བདག་མེད་པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། །སྐུ་གསུང་ཐུགས་ནི་ལེགས་དག་པ། །ནམ་མཁའ་དང་ནི་མཉམ་པའི་གནས། །འགྱུར་བ་མེད་ཅིང་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །དེ་བཞིན་གཤེགས་པའི་ཐུགས་ཀྱི་གཙོ། །དུས་གསུམ་ལམ་གྱི་ལམ་ལ་གནས། །ནམ་མཁའ་ཆེན་པོ་དབྱིངས་བྱུང་བ། །ནམ་མཁའ་ལམ་ལ་ཕྱག་འཚལ་འདུད། །ནམ་མཁའ་སྐུ་ནི་ཡང་དག་བྱུང༌། །ནམ་མཁའ་གསུང་ནི་རབ་འཇུག་བྱེད། །ནམ་མཁའ་ཐུགས་ནི་ཆོས་ཀྱི་མཆོག ། སྤྱོད་པའི་གོ་འཕང་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ནམ་མཁའ་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་མཆེད་པའི་མཆོག །རྒྱལ་བ་མཆོག་གི་མཆོད་པ་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་སྟོན་བྱེད་པ། །ནམ་མཁའི་ཁམས་དང་མཉམ་པའི་མཆོག །རྒྱལ་བཞི་མཆོད་པ་བཤད་དུ་གསོལ། །ཐར་པའི་ལམ་ལ་རབ་འཇུག་པའི། །ཐེག་གསུམ་ལམ་ལ་འཇུག་པའི་མཆོག །སངས་རྒྱས་སྐལ་བཟང་དག་པའི་བདག །མི་མཆོག་མཆོད་པ་བཤད་དུ་གསོལ། །བྱང་ཆུབ་


DTG022_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ནི་ཡངས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་ཅིང༌། །སྐུ་གསུང་ཐུགས་ནི་ཡོངས་དག་པ། །རྡོ་རྗེ་ཐེག་པ་ཕྱག་འཚལ་འདུད། །བསྟོད་པ་ཡི་ནི་ཚིག་འདི་ནི། །སངས་རྒྱས་ཀུན་གྱིས་ཐུན་མོང་གསུངས། །ཡང་དག་བསྟོད་ནས་སྔགས་འདི་ཡིས། །སྙིམ་པའི་མེ་ཏོག་གཏོར་ཕྱག་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ། པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། །སྒྲུབ་པོ་ལྷ་ཉིད་སྐུ་ལྡན་ན། །གང་ལ་བསྟོད་ཅིང་ཕྱག་ཀྱང་བྱེད། །ཕྱོགས་ལྔ་དེ་ལྟར་བརྗོད་ཅེ་ན། །བྱིས་པ་རྣམས་ཀྱི་ལོག་རྟོགས་ཏེ། །བདེ་གཤེགས་བདེ་བར་གཤེགས་པ་ལ། །ཕྱག་བྱེད་པ་དང་སྟོང་བྱེད་ལྟར། །ང་ལ་ཉམས་པ་ཅི་ཡང་མེད། །ང་ལ་སྐྱོན་ཡང་བྱུང་བ་མེད། །དཔལ་ལྡན་སངས་རྒྱས་རྒྱུད་ཀུན་དུ། །ཀུན་མཁྱེན་བཅོམ་ལྡན་འདས་ཉིད་ཀྱིས་གསུངས། །མཆོད་རྟེན་ལ་སོགས་བཞེངས་པ་ནི། །བདེ་གཤེགས་བདེ་བར་གཤེགས་ཀྱིས་གསུངས། །འདིར་ནི་འཁོར་གསུམ་དཔའ་བོ་དང༌། །དཔའ་མོ་རྣམས་ནི་ཡང་དག་མཆོད། །ཕྱག་འཚལ་བ་དང་བསྟོད་པ་སྟེ། །འདི་ལྟར་མཁས་པས་བསྒོམ་པར་བྱ། །དཔའ་བོ་དབང་ཕྱུག་ལོངས་སྤྱོད་ཀྱང༌། །བདག་ལ་བདག་གིས་བསྟོད་པའམ། །ཡང་ན་དཔའ་མོ་དབང་ཕྱུག་གིས། །ཡང་ན་འཁོར་ལོ་གསུམ་གྱིས་བསྟོད། །སྔགས་པ་གང་ཞིག་ཡོངས་རྫོགས་པས། །དགའ་བ་བསྲུང་ཞིང་བསྔགས་པ་བརྗོད། །ཇི་སྲིད་བྱང་ཆུབ་སེམས་མ་རྫོགས། །དེ་སྲིད་བདེ་པ་ཆེན་པོ་མེད། །དེ་ཕྱིར་རྒྱུད་ཀྱི་དེ་ཉིད་ནི། །ཕྱི་མ་ལས་ཀྱང་ཕྱི་མ་བརྗོད། །དེ་སྐྱེས་པ་ཡི་ཚིགས་བཅད་བརྗོད། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །དེ་ལ་སོགས་པ་སྔོན་བྱས་ནས། །མྱ་ངན་འདས་ལ་དགོད་པར་བགྱི། །དེ་ལ་ཐུག་པར་ཉིད་སྨྲས་པ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །དེ་ཕྱིར་སྨོན་པའི་སེམས་ཀྱིས་ནི། །ཕྱིས་ནི་བྱང་ཆུབ་འབྲས་བུར་འདོད། །རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར། །བྱང་ཆུབ་སེམས་སུ་བརྗོད་པའོ། །རིགས་ལྔ་ལ་ནི་སྦྱོར་བ་ལ། །གཞན་དུ་སེམས་ཅན་འདི་


DTG022_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་མེད། །ཟབ་ཅིང་རྙེད་དཀའ་གསང་བ་འདི། །ཅུང་ཟད་ཙམ་ཡང་གསལ་མ་བསྟན། །བླ་མ་བརྒྱུད་པའི་རིམ་པ་ཡིས། །དམ་པའི་དོན་དེ་ཤེས་པར་འགྱུར། །དེ་ཕྱིར་དེ་ཉིད་རྟོགས་བྱེད་པའི། །ཡེ་ཤེས་ལྔ་ནི་བསྒོམ་པར་བྱ། །འདི་ལྟར་མེ་ལོང་ཡེ་ཤེས་དང༌། །ཡང་ནི་མཉམ་ཉིད་ཡེ་ཤེས་དང༌། །དེ་ནི་སོ་སོར་རྟོག་བྱ་ཞེས། །བྱ་བ་ནན་ཏན་ཉིད་དང་ནི། །ལྔ་པ་བྱང་ཆུབ་སེམས་ཉིད་ཀྱང༌། །གདམས་ངག་ལས་ནི་ཤེས་པར་བྱ། །མེ་ལོང་དྲི་མེད་ཡེ་ཤེས་ལ། །སེམས་ཅན་ཐམས་ཅད་རྣམ་བསྒོམ་བྱ། །སྔགས་པ་སྙིང་རྗེ་ཆེན་པོ་ཡིས།། སེམས་ཅན་དམིགས་པ་དང་བཅས་པས། །སེམས་ཅན་མགོན་མེད་སྡུག་བསྔལ་ཞིང༌། །ནུས་མེད་གཞན་གྱི་འདྲེན་པ་མེད། །ཉོན་མོངས་ཀྱིས་ནི་འཁྲུག་གྱུར་པ། །དེ་ཕྱིར་མཁས་པས་ཤེས་པར་བྱ། །དེ་ནས་ཕྱིས་ནི་ཆོས་རྣམས་ཀུན། །མཁས་པས་སྙིང་རྗེ་བཅས་པས་ནི། །མཉམ་པ་ཉིད་ཀྱི་བདག་མེད་པ། །དམིགས་ཤིང་བསྒོམ་པ་དག་ཏུ་བྱ། །དངོས་འདི་རང་བཞིན་མེད་པ་སྟེ། །བདག་གཞན་ཡང་དག་སྐྱེ་བ་མེད། །སྒྱུ་མ་དང་ནི་སྨིག་རྒྱུ་བཞིན། །ཐམས་ཅད་སྟོང་པར་བསྒོམ་བྱ་སྟེ། །ཡང་ནི་སོ་སོར་རྟོག་པ་ཡིན།། ཆོས་ལ་དམིགས་པ་དང་བཅས་པའི། །སྨོན་ལམ་དྲི་མ་མེད་བྱས་ནས། །དག་པའི་སེམས་ཀྱིས་བསྒོམ་བྱ་སྟེ། །བྱ་བ་ནན་ཏན་ཡེ་ཤེས་ནི། །རྟག་ཏུ་གཞན་ལ་ཕན་བྱེད་པ། །ཉོན་མོངས་ཅན་སེམས་རྣམ་དག་ཕྱིར། །རྣལ་འབྱོར་པ་ནི་དེ་ལྟར་བསྒོམ། །སེམས་ཅན་རྣམས་ནི་སངས་རྒྱས་སུ། །ཆོས་ཀྱི་དབྱིངས་ལ་ངེས་གནས་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྱིར། །སངས་རྒྱས་རྣམས་སུ་བསྒོམ་བྱའོ། །ཆོ་ག་གཅིག་ཏུ་འདིར་རྟོགས་བྱ། །གཞན་ཡང་བླ་མའི་འདོད་པ་ཡོང༌། །མེ་ལོང་ཡེ་ཤེས་ཕྱག་རྒྱ་ཆེ། །མཉམ་ཉིད་ཡེ་ཤེས་མཁའ་འགྲོ་མ། །དེ་བཞིན་སོ་སོར་རྟོག་པ་ཉིད། །ཆོས་ཀྱི་ཕྱག་རྒྱར་བསྒོམ་པར་བྱ། །བྱ་བ་ནན་ཏན་ཡེ་ཤེས་ནི། །རྡོ་རྗེ་པདྨ་སྦྱོར་བའོ། །རྣལ་འབྱོར་བ་ཡིས་སྐབས་འདིར་ནི། །དགའ་བའི་རྒྱུ་ཕྱིར་སྣ་ཚོགས་ཀྱི། །སྦྱོར་ཐབས་ལ་སོགས་བསྟན་པས་ནི། །ལྷ་


DTG022_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ་བདེ་བས་མཆོད་པར་བྱ། །དེ་ནས་བསྒུལ་བསྐྱོད་སྐབས་སུ་ནི། །དགའ་བ་རྣམ་གསུམ་དྲན་བྱ་སྟེ། །དགའ་བ་དང་ནི་མཆོག་དགའ་དང༌། །རབ་ཏུ་དགའ་བ་ཉིད་དང་ཡང༌། །ཤིན་ཏུ་བདེ་བའི་ཐབས་ཀྱིས་ནི། །བཞི་པ་མཆོག་ཏུ་བདེ་བའོ། །སེམས་ཅན་འགྲོ་བའི་དོན་བྱེད་རྒྱུ། །དགའ་བ་རང་ཉིད་དགྱེས་པའོ། །ལྷ་མོ་བདེ་བས་དགྱེས་པ་ན། །མཆོག་དགའ་ཞེས་ནི་བརྗོད་པ་ཡིན། །དཔའ་བོ་རྣམས་དང་མཁའ་འགྲོ་རྣམས། །རབ་ཏུ་དགའ་བར་གནས་པའོ། །ཤིན་ཏུ་ཡང་དག་བདེ་བའི་ཐབས། །རང་དང་གཞན་དུ་དབྱེ་བ་མེད། །ཤེས་རབ་ཐབས་ཀྱི་རྗེས་ལ་གང༌། །བྱང་ཆུབ་སེམས་ཀྱི་འབྲས་བུར་འདོད། །འདི་ཡང་འབྲས་བུའི་ངོ་བོ་ཉིད། །དངོས་སུ་བྱང་ཆུབ་རྒྱུ་ཉིད་དོ། །སེམས་ཅན་གང་རྣམས་མྱང་འདས་ཆེད། །མྱ་ངན་འདས་པས་དེ་འདས་ཕྱིར། །ཐུག་པ་མེད་པར་ཐལ་བ་མེད།། མཁས་པ་ཁ་ཅིག་སྤྱོད་ཡུལ་ལམ། །ཡང་དག་ཐུག་མེད་འདོད་པ་ན། །རབ་ཏུ་བཟང་པར་བྱ་བ་སྟེ། །དགོས་མེད་མཁས་པས་ལྕེ་ཡིས་བླང༌། །འཁོར་ལོ་གསུམ་ལ་གནས་པ་ཀུན། །ཐམས་ཅད་ཐུན་མོང་དུ་བྱའོ། །དེ་ནས་དྲིལ་བུ་ཡང་དག་བླང༌། །མཁས་པ་ཡིས་ནི་བསྟོད་པ་བྱ། །དཔའ་བོ་དབང་ཕྱུག་རྗེས་འགྲོའམ། །དཔལ་མཆོག་དང་པོ་བསྟོད་པ་བྱ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཐུབ་པ་ཆེན་པོ་ཐབས་ཆེན་པོ། །མགོན་པོ་ཆེན་པོ་རྣམ་པ་ཆེ། །ཤིང་རྟ་ཆེན་པོ་ཐེག་ཆེན་པོ། །སྣང་བ་ཆེན་པོ་ཤེས་རབ་ཆེ། །དཔའ་བོ་ཆེན་པོ་དོན་ཆེན་བྱེད།། ང་རྒྱལ་ཆེན་པོ་གཞི་ཆེན་པོ། །རྒྱལ་པོ་ཆེན་པོ་ཆེ་བའི་ཆེ། །མཐུ་ཆེན་བདེ་བ་ཆེན་པོ་སྟེ། །རོལ་པ་ཆེན་པོ་རྟེན་ཆེན་པོ། །མཚོན་ཆ་ཆེན་པོ་དྲག་ཆེན་པོ། །འཇིགས་པ་ཆེན་པོ་རྒོད་པ་ཆེ། །ཆགས་པ་ཆེན་པོ་ཞེ་སྡང་ཆེ། །གཏི་མུག་ཆེན་པོ་སྟོབས་ཆེན་པོ། །ཚམ་ངམ་ཆེན་མོ་དྲག་ཆེན་པོ། །སྟོབས་པོ་ཆ་ལ་བསྙེམས་པ་ཆེ། །སྐུ་གསུམ་ལམ་གསུམ་ཆ་བྱད་ཅན། །འཁོར་ལོ་གསུམ་ནི་སྲིད་གསུམ་མཆོག །དྲི་མ་གསུམ་སྤངས་དུས་གསུམ་གནས། །སྤྱན་གསུམ་སུམ་ཅུའི་དབང་ཕྱུག་སྟེ། །སྲིད་ལས་འདས་པ་སྲིད་དམ་


DTG022_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག །སྲིད་པ་ལྡན་ཞིང་སྲིད་པ་བྲལ། །ཡོད་མེད་སྲིད་པ་སྣང་པ་པོ། །སྲིད་པའི་དགྲ་ཡི་གཙོ་བོ་སྟེ། །རྣལ་འབྱོར་ཆེན་པོ་རྣལ་འབྱོར་སྤྱོད། །རྣལ་འབྱོར་མ་ཡི་རྣལ་འབྱོར་བརྩོན། །རྣལ་འབྱོར་ལས་བྱུང་རྣལ་འབྱོར་ཤེས། །རྣལ་འབྱོར་རྣལ་འབྱོར་འཇོམས་བྱེད་བ། །དཔའ་བོ་རྡོ་རྗེ་དབང་ཕྱུག་དགྱེས། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་ཁ་ཊྭཱཾ་ཡན་ལག་བརྟེན། །རྡོ་རྗེ་ཆེན་པོ་རྡོ་རྗེ་ཕྱག །རྡོ་རྗེ་གར་ཆེན་བརྟན་པ་སྟེ། །རྡོ་རྗེའི་གླུ་ནི་སྒྲ་ཆེན་པོ། །རྡོ་རྗེ་པདྨ་ཏིང་འཛིན་གནས། །རྡོ་རྗེ་གདན་ནི་དགའ་བས་དགའ། །གུས་པར་བྱེད་བ་བདེ་བ་ཐོབ། །སྐྱེ་འགྲོ་རྒྱལ་བས་སྐྱོབ་བྱེད་པ། །ཁྱོད་ལ་བདག་ནི་གུས་པས་གནས། །ལུས་ངག་ཡིད་ཀྱིས་ཐམས་ཅད་དུ། །མཁའ་འགྲོ་མ་ཡི་དྲ་བ་འདུད། །མཁའ་འགྲོ་དཀྱིལ་འཁོར་ཕྱག་འཚལ་ལོ། །སྟོང་ཉིད་ཡེ་ཤེས་ཕྱག་འཚལ་ལོ། །སྟོང་པའི་ཡིད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པ་བྱས་ནས་ནི། །སྔགས་ཀྱི་བསྙེན་པ་ཡང་དག་བརྩམ། །མཁས་པས་རྩ་བའི་སྔགས་རྣམས་བསམ། །སྙིང་པོའམ་ཉེ་བའི་སྙིང་པོའམ། །སྒྲ་ལས་སྐྱེས་པ་ལ་སོགས་པའི། །གང་ཞིག་དེ་ཡི་མཐར་ཐུག་པ། །སྤྲུལ་པའི་སྐུ་རུ་བཤད་པ་དང༌། །གཞན་ཡང་ལོངས་སྤྱོད་རྫོགས་པའོ། །ཇི་ལྟར་ཁྭ་གདོང་ལ་སོགས་བརྒྱང༌། །གཡོན་ནས་ཡོངས་བསྐོར་གསུམ་ལ་ནི། །སྔགས་པ་བསམ་གཏན་མཉམ་གཞག་སྟེ། །སྐུ་ཡི་འཁོར་ལོར་གཞུག་པར་བྱ། །དེ་བཞིན་སྐུ་ཡི་འཁོར་ལོ་གཡས། །གསུང་གི་འཁོར་ལོར་གཞུག་པར་བྱ། །དེ་བཞིན་གསུང་གི་འཁོར་ལོ་གཡོན། །ཐུགས་ཀྱི་འཁོར་ལོར་གཞུག་པར་བྱ། །ཐུགས་ཀྱི་འཁོར་ལོའི་ལྷ་མོ་བཞི། །རང་གི་གཡོན་ནས་གཞུག་པར་བྱ། །དེ་དག་ཀྱང་ནི་ཇི་ལྟར་གནས། །དཔའ་བོ་དབང་ཕྱུག་ཞལ་བཞིར་རོ། །སྔོན་གསུངས་པ་ཡི་ཆོ་ག་ཡིས། །གོ་ཆ་ཆེན་པོ་ངོ་མཚར་ཆེ། །མགོ་པོ་ནས་ནི་བརྩམ་ནས་སུ། །བརྒྱད་པ་གསུམ་གྱི་ཡན་ལག་ལྡན། །ཕྲེང་བ་ཡང་དག་བླངས་ནས་སུ། །མུ་ཏིག་ཆེ་ལ་སོགས་པར་སྤྲུལ། །ཇི་སྲིད་སྐྱོ་བ་མ་སྐྱེས་པར། །སྔགས་ཀྱི་ཡན་ལག་མ་


DTG022_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉམས་བཟླས། །གང་ཡང་སྐྱོ་བ་སྐྱེས་གྱུར་ན། །མཚུངས་པར་ཡང་དག་བསྡུ་བར་བྱ། །དེ་ཉིད་ལོངས་སྤྱོད་རྫོགས་སྐུའོ། །གཞན་ཡང་ཆོས་ཀྱི་སྐུ་ཞེས་པ། །སྐུ་གསུམ་ཡོངས་སུ་རྫོགས་ཆེད་དུ། །ཚེ་དང་རང་དོན་འཕེལ་བྱའི་ཕྱིར། །ལྟེ་བའི་ཕྱོགས་ཀྱི་སྙིང་པོ་ལ། །པདྨ་གེ་སར་བཅས་པ་བསམ། །དེ་སྟེང་ཟླ་བའི་དཀྱིལ་གནས་པ། །བརྟན་པོར་ཧཱུཾ་གི་ཡི་གེ་བསྒོམ། །ཧཱུཾ་ལས་ཨཱ་ལི་ཕྲེང་བ་དང༌། དེ་བཞིན་ཀཱ་ལི་འོད་ཟེར་སྤྲོ། །དེ་ཉིད་འབྱུང་བའི་རླུང་སྤྲས་ནས། །དེ་བཞིན་འཇུག་པའི་རླུང་དང་བསྡུ། །ཇི་སྲིད་སྐྱོ་བ་མ་སྐྱེས་བར། །དེ་ལྟར་རེ་ཞིག་ཡང་ཡང་བྱ། །འཇུག་པའི་རླུང་གི་ཧཱུཾ་ཡིག་ལ། །དེ་ཉིད་པ་བསྡུས་པས་ཡང་དག་བསྡུ། །སྐུ་གསུམ་པོ་ནི་རྣམ་གཞག་པ། །རྒྱུད་འདི་ལ་ནི་ལེགས་པར་གྲགས། །བསྡུས་ནས་བསྟོད་པ་རབ་ཏུ་བྱ། །དེ་ནས་བསོད་ནམས་ཡོངས་སུ་བསྔོ། །སྔགས་པ་ཡང་དག་ལངས་ནས་ནི། །ཕྱི་རོལ་ཕྱག་རྒྱ་ལེགས་བཅས་པས། །ལྷག་དང་ཆད་པའི་སྐྱོན་སྤངས་ཕྱིར། །སྔགས་དང་ལྷ་ལ་བཟོད་པར་གསོལ། །སྔགས་རྣམས་རྫོགས་དང་ཞེས་བྱའི་ཕྱིར། །མཁས་པ་ཡིས་ནི་སྦྱིན་སྲེག་བྱ། །འདིར་ཡང་ཕྱི་རོལ་སྦྱིན་སྲེག་ཞར། །ལུས་ཀྱི་སྦྱིན་སྲེག་བྱེད་པ་ལྷག །བཟའ་དང་སྟོན་མོ་ལ་སོགས་རྣམས། །དེ་བཞིན་མཁས་པས་བདག་ཚིམ་བྱ། །ཟས་རྣམས་ཅུང་ཟད་སྦྱངས་པ་ནི། །དེ་ཡི་འོག་ཏུ་འབར་བ་མེད། །བདུད་རྩི་ལྔ་ནི་བསྒོམ་བྱ་ཉིད། །ཐོད་པའི་ཟླ་བའི་དཀྱིལ་འཁོར་རོ། །དེ་བཞིན་ཟླ་བ་རེའུ་མིག་དགུ། །ཨོཾ་ཡིག་དཀྱིལ་འཁོར་རེའུ་མིག་ལ། །ཧྲཱིཿ་ནི་མདུན་གྱི་རེའུ་མིག་ལ། །ཧ་ཧ་ལྷོ་དང་རྒྱབ་ཏུ་རོ། །གཡོན་གྱི་རེའུ་མིག་ཧཱུཾ་ཡིན་ཏེ། །དབུས་ལ་ཡང་ནི་ཧཱུཾ་ཡིག་གོ །མཚམས་ནི་བཞི་རུ་ཕཊ་ཡིག་སྟེ། །དེ་ལ་སྔགས་ཀྱིས་མངོན་པར་བསྔགས། །དེ་ལ་འདིའི་སྔགས་རྣམས་ནི། ཨོཾ་སརྦ་བཛྲ་ཀཱ་མི་ཎི་སརྦ་བྷཀྵུ་ཤོ་དྷ་ཡ་གུ་ཧྱ་བཛྲ་ཎི་ཧཱུཾ་སྭཱ་ཧཱ། དེ་ལྟར་སྦྱིན་སྲེག་བྱ་བ་ནི། །སྔགས་དང་ལྷ་ནི་ཚིམ་པར་བྱ། །ཚིམ་པར་ཡུན་ནི་མི་རིང་པར། །སྒྲུབ་པ་པོས་ནི་དངོས་གྲུབ་འགྲུབ། །དེ་བཞིན་གཞན་དུ་ཡང་གསུངས་པ། །སྔགས་ནི་ཆད་དང་ལྷག་པ་དག །རྟག་


DTG022_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་ཁ་སྐོང་བྱེད་འདོད་པས། །དེ་ཕྱིར་སྦྱིན་སྲེག་རབ་བསྔགས་སོ། །སྐུ་གསུང་རྡོ་རྗེ་ཅན་མཆོག་གིས། །འདི་ལྟར་ཐུན་གསུམ་ཐུན་བཞི་རུ། །སྔོན་དུ་བསྙེན་པ་བླ་མེད་པ། །གཡེང་བ་མེད་པའི་སེམས་ཀྱིས་སུ། །སྒྲུབ་པོ་མཉམ་པར་བཞག་སྟེ་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་སོགས། །ལྷག་མ་ཡི་གེ་བརྒྱ་མཉམ་པ། །སྔགས་པས་ཅི་བདེར་བརྗོད་ནས་ནི། །སངས་རྒྱས་གསོལ་བཏབ་བསྡུ་བར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡམ་ནུ་པཱ་ལ་ཡ། ཤྲཱི་ཧེ་རུ་ཀ །ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་བ། །སུ་པོ་ཥྜྱོ་མི་བྷ་བ། སུ་ཏོ་ཥྱོ་མི་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲཱ་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ལྷ་དང་གཉིས་མེད་རྣལ་འབྱོར་པས། །སྔགས་ནི་རྟག་ཏུ་བརྗོད་པར་བྱ། །སྣང་བ་སྐྱེ་བར་གྱུར་ན་ནི། །དེ་ཡི་དུས་ན་དཀྱིལ་འཁོར་བརྩམ། །དཀྱིལ་འཁོར་ཉེ་བའི་དུས་སུ་ནི། །བདེ་མཆོག་བླ་མེད་ཞག་བདུན་དུ། །གཞལ་ཡས་ཁང་བཅས་མཐར་ཐུག་པར། །མཁས་པས་འཁོར་ལོ་གསུམ་བསྒོམ་བྱ། །སྔོན་དུ་བསྙེན་པ་སྔགས་དང་བཅས། །ཉིས་བརྒྱ་དང་ནི་ཉི་ཤུའོ། །དཀྱིལ་འཁོར་བྲི་བར་རུང་བ་ཡི། །འདིར་ནི་ཕྱོགས་ཀྱི་ས་བཤད་དེ། །ལྷ་ཁང་དང་ནི་སྐྱེད་ཚལ་གྲོང༌། །གྲོང་ཁྱེར་དང་ནི་ཚོང་དུས་ཀྱི། །ཤར་གྱི་ཕྱོགས་སུ་བརྩམ་པར་བྱ། །ཇི་སྲིད་བྱང་ཕྱོགས་ལ་སོགས་པའི། །ཕྱོགས་བདུན་དག་ནི་སྤང་པར་བྱ། །ཤར་ཕྱོགས་དཀྱིལ་འཁོར་བྲིས་གྱུར་ན། །བཟོད་མེད་པ་ཡང་བཟོད་ལྡན་འགྱུར། །ལྷོ་ཕྱོགས་ཆར་ནི་དཀྱིལ་འཁོར་བྲི། །སྐྱེ་འགྲོ་འཆི་དང་འཚེ་བ་འབྱུང༌། དཀྱིལ་འཁོར་གང་ལ་དམིགས་ཏེ་འཆི། །ལུང་རིགས་སྔགས་ནི་གཞན་དུ་མིན། །ནུབ་ཀྱི་ཕྱོགས་སུ་སློབ་དཔོན་འཆི། །བྱང་གི་ཕྱོགས་སུ་ཞུགས་པ་འཆི། །དེ་བཞིན་མེ་ཡི་ཕྱོགས་ཆ་རུ། །ཆར་ཆེན་པོ་ནི་འབབ་འགྱུར་ཏེ། །ལྷོ་དང་ནུབ་ཀྱི་མཚམས་ལ་ནི། །མུ་གེ་ཆེན་པོ་འབྱུང་བར་འགྱུར། །རླུང་གི་ཕྱོགས་སུ་འདྲི་བ་ནི། །རླུང་དང་ཆར་བ་འབྱུང་བར་འགྱུར། །མཆོད་རྟེན་གནས་སུ་འཆི་བར་འགྱུར། །གང་ཞིག་ཀླུ་ཡིས་བྱིན་བརླབས་


DTG022_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིང། །ཤིང་གྲིབ་འཁྲིགས་པའང་དེ་བཞིན་ནོ། །དེ་རྣམས་མ་གཏོགས་བྱང་ཤར་མཆོག །དེ་རུ་གནས་ལ་གང་ཞིག་ས། །རིགས་ཀྱི་རིམ་པ་རྣམ་ཤེས་བྱ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་དང་ནི་རྣམ་པ་བཞིའོ། །བྲམ་ཟེ་དཀར་པོར་ཤེས་བྱ་སྟེ། །སེར་པོ་རྒྱལ་རིགས་སུ་ནི་བརྗོད། །དམར་པོ་རྗེའུ་རིགས་ཤེས་པར་བྱ། །ནག་པོ་དམངས་རིགས་སུ་ནི་གྲགས། །དཀར་པོ་ཡི་ནི་ས་ཕྱོགས་སུ། །དབང་ཕྱུག་རྡོ་རྗེ་སྤྱི་གཙུག་དང༌། །དབྱུག་པ་དང་ནི་བགྲང་ཕྲེང་དང༌། །རིགས་པ་བསྒྲུབ་པར་བྱ་བ་མིན། །ཚད་དང་ལྡན་ཞིང་སྣུམ་པ་དང༌། །མཐོ་དང་དམའ་བའི་སྐྱོན་སྤངས་པའི། །ཤར་དང་བྱང་དུ་གཞོལ་གྱུར་ཅིང༌། །ས་ཕྱོགས་ཡིད་འོང་སྤྱང་བར་བྱ། །ཐོད་པ་རྩ་བ་རུས་པ་སྐྲ། །ཕུབ་མ་རྡོ་བ་གསེག་མ་དང༌། །ཐལ་བ་སོལ་བ་སྲོག་ཆགས་ནི། །ཁྲུ་དོ་ཚད་ཙམ་བརྐོས་ཏེ་སྤང༌། །སྲོག་ཆགས་བཅས་ན་རླུང་ཆེན་འབྱུང༌། །རུས་པར་བཅས་ན་ཟུག་རྡུ་འབྱུང༌། །གསེག་མར་བཅས་པས་ལྐུགས་པར་འགྱུར། །ཕུབ་མ་སོལ་བ་ལ་ནི་རིམས། །སྐྲ་དང་ཤིང་རྩ་ལ་སོགས་པ། །གནོད་པ་ཕྲ་མོ་འབྱུང་བ་སྲིད། །དེ་ཕྱིར་ཤིས་པར་བརྗོད་པ་ཡིས། །འབད་པས་ས་ཡི་ཆ་སྦྱང་བྱ། །རྒྱལ་པོ་ཁྲུ་ནི་བརྒྱལ་བྲི། །བློན་པོ་ལ་ནི་དེ་ཡི་ཕྱེད། །གཙོ་བོ་ལ་ནི་དེའི་ཕྱེད་བརྗོད། །ཚོང་དཔོན་ལ་ནི་བཅུ་གཉིས་སོ། །འདིར་ནི་སྒྲུབ་པོ་རྣམས་ཀྱི་ཁྲུ། །དཀྱིལ་འཁོར་གྱི་ནི་རིམ་པར་བརྗོད། །ཇི་ལྟར་ལུང་ལས་གསུངས་པའི་དོན། །རང་གི་ནུས་པས་བྲི་བར་བྱ། །དེ་ལ་རེ་ཞིག་ཐོག་མ་རུ། །མཁས་པས་མངོན་འདོད་ཕྱོགས་ཆ་རུ། །རུས་པའི་ཕྱེ་མ་དུག་དང་ཁྲག །སྐེ་ཚེ་ལ་སོགས་བཅས་པ་ཡིས། །ས་གཞིར་གཏོར་ཞིང་རྩ་སྔགས་ཀྱིས། །བགེགས་ནི་བསྐྲད་པར་བྱ་བའོ། །ཡང་ནི་རང་གི་སློབ་མ་ལ། །ས་ཡི་བདག་པོ་ཕྱེད་བཏང་ནས། །ཞི་པའི་སྦྱིན་སྲེག་ཆོ་ག་ནི། །དེ་ལ་གཉིས་མེད་ལྡན་པས་བྱ། །གཞལ་ཡས་ཁང་ནི་རྫོགས་པ་ཡི། །སྔར་ནི་ཟས་སོགས་འདོད་པ་རྣམས། །སློབ་མས་ཇི་ལྟར་ནུས་པ་ཉིད། །བྱིན་


DTG022_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་གཞན་གྱིས་ཡང་དག་བརྩམ། །ས་གཞི་ལེགས་བརྡུངས་མཉམ་བྱས་ཏེ། །ས་ཡི་དཀྱིལ་ནི་ཅུང་ཞིག་བསྟོད། །གཞལ་ཡས་ཁང་པ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ལུགས་མ་ཐང་ཀའི་རྣམ་པ་སོགས། །མེ་ཏོག་རྔ་ཡབ་ཕྲེང་བ་དང༌། །དྲི་ཞིམ་དྲི་དང་བདུག་སྤོས་དང༌། །མར་མེ་མང་པོ་ཡི་ནི་ཤིང༌། །ཛཱ་ཏི་ཙམ་པ་སུ་ན་ཀ །ནཱ་ག་གེ་སར་ཡུ་ཏི་ག །མ་ལི་ཀ་ཡི་ཕྲེང་བ་དང༌། །པདྨོ་ཨུཏྤལ་པ་ཏ་ལ། །ཀརྞི་ཀ་ལ་སོགས་པ་དགྲམ། །སྣ་ཚོགས་གོས་ཀྱིས་བརྒྱན་བྱས་ནས། །ཕྱི་རོལ་རྒྱལ་མཚན་བ་ངན་རྣམས། །ཆུ་ཤིང་སྡོང་པོས་རྣམ་པར་མཛེས། །དུང་དང་ཟངས་དུང་སྣ་ཚོགས་དང༌། །སྒྲ་ནི་སྣ་ཚོགས་པ་ཡིས་བརྒྱན། །ཉེ་བར་བྱུག་པ་ལ་སོགས་པས། །ཕྱིས་ནི་དེ་ཀུན་བརྒྱན་པར་བྱ། །དེ་ནས་བརྩམས་པར་བྱ་བ་ནི། །ས་ལ་གསོལ་བ་ལ་སོགས་བྱ། །དེ་ནས་རྒྱུད་ཞན་ལས་གྲགས་པའི། །བདུད་རྩི་འཁྱིལ་པའི་སྔགས་ས་མ་ནི། །དུམ་སྐྱེས་མ་ཡི་གསང་སྔགས་ཀྱིས། །དྲི་ཞིམ་ཆུ་ཡིས་བསང་གཏོར་བྱ། །གནས་སྐབས་འདིར་ནི་ས་ཡི་ཆར། །ཙནྡན་གྱིས་ནི་ཉེ་བར་བྱུག །ལག་གཡས་ས་ལ་རེ་གནས་སུ། །ཡེ་གེ་ཧཱུཾ་སྔགས་དེ་བཞིན་དུ། །ལན་བདུན་དུ་ནི་བརྗོད་པར་བྱ། །ཡི་གེ་བརྒྱ་པ་ལན་བདུན་ནོ། །དེ་ནས་ཚེས་ནི་བཅུ་གསུམ་ལ། །སྒོམ་པའི་ཡིད་ནི་བརྟན་གྱུར་ཅིང༌། །སྔོན་དུ་བསྙེན་པས་བྱ་སྒྲུབ་པ་ཡིས། །སྔགས་རིག་པས་ནི་རྗེས་གནང་ཐོབ། །འཁོར་ལོ་གསུམ་ནི་ནམ་མཁའ་ལ། །མངོན་སུམ་བཞིན་དུ་ངེས་པར་བསམ། །དེ་ཡི་གཟུགས་བརྙན་འདྲ་བ་ཡིས། །ཕྱིས་ནི་མཁས་པས་དཀྱིལ་འཁོར་བརྩམ། །བློ་ལྡན་སློབ་མ་ཡོན་ཏན་ལྡན། །དེ་བཞིན་ཡོ་བྱང་ཀུན་ཚོགས་ན། །སྔར་སྦྱངས་པ་ཡིས་དབུས་སུ། །ཉེ་བར་གནས་ནས་ས་ལ་རེག །ས་ཡི་ལྷ་མོ་གང་ཡིན་བསྐུལ། །བཀུག་ལ་ས་ལ་གསོལ་བ་གདབ། །དཔའ་བོ་དབང་ཕྱུག་རྣལ་འབྱོར་ལྡན། །ལག་གཡས་ཟླ་བའི་དཀྱིལ་འཁོར་ལ། །ཧཱུཾ་ཡིག་གསུམ་ནི་རྣམ་བཀོད་དེ། །འོད་ཟེར་བཟང་པོ་འཁྲུགས་པ་སྤྲོ། །སོར་མོའི་རྩེ་མོ་ས་དེ་ལ། །མཁས་པས་ལན་གསུམ་བསྣུན་


DTG022_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ། །དེ་ཡི་སྒྲ་ཡིས་བསྐུལ་བ་དང༌། །དེ་བཞིན་ཧཱུཾ་གི་འོད་ཀྱིས་སོ། །ས་ཡི་ལྷ་མོ་མཛེས་མ་ནི། །ཁ་དོག་སེར་ཞིང་ན་བཟའ་དཀར། །གུས་པ་དང་ནི་མི་འཇིགས་ཕྱག །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་པ། །ཞལ་གཅིག་མ་ལ་ཕྱག་གཉིས་མ། །མདུན་དུ་གནས་པར་རྣམ་བསམས་ནས། །ཨརྒྷ་ལ་སོགས་དབུལ་བྱས་ལ། །ཚིགས་བཅད་གཉིས་ནི་འདིར་བརྗོད་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་སོན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བྱ་ལན་གསུམ་བརྗོད་པར་བྱ། །དེ་ལ་མཆོད་པ་བྱས་ནས་སུ། །མངོན་པར་དགའ་བའི་སེམས་ཀྱིས་ནི། །ཞལ་གྱི་པདྨར་རབ་བཞད་ཅིང༌། །སྐུ་ཕྱེད་འཐོན་ནས་ལྷ་མོ་ནི། །མཁས་པས་མཉམ་པར་གཞག་བལྟས་ནས། །དེ་ལྟར་བགྱི་ཞེས་བརྗོད་པར་བསམ། །དེ་ལ་དེ་ཉིད་ཐིམ་པར་བསམ། །རྡོ་རྗེ་བཅིང་པའི་ལག་མཐིལ་གྱིས། །ས་དེ་ལ་ནི་གཞག་པར་བྱ། །ཨོཾ་བཛྲི་བྷ་ཝ་ཧཱུཾ། དེ་ལྟར་བརྗོད་ནས་གཞན་ཡང་ནི། །ཨོཾ་བཛྲ་དྲྀ་དྷ་ཏིཥྛ་ཞེས་བྱ་པ། །སྔགས་རིག་པས་ནི་གསང་སྔགས་བརྗོད། །ས་དེ་བྱིན་གྱིས་བརླབས་པ་ནི། །ས་དེ་རུང་བར་འགྱུར་བ་ཡིན། །ས་ལ་གསོལ་བཏབ་ཆོག་ནི། །ཚིགས་བཅད་བཞི་བཅུ་ཐམ་པའོ། །ཕྱི་ནས་དེ་བཞིན་སློབ་དཔོན་ནི། །ཕྱག་རྒྱའི་རྒྱན་གྱིས་བརྒྱན་པ་དང༌། །དཀར་པོ་གཙུག་ཏོར་དང་ནི་གོས། །ཙནྡན་ལ་སོགས་ཐིག་ལེ་གསུམ། །ལེགས་པར་བསླབས་པའི་སློབ་བུ་ནི། །རྡོ་རྗེ་དྲིལ་བུ་བཟུང་བ་གང༌། །རྡོ་རྗེ་དྲག་པོ་རྣལ་འབྱོར་གྱིས། །སློབ་མ་དཔའ་བོའི་ཆ་བྱད་ཅན། །དུམ་སྐྱེས་མ་ཡི་རང་བཞིན་དུ། །སྒྲུབ་པའི་གྲོགས་མཆོག་སྦྲུལ་བར་བྱ། །ཡང་ནི་མཆོད་པ་བྱས་ནས་སུ། །མཁས་པས་བགེགས་ནི་བསྐྲད་པར་བྱ། །དེ་ལ་སློབ་དཔོན་རིམ་ཤེས་བྱ། །རྐང་པ་གཉིས་སུ་ཨ་ལས་ནི། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །ཨོཾ་ལས་མིག་གཉིས་དག་ལ་ནི། །ཟླ་བ་གཉི་མ་གཉིས་


DTG022_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བལྟའོ། །མཾ་ལས་གཡས་སུ་ཉི་དམིགས་ཏེ། །རྡོ་རྗེ་འོད་ཟེར་དེ་བཞིན་སྤྲོས། །མིག་འབྲས་ཧཱུཾ་ལས་བསྐལ་པའི་མེ། །རྡོ་རྗེ་གསོར་བར་བྱེད་བརྩོན་པས། །རྐང་པའི་འགྲོས་ཀྱི་འོད་ཟེར་ཚོགས། །རྡོ་རྗེ་དུས་ཀྱི་མེ་འོད་འདྲ། །གདུག་པ་འབྲོས་པར་བལྟ་བར་བྱ། །གཡོན་པའི་ཟླ་བ་དྲི་མེད་ལ། །ཨོཾ་ལས་བྱུང་བའི་འོད་ཟེར་ནི། །བདུད་རྩི་ཡི་ནི་ཚོགས་དང་ལྡན། །རང་གི་འཁོར་ཚོགས་འཐུང་བྱེད་ཅིང༌། །ཚིམ་པར་བྱེད་ཅིང་མཆོད་བྱེད་པའོ། །དབང་ལྡན་ཕྱོགས་ནས་ཡང་དག་བརྩམ། །རྡོ་རྗེ་བསྙེས་ཤིང་རོལ་བཅས་པས། །གཙོ་བོ་སློབ་མ་བཅས་པ་ཡིས། །བརྒྱན་ཅིང་རྡོ་རྗེ་འགྲོས་ཀྱིས་བསྐོར། །གསེར་གྱིས་གཞི་མཐར་ཐུག་པར། །ས་ནི་རྡོ་རྗེའི་རང་བཞིན་བྱ། །གཡོན་པ་དྲིལ་བུ་དཀྲོལ་བྱ་ཞིང༌། །གཡས་པ་ཡིས་ནི་རྡོ་རྗེ་གསོར། །ཧཱུཾ་ཞེས་བརྗོད་པའི་ཞལ་དང་ནི། །ཀུན་དུ་རྡོ་རྗེ་ལྟ་སྟངས་ཀྱིས། །ས་དེར་གནས་པའི་གདུག་པ་ཅན། །མཁས་པ་ཡིས་ནི་བསྐྲད་པར་བྱ། །རྒྱ་ཆེ་བ་ཡི་ཚིགས་བཅད་ནི། །སྔགས་དང་འདྲ་བར་སངས་རྒྱས་གསུངས། །ཁྱོད་ནི་དེངས་ཤིག་བགེགས་ཀྱི་ཚོགས། །གང་ཞིག་ལྷའམ་ལྷ་མིན་ནམ། །གནོད་སྦྱིན་དང་ནི་སྲིན་པོ་དང༌། །ཡི་དགས་དང་ནི་ཤ་ཟ་དང། །བརྗེད་བྱེད་དང་ནི་འབྱུང་པོ་དང༌། །མཁའ་འགྲོ་དང་ནི་གྲིབ་གནོན་པོ། །རྒན་པོ་དང་ནི་རྒན་མོ་དང༌། །རྗེས་སུ་སྤྱོད་པའི་འཁོར་རྣམས་ནི། །ནམ་མཁའ་ལྡིང་དང་མིའམ་ཅིག །སྐྱེ་བུ་སྔགས་ནི་གྲུབ་པ་རྣམས། །དེ་ལས་ཡི་ཕྱོགས་འདིར་ནི། །སློབ་མ་ཆེ་གེ་མོ་ཞེས་བྱ། །རྫོགས་པའི་བྱང་ཆུབ་བསྒྲུབ་དོན་དང༌། །སེམས་ཅན་བླ་ན་མེད་པ་ཡི། །ཡེ་ཤེས་འཐོབ་པའི་རྒྱུ་ཡི་ཕྱིར། །ཧེ་རུ་ཀ་དཔལ་མཁའ་འགྲོ་ཡི། །དྲ་བའི་སྡོམ་པ་འཁོར་ལོ་གསུམ། །ཞེས་བྱ་བ་ཡི་དཀྱིལ་འཁོར་འདི། །དེ་ཉིད་བདག་གིས་བྲི་བར་བྱ། །རྡོ་རྗེ་དྲག་པོའི་བཀའ་ཐོས་ནས།། འདི་ཡིས་མྱུར་དུ་འགྲོ་བར་བྱོས། །གལ་ཏེ་བཀའ་ལས་འདས་པ་ན། །ཧེ་རུ་ཀ་དཔལ་རྡོར་འབར་བདག །ཁྲོས་པས་ཧཱུཾ་གི་ཞལ་དང་ནི། །ཡེ་ཤེས་ཆེན་པོ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་པའོ། །དེ་ཉིད་སྔགས་པས་བརྗོད་ནས་སུ། །གཡས་ཕྱོགས་ནས་


DTG022_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ལན་གསུམ་བསྐོར། །དེ་ནས་གོམ་པ་ལྔ་ཡིས་ནི། །གནས་ལྔ་རུ་ནི་འགྲོ་པར་བྱ། །དེ་སྐད་དུ་ཡང་གསུངས་པ་ནི། །བསྐལ་པའི་མེ་དང་འདྲ་བའི་འོད། །རྐང་པ་གཉིས་ལས་འོང་བྱུང་བ། །གདུག་ཅན་འབྲོས་པར་བསམ་པ་སྟེ། །བསྲེག་བཞིན་དུ་ནི་བསམ་པར་བྱ། །བསྐྲད་པའི་ཆོ་ག་རྒྱས་པ་ནི། །སྒྱུ་འཕྲུལ་དྲ་བའི་རིམ་པའི་ཚུལ། །དེ་ཕྱིར་གསར་དུ་བརྩམ་བྱ་བ། །གལ་ཏེ་ཆོ་ག་རྒྱས་འདོད་ན། །བསྐྲད་པ་ཡི་ནི་ཆོ་ག་སྟེ། །ཚིགས་སུ་བཅད་པ་ཉེར་གཅིག་གོ །དེ་ལྟར་བསྐྲད་པ་བྱས་ནས་ནི། །བགེགས་ཉིད་ལ་ནི་པུར་བུས་གདབ། །འབར་བའི་མེ་དང་འབར་བའི་འོད། །ཁྲོ་བོ་ཧཱུཾ་གི་ང་རྒྱལ་གྱིས། །ཧཱུཾ་གི་སྒྲ་ཡིས་དཔའ་བོ་རྣམས། །མང་པོ་བསྐལ་པའི་མེ་ལྟ་བུས། །མི་བཟད་པ་ཡི་དྲག་པོའི་ལུས། །ཇི་བཞིན་ནམ་མཁའ་གང་བར་སྤྲོ། །སུམྦྷ་ནི་ཡི་སྔགས་བརྗོད་ཅིང༌། །དཔའ་བོ་ཧེ་རུ་ཀ་ཕྱུང་ནས། །བྱིན་གྱིས་བརླབ་པ་ལ་སོགས་བྱ། །དེ་ཉིད་མདུན་དུ་གནས་ནས་སུ། །བགེགས་ཀུན་གྱིས་ནི་བསྐོར་བ་ཡི། །བགེགས་ཀྱི་བདག་པོ་ཉིད་བཀུག་ནས། །ནམ་མཁའི་སྙིང་པོ་གར་དབང་ཕྱུག །རྣམ་པར་སྦྱང་མཛད་ངོ་བོ་ཉིད། །རྡོ་རྗེ་སེམས་དཔའི་རང་བཞིན་ཅན། །སེང་ལྡེང་གི་ནི་ཕུར་པ་བཞི། །དེ་ཉིད་རྩེ་མོ་ཡི་ནི་དབྱིབས། །རྡོ་རྗེའི་རྣམ་པ་ཤིན་ཏུ་རྣོ། །སོར་བརྒྱད་པ་ཡི་ཚད་ཙམ་ནི། །མཁས་པ་ཡིས་ནི་རབ་ཏུ་བྱས། །མེ་ཡི་ཕྱོགས་ནས་བརྩམས་ནས་ནི། །ཐམས་ཅད་དུ་ནི་ཕྱི་རོལ་མཚམས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། །ཞེས་བྱ་བ་ནི་བརྒྱ་རྩ་བཟླས། །སྤྱི་བོ་ནས་བརྩམས་རྐང་པའི་བར། །བགེགས་ཀྱི་བདག་པོ་ཕུར་པས་གདབ། །ཡང་ན་ཡེ་ཤེས་ཀྱིས་ནུས་ན། །ཏིང་ངེ་འཛིན་གྱིས་ཕུར་པས་གདབ། །ཀྱེ་རྒྱལ་བའི་སྲས་དག་སེམས་ཙམ་མོ། །ཞེས་བྱའི་ཚིག་གི་འཐད་པས་སོ། །ཕུར་པས་གདབ་སྔགས་འདི་ཡིན་ཏེ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙི་ཏྟ་ཀཱི་ལ་ཧཱུཾ་ཕཊ། ཕུར་བུ་དེ་ཡི་སྟེང་དུ་ནི། །ཨ་ཡིག་ལས་ནི་ཉི་དཀྱིལ་འཁོར། །མེ་འདྲ་འབར་བའི་ཕྲེང་བ་འཁྲིགས། །དེ་ཡི་འོད་


DTG022_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་བགེགས་འཇོམས་པ། །སྡེ་དང་བཅས་པ་ཐལ་བར་འགྱུར། །དེ་ཉིད་ལས་ནི་སྐྱེས་པ་ལ། །ཡང་འབྱུང་དོགས་པའི་བགེགས་གཞོམ་ཕྱིར། །མཁས་པ་ཡིས་ནི་སྟོང་ཉིད་བསྒོམ། །དེ་ནས་ཧ་ཡ་གྲཱི་བ་གདོན། །གཞལ་ཡས་ཁང་གི་ཕྱི་རོལ་གཞག །མཚོན་ཆ་ཡི་ནི་ར་བའི་གཟུགས། །ཡོངས་སུ་གྱུར་པ་རྣམ་བསྒོམ་བྱ། །དེ་ནས་ཧྲཱིཿ་ཡིག་ལས་སྐྱེས་པ། །དེ་བཞིན་ནམ་མཁའ་ཁྱབ་པའོ། །ཤེས་རབ་ཆོས་འབྱུང་ཕྱག་རྒྱ་བསམས། །དེ་ཡི་སྟེང་གི་རིམ་པ་ལ། །ཨ་ཡིག་ལས་སྐྱེས་མ་ལུས་པའི། །སྣ་ཚོགས་རྡོ་རྗེའི་རང་བཞིན་དུ། །བསམས་ནས་རྡོ་རྗེ་ལྟ་བ་ཡིས། །ཀུན་དུ་མཉམ་པར་བལྟ་བར་བྱ། །བློ་ལྡན་གྱིས་ནི་ཧཱུཾ་ཡིག་གི །སྔགས་ནི་ལན་བརྒྱར་བརྗོད་པར་བྱ། །དཀྱིལ་འཁོར་གྱི་ནི་ས་ཉིད་དང༌། །ས་གཞི་ཡོངས་སུ་དག་པའོ། །རྟོག་པ་ལ་གནས་སྔགས་པ་ཡིས། །ས་ནི་གང་ཞིག་སྤྱོད་བྱེད་བ། །ཟླ་གསང་བྱང་ཆུབ་སེམས་སྤངས་པས། །ས་དེ་དག་པར་མི་འགྱུར་རོ། །སྔགས་པས་རྡོ་རྗེ་སེམས་དཔའ་བཟླས། །རྡོ་རྗེའི་ལྟ་བས་ཡང་བལྟས་ཏེ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆར། །རྐྱེན་དང་ལྡན་ཡང་དགེ་བ་ཡིན། །ས་སྦྱང་བ་ཡི་ཆོ་ག་ནི། །ཚིགས་སུ་བཅད་པ་བཅུ་དགུ་པའོ། །འབད་པས་དེ་ལྟར་ལེགས་སྦྱངས་པས། །མཉམ་པར་གཞག་པས་དེ་ཉིད་ལ། །ཇི་ལྟར་གསུངས་པའི་ཆོ་ག་འདིས། །ཡོངས་སུ་གཟུང་བར་བྱ་བ་སྟེ། །རང་རང་གནས་སུ་ཉེར་གནས་པ། །གཞལ་ཡས་ཁང་པ་བསྒོམ་པར་བྱ། །སྔར་བརྗོད་པ་ཡི་རིམ་པ་ཡིས། །རྣལ་འབྱོར་ཤེས་རབ་ཕྱག་རྒྱ་གཟུང༌། །འཁོར་ལོ་གསུམ་ནི་མ་ལུས་པ། །དབྱེར་མེད་པ་ཡཾ་རྣལ་འབྱོར་བརྩོན། །སློབ་མ་རྣལ་འབྱོར་དབྱེར་མེད་པའི། །དེ་ནས་རང་གི་ང་རྒྱལ་བྱ། །ལྷ་རྣམས་ཀྱང་ནི་ཐ་མི་དད། །ཡང་ནི་ཐ་དད་བརྟགས་པ་ཡི། །སློབ་མས་དཔའ་བོར་གསོལ་བ་གདབ། །དཔའ་བོས་གསོལ་བ་བཏབ་ནས་སུ། །རང་གི་བདག་ཉིད་ལེགས་བསྒོམ་བྱ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་སོགས་ཚིགས་བཅད་བདག་བསྟོད་ནས། །བདག་ནི་ལྷ་ཡིས་བྱིན་བརླབས་པའི། །མངོན་སུམ་ང་རྒྱལ་ལྡན་པར་བྱ། །ཀུན་དུ་ང་རྒྱལ་ལྡན་གྱུར་ཀྱང༌། །ཁེངས་པ་


DTG022_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དག་མི་བསྐྱེད་པར། །མཉམ་པར་གཞག་པའི་སེམས་ཀྱིས་ནི། །བདག་ཉིད་དགའ་བར་བྱས་པ་སྟེ། །དེང་འདི་བདག་སྐྱེས་འབྲས་བུ་ཡོང༌། །བདག་འཚོ་འབྲས་བུ་བཅས་པ་ཡི། །མི་མཉམ་ལྷ་དང་མཉམ་པ་རུ། །གྱུར་བ་དག་ནི་ཐེ་ཚོམ་མིན། །བདག་གི་ཉི་མ་དང་ནི་མཆོག །དེང་བདག་མཆོད་སྤྱིན་བླ་ན་མེད། །སངས་རྒྱས་ཀུན་གྱི་ཐུགས་བརྩེ་བའི། །བཀའ་ལུང་དག་ནི་བདག་གིས་བྱ། །བདག་ཉིད་སྐྱེས་པ་ཉིད་ཀྱིས་ནི། །དཀྱིལ་འཁོར་པ་ཡི་འཁོར་ལོ་གསུམ། །སྒེག་མོ་ལ་སོགས་ཡང་དག་མཆོད། །འབད་པས་དྲིལ་བུ་དཀྲོལ་ནས་སུ། །འབད་པས་མཆོད་དང་བསྟོད་པ་དང༌། །དེ་བཞིན་ཕྱག་ལ་སོགས་པ་བྱ། །ཉེ་བའི་སྙིང་པོ་གསང་སྔགས་བཟླས། །སྔོན་གྱི་ནམ་མཁར་བཏེག་པ་ཡི། །ཡེ་ཤེས་འཁོར་ལོ་བརྟན་བྱས་ཏེ། །ཡང་ནི་བརྟག་པར་བྱས་ལ་བསྒོམ། །བར་སྣང་ལ་ནི་རྣམ་གཞག་པ། །དེ་དང་མཉམ་པར་སྦྱོར་བར་བྱ། །སྔགས་ཀྱི་ཆོ་ག་འདིར་ཡང་ནི། །འོག་ནས་འབྱུང་བའི་རིམ་པ་ཡང༌། །ཐམས་ཅད་བསྡུས་པའི་གཟུགས་ཀྱིས་ནི། །རྡོ་རྗེ་དྲག་དཔལ་རྣལ་འབྱོར་ལྡན། །ཞགས་པས་རྡོ་རྗེ་བྱིན་གྱིས་བརླབ། །དེ་ཕྱིར་རོལ་བཅས་ལངས་ནས་ནི། །སྔར་བཞིན་མ་དང་ཊ་དག་ལས། །ཉི་མ་དང་ནི་ཟླ་བའོ། །ཇི་ལྟར་ལྟ་བས་དེར་བལྟས་ཏེ། །ཀུན་དུ་ཡང་ནི་བལྟ་བར་བྱ། །གསེར་གྱི་ས་གཞི་མཐར་ཐུག་པར། །ས་གཞི་རྡོ་རྗེའི་རང་བཞིན་བྱ། །རོལ་བཅས་གོམ་པས་བགོམ་བྱས་ལ། །རྡོ་རྗེ་བསྙེམས་པའི་ང་རྒྱལ་གྱིས། །སྔགས་པས་ཧཱུཾ་ཡིག་བརྗོད་བྱ་ཞིང༌། །ཡང་ནི་ས་གཞི་ཡོངས་བསྐོར་ནས། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས། །དེ་ནས་ཕྱག་རྒྱ་ལྷན་ཅིག་ལངས། །ཐམས་ཅད་དུ་ནི་བལྟ་བ་དང༌། །བསྙེམས་པས་ས་གཞི་ཡོངས་སུ་བསྐོར། །རྡོ་རྗེ་སེམས་དཔའ་བརྗོད་པར་བྱ། །ཡང་ནི་དེ་དབུས་བསྡད་ནས་སུ། །ཨ་ནི་གཡས་ཀྱི་མིག་ལ་བསམ། །དེ་ལས་བྱུང་བའི་ཉི་མ་ལ། །ཧཱུཾ་ཡིག་ལས་ནི་བྱུང་བ་ཡིས། །རྡོ་རྗེ་འབར་ཚོགས་འབར་འཁྲུགས་པའི། །ཕྱོགས་ཀུན་ཡོངས་སུ་དག་པར་བྱ། །བགེགས་རྣམས་མ་


DTG022_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་བཅོམ་བར་ནི། །དེ་རྣམས་རྣལ་འབྱོར་འབད་པས་བསྒོམ། །འདོད་པས་མཐའ་ཡས་དཔག་མེད་ཀྱི། །འཇིགས་བའི་འོད་ཀྱིས་ཀུན་དུ་ནི། །འབར་བའི་ཕྲེང་བ་འཁྲུགས་ཞིང་དྲག །ཞེ་སྡང་ངར་བ་དྲག་པ་ནི། །བློ་དང་ལྡན་པས་བལྟ་བར་བྱ། །དུ་མར་བརྟག་པ་དེ་ནས་ནི། །བགེགས་ཚོགས་རྒྱལ་བྱེད་མཐུག་པོ་ཡི། །འདོད་ཆགས་ར་བ་དམིགས་པར་བྱ། །རླུང་གིས་རབ་ཏུ་བསྐུལ་བ་ཡི། །མ་ལུས་མུན་པའི་སྒྲིབ་གཡོགས་སྤྲུལ། །གདུག་ཅན་རྨོངས་བྱེད་བསྒོམ་པ་ནི། །དེ་ལྟར་གཏི་མུག་ར་བའོ། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ནི། །ཞེ་སྡང་རྡོ་རྗེའི་རང་བཞིན་བརྗོད། །ཨ་ལས་སྐྱེས་པའི་པདྨ་ནི། །པདྨ་འདོད་ཆགས་རང་བཞིན་བརྗོད། །ཨོཾ་ལས་སྐྱེས་པའི་འཁོར་ལོ་ནི། །འཁོར་ལོ་གཏི་མུག་རང་བཞིན་བརྗོད། །ར་བ་གསུམ་ནི་རྣམ་བཀོད་ནས། །དེ་ལྟར་ཤེས་ནས་བསྒོམ་པར་བྱ། །མིག་གཡས་པ་ནི་ཉི་མ་སྟེ། །དེ་བཞིན་གཡོན་དུ་ཟླ་བའོ། །དེ་ཡི་སྣ་རྩེ་ར་ཨོཾ་ཡིག་སྟེ། །འདི་གང་དེ་ཡི་རིམ་པའོ། །ནང་གི་ཐམས་ཅད་བྱས་ནས་ནི། །ཡང་ནི་ར་བ་གསུམ་བྱའོ། །མཚོན་ཆའི་དྲ་བའི་རང་བཞིན་བྱ། །སྟེང་དུ་ཁྲོ་བོ་རྟ་རང་བཞིན། །བསྐལ་པའི་མེ་ནི་འབར་བ་ཡིས། །གློག་གི་མདོག་ནི་ལྕེ་འགྲིལ་ཞིང༌། །དྲག་པོ་ཆེན་པོ་བསམ་བྱ་སྟེ། །དེས་ནི་ལྷག་པའི་བགེགས་གཞོམ་བྱ། །དེ་བཞིན་དུ་ཡང་གསུངས་པ་ནི། །བསྐལ་པའི་མེ་དང་འདྲ་བའི་འོད། །འོད་ཟེར་འཕྲོ་བའི་ཕྲེང་བ་ཅན། །ཉི་མ་སྟོང་ཕྲག་བྱེ་བའི་དབུས། །མ་ལུས་བགེགས་ནི་འཇོམས་བྱེད་པའོ། །ས་གཞི་ཡོངས་གཟུང་ཆོ་ག་ནི། །ཚིགས་བཅད་ཉི་ཤུ་རྩ་དགུའོ། །ས་གཞི་རྗེས་སུ་བཅུ་བཞི་ལ། །རང་བཞིན་དྲི་མ་མེད་པ་ཡི། །ཡེ་ཤེས་རྒྱ་མཚོ་ས་ཡི་ཆར། །སློབ་མ་ལ་སོགས་ལྷག་གནས་བྱ། །དེ་ཡང་རེ་ཞིག་ཐོག་མར་ནི། །དཀའ་བ་མེད་བར་དོན་ལ་མཁས། །གྲུ་བཞི་བྱས་པ་དག་པ་ལ། །དཀྱིལ་འཁོར་ལས་ནི་ཉིས་འགྱུར་ལྷག །དེ་ནས་སྐུད་པ་དཀར་པོ་བྱས། །རང་དང་སྒྲུབ་པའི་གྲོགས་དག་གིས། །ཙནྡན་དམར་པོ་དང་བསྲེས་པའི། །སཱ་ལུ་བཏགས་པས་སྤང་པར་བྱ། །དཀྱིལ་འཁོར་ཚད་ནི་གྱུར་


DTG022_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ཉིས་གྱུར་གྱིས་ནི་ཐིག་གདབ་པ། །དག་པའི་ཚངས་ཐིག་གཉིས་གདབ་བྱ། །དེ་ཡི་ཕྱེད་འགྱུར་རྩ་ཐིག་གོ །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་སྟེ། །སྒོ་ཁྱུད་དང་ནི་དེ་བཞིན་ནོ། །དཔའ་བོ་རྣམས་ཀྱི་གནས་དང་ནི། །མཚམས་བཞི་ཡང་ནི་དེ་བཞིན་ནོ། །དེ་ཡི་ཕྱེད་ནི་འགྲམ་དང་ནི། །ལོགས་དང་འདོད་ཡོན་འོད་རྣམས་སོ། །དེ་ཡི་ཕྱེད་ནི་ཆོན་སྣའི་ས། །དྲ་བ་དྲ་ཕྱེད་རྣམས་དེ་བཞིན། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །ཆུ་སྲིན་གདོང་བྱུང་རྟ་བབས་དང༌། །འདོད་ཡོན་བུམ་པ་ལས་བྱུང་བའི། །རྟ་བབས་ཀྱི་ནི་ཀ་བའོ། །ཡང་ན་གྲུ་བཞི་དང་ལྡན་པའོ། །ཚངས་པའི་ཐིག་ནི་གཉིས་བྱ་སྟེ། །ཚངས་ཐིག་གཉིས་ནས་ཕྱོགས་ཐིག་གོ །ཚོན་སྣའི་ས་རུ་ཞེས་བྱ་སྟེ། །ཚོན་སྣའི་སྣམ་བུ་དེ་བཞིན་ནོ། །ཚོན་སྣའི་ས་ཚད་གསུམ་དོར་ལ། །འོད་ནི་འཁོར་ལོ་གསུམ་བྱའོ། །གྲོང་གི་ཕྱི་རོལ་འོད་ཚད་དོ། །ནང་གི་འོད་དུ་ཞུགས་ནས་བརྩམས། །འཁོར་ལོ་གསུམ་པོ་དག་ལ་ནི། །ཐིག་བཞི་དག་ནི་བསྐོར་ནས་སུ། །སྒོ་ཡི་ཚད་ཀྱིས་བྱ་བའོ། །ལྷག་མ་པདྨ་འདབ་མ་བརྒྱད། །འཁོར་ལོའི་རྩིབས་ལས་ལྷག་པ་བྱ། །རྡོ་རྗེ་པདྨ་འཁོར་ལོའི་ཕྱིར། །ཐུགས་ཀྱི་འཁོར་རྩིབས་མུ་ཁྱུད་རྣམས། །རྡོ་རྗེ་ལ་སོགས་དྲག་པོ་ནི། །རེ་ཁཱ་གཉིས་པར་བཞི་བྲིའོ། །ཚོན་རྩི་སྣམ་བུའི་ཕྱིར་རོལ་དུ། །གྲྭ་དང་སྒོ་མཚམས་རྣམས་བྱ་སྟེ། །རྡོ་རྗེ་ཉི་མ་རིན་ཆེན་ཟླ། །ཡོངས་སུ་བསྐོར་ནས་འོད་འབར་བའོ། །སྒོ་ཡི་ཕྱེད་ནི་དྲ་བ་དང༌། །ཉི་མའི་སྣམ་བུ་སོགས་པའོ། །མཆོད་སྣམ་ཐིག་ལ་བརྟེན་ནས་སུ། །ཕྱི་རོལ་ཐིག་ནི་ཀུན་དུ་སྦྱར། །རྟ་བབས་ཆུ་སྲིན་ལས་མཚན་པའི། །དྲིལ་བུ་རྒྱལ་མཆན་བ་དན་དང༌། །མེ་ཏོག་ཕྲེང་བ་དྲ་རྔ་ཡབ། །མདའ་ཡབ་ཕྲེང་བ་ལ་བརྟེན་ནས། །རླུང་གིས་བསྐྱོད་བཞིན་པ་ཡི་ནི། །དེ་བཞིན་མ་ལུས་བརྟག་པར་བྱ། །དུར་ཁྲོད་ཀྱི་ནི་རྣམ་པའོ། །འོད་ཟེར་འབར་བས་འཁྲིགས་པ་ནི། །རྡོ་རྗེ་པདྨ་འཁོར་ལོའོ། །འཁོར་ལོ་གསུམ་ནི་གང་ཡིན་དགོད། །ཚོན་རྩི་ས་གཞི་ཀུན་དུ་ནི། །རྣམ་པ་ལྔ་རུ་གོ་བར་བྱ། །ཐིག་སྐུད་ཕྲ་བ་འདི་ཡིས་ནི། །དབུས་སུ་ཐིག་བཞི་གདབ་པར་བྱ། །དེ་བཞིན་མ་


DTG022_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་བརྟག་པར་བྱ། །གང་དང་གང་གི་མཚན་མ་ནི། །གནས་སྐབས་གང་དུ་གསུངས་པ་སྟེ། །ཡེ་ཤེས་ཐིག་ནི་བཏབ་ནས་སུ། །ཚོན་རྩི་དག་གིས་བྲི་བར་བྱ། །དགོངས་འདུས་ཡེ་ཤེས་དཀྱིལ་འཁོར་ནི། །དེ་ལྟར་དཀྱིལ་འཁོར་བརྟག་པར་བྱ། །སྒེག་མོ་ལ་སོགས་ཇི་ལྟ་པར། །ཉེ་བར་མཆོད་པས་ཡང་དག་མཆོད། །གླིང་བུ་པི་ཝང་རྔ་བྲན་སོགས། །དེ་ལྟར་སྒྲ་ནི་སྔོན་འགྲོ་བ། །ཕྱི་ནས་ཡང་དག་བསྟོད་བྱས་ཏེ། །དེ་ནས་མཁས་པས་ཕྱག་བྱའོ། །དེ་ལ་ཡང་དག་འཇམ་སྟན་ལ། །གནས་དེ་སྔར་བཞེན་མདུན་དུ་ནི། །རྡོ་རྗེ་དྲག་པོའི་རྣལ་འབྱོར་གྱིས། །གསང་བའི་དཀྱིལ་འཁོར་དགུག་པར་བྱ། །ཡེ་ཤེས་གསང་བའི་འཁོར་ལོ་གང༌། །འདི་ནི་སྔར་མེད་པར་ནི་མེད། །དེང་ནས་བཟུང་སྟེ་ཐམས་ཅད་དང༌། །གསང་ནས་གསང་བའི་ངོ་བོ་ཉིད། །གསང་བའི་དཀྱིལ་འཁོར་བཀུག་ནས་སུ། །ས་གཞི་དེ་ལ་གཅིག་གྱུར་པར། །སྔགས་པས་ཡང་དག་གཅིག་འགྱུར་བརྟག །གཉིས་ཀྱིས་ཡི་གེས་གོ་ཆ་བྱ། །དེ་རྗེས་ཀྱང་ནི་བསྲུང་བ་ནི། །ལྷ་ཡི་ང་རྒྱལ་བསྲུང་བར་བྱ། །ཡི་གེ་གསུམ་གྱིས་བསྔགས་པ་ཡིས། །བདུང་རྩི་ལྔ་དང་ཙནྡན་བཅས། །མཉམ་པར་གཞག་པའི་སེམས་ཀྱིས་ནི། །ས་གཞི་ཀུན་དུ་བྱུག་པར་བྱ། །དཀྱིལ་འཁོར་གྱི་ནི་ལྷ་གནས་སུ། །སྔགས་ནི་དེ་དང་དེར་གསལ་བྱ། །ཨོཾ་བཛྲ་མཎྜལཾ་ཧཱུཾ་ཛཿ་དགུག་པའི་སྔགས་སོ། །ཨོཾ་བཛྲ་ཀཱི་ལ་ཡ་གུ་ཥྚ་ལཾ་ཧཱུཾ་ཕཊ། ཕུར་བུའི་སྔགས་སོ། །ཨོཾ་བཛྲ་ཙཀྲ་ཨདྷི་ཏིཥྛ་ཥྛ་ཥྛ་སི་དྡྷི་ཡ་ཧཱུཾ། བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་ལྷག་མའོ། །གཙོ་བོ་རྣལ་འབྱོར་ལྡན་པ་ཡིས། །དེ་ཡང་སྔར་བཞིན་དཀྱིལ་འཁོར་སྤྲུལ། །དེ་ནས་དེ་ལ་ཡེ་ཤེས་ཀྱི། །འཁོར་ལོ་གང་དུ་གཞུག་བྱས་ནས། །ཡང་དང་བྱིན་བརླབས་མཆོད་ནས་སུ། །མཆོད་ཡོན་ཞབས་བསིལ་དབུལ་བར་བྱའོ། །དེ་ནས་རྣམ་རྒྱལ་བུམ་ཞེས་པ། །མདུན་གྱི་ནམ་མཁའ་ལ་སོགས་སྤྲུལ། །རྩ་བ་ནག་མེད་མཆུ་འཕྱང་ཞིང༌། །ལྟོ་བ་ཆེ་ལ་མགྲིན་པ་རིང༌། །རང་བཞིན་མེད་པར་དམིགས་ནས་སུ། །མཁས་པས་པཾ་ལས་སྐྱེས་


DTG022_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རུ། །ཧྲཱིཿ་ལས་པདྨ་དམིགས་ནས་སུ། །དེ་ཡི་ལྟེ་བར་གེ་སར་བཅས། །དཔའ་བོ་དབང་ཕྱུག་ལྷ་མོར་ལྡན། །དེ་ལ་སྔོན་བཞིན་བསྒོམ་བྱ་སྟེ། །ཡོངས་སུ་རྫོགས་པ་བསྒོམ་པར་བྱ། །འདོད་ཆགས་ཆེན་པོའི་མེས་ཞུ་ནས། །བྱང་ཆུབ་སེམས་ཀྱི་རྒྱུན་དུ་ནི། །དེ་ཉིད་དུ་ཡང་བསམ་པར་བྱ། །དེ་ནས་དྲི་དང་ལྡན་པའི་ཆུ། །ཕྱིས་ནི་དེར་ནི་ཅུང་ཟད་བླུགས། །སྨན་ལ་སོགས་པར་ལྡན་པར་ནི། །མཁས་པ་ཡིས་ནི་རབ་བྱས་ཏེ། །ཧ་ས་དེ་བ་བྲྀ་ཧ་ཏི། །ཀཎྜ་ཀ་རི་དཎྜོཏ་པལ་དང༌། །རྣམ་པར་རྒྱལ་བ་དཀར་པོ་ནི།། སྨན་ལྔ་རུ་ནི་དགེ་བར་གྲགས། །མི་དགེ་བ་ནི་འཇོམས་པར་བྱེད། །འབྲུ་ནི་གྲོ་དང་འབྲས་སོ་བ། །ཏིལ་དང་མ་ཤ་ནས་སུ་བརྗོད། །རིན་ཆེན་གསེར་དང་དངུལ་དང་ནི། །བྱུ་རུ་མུ་མེན་མུ་ཏིག་གོ །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །དེ་བཞིན་ཤ་ཆེན་དང་ནི་ཁྲག། དེ་རྣམས་བདུད་རྩི་ལྔ་ཞེས་བྱ། །བླ་མེད་བྱང་ཆུབ་རྒྱུ་ཡིན་ནོ། །མྱ་ངན་མེད་དང་བྱང་ཆུབ་ཤིང༌། །ཨ་མྲ་ནྱ་གྲོ་ལུ་མ་བར། །ལྔ་པོ་ཡལ་ག་ལོ་མར་གྲགས། །བུམ་པའི་ཁ་ནི་མཛེས་པར་བྱ། །བུམ་པ་དཀར་པོ་བྱས་ནས་ནི། །པདྨ་ཉིས་བརྩེགས་བྲི་བར་བྱ། །པདྨའི་འདབ་མ་གཅིག་ལ་ནི། །རྡོ་རྗེ་ཕྱག་རྒྱ་ཡང་དག་ཟི། །གོས་བཟངས་མགྲིན་པ་བརྒྱན་ནས་སུ། །ཡལ་གས་ཁ་ནི་བརྒྱན་པར་བྱ། །དཔའ་བོ་ཀུན་ལ་སོ་སོར་ནི། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །བརྒྱད་ཀྱིས་ལྷག་པའི་སྟོང་ཕྲག་གཅིག །དཔའ་བོ་དབང་ཕྱུག་སྙིང་པོ་བཟླས། །ཨོཾ་བཛྲོ་ད་ཀ་ཧཱུཾ་ཞེས་པ། །བརྒྱ་རྩ་བརྒྱད་ནི་བཟླ་བར་བྱ། །དེ་ལྟར་དཀྱིལ་འཁོར་ཕྱོགས་དང་ནི། །བུམ་པ་ལ་ཡང་དེ་བཞིན་ནོ། །ཐུན་གསུམ་དུ་ནི་མངོན་བསྔགས་ཏེ། །བདུག་པ་ལ་སོགས་ཡང་དག་མཆོད། །དཀྱིལ་འཁོར་ལ་ནི་བསྐོར་བར་བྱ། །དབུས་ཀྱི་བཅོམ་ལྡན་མདུན་དུ་ནི། །བུམ་པ་དེ་བཞིན་གཞག་པར་བྱ། །གཞན་ནི་ལས་ཀྱི་ཐམས་ཅད་པ། །རོ་ལངས་མཚན་མ་གྲི་གུག་བྱ། །དུམ་སྐྱེས་མ་ཡིས་མངོན་པར་བསྔགས། །ཤར་གྱི་སྒོ་ཡི་བྱང་དུ་གཞག །ཡང་དག་མཆོད་ལ་འདི་ལྟར་བརྗོད། །ཇི་སྲིད་


DTG022_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བྱ་བ་ནི། །དེ་སྲིད་བྱ་བ་མ་རྫོགས་པར། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །བདག་གི་གདུག་པ་བསྐྲད་པར་མཛོད། །དེ་ཡི་རྣལ་འབྱོར་རྫོགས་ནས་སུ། །ཡང་ནི་ཕྱོགས་ཀྱི་གཏོར་མ་སྦྱིན། །ཤར་གྱི་ཕྱོགས་ལ་བརྟེན་ནས་སུ། །གཙོ་བོ་རང་གི་གཏོར་མ་སྤྱིན། བྱང་དུ་མངོན་པར་ཕྱོགས་ནས་སུ། །དཀྱིལ་འཁོར་བདག་པོ་མངོན་པར་ལྡན། །མེ་ཏོག་རྣམ་པར་བཀྲམ་པར་བྱ། །འབད་པས་དཀྱིལ་འཁོར་རང་གི་སྔགས། །དེ་ནས་ཕྱིར་ནི་ལྷག་གནས་བྱ། །སྦྱིན་སྲེག་མཆོད་པ་ལ་སོགས་བརྩམ། །སློབ་མ་དང་ཅིང་གུས་ལྡན་པ། །མཁས་པས་ཆོ་ག་འདི་བྱའོ། །དེ་ལ་རེ་ཞིག་ཐོག་མར་ནི། །སློབ་མ་མེ་ཏོག་ཐལ་སྦྱར་བས། །ཡང་དག་སྤྱི་བོས་ཕྱག་བྱས་ནས། །བླ་མ་ལ་ནི་འདི་སྐད་བརྗོད། །ཁྱོད་ནི་སྟོན་པ་དགའ་ཆེན་པོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་ཕྱག་འཚལ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོ་བདག་ཀྱང་གཞུག་ཏུ་གསོལ། །དེ་སྨོས་སློབ་མའི་ལུས་སོགས་ནི། །གཟུགས་ནི་བྲལ་བར་བྱ་བ་སྟེ། །དེ་ནས་རང་བཞིན་མེད་དམིགས་ནས། །བདག་པོའི་སྦྱོར་བར་དེ་རྫོགས་བྱ། །ལུས་ལ་སོགས་པ་བྱིན་བརླབ་ཅིང༌། །སྔར་བཞིན་དུ་ནི་ཆོ་ག་བྱ། །སློབ་མའི་གཙོ་བོ་མདུན་བྱས་ནས། །སློབ་དཔོན་དང་གིས་འདི་སྐད་བརྗོད། །བུ་ཚུར་ཤོག་ཤིག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །རྫོགས་པའི་སངས་རྒྱས་གང་འདས་ཀྱང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་གང༌། །འགྲོ་ལ་ཕན་ཕྱིར་ཞུགས་པ་དེ། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མེད་བརྙེས། །གསང་སྔགས་སྤྱོར་བ་མཉམ་མེད་དེ། །སྐྱོབ་པ་ཤཱཀྱ་སེང་གི་ཡིས། །བདུད་སྡེ་ཤིན་ཏུ་མི་


DTG022_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་དེ་ནི་སྤངས་ནས་སུ། །བཟང་པོ་བརྩོན་པའི་ཡིད་ཀྱིས་ཉོན། །མ་ལུས་ལེགས་པའི་བློ་གྲོས་ཀྱིས། །རྡོ་རྗེ་སེམས་དཔའ་ལ་སོགས་དང༌། །བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབ། །དེ་ལྟར་འབད་པས་སྤྲོ་བསྐྱེད་ནས། །གསུམ་ལ་སྐྱབས་སུ་འགྲོ་བ་དང༌། །དེ་ལ་ཆོག་འདི་ཡིས་ནི། །སྡིག་པ་བཤགས་པ་ལ་སོགས་བྱ། །སློབ་དཔོན་དག་ནི་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་རབ་བཟུང་ནས། །ཇི་སྲིད་བྱང་ཆུབ་སྙིང་གནས་པར། །བླ་ན་མེད་པས་ཡང་དག་པའི། །སངས་རྒྱས་སྐུ་གསུང་རྣམ་གནས་པའི། །སྐྱབས་སུ་བདག་ནི་མཆི་བར་བགྱི། །བླ་ན་མེད་པའི་ཆོས་ཆེན་པོ། །ངེས་འབྱུང་བར་དུ་སྐྱབས་སུ་མཆི། །བླ་མེད་ཕྱིར་མི་ལྡོག་པ་ཡི། །བྱང་སེམས་དགེ་འདུན་སྐྱབས་སུ་མཆི། །དེ་ལྟར་ལན་གཉིས་ལན་གསུམ་བརྗོད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་རབ་བཟུང་ནས། །བདག་གིས་སྐྱེ་བ་ཐོག་མེད་ནས། །འཁོར་བ་ནས་ནི་འཁོར་བགྱིས་བགྱིད། །བགྱིད་དུ་སྩལ་དང་རྗེས་ཡི་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །སྤྱན་སྔར་དེ་དག་མ་ལུས་བཤགས། །དེ་ལྟར་ལན་གཉིས་ལན་གསུམ་བརྗོད། །སློབ་དཔོན་དག་ནི་དགོངས་སུ་གསོལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །སེམས་མེད་ཡེ་ཤེས་སེམས་བསྐྱེད་པ། །དེ་བཞིན་དག་ཀྱང་སེམས་བསྐྱེད་དོ། །དེ་ལྟར་ལན་གཉིས་ལན་གསུམ་བརྗོད། །ཕྱོགས་བཅུ་དེ་བཞིན་གཤེགས་ཀུན་དང༌། །རྡོ་རྗེ་རིན་ཆེན་པདྨ་ལས། །རིགས་སུ་ཞུགས་པ་ཐམས་ཅད་དང༌། །སྙིང་པོ་ཕྱག་རྒྱ་སྔགས་རྣམས་དང༌། །རིག་པའི་ལྷ་རྣམས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །ཕྱོགས་བཅུ་དེ་བཞིན་གཤེགས་ཀུན་དང༌། །རྡོ་རྗེ་རིན་ཆེན་པདྨ་ལས། །རིགས་བཞུགས་ཀུན་གྱི།


DTG022_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱན་སྔར་དང༌། །སྙིང་པོ་ཕྱག་རྒྱ་སྔགས་རྣམས་དང༌། །རེག་པའི་ལྷ་རྣམས་སྤྱན་སྔ་རུ། །བླ་མེད་སེམས་ཀྱིས་སྡིག་པ་བཤགས། །ཇི་ལྟར་སངས་རྒྱས་བཅོམ་ལྡན་མཁྱེན། །ཆོས་དབྱིངས་ཡང་དག་ངེས་བགྱིས་པའི། །བླ་ན་མེད་པའི་བསོད་ནམས་ཀུན། །རྗེས་སུ་ཡི་ནི་རང་བར་བགྱི། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས། །རྒྱས་པར་ཆོས་ཀྱི་འཁོར་ལོ་བསྐོར། །བླ་མེད་ཐེག་ཆེན་འཁོར་ལོ་ནི། །བསྐོར་ཕྱིར་གསོལ་བ་གདབ་པར་བྱ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར། །ཇི་སྲིད་སེམས་ཅན་ཁམས་གནས་པ། །དེ་སྲིད་མྱ་ངན་མི་འདའ་བར། །གསོལ་བ་དག་ནི་གདབ་པར་བྱ། །བདག་གི་དགེ་བའི་ལས་འདི་ཡིས། །འཇིག་རྟེན་མ་ལུས་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་བསྟན་པ། །སེམས་ཅན་སྡུག་བསྔལ་སྒྲོལ་བར་ཤོག །ཅེས་ནི་བྱ་བ་ལ་སོགས་པའོ། །དེ་ནས་སྙིང་པོ་སྔགས་བཟླས་པའི། །དྲི་ཡི་ཆུ་ཡིས་གང་བྱས་པའི། །རྡོ་རྗེ་སེམས་དཔའི་ཕྱག་གིས་ནི། །སྔགས་ཤེས་པས་ནི་སྙིང་གར་གཏུགས། །དེ་ཡི་རྗེས་སུ་བྱིན་བརླབས་ནས། །སྔར་བཞིན་དུ་ནི་ཆོ་ག་བྱ། །ཇི་ལྟར་མཆོད་པ་རྣམ་ལྔ་ཡིས། །དེ་ལ་སོ་སོར་མཆོད་པར་བྱ། །ཁཎྜ་རོ་ཧས་མངོན་བསྔགས་པའི། །དྲི་ཞིམ་ཆུ་ཡིས་ལུས་ལ་བྱུག །མེ་ཏོག་དཀར་པོ་སྤྱི་བོར་སྦྱིན། །འོ་མ་དང་བཅས་ཨུ་དུམ་སོགས། །མདར་བ་དག་གི་སོ་ཤིང་ནི། །སོར་དུ་བཅུ་གཉིས་ཚད་བྱས་ནས། །དེ་རྣམས་ལག་པར་བྱིན་ནས་སུ། །ཤར་དུ་ཕྱོགས་པས་དོར་བའོ། །ཁཎྜ་རོ་ཧས་མངོན་བསྔགས་པའི། །ཆུ་ཡི་ཁ་བཤལ་སྦྱིན་པར་བྱ། །སོ་ཤིང་གང་དུ་ལྷུང་བ་ཡིས། །དངོས་གྲུབ་རྒྱུར་ནི་ཤེས་པར་བྱ། །སྔར་བསྟན་སྟན་ལ་བཞག་ནས་སུ། །དེ་རྣམས་ཀྱི་ནི་ལག་མཐིལ་དུ། །ཡི་གེ་གསུམ་གྱིས་མངོན་བསྔགས་པའི། །ཡང་དག་མཆོད་རྟེན་ཀུ་ཤ་སྤྱིན། །དེ་ནས་ཡང་ནི་སྔགས་འདི་ཡིས། །བསྔགས་པ་ཡིས་ནི་དྲི་ཞིམ་པའི། །བདུད་རྩི་ལྔ་ཡི་ཆུ་སྦྱིན་བྱ། །འཐུངས་པས་སྡིག་པ་ཉམས་ཕྱིར་རོ། །དེ་ལ་འདི་ཡི་གསང་སྔགས་ནི། །ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨཱ་


DTG022_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སརྦ་པཱ་པ་ནི་ཙཱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ། །དེ་རྣམས་བསྲུང་བའི་ཆེད་དུ་ནི། །ཡི་གེ་གསུམ་གྱིས་བསྔགས་པ་ཡི། །མདུད་པ་གསུམ་བྱས་སྐུད་པ་ནི། །དཔུང་པ་གཡོན་པར་བཅིང་བར་བྱ། །དཔའ་བོ་དྲུག་གི་གོ་ཆ་བྱ། །གནས་གསུམ་ཡང་ནི་དེ་བཞིན་ནོ། །དེ་རྣམས་སྲུང་བ་བྱས་ནས་ནི། །ཆོས་འདི་འདི་ལྟར་བཤད་པར་བྱ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །སྐལ་ལྡན་རང་བྱུང་ཆེན་པོ་ནི། །འཇིག་རྟེན་ཀུན་གྱི་འདྲེན་པ་པོ། །གང་ཞིག་ཡོད་དང་མེད་ལས་འདས། །ནམ་མཁའ་འདྲ་བར་དྲི་མ་མེད། །རྙོག་མེད་རྟོག་གེའི་ཡུལ་མིན་པ། །ཟབ་མོ་རྟོགས་པར་དཀའ་བའོ། །ཟབ་མོ་བརྟག་པར་དཀའ་བ་ནི། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྤྲོས་པ་ཀུན་གྱིས་མ་སྤྲོས་པ། །ལས་དང་བྱ་བ་དང་བྲལ་ཏེ། །བདེན་པ་གཉིས་ལ་མི་བརྟེན་པ། །ཡེ་ཤེས་གཙོ་མཆོག་ཤེས་པར་བྱ། །གང་འདོད་པ་ཡི་ཚུལ་དུ་གནས། །འཁོར་ལོ་གསུམ་དག་ཆེན་པོ་ནི། །དྲག་པོའི་སྟེང་དུ་ཡང་དག་གནས། །ཧེ་རུ་ཀ་དཔལ་བཀའ་དྲིན་གྱིས། །སྲུང་བར་བྱས་ནས་དེ་ནས་སྨྲ། །ཇི་ལྟར་རྨི་ལམ་རྨིས་པ་ནི། །བདག་གི་མདུན་དུ་སྨྲ་བར་གྱིས། །ཞེས་བྱ་བརྗོད་ནས་སློབ་མ་དེ། །ཉལ་མལ་དག་ཏུ་གཏང་བར་བྱ། །ཡོན་ཏན་ལྡན་པའི་སློབ་མ་དེ། །དཀྱིལ་འཁོར་ས་གཞིར་གཞུག་བྱ་སྟེ། །བསྒོམ་དང་བཟླས་པ་ལ་སོགས་བྱ། །སློབ་མའི་ལྕེ་ལ་ཨ་ཡིག་ལས། །གསལ་བར་ཟླ་བ་དཔག་མེད་བསམ། །རང་གི་ལྷ་མོ་ལེགས་འཁྱུད་ཕྱག །དམིགས་ལ་དེ་སྙིང་ཟླ་བ་ལ། །ཨ་ཡི་ཡི་གེ་མཛེས་པ་དགོད། །སྒྲུབ་པ་པོས་ནི་སྔགས་འདི་ཡིས། །ལྕེ་ལ་ཡང་དག་བྱིན་གྱིས་བརླབ། །ཨོཾ་པདྨ་ས་ར་ཏ་ཐི་ཏ་སཏྱ། མཱ་བརྟ་ཡ་ཧྲཱིཿ། ཞེས་བྱའོ། །ག་པུར་ཨ་ག་རུ་བསྲེག་པའི། །དེ་ནས་སྤོས་ནི་གཟུང་བར་བྱ། །དཀྱིལ་འཁོར་པ་གང་སངས་རྒྱས་དང༌། །ཉེ་བ་ཉིད་དུ་སྙན་གསན་དབབ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༌།།


DTG022_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲས་བཅས་འཇིག་རྟེན་ལ་གྲགས་དང༌། །རྡོ་རྗེ་རིན་ཆེན་རིགས་དང་ནི། །དེ་བཞིན་པདྨ་ལས་ཀྱི་རིགས། །སྙིང་པོ་ཕྱག་རྒྱ་རིག་སྔགས་དང༌། །གང་ཞིག་ལྷ་ཀུན་གྱི་ནི་ཚོགས། །ཆོས་ཀྱི་དབྱིངས་ལ་གནས་པ་ནི། །དེ་རིང་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བས་ནི། །ཇི་ལྟར་ནུས་པའི་ཉེར་སྤྱོད་པས། །དཔལ་ལྡན་བདེ་མཆོག་དཀྱིལ་འཁོར་མཆོག །ཀུན་དུ་བདག་གིས་བྲི་བར་བྱ། །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྗེས་སུ་བརྩེ་བར་ཉེར་དགོངས་ལ། །ཉེ་བ་ཉིད་དུ་མཛད་པར་རིགས། །ཞེས་བྱ་བརྗོད་ནས་ཡང་དག་མཆོད། །དཀྱིལ་འཁོར་མ་ལུས་པ་ཀུན་ནི། །འདི་ཡིས་དེ་བཞིན་དཀྱིལ་འཁོར་ཏེ། །ནམ་མཁའ་ལ་ནི་སྔར་བཞིན་གཞག །དེ་ཡི་དཀྱིལ་འཁོར་པ་ཀུན་ནི། །དག་པའི་ཤེལ་དང་འདྲ་བ་རུ། །རང་གི་འོད་ཀྱིས་འཁོར་ལོ་འབར། །དཀར་པོ་རྒྱན་གྱིས་བརྒྱན་པ་ནི། །གཞལ་ཡས་ཁང་བར་ཡང་དག་དམིགས། །ཟླ་བའི་འོད་དང་མཉམ་པའོ། །དེ་བཞིན་ཧེ་རུ་ཀ་དཔལ་ཞི། །ལེགས་པར་བལྟས་ལ་ཡང་དག་དགུག །རང་སྙིང་ཟླ་བའི་ཧཱུཾ་འོད་ཀྱིས། །དེ་ནས་རང་གི་ལུས་ལ་གཞུག །ཁ་སྦྱོར་སྦྱར་བས་ཡང་དག་གནས། །བསྲུབ་དང་སྲུབ་པའི་སྦྱོར་བ་ཡིས། །རང་གི་ལུས་ལ་ཐིམ་གྱུར་ནས། །དཀྱིལ་འཁོར་གྱི་ནི་ས་ལ་ཉལ། །དེ་བཞིན་དུ་ཡང་གསུངས་པ་ནི། །སློབ་མ་གཙོ་བོ་དང་བཅས་པ། །བྱེ་བྲག་ཤེས་པའི་ཡོན་ཏན་ཅན། །ཡེ་ཤེས་དཀྱིལ་འཁོར་བལྟས་ནས་ནི། །དཀྱིལ་འཁོར་དང་ནི་ཉེ་བར་ཉལ། །ཞེས་པའོ། །ལྷག་པར་གནས་པའི་ཆོ་ག་ནི། །ཚིགས་སུ་བཅད་པ་བཅོ་ལྔའོ། །དེ་ནས་རྡོ་རྗེ་སློབ་དཔོན་དག །ལྷ་ཡིས་རབ་ཏུ་བསྐུལ་ནས་སུ། །གཉིད་ལས་སད་པར་གྱུར་ནས་ནི། །རྡོ་རྗེ་དྲག་དཔལ་རྣལ་འབྱོར་ལྡན། །ནམ་མཁའ་ལ་གནས་དཀྱིལ་འཁོར་བསམ། །དེ་བཞིན་གླུ་དང་སྒྲ་ལ་སོགས། །བདུག་སྤོས་དག་དང་མཆོད་བྱས་ནས། །ཡེ་ཤེས་ཐིག་ནི་གདབ་པར་བྱ། །གཞོན་ནུ་མས་བྱས་སྐུད་པའམ། །དེ་བཞིན་དཔའ་བོ་རིན་


DTG022_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་ཉོན། །སྐྲ་ཉག་མེད་ཅིང་ལེགས་དག་པ། །སོ་སོ་ལྔ་ལྔ་རུ་ནི་བྱ། །དཀར་པོ་ལ་སོགས་ཁ་དོག་ལྔར། །གཙོ་བོར་བྱས་ལ་ཡང་དག་པར། །ཐིག་སྐུད་ལྔ་ནི་བསྒྲིལ་བར་བྱ། །དཀྱིལ་འཁོར་ལས་ལྷག་ཉིས་འགྱུར་བྱ། །སྔགས་པ་ཡི་ནི་མཐེའུ་ཆུང་ཚད། །སྒོ་ཡི་ཉི་ཤུ་ཆ་ལྟ་བུ། །སྤོམ་ཕྲ་གཉིས་སུ་དག་བརྗོད་ནས། །དཀྱིལ་འཁོར་གྱི་ནི་ཡེ་ཤེས་ཐིག །ཇི་ལྟར་མདུད་པར་མི་འགྱུར་ཕྱིར། །ཤིང་ལ་སོགས་པར་དཀྲི་བྱ་སྟེ། །གསེར་ལ་སོགས་པའི་སྣོད་བཞག་ནས། །དྲི་དང་མེ་ཏོག་ཡང་དག་བརྒྱན། །ཡི་གེ་གསུམ་དང་སྤེལ་བ་ཡི། །སྭཱ་ཧཱ་ཡི་གེ་ཇི་ལྟར་རིམ། །ཡི་གེ་ལྔ་ཡི་ཚུལ་གྱིས་ནི། །སངས་རྒྱས་ཀུན་སྐུ་རང་བཞིན་ནོ། །དཔལ་ལྡན་ཧེ་རུ་ཀ་དཔལ་དཔའ། །རང་གི་ལྷ་མོ་ཡང་དག་ལྡན། །ཧཱུཾ་གི་ཡི་གེ་བརྗོད་ཙམ་གྱིས། །ཐིག་སྐུད་བློ་ལྡན་བྱིན་གྱིས་བརླབས། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །ཐམས་ཅད་དུ་ནི་རྣམ་པ་གསུམ། །ཐུན་མོང་དུ་ཡང་རྣམ་པར་བལྟ། །ཡེ་ཤེས་ལྔ་ཡི་རང་བཞིན་བྱ། །དེ་ནས་ཛ་ལས་མིག་ལ་ནི། །ཉི་མ་ཟླ་བ་མདོག་སེར་དགོད། །ཨོཾ་དཱི་པྟ་དྲྀཥྚ་ཨོཾ་ཀུ་ཤ་ཛཿ། །ཞེས་བརྗོད་ལྕགས་ཀྱུའི་རྣམ་པ་ཡི། །སྤྲུལ་པའི་འོད་ཟེར་ཚོགས་དང་ནི། །སྔགས་དེ་ཡང་ནི་ལན་ཅིག་བརྗོད། །ཧེ་རུ་ཀ་དཔལ་སོགས་ཀུན་མཐའ། །འབར་བའི་ལྟ་བས་བལྟ་བར་བྱ། །དེ་ལ་མཆོད་པ་བྱས་ནས་ནི། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་བསྐུལ། །དཀྱིལ་འཁོར་ཐིག་ནི་བསྐུལ་བ་ཡི། །།རྡོ་རྗེ་ཐིག་ཏུ་གདབ་འགྱུར་རོ། །འབར་བའི་ལྟ་བའི་ལྕགས་ཀྱུས་བཀུག །ཧེ་རུ་ཀ་དཔལ་བྱིན་བརླབས་པའི། །རང་གི་སྙིང་གར་ལག་པས་ཐིག །སྒྲུབ་པོས་ཐིག་ནི་རྫོགས་གདབ་བྱ། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ། ཨོཾ་པ་ར་ཤ་ར་ཨ་ནུ་པྲ་བིཥྚཿ་སརྦ་དྷརྨཱཿ། ཨོཾ་ཨ་ཏྱནྟ་ཨ་ནུ་པྲ་བཥྚེཿསརྦ་དྷརྨཱཿ། །ཞེས་པ་བརྗོད་དེ་དེ་དོན་ནི། །མངོན་དུ་བྱས་ནས་དངོས་པོ་བཞིན། །གཡོག་དང་བཅས་པས་བསྔགས་ཏེ་བཟླས། །ཡིད་ལ་མི་བྱེད་ནམ་མཁའ་ལ། །སྔགས་འདི་ཡིས་ནི་བསྒྲིལ་བར་བྱ། །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་


DTG022_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕཊ། དེ་སྐད་བཟླས་ཏེ་བསྒྲིལ་བྱས་ལ། །དེ་ལ་གསེར་སོགས་སྣོད་དུ་ནི། །ཡང་དག་མེ་ཏོག་སྤོས་ལ་སོགས། །སྔར་བཞིན་དུ་ནི་ཡང་དག་མཆོད། །མིག་གཉིས་མ་དང་ཊ་ལས་ནི། །ཉི་མ་ཟླ་བ་སྔར་བཞིན་བལྟ། །རྡོ་རྗེ་ཁུ་ཚུར་ཊཾ་མཾ་ཉིད། །བརྟན་པར་བྱས་ནས་སྔགས་བཟླས་བྱ། །སྔགས་ནི། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །ཡིག་གསུམ་སྟོང་ཕྲག་བར་དུ་བཟླ། །ཡང་ནི་དཀྱིལ་འཁོར་གྱི་ནི་ས། །དེ་ལ་ཀུན་དུ་བྱུག་པར་བྱ། །མེ་ཏོག་ལེགས་བཀྲམ་མཆོད་ཡོན་ནི། །རྡོ་རྗེ་ཅན་ཀུན་ནམ་མཁའ་གནས། །སྒེག་མོ་སོགས་ཀྱིས་ལེགས་མཆོད་ནས། །མཁས་པས་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ལ་ཡི་གེ་བདུན་བསྔགས་ནི། །རང་གི་ཡིད་ཀྱིས་བརྗོད་བྱ་ཞིང༌། །ཧེ་རུ་ཀ་དཔལ་བདག་གྱུར་ན། །དུམ་སྐྱེས་མ་ཡི་རང་བཞིན་གྱི། །བྱིན་གྱིས་བརླབ་པ་མངོན་བྱས་ནས། །སྒྲུབ་པའི་གྲོགས་མཆོག་སྤྲོ་ཞིང་བསྐུལ། །རྡོ་རྗེ་ཁུ་ཚུར་དག་གིས་སུ། །ལག་པ་གཡོན་པས་བཟུང་ནས་ནི། །གྲོགས་པོའི་ལག་པར་བྱིན་ནས་སུ། །ཕྱོགས་ཀུན་དག་ནི་མཉམ་པར་བྱ། །ཨོཾ་ཛ་ཛ་ཛ་ཞེས་བརྗོད་ནས། །གྲོགས་པོ་ལ་ནི་གཏད་པར་བྱ། །དེས་ཀྱང་ལག་གཡོན་ཁུ་ཚུར་གྱིས། །ཡང་དག་བཟུང་ནས་དེ་སྐད་བརྗོད། །ཐིག་གཉིས་རྒྱབ་ནས་བསྐྱེད་ནས་སུ། །རིམ་པ་ཇི་བཞིན་དྲང་ཞིང་བཟུང༌། །དང་པོ་ནུབ་དང་ལྷོ་ཡི་ནི། །སྒོ་རུ་སྒྲུབ་པ་པོ་གནས་བྱ། །ཤར་དང་བྱང་དུ་ཁ་བལྟས་ནས།། ལྟེ་བའི་ཕྱོགས་སུ་གཟུང་བྱ་ཞིང༌། །གང་ཞིང་སྔགས་པས་ལས་བྱེད་པ། །དེ་བཞིན་སྒྲུབ་པོ་གྲོགས་ཀྱིས་བྱ། །ཡང་ནི་གཡོན་ནས་བསྐོར་ནས་སུ། །སྔགས་དེ་ཉིད་ནི་བརྗོད་པར་བྱ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱཾ། ཤར་དུ་ཕྱོགས་པས་དེ་བཞིན་དུ། །། ས་ཡི་གཞི་ནི་དེ་ཉིད་ལ། །ཚངས་ཐིག་གཉིས་ནི་ཡང་དག་པར།། མཉམ་པར་གཞག་པས་བརྐྱང་བར་བྱ། །སྔགས་པས་ཐིག་ནི་འདེབས་པ་ན། །ནམ་མཁའ་མ་ལུས་ཁྱབ་པ་ཡི། །དེ་ཡི་སྒྲ་ཡིས་བདེ་གཤེགས་རྣམས། །དེ་ཉིད་ལན་ཅིག་བསྐུལ་བ་ཡིས། །ཁྱེད་ནི་སེམས་


DTG022_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་དོན་དུ་དབབ། །འདི་ཉིད་ཀྱང་ནི་བསམ་པར་བྱ། །དེ་ནས་སློབ་དཔོན་སྒྲུབ་གྲོགས་དག །བསྐོར་ཞིང་འགྲོ་བའི་བྱ་བ་ནི། །གཡོན་པའི་སྤྱོད་པ་གཙོ་བའི་ཕྱིར། །ཀུན་དུ་གཡོན་པའི་ཆོ་གས་བྱ། །དེ་ལྟ་ན་ཡང་ལྟོས་པ་ཡིས། །རྟོགས་པར་དཀའ་བས་གཡས་སྐོར་དུ། །རླུང་དང་དབང་ལྡན་མཚམས་གནས་དང༌། །མེ་དང་བདེན་བྲལ་མངོན་ཕྱོགས་ཏེ། །སྔགས་པས་མཚམས་ཀྱི་ཐིག་གཉིས་ནི། །ཇི་ལྟའི་རིམ་པས་བརྐྱང་ལག་གདབ། །དེ་བཞིན་མེ་རུ་གནས་པ་ཡིས། །བྱང་དུ་བལྟས་པས་དེ་ལྟ་བར། །ལྟེ་བའི་ཕྱོགས་སུ་གནས་པ་ཡི། །དེ་ཡིས་དབང་པོའི་ཕྱོགས་ཐིག་གདབ། །དེ་ནས་དེ་བཞིན་རླུང་ཕྱོགས་ཀྱི། །སྔར་བཞིན་དུ་ནི་གནས་ནས་སུ། །སྔགས་པས་ལྷོ་རུ་མངོན་ཕྱོགས་པས། །ནུབ་ཀྱི་ཕྱོགས་ཐིག་གདབ་པར་བྱ། །དེ་ནས་དེ་ཉིད་དུ་འདུག་ནས། །ཤར་དུ་མངོན་པར་ཕྱོགས་གནས་ཏེ། །བསྐོར་བར་འགྲོ་བའི་བྱ་བ་ཡིས། །མཁས་པས་བྱང་གི་ཕྱོགས་ཐིག་གདབ། །མེ་ཡི་ཕྱོགས་སུ་འདུག་ནས་སུ། །དེ་བཞིན་ནུབ་ཏུ་མངོན་ཕྱོགས་པས། །ལྷོ་ཡི་ཕྱོགས་ཐིག་བཏབ་ནས་ནི། །དེ་བཞིན་གྲྭ་བཞི་རུ་ནི་འགྱུར། །འཁོར་ལོ་གསུམ་བརྗོད་དཀྱིལ་འཁོར་ནི། །འཁོར་ལོ་ཐིག་ནི་རྒྱས་བསྟན་པ། །ཡང་དག་རྫོགས་པར་སྔར་བརྗོད་པས། །འདིར་ནི་རྒྱས་པར་མ་བྱས་སོ། །ར་བ་ལ་སོགས་ཐིག་རྣམས་ནི། །ཡེ་ཤེས་ཐིག་ནི་བསྡུས་པ་རུ། །དེ་ནས་ཕྱིས་ནི་བརྟགས་བྱས་ལ། །མཁས་པས་ཡང་དག་མཆོད་ལ་གཞག །ཡེ་ཤེས་ཐིག་ནི་གཤེགས་གསོལ་ནས། །སྔོན་པོ་ལ་སོགས་པ་ཡི་ཚོན། །གསེར་ལ་སོགས་པའི་སྣོད་ཉིད་དུ། །བཀང་ནས་ཆོ་ག་བརྩམས་པར་བྱ། །ཐིག་གི་ཚོན་སྣ་ལྔ་པོ་ཉིད། །ཧཱུཾ་ལས་དཀྱིལ་འཁོར་བདག་པོ་ནི། །དཀྱིལ་འཁོར་ཀུན་དང་ཡང་དག་ལྡན། །བསམས་ལ་དེ་ནི་རིམ་བསྒོམ་བྱ། །ཉི་མའི་དཀྱིལ་འཁོར་རྣམས་བསམས་ཏེ། །ཨོཾ་ནི་ཇི་ལྟར་འོད་ལྡན་པ། །བདེན་པའི་བྱིན་གྱིས་བརླབས་ཚིག་གིས། །རྡུལ་ཚོན་རྣམས་ནི་འབར་བའོ། །རྡུལ་ཚོན་མང་བདེན་


DTG022_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་བརྗོད་པས། །སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར། །སེམས་ཅན་རྗེས་སུ་ཆགས་པ་ཡིས། །བདེན་ངེས་ཚོན་རྩི་འབར་བར་ཤོག །སྦྱོར་བའི་སྟོབས་ནི་གོམས་པ་ཡིས། །གང་ཞིང་སྟོབས་ཀྱིས་འབར་བའོ། །དེ་ནས་ཡི་གེ་གསུམ་པོ་ནི། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས། །བརྒྱ་རྩ་བརྒྱད་ཡོངས་བཟླས་ནས་ནི། །བདག་པོ་རྣལ་འབྱོར་ལྡན་པ་ཡིས། །ཕྱིས་ནི་ཡང་དག་མཆོད་པར་བྱ། །བླ་མེད་ཤེས་རབ་བླངས་ནས་སུ། །རང་གི་དྲིལ་བུ་སྒྲ་ཡིས་ནི། །རང་ལ་མཚན་མ་ངན་ལ་སོགས། །རིམ་གྱིས་མེད་པར་བྱེད་པའོ། །དབུས་སུ་ཐིག་ལེ་དཀར་པོའི་ཚོན། །ཤར་གྱི་འདབ་མར་ནག་པོའོ། །གཡོན་གྱི་འདབ་མར་ལྗང་གུའོ། །དེ་བཞིན་རྒྱབ་ཀྱི་འདབ་མར་དམར། །གཡས་ཀྱི་འདབ་མ་སེར་པོར་དགོད། །དེ་ལྟར་ཐིག་ལེ་ལྔ་པོ་དེ། །ཡང་དག་རྙེད་ནས་ལག་གཡོན་གྱིས། །སྔགས་ཀྱི་བསྐུལ་བ་བརྗོད་པ་ནི། །ཨོཾ་བཛྲ་རཱ་ག་ས་མ་ཡ་ཨོཾ་ཨཱཿ་ཧཱུཾ། ཁུ་ཚུར་གཡོན་པས་དབང་ལྡན་ནས། །ནང་ནས་རི་མོ་ལྔ་བྲི་བྱ། །ཕྱི་ནས་སློབ་མ་ཅི་བདེ་བར། །དཀྱིལ་འཁོར་ནང་དུ་གནས་ནས་ནི། །དཀར་པོ་ལྗང་གུ་དམར་པོ་དང༌། །དེ་བཞིན་གཞན་ནི་སེར་སྔོན་པོ། །ཕྱི་རོལ་དུ་ནི་ཁ་དོག་སོགས། །ར་བ་རྣམས་སུ་ཡང་དག་གྲགས། །ཇི་ལྟར་གསུངས་པའི་ཚད་ཀྱིས་བྲི། །དེ་བཞིན་སྦོམ་མིན་ཕྲ་བ་མིན། །འཁྱོགས་པ་མ་ཡིན་ཉམས་པ་མིན། །མཁས་པས་རི་མོ་བྲི་བར་བྱའོ། །དེ་བཞིན་དུ་ནི་ཡང་གསུངས་པ། །སྦོམ་པས་ནད་ནི་འབྱུང་པར་འགྱུར། །ཕྲ་བས་ནོར་ནི་ཉམས་པར་རོ། །འཁྱོག་པོ་ཡིས་ནི་འབྱེད་པར་བྱེད། །ཆད་པ་ཡིས་ནི་འཆི་བར་འགྱུར། །གཞན་དུ་ཡང་ནི་བརྗོད་པ་ཡི། །སྦོམ་པ་ཡིས་ནི་ཁོང་ནད་འབྱུང༌། །ཕྲ་བས་ནད་དང་ནོར་ཟད་དོ། །དེ་ལ་སོགས་པའི་སྐྱོན་རྣམས་ནི། །སློབ་དཔོན་སློབ་མ་དག་ལ་འབྱུང༌། །སྦོམ་ཕྲ་མཐེའུ་ཆུང་གི་ནི་ཚད། །དཀྱིལ་འཁོར་ཁྲུ་ནི་དྲུག་ཏུ་འདོད། །ཐུན་མོང་གི་ནི་དཀྱིལ་འཁོར་གྱི། །སྒོ་ཡི་ཉི་ཤུའི་ཚད་ཡིན་ནོ། །རྡུལ་ཚོན་ཤར་དང་བྱང་དང་


DTG022_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །ནུབ་དང་ལྷོ་ཕྱོགས་ཉིད་དུ་ནི། །དེ་ལ་སོགས་པ་ཕྱོགས་ཀྱི་ཆ། །ཞལ་གྱི་མདོག་ཏུ་བྲི་བའོ། །དཀར་པོ་སྔོན་པོ་བསྲེས་པའི་མདོག །དབུས་ཀྱི་ཆར་ནི་བྲི་བར་བྱ། །འདི་ཉིད་དུ་ནི་གསང་དབང་བསྐུར། །གཞན་ཉིད་ཀྱང་ནི་བརྟག་པ་ཡིན། །དཀྱིལ་འཁོར་བྲི་བའི་དུས་སུ་ནི། །རླུང་ལ་སོགས་པ་བྱུང་བ་ན། །གཅིག་ཏུ་དམ་པའི་དོན་དུ་ནི། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཡང་ན་རལ་གྲིའི་རྩེ་མོ་ལ། །ཕར་ལ་བ་ཡི་མར་ནག་གིས། །སྙིང་པོ་ས་བོན་ཧཱུཾ་ཕཊ་ནི། །སྔགས་རིག་པ་ཡིས་ཕྱི་རོལ་བྲི། །སྟོབས་པོ་ཆེ་ཡི་འགྱིང་པའམ། །རྡོ་རྗེ་དྲག་དཔལ་རྣལ་འབྱོར་ལྡན། །རལ་གྲི་དེ་ནི་སྤྲིན་ལ་སོགས། །རླུང་ལ་མངོན་པར་ཕྱོགས་ནས་སུ། །ལན་ཅིག་ཁྲོ་བོའི་ལུས་ཀྱིས་སུ། །ཕཊ་ཀྱི་ཡི་གེ་བརྗོད་བྱ་ཞིང༌། །མཚོན་ཆ་འདེབས་པའི་ཚུལ་བྱས་ན། །སངས་རྒྱས་བྱས་ཀྱང་རླག་པར་བྱེད། །དེ་ལྟར་བཟློག་ནས་དེ་རྗེས་ལ། །སྣོད་ནི་བཟང་པོ་ལ་སོགས་སུ། །གནས་མིན་པར་ལྟུང་རྡུལ་ཚོན་ནི། །དེ་བཞིན་རས་ལ་སོགས་པ་ཡང༌། །ཡི་གེ་བརྒྱ་པའི་སྔགས་ཀྱིས་ནི། །བཟླས་པའི་དྲི་ཡི་ཆུ་དག་གིས། །དབང་ལྡན་ཕྱོགས་ནས་བརྩམས་ནས་སུ། །ཕྱི་དང་ནང་དུ་བསང་གཏོར་བྱ། །ཙནྡན་ཨ་ག་རུ་ནི་སྤངས། །ཆུ་སྲིན་སྡེར་མོ་ག་པུར་དང༌། །གླ་རྩི་ཀ་ར་སྦྲང་རྩིར་ལྡན། །བདུག་སྤོས་མང་པོ་རྒྱུན་མི་འཆད། །ཕྱོགས་དང་མཚམས་སུ་སྣོད་བྱས་ནས། །མདུན་དུ་མེ་མར་སྡོང་པོ་གཞག །སྣ་ཚོགས་མེ་ཏོག་ཕྲེང་བ་ནི། །བླ་རེའི་སྟེང་ནས་འཕྱར་བར་བྱ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །ལག་པ་གཡོན་པ་རེག་བྱས་ནས། །དཀྱིལ་འཁོར་བདག་པོ་གསང་སྔགས་ཏེ། །ལན་བདུན་དུ་ནི་བཟླ་བར་བྱ། །ཉི་མ་དགོངས་ཀ་དེ་ཉིད་ལ། །གར་དང་རྔ་ནི་ལྷག་པ་ཡི། །གླུ་དང་སྒྲ་ལ་སོགས་པ་ཀུན། །སངས་རྒྱས་ཞིང་དུ་རྣམ་གནས་པའི། །འཁོར་དང་བཅས་པའི་སངས་རྒྱས་ཀུན། །ནམ་མཁའི་ཕྱོགས་སུ་རྣམ་གནས་པའི། །དཀྱིལ་འཁོར་རྣམས་ལ་ཡང་དག་མཆོད། །གསོལ་བཏབ་འདི་


DTG022_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིས་སྦྲན་དྲང་བྱ། །མ་ལུས་ཕྱོགས་བཅུར་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་རྡོ་རྗེ་ཅན་ཞེས་པ། །དཀྱིལ་འཁོར་བདག་གིས་བརྟག་པར་བྱ། །སངས་རྒྱས་རྣམས་ནི་འདིར་གཤེགས་ལ། །དངོས་གྲུབ་རྣམས་ནི་དེང་སྩོལ་ཅིག །དེ་ལྟར་བརྗོད་ནས་ཕྱག་བྱས་ཏེ། །ཐུགས་ཀྱི་ཡེ་ཤེས་རྡོར་ཧཱུཾ་ལས། །ལྕགས་ཀྱུའི་རྣམ་པའི་འོད་ཟེར་ཚོགས། །བཅོམ་ལྡན་དཔའ་བོ་གཙོ་བོ་ནི། །སྤྲུལ་པའི་གཟུགས་ཀྱིས་གནས་པ་ནི། །ཁ་སྦྱོར་གྱུར་པས་ཡང་དག་གནས། །དེ་ཕྱིར་ཡང་དག་བསྐུལ་ནས་བྱོན། །དེ་ལ་ཧཱུཾ་ལ་ཞུགས་པར་བྱ། །དཀྱིལ་འཁོར་པ་ཀུན་བསམས་བྱས་པ། །བར་སྣང་ལ་གནས་ལྷན་ཅིག་ཏུ། །ཇི་ལྟའི་གནས་སུ་ལྷན་ཅིག་ཏུ། །ཧཱུཾ་གིས་བྱས་པས་གཅིག་ཏུ་བསྒོམ། །རི་མོ་ལ་སོགས་རྣམ་བཀོད་ལ། །དེ་ལྟར་རང་གི་དཀྱིལ་འཁོར་གཞུག། དཀྱིལ་འཁོར་དབུས་བྱུང་པདྨ་ནི། །འདབ་མ་བརྒྱད་པ་གེ་སར་བཅས། །པད་སྟེང་དཔའ་བོ་དབང་ཕྱུག་ནི། །ལྷ་མོས་འཁྱུད་པས་ཡང་དག་གནས། །ཤར་གྱི་འདབ་མར་མཁའ་འགྲོ་མ། །བྱང་གི་འདབ་མར་ལཱ་མ་སྟེ། །ནུབ་འདབ་དུ་མ་སྐྱེས་མ་ཡིན་ལ། །ལྷོ་རུ་གཟུགས་ཅན་མ་གནས་སོ། །དྲི་ཆེན་དྲི་ཆུ་ཁུ་བ་ཁྲག །དུང་ཆེན་བཞི་རུ་གནས་པ་ནི། །མཚམས་ཀྱི་འདབ་མ་བཞི་པོ་ལ། །གཡོན་ནས་བརྩམས་ཏེ་དགོད་པར་བྱ། །དེ་བཞིན་འཁོར་ལོ་གསུམ་བསྟན་པ། །དཔའ་བོའི་རྩིབས་ལ་དེ་བཞིན་དགོད། །རྒྱུད་ནས་གཡོན་གྱི་རིམ་པ་ཡིས། །རང་རང་ལྷ་མོ་ཡང་དག་ལྡན། །དང་པོ་ཐུགས་ཀྱི་འཁོར་ལོ་སྟེ། །གཉིས་པ་གསུང་གི་འཁོར་ལོ་དང༌། །གསུམ་པ་སྐུ་ཡི་འཁོར་ལོ་ནི། །ལུགས་ལས་བཟློག་པ་དགོད་པར་བྱ། །དང་པོའི་སྒོར་ནི་ཁ་གདོང་མ། །དེ་ནས་འུག་གདོང་བྱང་དུ་སྟེ། །ཁྱི་གདོང་ནུབ་ཏུ་ཤེས་པར་བྱ། །ལྷོ་རུ་ཕག་གི་གདོང་ཅན་ནོ། །མཚམས་སུ་དེ་བཞིན་གཤིན་རྗེ་བརྟན། །གཤིན་རྗེ་ཕོ་ཉ་གཞན་ཡང་ནི། །ཤིན་རྗེ་མཆེ་བ་ཅན་ཞེས་དང༌། །དེ་བཞིན་གཤིན་རྗེ་འཇོམས་མ་དགོད། །དཀྱིལ་འཁོར་ལྷ་རྣམས་བཀོད་ནས་


DTG022_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ། སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཀྲ་མ་ཧཱུཾ། །ཡང་ན་ཡི་གེ་གསུམ་དྲན་བྱ། །གལ་ཏེ་རྡུལ་ཚོན་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །སྔར་ནས་ཚོན་གྱིས་བྲི་བར་བྱ། །གལ་ཏེ་ཡང་ནི་མ་ནུས་ན། །དེ་དང་དེ་ནས་སྔགས་བསྒོམ་བྱ། །ཧེ་རུ་ཀ་མཆོག་ཕྱག་རྒྱ་བཞི། །ངེས་པར་བྲི་བ་དགོངས་པའོ། །ཅུང་ཞིག་དཀྱིལ་འཁོར་མ་རྫོགས་པ། །དེ་ཡི་དུས་ན་ཡོངས་རྫོགས་འགྱུར། །ལྷ་ཡི་འཁོར་ལོ་རྣམ་བཀོད་ནས། །འདི་ལྟར་སྤོས་ལ་སོགས་པ་ཡང༌། །དཀྱིལ་འཁོར་པ་ཀུན་མངོན་བྱས་མཆོད། །སོ་སོའི་སྐྱེ་བོ་རྣལ་འབྱོར་དམིགས། །མེ་ཏོག་ཕྲེང་བས་ཡང་དག་གཟུང༌། །ཁྲོས་པའི་ཧཱུཾ་ཡིག་བརྗོད་པར་བྱ། །ཧཱུཾ་གི་ཡི་གེ་བརྗོད་ནས་སུ། །སྔགས་པས་དཀྱིལ་འཁོར་དུ་ནི་འཇུག །རྣལ་འབྱོར་གཡས་དང་གཡོན་གྱིས་ནི། །བལྟ་ཞིང་དྲིལ་བུ་དཀྲོལ་བར་བྱ། །བསྐོར་བ་ལན་གསུམ་བྱས་ནས་སུ། །བསྐྱུར་བའི་མེ་ཏོག་ཕྲེང་བླངས་ནས། །བརྟུལ་ཞུགས་ཅན་གྱིས་སླར་ཡང་ནི། །རང་གི་མགོ་ལ་བཅིང་བར་བྱ། །ཁྲོ་བོའི་ལྟ་སྟངས་ཡང་དག་ལྡན། །ནུབ་ལ་སོགས་པའི་སྒོ་བཞི་རུ། །གནས་ནས་ཡི་གེ་གསུམ་ནི་བརྗོད། །ཤར་ལ་སོགས་པའི་སྒོ་བཞིར་ནི། །མཁས་པས་ཡིད་ཀྱིས་དབྱེ་བར་བྱ། །སྒོ་དབྱེ་བ་ཡི་གསང་སྔགས་ནི། །ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། །དེ་ནས་བདུད་རྩི་ལྔ་ལྡན་པའི། །དྲི་ཡི་ཆུ་དང་བཅས་པ་ཡིས། །ཧེ་རུ་ཀ་དཔལ་མདུན་དུ་ནི། །དུང་ཆོས་དག་ནི་གཞག་པར་བྱ། །སྔགས་པ་རིག་མ་དང་བཅས་པས། །དེ་བཞིན་དཀྱིལ་འཁོར་དུ་ནི་འཇུག །དེ་ནས་རྗེས་གནང་བླངས་ནས་སུ། །རང་ཉིད་བྱིན་གྱིས་བརླབ་པར་བྱ། །རང་གི་མིང་ནི་བརྗོད་ནས་སུ། །སྤྱི་བོས་ཀྱང་ནི་ཕྱག་བྱའོ། །འོག་ནས་འབྱུང་བའི་ཆོ་ག་འདིས། །ལྷ་རྣམས་ཡང་དག་བསྐུལ་བར་བྱ། །མི་བཟད་མ་ལུས་བདུད་ཀྱིས་གུས་བྱས་པའི། །མ་ལུས་འགྲོ་བའི་རང་བཞིན་སྔོན་དུ་བྱས། །རང་བྱུང་མཐའ་མེད་སྲིད་པ་ཉིད་ཀྱི་རང་བཞིན་ནི། །ས་ཀུན་སྙིང་པོ་གཅིག་


DTG022_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་འདིར་སྤྱོན་ཅིག །དེ་ལྟར་སྔགས་པས་བསྐུལ་ནས་སུ། །མཁས་པས་ཡང་དག་འཇུག་པར་བྱ། །ཧཱུཾ་བཞི་པ་ཡི་སྔགས་དང་ནི། །དཔའ་བོ་ལྔ་དང་བཅས་པས་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨོཾ་གྲིཧྞ་གྲྀཧྞ་ཧཱུཾ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨོཾ་ཨཱ་ན་ཡ་ཧོཿ། བྷ་ག་ཝཱ་ན་བཛྲ་ཧཱུཾ་ཕཊ། སྔགས་འདི་དག་ནི་བརྗོད་པ་ནི། །རང་སྙིང་ཧཱུཾ་ཡིག་ལས་བྱུང་བའི། །འོད་ཟེར་རྣམས་ཀྱིས་མ་ལུས་དགུག །རང་གི་སྲས་བཅས་འདིར་གནས་པ། །ནམ་མཁའི་ཕྱོགས་ནས་འོངས་པ་ཡིས། །ངལ་ཞིང་ཞལ་ནི་བཞད་བཅས་པ། །རང་གི་དངོས་གྲུབ་གྲུབ་འདོད་ན། །སེམས་ཅན་ཀུན་ལ་བདེ་སྟེར་བ། །དཀྱིལ་འཁོར་མངོན་ཕྱོགས་འོངས་ནས་སུ། །སྟེང་དུ་གནས་པ་བསམ་པར་བྱ། །རྡོ་རྗེ་དྲིལ་བུ་བླངས་ནས་ནི། །སྔར་བརྗོད་པ་ཡི་བསྟོད་པས་བསྟོད། །བཅོམ་ལྡན་བརྟན་པོར་བཟུང་བྱས་ནས། །ཤིན་ཏུ་བཤེས་ནི་ཉེར་གནས་ལ། །འདི་ཡིས་བསྒོམས་པས་དེ་དེ་ཀུན། །རང་རང་གཟུགས་ཀྱིས་གཞུག་པར་བྱ། །ལྷ་ཡི་འཁོར་ལོ་ཀུན་ལ་ནི། །ཕྱག་རྒྱ་བཞི་ཡིས་རྒྱས་གདབ་བྱ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རང་རང་ཁ་དོག་ཕྱག་མཚན་འཆང། །སྤྲུལ་པའི་སྐུ་ཡི་རང་བཞིན་ནི། །ཕྱག་རྒྱ་ཆེན་པོ་རུ་ནི་གྲགས། །དབང་པོ་གཉིས་ཀྱིས་སྙོམས་འཇུག་པ། །བསྒོམ་པའི་བདག་ཉིད་དེ་དོན་དུ། །ཤེས་རབ་མི་མོ་གཟུགས་འཛིན་པ། །དེ་ནི་དམ་ཚིག་ཏུ་ནི་བརྗོད། །བྱང་ཆུབ་ས་བོན་སྐྱེད་བྱེད་གང༌། །ཞིང་དུ་བྱེད་པའི་བདག་ཉིད་དེ། །ཡང་དག་མཐར་ནི་རྣམ་དག་པས། །ཆོས་ཀྱི་ཕྱག་རྒྱ་རུ་ནི་བརྗོད། །སེམས་ཅན་ཕུང་པོ་མ་ལུས་པ། །རྫོགས་པའི་བྱང་ཆུབ་རྒྱུད་ཆེད་དུ། །རྡོ་རྗེ་པདྨ་སྙིང་བརྩེར་གང༌། །ལས་ཀྱི་ཕྱག་རྒྱ་རུ་ནི་གྲགས། །འོན་ཀྱང་དེ་བཞིན་ལྷ་མོ་རྣམས། །དགའ་རོལ་དམ་ཚིག་ཏུ་ནི་གྲགས། །ལས་ཀྱི་ཕྱག་རྒྱ་དེ་བཞིན་དུ། །རང་གི་བྱ་བ་དེ་སྐད་ཅིག །ཕྱག་རྒྱ་བཞི་ཡིས་རྒྱས་གདབ་པོ། །དེ་བཞིན་རྒྱས་གདབ་རི་མ་ཉིད་ནི། །དཔའ་དབང་རང་གི་ལྷ་མོ་རྣམས། །དཔའ་བོ་


DTG022_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་དང་གཙོ་བོ་ནི། །དབང་བསྐུར་བ་ནི་རབ་ཏུ་སྦྱིན། །བསམ་གཏན་གྱིས་ནི་ལེགས་མཉམ་གཞག །སེམས་ཅན་དོན་ལ་བྱེད་བརྩོན་པས། །སྤྲོ་དང་དེ་བཞིན་གཞུག་པར་བྱ། །ཕན་ཚུན་ཐ་མི་དད་མི་གནས། །དཀྱིལ་འཁོར་བདག་པོ་གསང་སྔགས་ནི། །བརྒྱ་རྩ་བརྒྱད་དུ་བཟླ་བར་བྱ། །དེ་ལས་གཞན་པའི་ལྷ་རྣམས་ཀྱི། །ཉི་ཤུ་རྩ་གཅིག་བཟླ་བར་བྱ། །དེས་ཀྱང་དཀྱིལ་འཁོར་གྲུབ་པར་ནི། །འགྱུར་བ་རུ་ནི་ཐེ་ཚོམ་མེད། །གཙོ་བོ་སྔགས་ནི་བཟླས་པ་ཡིས། །རྣམ་རྒྱལ་བུམ་པ་དེ་ནས་ནི། །དེ་ཡི་མདུན་དུ་གཞག་པར་བྱ། །ལྷ་མོ་རྣམས་ཀྱི་སྔགས་ཀྱིས་བསྔགས། །དེ་རྣམས་འཁོར་ལོའི་རྡུལ་ཚོན་གྱི། །ཕྱི་རོལ་དུ་ནི་མཁས་པས་གཞག །ཇི་ལྟར་འདོད་པས་མཚམས་བཞི་རུ། །མཚན་མ་ཡང་དག་ལྡན་དེ་དགོད། །དེ་ནས་ཨརྒྷ་ལ་སོགས་དབུལ། །པུས་མོ་གཡས་པ་སར་བཙུགས་ནས། །སྤོས་ལ་སོགས་པས་ཡང་དག་མཆོད། །ཡང་ན་ཡི་གེ་གསུམ་བསྔགས་པའི། །ལས་ཀུན་པ་ཡི་བུམ་ཆུ་ཡིས། །སྣོད་གཅིག་ཏུ་ནི་བསང་གཏོར་བྱ། །ཡང་དག་བླངས་ཏེ་བཏུང་ལ་སོགས། །བལྡག་དང་གཞིབ་དང་བཅའ་བར་ལྡན། །དེ་ལ་ཡིག་གསུམ་མངོན་པར་བསྔགས། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་ཨ་བརྟ་ཡ་ཧོ་ཞེས་བྱའོ། །དཔའ་བོ་རྣམས་ལ་སོ་སོར་ནི། །གོས་ཟུང་དག་ནི་དབུལ་བར་བྱ། །གཙོ་བོ་ལ་ནི་དྲི་མཆོག་དང༌། །རྣམ་པ་སྣ་ཚོགས་རས་ཡུག་དབུལ། །མེད་ན་ཇི་ལྟར་ནུས་པ་ཡི། །ལྔ་ལས་ཉུང་བར་མི་བྱའོ། །སྔགས་པས་མཆོད་པ་རྣམ་ལྔ་ཡིས། །ལྷ་རྣམས་སོ་སོར་མཆོད་པར་བྱ། །དེ་ལ་འདི་ཡི་གསང་སྔགས་ནི། །ཨོཾ་དྷཱུ་པཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་གནྡྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བྷ་ཀྟཾ་པྲ་ཏཱིཙྪ་སྭཱ་ཧཱ། ལྷ་དང་དབྱེར་མེད་པ་ཡི་གཟུགས། །སྒེག་མོ་ལ་སོགས་ཆ་ལུགས་ཀྱིས། །སྔོན་དུ་གསང་སྔགས་འདི་བརྗོད་ཅིང༌། །མཁས་པ་ཡིས་ནི་མཆོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སྱ་ལཱ་སྱ་ར་ཏི་ཀྲྀ་ཌཱ་སཽ་ཁྱ་ཨ་ནུ་ཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་


DTG022_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཡེ་ཧཱུཾ། གལ་ཏེ་འབྱོར་ན་མཆོད་པ་ནི། །གདུགས་དང་རྒྱལ་མཚན་བ་དན་སོགས། །གླུ་དང་གར་དང་རྔ་ལ་སོགས། །དགོད་དང་སྒེག་ལ་དགའ་བས་སྤྲོ། །ཕྱི་དང་གསང་བའི་རྣམ་པ་ཡིས། །མཆོད་པའི་རིགས་ཀྱི་ཚོགས་ཀྱིས་ནི། །ལུས་ཀུན་དྲི་ཡིས་བྱུགས་པ་དང༌། །བརྟུལ་ཞུགས་ཅན་གྱིས་ཡང་དག་མཆོད། །དེ་བཞིན་དུ་ཡང་གསུངས་པ་ནི། །དམ་པའི་མཆོད་པ་འདི་ཡིས་ནི། །ཡིད་ནི་དགའ་བ་སྐྱེད་པར་བྱེད། །དེ་ཕྱིར་ཀུན་བདག་རྣལ་འབྱོར་གྱིས། །བདག་གཞན་ཀུན་གྱིས་མཆོད་པར་བྱ། །ཞེས་གསུངས་སོ། །འོག་ནས་འབྱུང་བའི་སྔགས་འདི་ཡིས། །དེ་ལ་ལན་གསུམ་བརྗོད་པར་བྱ། །མཆོད་པ་ཀུན་གྱི་རང་བཞིན་གྱི། །སྣ་ཚོགས་པས་མཆོད་བསྒོམ་པར་བྱ། །སྔགས་ནི། །ཨོཾ་ཨ་ནུ་ཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུདྒ་ཏེ་ཙ་ར་ཧི་མཾ་ག་ག་ན་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ལྷག་དང་ཆད་པ་ཡི། །སྐྱོན་ནི་བསལ་བར་བྱ་བའི་ཕྱིར། །བསམ་གཏན་བཟླས་དང་བསྟོད་བྱས་ནས། །ཇི་ལྟར་དེ་བཞིན་བཟོད་པར་གསོལ། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་ཀྱང་ནི་དྲན་པ་དང༌། །སེམས་ཅན་ཀུན་གྱི་སྙིང་རྗེ་ཡིས། །དངོས་གྲུབ་མ་ལུས་བསྒྲུབ་པར་བགྱི། །ཞེས་བྱའོ། །དེ་ནས་ཤར་སྒོ་ལས་བྱུང་ལས། །བཅོམ་ལྡན་འདས་དང་ལྷན་འོངས་པའི། །དབང་པོ་ལ་སོགས་ཕྱོགས་བདག་ཀུན། །ཚིག་གིས་ཉེ་བར་སྤྱན་དྲང་བྱ། །དེ་ལ་ཚིག་ནི་འདི་ཡིན་ཏེ། །ཁ་ཅིག་བཅོམ་ལྡན་འདས་གཅིག་འོངས། །ཕྱོགས་ཀྱི་བདག་པོ་འཁོར་དང་བཅས། །གང་འདིར་གནས་པ་དེ་དག་ཀུན། །དེ་རྣམས་པ་བདག་ལ་རྗེས་དགོངས་ཕྱིར། །ཇི་ལྟར་ཡོད་པའི་དྲི་དང་ནི། །མེ་ཏོག་སོགས་ཀྱིས་གཏོར་བཞེས་ལ། །སེམས་ཅན་རྣམས་ལ་བྱམས་སེམས་དང༌། །སློབ་མ་ཡང་དག་བགེགས་མེད་མཛོད། །དེ་ནས་དེར་གནས་ཨརྒྷ་ནི། །ཆུ་ནི་གཉིས་པས་གསུམ་དབུལ་ལོ། །མཆོད་པ་ལྔ་ནི་ཉེར་བླངས་ནས། །


DTG022_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་ལྔ་ལྡན་གཏོར་མ་ནི། །ཡི་གེ་གསུམ་གྱིས་མངོན་བསྔགས་ཏེ། །དེ་ཉིད་བརྗོད་པས་སྦྱིན་པར་བྱ། །མཆོད་པ་བྱས་ནས་དེ་མཐར་ནི། །དེ་ནས་ཕྱོགས་སྐྱོང་གཏོར་མ་སྦྱིན། །དེ་ནས་དྲི་ཞིམ་ཡན་ལག་བཀྲུ། །སྣ་ཚོགས་གོས་ཀྱིས་བརྒྱན་བྱས་ན། །དང་པོ་ལྷ་རྣམས་ཚིམ་པའི་ཕྱིར། །ཞི་བ་ཡི་ནི་སྦྱིན་སྲེག་བྱ། །དེ་ལ་འདི་ཡི་ཆོ་ག་ནི། །དམ་ཚིག་ལྡན་པའི་བཙུན་མོ་གཟུང༌། །རང་གི་ལྷ་མོའི་རྣམ་གང་བསམ། །དཀྱིལ་འཁོར་ནང་དུ་དེ་དང་ནི། །གནས་ནས་དབང་ཉིད་སྙོམས་འཇུག་ཉིད། །ཐུགས་ཀར་ཡེ་ཤེས་ཀྱི་ནི་ལྷ། །གཉི་གར་ཡང་ནི་ཡང་དག་བསམ། །དེ་བཞིན་ཧཱུཾ་ལས་ཧོམ་གཟར་བསྐྱེད། །དབུས་སུ་མེ་ནི་འབར་བ་ཡི། །དེ་བཞིན་ལྕེ་ནི་ཧཱུཾ་ལས་བསྐྱེད། །ཞག་ཆེན་གྱིས་ནི་མཆོད་པའམ། །མར་དང་བསྲེས་པ་རྣམ་བསམ་བྱ། །བདུད་རྩི་ལྔ་སོགས་ཡང་དག་ལྡན། །བློ་ལྡན་སྟོན་མོའི་སྦྱིན་སྲེག་བྱ། །ཕན་ཚུན་ཁ་ཡི་ཐབ་ཁུང་འདིར། །མ་ཚིམ་བར་དུ་སྦྱིན་སྲེག་བྱ། །གང་གིས་དེ་ལྟར་མི་ནུས་ན། །དེ་ལ་ཕྱི་རོལ་སྦྱིན་སྲེག་བྱ། །ཞི་བའི་སྦྱིན་སྲེག་ཆོ་ག་ཡིས། །བྱས་ནས་དེ་ནི་ཡང་དག་བསྡུ། །འོན་ཀྱང་གསང་བའི་ཆོ་ག་ཡིས། །ཚིམ་པར་བྱས་ནས་ཉེ་བར་འགྱུར། །དེ་བཞིན་ཕྱི་རོལ་སྦྱིན་སྲེག་གིས། །ལྷ་རྣམས་ཉེ་བར་མི་འགྱུར་རོ། །དེ་ནས་ཕྱི་རོལ་གསང་བ་ཡི། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །དེ་རྗེས་རང་སེམས་བརྟན་བྱའི་ཕྱིར། །དཀྱིལ་འཁོར་བ་རྣམས་སོ་སོ་རུ། །བདག་གིས་མངོན་དུ་བྱས་ནས་སུ། །སློབ་མ་རྣམས་ལ་རྗེས་བརྩེའི་ཕྱིར། །གསང་བ་ཡི་ནི་རྒྱུད་ལས་ཀྱང༌། །ཇི་སྐད་བསྟན་པའི་ཚིག་གསུངས་སོ། །བདག་གིས་དེ་མ་ཐག་ཏུ་ནི། །ཇི་བཞིན་གསུངས་པའི་ཆོག་རྗེས་གནས། །དེ་ཕྱིར་དཀྱིལ་འཁོར་བ་ལ་ནི། །ཤིན་ཏུ་ཡིད་ན་བདེ་བ་ཐོབ། །མིག་རྒྱས་ཞལ་ནི་འཛུམ་པ་ཡིས། །བྱམས་དང་སྙིང་རྗེའི་བསམ་པ་ཅན། །གང་གིས་བལྟ་ཞིང་གནས་པ་དང༌། །བདག་དང་སློབ་མ་རྗེས་བརྩེ་བས། །ཆོ་ག་འདི་ཡིས་ཡང་དག་པར། །དེ་ཡིས་


DTG022_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཀུན་ལ་ནི། །དགའ་དང་ཚིམ་པར་བསམས་ནས་སུ། །དེ་ཡི་ལས་ཀྱིས་དེ་དབང་འགྱུར། །དེ་ཡི་རྗེས་སུ་སློབ་དཔོན་ནི། །རང་གི་རིག་པ་དང་ལྡན་པས། །རང་གིས་བསྡུས་ནས་བཟུང་བ་ཡི། །ཐོག་མར་སྐྱབས་གསུམ་ལ་སོགས་པ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །དེ་ནས་དཀྱིལ་འཁོར་དུ་ཞུགས་ཏེ། །མཁས་པའི་ཆོ་ག་མདོར་བསྡུས་པ། །དེ་ཡི་རིམ་འདིར་ཤེས་པར་བྱ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཨོཾ་སརྦ་ཡོ་གི་ཀཱ་ཡ་ཝཱ་ཀ་ཙིཏྟ་མུཏྤཱ་ད་ཡ་མི་ཨ་ཤིཥྚ་ཨནབ་ཤིཥྚ་ས་ཏ་དྷཱ་ཏུ་ཧི་ཏ་སུ་ཁོཏྟ་མ་སིདྡྷི་ཨ་དྱནྟ་བྷ་བ་སཾ་སིདྡྷི་མཱ་ཧཻ་ཤྭཪྻཱ་ཙ། མེ་ཏོག་ཕྲེང་བ་བླངས་ནས་སུ། །ཐལ་མོ་གཉིས་ནི་ཡང་དག་སྦྱར། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །སྔགས་འདི་དག་ནི་དག་པར་བྱ། །ཨཱ་ཁཾ་བཱི་ར་ཧཱུཾ། ཞེས་ས་མི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། །ཌཱ་ཀི་ནཱི་ཛྭ་ལ་ས་མྦ་ར་ཞེས་བརྗོད། །གཙོ་བོ་སློབ་དཔོན་དག་གིས་ནི། །དཔའ་བོ་དབང་ཕྱུག་གཟུགས་བཟུང་ནས། །དེ་ནས་འཇུག་པའི་དུས་སུ་ནི། །སློབ་མས་འདི་བཞིན་དུ་བརྗོད་དེ། །ཨོཾ་བྲ་བེ་ཤ་ཡ་བྷ་ག་བཱ་ན། །མ་ཧཱ་མོ་ཀྵ་པུ་རཾ། །སརྦ་སིདྡྷཱི་སུ་ཁཾ་རཾ་མྱཾ་པ་ར་མ་སུ་ཁོཏྟ་མ་སིདྡྷི་ཛཿ་ཧཱུཾ་བཾ་ཧོཿ། པྲ་སིདྡྷི་བྷྱོ། གཉིས་གཞུག་ནས་ནི་ཕྱག་བྱེད་ཅིང༌། །དེ་ཡིས་རོལ་ཅིང་དགའ་བས་བསྐོར། །དེ་ལྟར་ཕྱག་བྱས་རྗེས་སུ་ནི། །བསྐོར་བ་གསུམ་ནི་བྱ་བ་ཡིན། །སྔགས་པས་དེ་ལྟར་བརྗོད་ནས་སུ། །དེ་ནས་ཡང་ནི་མདུན་གནས་ཏེ། །རྒྱུད་གཞན་ལས་ནི་གྲགས་པ་གང། །དེ་ཉིད་འདིར་ནི་ལན་ཅིག་བརྗོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེན་པོ། །ཡེ་ཤེས་ཆེན་པོ་ཕྲིན་ལས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་ཤོག །ཅེས་བྱའོ། །བདུད་རྩི་ལྔ་ཡི་ཆུ་འཐུངས་ནས། །དེ་ནས་སྙིང་


DTG022_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གར་ཟླ་དཀྱིལ་འཁོར། །བསམས་ལ་ཨཾ་ཡིག་དམར་པོ་ལས། །དེ་རྗེས་བྱེད་པའི་འོད་ཟེར་གྱིས། །འགྲོ་དང་འོང་བར་རྫོགས་བྱས་ཏེ། །བརྟུལ་ཞུགས་ཅན་གྱིས་དེ་བརྗོད་བྱ། །དཔའ་བོ་དབང་ཕྱུག་རྗེས་ཞུགས་ནས། །དཔའ་པོ་ཡང་དག་བྱིན་བརླབས་ཏེ། །དེ་བཞིན་རྡོ་རྗེ་ཕག་མོ་བཞིན། །བཙུན་མོས་ཡང་དག་བྱིན་གྱིས་བརླབས། །ཏིཥྛ་བཛྲ་བསམ་བྱ་ཞིང༌། །ཡི་གེ་བརྒྱ་པས་བརྟན་པར་བྱ། །དེ་ནས་ཐལ་མོ་གཉིས་བར་དུ། །བྱིས་ནི་མེ་ཏོག་ཕྲེང་གནས་པ། །མཁས་པས་དཀྱིལ་འཁོར་བྲི་བྱ་སྟེ། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་པ་ར་མ་སུ་ཁ་ཨ་ཤ་ཡ་ལ་ལི་ཏ་བཱི་ལཱ་ཤ་ན་མི་ཏཻ་ར་ན་མཱ་མི་བྷ་ག་ཝཱ་ན་ཨཱ་ཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་མཱཾ་ཛ་ལ་ནི་ཐཱ་ཧོ། །ཕྲེང་བ་བཅིང་བ་སོགས་བྱས་ནས། །ཧེ་རུ་ཀ་དཔལ་ཕྱག་བྱས་ཏེ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཏེ། །ཀུན་དུ་ལུང་ནི་བསྟན་པ་དང༌། །རྡོ་རྗེ་བརྟུལ་ཞུགས་མཐར་ཐུག་པ། །མདོར་བསྡུས་ནས་ནི་ཐམས་ཅད་བླང༌། །འོག་ནས་འབྱུང་བའི་རིམ་པ་ཉིད། །བྱས་ལ་རང་རིག་བཅས་པ་དང༌། །བྱ་རྒྱུད་དག་ནི་དེ་རྗེས་བྱ། །དེ་ནས་རང་གི་འདོད་པ་བསྒོམ། །རྡོ་རྗེ་གར་དང་ཉེར་སྤྱོད་བའི། །མཆོད་པས་ཡང་དག་མཆོད་པར་བྱ། །དེ་བཞིན་སྒྲ་ནི་སྙན་པ་ཡིས། །དམ་ཚིག་གསུམ་གྱི་གླུ་བླང་བ། །ཡང་དག་མཆོད་པ་བྱ་བ་སྟེ། །དེ་ནས་གླུ་ནི་ཟླ་མེད་བླང༌། །ནམ་མཁའ་ལས་བྱུང་མཚན་ཉིད་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་ཆེན་པོ་རང་བཞིན་སེམས། །རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཆང་བ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ནི་བདག་གྲུབ་ཤོག །ཉེས་པ་མི་མངའ་རྟག་པ་ནི། །འདོད་ཆགས་མ་ལུས་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་གྲུབ་པར་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་ནི་བདག་གྲུབ་


DTG022_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤོག་།ཀུན་གྱི་མཆོག་སྟེ་གྲུབ་ཆེན་པོ། །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་ཕྱག་འཚལ་ལོ། །དེ་ནས་སློབ་མ་གཞུག་དོན་དུ། །མཁས་པས་འདི་ལྟར་བརྗོད་བྱ་སྟེ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཧེ་རུ་ཀ་དཔལ་སློབ་དཔོན་ཆེ། །སངས་རྒྱས་བྱང་ཆུབ་སེམས་ཀུན་གྱིས། །གསུངས་པའི་ཆོ་ག་དག་གིས་ནི། །ཕུན་སུམ་ཚོགས་པའི་ཆོ་གས་ནི། །སེམས་ཅན་དོན་ནི་བདག་གིས་བགྱི། །དེ་ལ་རྗེས་གནང་དེ་རྗེས་བདག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཉེ་བ་རུ་ནི་གནས་པར་འགྱུར། །དེ་ནས་རྗེས་སུ་གནང་ན་རུང༌། །བདག་གིས་ཉེ་བར་བསམ་བྱ་སྟེ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས། །བདེན་པའི་བྱིན་གྱིས་བརླབ་བརྗོད་བྱ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གཅིག་པོ། །མཆོག་གྱུར་དམ་ཚིག་མཆོག་འདོད་པ། །དེ་བཞིན་གཤེགས་པ་འབྱུང་འགྱུར་བ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །བདེན་པ་འདི་ཡིས་མགོན་པོ་བདག །ཁྱོད་ཀྱི་འདོད་པ་ཡོངས་རྫོགས་ཤོག །མཁས་པས་ཕྱིས་ནི་འདི་སྤྱད་བྱ། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་ཀྱང་ནི་དྲན་པ་ཡིས། །སྙིང་རྗེ་སེམས་ཅན་ཐམས་ཅད་དོན། །མ་ལུས་གྲུབ་པར་བྱ་ཕྱིར་རོ། །ཞེས་སོ། །དེ་ནས་སློབ་མ་དབང་བསྐུར་འོས། །དེ་བཞིན་རང་གི་རིགས་དང་བཅས། །སྔར་བརྗོད་པ་ཡི་སྔགས་ཉིད་དང༌། །ཧེ་རུ་ཀ་དཔལ་གཟུགས་ཀྱིས་ནི། །ཡི་གེ་གསུམ་གྱིས་བྱིན་བརླབས་ཤིང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །སྣ་ཚོགས་གོས་ནི་བསྐོན་པ་དང༌། །དེ་བཞིན་གཙུག་ཏོར་བླ་གོས་དང༌། །མིག་དང་གདོང་ནི་བཅིང་བྱ་ཞིང། །རང་གི་རིག་དང་བཅས་པ་ལ། །ཡིད་ནི་ལེགས་པར་ཕུལ་ནས་སུ། །ཐ་མར་ཕྱག་ནི་བྱ་བ་སྟེ། །ཤར་སྒོར་ཐོག་མར་རེ་ཞིག་ནི། །ཐལ་མོ་ཡང་དག་སྦྱར་བྱས་ནས། །དེ་ནས་བརྐྱང་བར་བྱས་ནས་སུ། །གུས་པས་འདི་ལྟར་བརྗོད་པར་བྱ། །ཨོ་སརྦ་


DTG022_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་ཀྵོ་བྷྱཿ་ཨདྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བརྗོད་པ་དེ་ནས་ནི། །ལུས་ཀུན་གྱིས་ནི་ཕྱག་བྱའོ། །སྙིང་གར་བཅོམ་ལྡན་བཞུགས་པ་རུ། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །དེ་བཞིན་ལྷོ་སྒོ་ཉིད་དུ་ནི། །ཐལ་མོ་དེ་ཉིད་སྙིང་ག་རུ། །དེ་བཞིན་བཅས་ནས་སྔགས་འདི་ཡིས། །རིན་ཆེན་སྔགས་ནི་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་རཏྞ་ས་མྦྷ་བ་ཨ་བྷིཥི་ཉྩ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་པ་བརྗོད་པ་ཉིད་ཀྱིས་ནི། །མཁས་པས་དཔྲལ་བས་ཕྱག་བྱའོ། །རིན་ཆེན་འབྱུང་ལྡན་རྡོ་རྗེ་ཡིས། །དབང་བསྐུར་བར་ནི་རྣམ་བརྟག་བྱ། །དེ་ནས་ཕྱིས་ནི་ནུབ་ཀྱི་སྒོར། །དེ་བཞིན་མགོ་བོར་ཐལ་མོ་སྦྱར། །འདི་ནི་བྱས་ནས་བརྗོད་པ་ནི། །ཚོགས་ཀྱི་མཆོད་པ་རབ་མཆོད་ཉིད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཏ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་མི་ཏཱ་བྷ་པྲ་བརྟ་ཡ་མཱཾ། ཞེས་བརྗོད་གདོང་གཙོས་ཕྱག་བྱའོ། །འོད་དཔག་མེད་པའི་རང་བཞིན་འདིས། །དེ་ནི་ནུས་པ་ལྡན་པར་བརྟག །དེ་བཞིན་བྱང་སྒོར་གནས་ནས་སུ། །སྙིང་གར་ཐལ་མོ་སྦྱར་བྱས་ནས། །དངོས་གྲུབ་ཐམས་ཅད་བྱེད་པ་ཡི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། །སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ཀུ་རུ་མཱ། ཞེས་པ་བརྗོད་པ་ཉིད་ཀྱིས་ནི། །མཁས་པས་སྤྱི་བོས་ཕྱག་བྱའོ། །གསང་བའི་མཆོད་པ་ནུས་པ་རུ། །དོན་ཡོད་གྲུབ་པ་བསམ་པར་བྱ། །འཁྲུགས་པ་མེད་པས་མེ་བསྐྱོད་པ། །གཙོ་བོ་དཔའ་བོ་བཅོམ་ལྡན་ནོ། །རིན་ཆེན་ཐམས་ཅད་འབྱུང་གནས་ཕྱིར། །དེ་ཉིད་རིན་ཆེན་འབྱང་ལྡན་ནོ། །མཐའ་ཡས་ཆོས་ཀྱི་ལམ་སྟོན་ཕྱིར། །དེ་ཉིད་འོད་དཔག་མེད་དུ་བརྗོད། །དངོས་གྲུབ་ཐམས་ཅད་རབ་སྟེར་བས། །དེ་ཉིད་དོན་ཡོད་གྲུབ་པར་བརྗོད། །དེ་ལྟར་འོན་ཀྱང་མདོར་བསྡུས་ནས། །རིག་པ་ཐམས་ཅད་དེ་ཡང་ནི། །མཁའ་འགྲོ་ལ་སོགས་མཆོག་རྣམས་ཀྱིས། །མངོན་


DTG022_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱིན་གྱིས་བརླབས་བསམ་བྱ། །མེ་ཏོག་ལག་བཟུང་དེ་ཡིས་ནི། །བླ་མ་ལ་ནི་ཕྱག་བྱ་སྟེ། །ཤར་སྒོར་མངོན་པར་ཕྱོགས་པ་ཡིས། །གུས་པས་དེ་ལྟར་བརྗོད་པར་བྱ། །དམ་ཚིག་དེ་ནི་བདག་ལ་སྩོལ། །སྔོམ་པ་ཡང་ནི་བདག་ལ་སྩོལ། །རྡོ་རྗེ་རིགས་ཀུན་བསྡུས་པ་ཡི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །ཕྱིར་མི་ལྡོག་པ་དབང་བསྐུར་བའི། །སྐལ་པ་ཆེན་པོ་བདག་ལ་སྩོལ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས། །སངས་རྒྱས་བྱང་ཆུབ་གོ་འཕང་མཆོག །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །མཚན་དང་དཔེ་བྱད་རྗེས་འཇུག་པའི། །འདོམ་གང་འོད་སོགས་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་སྩོལ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་ངོ་མཚར་ཆེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་མཛོད། །དེ་བཞིན་སློབ་དཔོན་གནས་ནས་སུ། །དེ་ཡི་ཚིག་གི་སྒོ་ནས་ནི། །རིགས་ཀུན་ལ་ནི་མཁྱེན་གསོལ་གང༌། །རིམ་པ་ཇི་བཞིན་བ་ནི། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སེམས་ནི་ཡོངས་གཟུང་དང༌། །གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང༌། །དམ་ཚིག་སྔོམ་པ་ནོད་པར་འཚལ། །དཀྱིལ་འཁོར་ཐམས་ཅད་དཔའ་བོ་ལ། །གུས་པ་ཡིས་ནི་གསོལ་གདབ་པ། །དེ་ལྟར་སློབ་མ་ལ་ནི་བརྗོད། །དེ་ནས་གཞན་ཡང་སློབ་མ་ལ། །གསང་བ་ཆེན་པོ་རིགས་དག་པ། །གསད་ཆེན་ཡོངས་སུ་གཟུང་བ་རུ། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེ་ལྟར་བདག་ནི་འཚལ་ཞེས་བྱ། །དེ་ལྟར་བྱས་ནས་དེ་རྗེས་སུ། །རིགས་ལྔ་ཡི་ནི་དམ་ཚིག་བརྗོད། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོད་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི།།


DTG022_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་གཏང༌། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པའི་མཆོག་ཡིན་ནོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བགྱི་ཞིང༌། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་གྲགས། །རྩ་བའི་ལྟུང་བར་ཤེས་བྱ་སྟེ། །ཉིན་དང་མཚན་མོ་ལན་གསུམ་དུ། །གདུགས་རེ་ཞིང་ནི་གདོན་པར་བགྱི། །མཛའ་བཤེས་རྡོ་རྗེ་སྤུན་དང་ནི། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །སྤང་ཞིང་དོར་བར་མི་བྱ་སྟེ། །དེ་ལྟར་ཅི་ནས་སྦྱར་པར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་སྤང་བར་མི་བྱ་ཞིང༌། །མྱ་ངན་འདས་ལ་དགའ་མི་བྱ། །གསང་བ་གསུམ་གྱི་ལྷ་རྣམས་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང༌། །འདོད་ལས་ལོག་པར་མི་སྤྱོད་དེ། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིས། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །ལེགས་པར་ཉེ་བར་བསྟེན་བྱ་སྟེ། །རྣལ་འབྱོར་བ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་ལས་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང༌། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཇི་བཞིན་བདག་ནི་


DTG022_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགྱིད་པར་འཚལ། །དེ་ཡི་དེ་ཉིད་འདི་ཡིས་ནི། །མཁས་པས་ཕྱིས་ནི་སྡོམ་པ་སྦྱིན། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མགོན་པོས་སངས་རྒྱས་རྣམས་དང་ནི། །དེ་སྲས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་འདི། །དུས་འདི་ནས་ནི་རབ་བཟུང་སྟེ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་བསྐྱེད་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང་བགྱི་ཞིང༌། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་རྣམས། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བགྱི་ཞིང༌། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ཞིང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་ནི་བདག་གིས་དགྲོལ། །མ་བསྒྲལ་བ་ནི་བདག་གིས་བསྒྲལ།།


DTG022_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གི་ཀཱ་ཡ་ཝཱ་ཀ་ཙིཏྟ་མུཏྤད་ཡ་ཥཱུ་མྱ་ཤེ་ཥ་ཎ་བ་ཤེ་ཥཱུ་ས་ཏ་དྷཱ་ཏུ་ཧི་ཏ་སུ་ཙེ། ཏ་མ་སིདྡྷི། ཨ་ཏ་མ་ཏ་བྷ་ཝ་སིདྡྷི་མ་ཧེ་ཤྭ་ར་ཨ་དྷི་པ་ཏྱཱ་ཙྲྱ་ཞེས་བརྗོད་དོ། །དེ་ཡིས་སློབ་མ་བྱང་ཆུབ་སེམས། །བླ་མེད་པར་ནི་བསྐྱེད་ནས་སུ། །སྙིང་གར་རྡོ་རྗེ་བཞག་བྱས་ཏེ། །སྙིང་པོ་འདི་ནི་བརྗོད་པར་བགྱི། །སུ་ར་ཏེ་ས་མ་ཡ་སྟེ་ཧོཿསིདྡྷི་པཛྲ་ཡ་ཐཱ་སུ་ཁ། འདི་ཡིས་སློབ་མ་བསྐུལ་ནས་ནི། །འདོད་དོན་ཐམས་ཅད་གྲུབ་པར་འགྱུར། །ས་མ་ཡ་སྟྭཾ་སྔགས་ཀྱིས་ནི། །མེ་ཏོག་ཕྲེང་བ་འབད་པས་གཟུང༌། །དེ་ནི་སློབ་དཔོན་གྱིས་བཅུག་ནས། །ཡང་ནི་གསོལ་བ་གདབ་པར་བྱ། །བདག་མིང་འདི་ཞེས་བགྱི་བ་ནི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་དོན་དུ། །སློབ་མ་རྣམས་ནི་གཞུག་པར་བྱ། །སྙིང་པོ་དཀྱིལ་འཁོར་འདི་ཉིད་ནི། །རྡོ་རྗེ་ཡེ་ཤེས་ཐོབ་པ་ཡི། །དེ་བཞིན་གཤེགས་པའི་ཕོ་བྲང་དུ། །བདག་གིས་སློབ་མ་གཞུག་པར་བགྱི། །ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་པས་སློབ་མ་གཞུག་པར་བྱའོ། །དམ་ཚིག་སྐྱོད་པར་བྱེད་པ་འདི། །དེ་ནས་འདི་སྐད་བརྗོད་བྱ་སྟེ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་བརྗོད་པར་མ་བྱེད་ཅིག །དམ་ཚིག་ཉམས་པར་གྱུར་ཏ་རེ། །ལག་པ་གཡས་པའི་རྡོ་རྗེ་ནི། །སྤྱི་བོར་བཞག་ལ་འདི་སྐད་བརྗོད། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ལས་རབ་ཁྱོད་འདི་སྨྲ། །ཁྱོད་ཀྱི་སྤྱི་པོ་འགས་པར་བྱེད། །རྡོ་རྗེ་སེམས་དཔའ་རང་ཉིད་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བདུད་རྩི་ལྔ་ལྡན་པའི། །ཆུ་ནི་ཐོད་པར་གནས་པ་ལ། །སྙིང་པོ་ལན་ཅིག་ཡོངས་སུ་བཟླས། །དེ་ནི་འཐུང་དུ་གཞུག་པའོ། །རྡོ་རྗེ་ཆུ་ལ་ཨོཾ་ཨཱཿ་ཧཱུཾ་བཾཿ། །བློ་ལྡན་གྱིས་ནི་འདི་


DTG022_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །དཀྱིལ་འཁོར་མ་ཞུགས་སྟོན་འགྱུར་རམ། །སྐྱེ་བོ་ཚོགས་ཀྱི་ནང་དུ་ནི། །མ་དག་དོགས་པར་བརྗོད་མི་བྱ། །དེང་ཕྱིན་ཆད་ཁྱོད་ཀྱི་རྡོ་རྗེ་དྲག་པོ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ད་ལ་བརྙས་པར་མ་བྱེད་ཅིག་ཡང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། ཡང་སློབ་མས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་དྲག་པོ་བདག་ལ་དབབ་ཏུ་གསོལ། །དེ་ནས་དམ་ཚིག་རྡོ་རྗེ་འདི། །རྡོ་རྗེ་དྲག་པོ་ཞེས་སུ་བརྗོད། །ཡེ་ཤེས་རྡོ་རྗེ་བླ་ན་མེད། །དེ་རིང་བདག་ལ་དབབ་ཏུ་གསོལ། །དེ་ལྟར་རྡོ་རྗེ་དབབ་ཅེས་བྱ། །དེ་རྣམས་རྟག་ཏུ་བརྗོད་པར་བྱ། །གལ་ཏེ་བབ་པར་མ་གྱུར་ན། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དེ་སྙིང་ཟླ་བའི་དཀྱིལ་འཁོར་ལ། །རྡོ་རྗེ་དྲག་པོ་ཁ་སྦྱོར་བསྒོམ། །རྡོ་རྗེ་པདྨའི་ཏིང་འཛིན་གྱིས། །དེ་ཡི་བསྐུལ་བསྐྱོད་ལས་བྱུང་བ། །ཨ་ཡིག་དམར་པོའི་འོད་ཟེར་གྱིས། །དེ་ཡི་ལུས་ཀུན་ཡོངས་བཀང་སྟེ། །དེ་ཉིད་ཡང་དག་བརྗོད་པ་ཡིས། །སྔར་བཞིན་དུ་ནི་གཞུག་པར་བྱ། །སློབ་དཔོན་རྗེས་སུ་གཟུང་བ་ནི། །རིག་དང་བཅས་པས་བསམ་བྱས་ན། །ད་ནས་ངེས་པར་འབབ་པ་ཡི། །ཡང་དག་བྱིན་རླབས་འབྱུང་བའོ། །ཡེ་ཤེས་དེ་ཉིད་དེ་ལ་ནི། །དེ་ཉིད་དུ་ནི་བརྗོད་པར་བྱ། །ཡང་ནི་ལྕེ་ལ་བསམ་བྱ་བ། །ཨ་ཡིག་དམར་པོ་དགོད་པ་སྟེ། །སྨྲོས་ཤིག་རྡོ་རྗེ་ཅན་ཉིད་ཀྱིས། །དགེ་དང་མི་དགེ་སྨྲ་བར་གྱིས། །དེ་ནས་འབབ་པར་གྱུར་ན་ནི། །བརྒྱ་ཕྱེད་ཡི་གེས་བརྟན་བྱས་ལ། །དེ་རྗེས་ཡང་དག་བྱིན་བརླབས་བརྟན།། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་ཐ་ཡཙྪ། སརྦ་ཀརྨ་སུ་ཙ་མི་ཙིཏྟ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་ཞེས་བྱའོ། །ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བྱ། །ལྷ་རྣམས་ཀྱི་ནི་རིགས་ཀྱི་རིམ། །ཇི་ལྟར་བསོད་ནམས་དེ་


DTG022_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་ཤོག །གང་གི་དངོས་གྲུབ་གྱུར་པ་ཡི། །དེ་ཡི་རིགས་ཀྱི་སྣོད་ཡིན་ན། །ཇི་ལྟར་བསོད་ནམས་མཐུ་ཡིས་སུ། །དཀྱིལ་འཁོར་འདི་ཡང་དེ་བཞིན་ཤོག །སྔར་བརྗོད་པ་ཡི་ཚིག་གིས་ནི། །མེ་ཏོག་ཕྲེང་བ་དོར་བར་བྱ། །འཕངས་པའི་མེ་ཏོག་ཕྲེང་བ་ནི། །ལྷ་ཡི་གནས་ལ་བབ་ཤེས་བྱ། །ཨོཾ་པྲ་བེ་ཤ་ཡ་ཀུ་ལཾ་ཤེཥྡྱ་མ་ཧཱ་པ་ལཾ། །འདི་བརྗོད་ནས་ནི་ཕྲེང་བ་བླང༌། །བདེན་པའི་བྱིན་གྱི་རླབས་འདི་ནི། །སྔགས་པ་མཁས་པ་ཡིས་ནི་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ་བུར་སློབ་མ་ནི། །གསལ་ཞིང་སྡིག་མེད་མཐོང་བར་ཤོག །དེ་ནས་མིག་གཉིས་ཟླ་བ་ལ། །ཨོཾ་གྱིས་བྱིན་བརླབས་བསྒོམ་པར་བྱ། །སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། །བདག་པོ་ཡང་དག་དམིགས་ནས་སུ། །དེ་ཡི་མིག་གི་འོད་ཟེར་གྱིས། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀྱི། །སྤྱན་དང་དབྱེར་མེད་ངོ་བོ་ཉིད། །ཡང་དག་དམིགས་ནས་ཕྱི་ནས་ནི། །མིག་གཉིས་ལ་ནི་ཡང་དག་བསྡུ། །ཡང་ནི་འཇུག་པའི་རྣམ་པ་ཡིས། །དེ་ཡི་བཅིངས་པ་དགྲོལ་བར་བྱ། །མིག་འབྱེད་པ་ཡི་ཚིག་འདི་ནི། །ཇི་ལྟ་བ་བཞིན་བརྗོད་བྱ་སྟེ། །ཨོཾ་རྡོ་རྗེ་དྲག་པོ་རང་ཉིད་ནི། །མིག་འབྱེད་པ་ལ་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །འདི་བརྗོད་བཅིངས་པ་བཀྲོལ་ནས་སུ། །དེ་ལ་ལན་ཅིག་དྲི་བར་བྱ། །ཁྱོད་ཀྱིས་མིག་གིས་ཅི་མཐོང་འགྱུར། །ཇི་བཞིན་དུ་ནི་སྨྲ་བར་གྱིས།། དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་གུ་ནག་པོ་ཉིད་དང་སྔོ། །དེ་ལྟར་དངོས་གྲུབ་ཤེས་བྱས་ལ། །དཀྱིལ་འཁོར་བསྟན་ཕྱིར་འདི་བརྗོད་བྱ། །ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བྱའོ། །དེ་ལྟར་བརྗོད་ནས་འདིར་བརྗོད་བྱ། །ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེ། །མཐོང་བར་དངོས་གྲུབ་སྦྱོར་བ་དང༌། །ཕུན་སུམ་ཚོགས་ཀུན་མཆོག་ཏུ་འགྱུར། །དམ་ཚིག་བསྐྱངས་པས་དངོས་གྲུབ་དང༌། །སྔགས་སྒྲུབ་པ་ལ་བརྩོན་པར་གྱིས། །བསོད་


DTG022_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམས་དང་བའི་སྟོབས་བཞིན་དུ། །དཀྱིལ་འཁོར་མཐོང་བ་དེ་ནས་ནི། །སྣ་ཚོགས་འོད་ཟེར་འཕྲོ་བ་ཡི། །དཀྱིལ་འཁོར་མཐོང་བར་ཐེ་ཚོམ་མེད། །དེ་ནས་ཧེ་རུ་ཀ་དཔལ་སོགས། །ཀུན་དུ་དཀྱིལ་འཁོར་བ་ཀུན་གྱི། །དེ་ནས་ལྷ་ཡི་དེ་ཉིད་ནི། །གུས་པ་ཡིས་ནི་བརྗོད་པར་བྱ། །ཤྲཱི་གང་བླ་ན་མེད་པའོ། །ཧེ་ནི་རྒྱུ་དང་བྲལ་བ་སྟེ། །རུ་ནི་བརྗོད་དང་བྲལ་བའོ། །ཀ་ནི་གང་དུ་མི་གནས་པ། །ཧེ་རུ་ཀ་དཔལ་ཞེས་བརྗོད་དོ། །རྡོ་རྗེ་ཡེ་ཤེས་དབྱེར་མེད་ཕྱིར། །རྟག་ཏུ་སྡིག་པ་འཇོམས་པ་དང༌། །གང་ཞིག་འདོད་ཆགས་དམན་པ་སྦྱོང༌། །རྡོ་རྗེ་སྔོན་སོང་ཕག་མོའོ། །མཁའ་འགྲོ་མ་ཡི་དང་ཚུལ་གང༌། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །གང་ཞིག་གདུག་པ་རྟག་ཟ་བ། །དེ་ནི་ལཱ་མར་རབ་ཏུ་བཤད། །ཉོན་མོངས་དུམ་བུར་འཇོམས་པས་ན། །དུམ་སྐྱེས་མ་ཞེས་རབ་ཏུ་བརྗོད། །སྣ་ཚོགས་གཟུགས་སུ་འཆད་པས་ན། །དེ་ནི་གཟུགས་ཅན་མ་ཞེས་བརྗོད། །གདུག་པའི་ཐོད་པ་དུམ་བྱེད་པས། །ཐོད་པའི་དུམ་བུ་ཞེས་སུ་བརྗོད། །གང་ཞིག་གདུག་དྲག་ཚར་གཅོད་པས། །གཏུམ་མོ་ཞེས་ནི་རབ་ཏུ་བརྗོད། །ཡི་དགས་ཆེན་པོ་འདྲ་བ་གང༌། །དེ་ནི་ཀེང་རུས་ཆེན་པོར་བརྗོད། །གང་ཕྱིར་མིག་གཉིས་གཏུམ་འབར་བས། །དེ་ཕྱིར་གཏུམ་མིག་མ་ཞེས་བརྗོད། །དུར་ཁྲོད་ཆེན་པོའི་རང་བཞིན་ཕྱིར། །དེ་ནི་ཀེང་རུས་ཆེན་པོར་བརྗོད། །བླ་མེད་འོད་དང་ལྡན་པ་གང༌། །མིང་ནི་འོད་ལྡན་མ་ཞེས་བྱ། །མཆེ་བ་གཙིགས་པར་སྟོན་པ་གང༌། །མིང་གིས་འཇིགས་བར་བྱེད་པའོ། །གདུག་ལ་སྡིགས་མཛུབ་བྱེད་པས་ན། །དེ་ནི་སྣ་ཆེན་མ་ཞེས་བརྗོད། །ལྷ་རྣམས་ཡིད་འདོད་པ་བཞིན་ཕྱིར། །ལྷ་དགྲ་ཞེས་ནི་བྱ་བར་བརྗོད། །དཔལ་རྣམས་བློ་ཡི་རང་བཞིན་པས། །འདི་ནི་དཔའ་བོའི་བློ་མར་བརྗོད། །གང་ཞིག་འདིར་ནི་དཔག་མེད་བས། །འདིར་ནི་འོད་དཔག་མེད་པར་བརྗོད། །རྣལ་འབྱོར་རྣམས་ཀྱི་བདེ་སྒྲུབ་གང༌། །དེ་མིང་དེ་བྱེད་པ་ཞེས་བརྗོད། །གང་གིས་དབྱེར་མེད་འོད་བྱེད་པས། །དེ་ནི་རྡོ་རྗེའི་འོད་དུ་བརྗོད། །ལང་ཀ་རུ་ནི་སྐྱེས་པས་ན། །ལང་ཀའི་དབང་ཕྱུག་མ་དུ་བརྗོད། །ལྷ་རྣམས་ཀུན་གྱི་


DTG022_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་ཕྱེད་པས། །རྡོ་རྗེ་ལུས་ཞེས་བརྗོད་པར་བྱ། །གང་གི་ཤིང་གི་གྲིབ་མཚུངས་པས། །ཤིང་གྲིབ་མ་ཞེས་བྱ་བར་བརྗོད། །རྫོགས་པའི་བྱང་ཆུབ་མྱུར་འབྱུང་བས། །དེ་ནི་དཔའ་པོའི་མྱུ་གུར་བརྗོད། །མཁའ་འགྲོ་གླང་པོ་ཞོན་འགྲོ་བས། །ས་སྲུང་མ་ཞེས་བྱ་བར་བརྗོད། །རྡོ་རྗེ་རལ་བས་འཇིགས་བྱེད་པས། །རྡོ་རྗེ་རལ་པ་ཞེས་སུ་བརྗོད། །གང་ཞིག་གདུག་རྣམས་རབ་སྟོན་པས། །འཇིགས་བྱེད་ཆེན་པོ་ཞེས་བྱར་བརྗོད། །དཔའ་རྣམས་ནང་ནས་རང་བཞིན་དཔའ། །དེ་ནི་དཔའ་བོ་ཆེན་པོར་བརྗོད། །རླུང་གི་ཤུགས་དང་མཚུངས་པས་ན། །རླུང་ཤུགས་མ་ཞེས་བྱ་བར་བརྗོད། །མུ་སྟེགས་ཐམས་ཅད་འཇིགས་མཛད་པས། །རྡོ་རྗེ་ཧཱུཾ་མཛད་ཅེས་ནི་བརྗོད། །དམ་ཚིག་སྲུང་ལ་ཆེད་བྱེད་པས། །ཆང་འཐུང་མ་ཞེས་བརྗོད་པར་བྱ། །དཔའ་བོ་རྣམས་ཀྱི་གཟུགས་བཟང་ཕྱིར། །དེ་ནི་ཤིན་ཏུ་བཟང་ཞེས་བརྗོད། །རྣལ་འབྱོར་རྣམ་བརྩེའི་རང་བཞིན་ཅན། །དེ་ནི་སྔོ་བསངས་མ་ཞེས་བརྗོད། །རྟག་ཏུ་བཟང་པོའི་རང་བཞིན་ཕྱིར། །རྡོ་རྗེ་བཟང་པོ་ཞེས་སུ་བརྗོད། །ཀུན་དུ་དཔལ་དང་ལྡན་པའི་ཕྱིར། །དེ་ཡང་ཤིན་ཏུ་བཟང་ཞེས་བརྗོད། །མུ་སྟེགས་ངན་པ་སྐྲག་བྱེད་པས། །འཇིགས་བྱེད་ཆེན་པོ་ཞེས་སུ་གྲགས། །ཚིག་རྣམས་ཉན་པར་བྱེད་པས་ན། །རྟ་རྣ་མ་ཞེས་རབ་ཏུ་གྲགས། །གང་ཕྱིར་ལྟ་བར་དཀའ་དུས་ཕྱིར། །མིག་མི་བཟང་ཞེས་བྱ་བར་བརྗོད། །ཞལ་དང་ཞལ་དུ་སྦྱོར་བས་ན། །དེ་ནི་བྱ་གདོང་མ་ཞེས་བརྗོད།། སྟོབས་ཆེན་ཕ་རོལ་གནོན་པའི་ཕྱིར། །དེ་ནི་སྟོབས་ཆེན་མ་ཞེས་བརྗོད། །གདུག་ཅན་འཁོར་ལོ་བཞིན་བསྐོར་བས། །འཁོར་ལོ་ཤུགས་མ་ཞེས་ནི་བརྗོད། །དབུལ་བའི་སྡུག་བསྔལ་འཕྲོག་པས་ན། །དེ་ནི་རིན་ཆེན་རྡོ་རྗེར་བརྗོད། །དུམ་བུར་བྱེད་ཅིང་གཅོད་པས་ན། །ཕྱིས་ནི་དུམ་སྐྱེས་ཡིད་འོང་མ། །རྟ་མཆོག་དག་གི་རང་བཞིན་ཕྱིར། །དེ་ནི་རྟ་མགྲིན་ཞེས་ནི་བརྗོད། །རྣལ་འབྱོར་ཀུན་ལ་མཛེས་པའི་ཕྱིར། །དེ་ནི་ཆང་འཚོང་མ་ཞེས་བརྗོད། །ཤིན་ཏུ་གཟི་བརྗིད་རང་བཞིན་ཕྱིར། །དེ་ནི་ནམ་མཁའི་སྙིང་པོར་བརྗོད། །འཁོར་


DTG022_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་ལྟ་བུར་ཆོས་འདྲ་བས། །དེ་ནི་འཁོར་ལོ་གོ་ཆ་མ། །ཧེ་རུ་ཀ་དཔལ་འདྲ་བསྟན་པས། །དེ་ཡི་མིང་ཡང་བརྗོད་པས་ནི། །དཔའ་རྣམས་མཆོག་གི་རང་བཞིན་ཕྱིར། །ཤིན་ཏུ་དབང་པོ་མཆོག་གི་མཆོག །གར་དང་བསྟོད་པའི་རང་བཞིན་ཕྱིར། །པདྨ་གར་གྱི་དབང་ཕྱུག་འདོད། །རྟག་ཏུ་ཉིན་རེ་བདེན་བྱེད་གང༌། །དེ་ཡང་སྟོབས་བོ་ཆེ་ཞེས་བརྗོད། །སྣང་དང་ལྡན་པའི་རང་བཞིན་ཕྱིར། །དེ་ནི་རྣམ་པར་སྣང་མཛད་བརྗོད། །རྣལ་འབྱོར་རྣམས་ཀྱི་འཁོར་ལོར་གནས། །འཁོར་ལོས་སྒྱུར་མ་ཞེས་ནི་བརྗོད། །སེམས་ཅན་དབྱེར་མེད་སྟོན་པས་ན། །རྡོ་རྗེ་སེམས་དཔའ་ཞེས་ནི་བརྗོད། །གང་ལ་བརྩོན་འགྲུས་ཆེ་མངའ་བས། །བརྩོན་འགྲུས་ཆེན་པོ་ཞེས་ནི་བརྗོད། །བྱ་རོག་ལྟ་བུའི་གདོང་ལྡན་པས། །ཁྭ་གདོང་མ་ཞེས་བྱ་བར་གྲགས། །འུག་པའི་གདོང་དང་ཡང་དག་ལྡན། །དེ་ནི་འུག་གདོང་མ་ཞེས་གྲགས།། ཁྱི་གདོང་མ་དང་ཕག་གདོང་མ། །དེ་བཞིན་གཟུགས་ནི་འཛིན་པར་བརྗོད། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །གཞན་ནི་གཤིན་རྗེ་མཆེ་བར་འདོད། །གང་ཞིག་གཤིན་རྗེ་འཇོམས་བྱེད་པས། །གཤིན་རྗེ་འཇོམས་མ་ཞེས་ནི་བརྗོད། །དེ་རྣམས་ལྷ་ཡི་དེ་ཉིད་དོ། །ཇི་ལྟར་འཁོར་ལོ་ལྔ་དེ་ཉིད། །ཡིད་ཀྱི་དཀྱིལ་འཁོར་མཆོག་གྱུར་པས། །དཀྱིལ་འཁོར་དག་ཏུ་མཉམ་པར་བརྗོད། །གཞལ་ཡས་ཁང་པ་ཞེས་བྱ་བ། །གྲུ་བཞི་པ་ནི་ཡང་དག་བླང༌། །ཀུན་དུ་ཚད་དང་ལྡན་པ་ཡི། །ཚུལ་ཁྲིམས་སྡོམ་པ་མཆོག་གྱུར་པའི། །རྒྱན་གང་ཡིན་པར་བཤད་པའོ། །དད་པའི་དབང་པོ་ལ་སོགས་སེམས། །རང་རང་ལྔ་རུ་ཡང་དག་བྱུང༌། །གང་གིས་རྣམ་པར་ཐར་པ་བཞི། །སྒོ་བཞི་རུ་ནི་ཡང་དག་བཤད། །ཡང་དག་སྤོང་བ་བཞི་ཉིད་ནི། །རྟ་བབས་ཀ་བའི་རྣམ་པར་བྱུང༌། །དྲན་པ་ཉེར་གཞག་བཞི་ཡེ་ཤེས། །ཁ་ཁྱེར་བཞི་རུ་བརྗོད་པ་ཡིན། །རྫུ་འཕྲུལ་རྐང་པ་བཞི་ཉིད་ནི། །སྒོ་ཁྱུད་བཞི་རུ་བརྗོད་པ་ཡིན། །བྱང་ཆུབ་ཡན་ལག་བདུན་ཕྲེང་བ། །བ་དན་མེ་ཏོག་ཕྲེང་བར་བརྗོད། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །ཏིང་འཛིན་གཉིས་སུ་བརྟགས་པ་ཡིན། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་བརྗོད་པ་ཡིན། །


DTG022_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉོན་མོངས་ཀུན་ནི་ཟད་བྱེད་པས། །དེ་བཞིན་དྲ་བ་ཞེས་སུ་བརྗོད། །ཉེ་བའི་ཉོན་མོངས་འཇོམས་པ་རུ། །ཚོགས་གཉིས་བསགས་པའི་སྦྱོར་བ་ཡིས། །ཉོན་མོངས་སྐྱེས་པ་འཕྲོག་བྱེད་པས། །དྲ་བ་ཕྱེད་པར་རབ་ཏུ་བརྗོད། །སངས་རྒྱས་ཀུན་གྱི་སྙིང་པོ་ནི། །རྟག་ཏུ་ཀ་བར་འགྱུར་བ་ཡི། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ཀ་བ་བརྒྱད་དུ་བརྗོད་པ་ཡིན། །དེ་ཡི་དཀྱིལ་གྱི་པདྨ་གང༌། །སྐྱོན་གྱིས་མ་གོས་པ་རུ་བསྟན། །འཁོར་ལོ་གསུམ་དུ་གནས་པ་ནི། །སེམས་སོགས་དྲི་མ་གསུམ་བྲལ་ཡིན། །རྩིབས་སུ་ཡང་དག་བཤད་པ་ནི། །ཉོན་མོངས་ཉེ་ཉོན་སྤངས་པའོ། །རྡོ་རྗེ་ལ་སོགས་ཕྲེང་བ་གང༌། །གློ་བུར་དྲི་མ་སྤངས་པ་ཡིན། །སངས་རྒྱས་ཡོན་ཏན་དེ་དག་ཀུན། །དཀྱིལ་འཁོར་དུ་ནི་བརྗོད་པ་ཡིན། །སེམས་ཅན་དོན་ཀུན་ཡང་དག་བརྩོན། །དེ་ཉིད་རྫོགས་སངས་རྒྱས་ཀྱིས་བསྟན། །དེ་ནས་བདག་བོ་རྣལ་འབྱོར་ལྡན། །རྣམ་རྒྱལ་བུམ་པ་ཆུ་ཡིས་ནི། །ཨོཾ་ཨཱཿ་ཧཱུཾ། བཛྲ་ཨ་བྷི་ཥིཉྩ་མཱཾ། །སྔགས་འདི་དག་ནི་བཏོན་པ་ཡིས། །ཡལ་ག་གཟུང་བའི་ཁུ་ཚུར་གྱིས། །དབང་བསྐུར་བ་ནི་སྦྱིན་པར་བྱ། །དེ་ནས་དེ་ཡི་མགོ་བོར་ནི། །རལ་པའི་ཅོད་པན་མཛེས་ཁྱབ་པས། །རྗེས་སུ་མཐུན་པའི་གཟུགས་བསམས་ཏེ། །གུས་པས་དབུ་རྒྱན་དབང་བསྐུར་བྱ། །དེ་ནས་རང་གི་མཚན་མའི་དབང༌། །ལག་པ་དག་ཏུ་སྦྱིན་པར་བྱ། །རང་གི་མཚན་མའི་རྗེས་འགྲོ་བའི། །སྔགས་འདི་ཉིད་ནི་གང་ཡིན་བརྗོད། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །དེ་ལྟར་གང་གི་མིང་ཡིན་པ། །ཀྱེ་མ་སྒྲ་ནི་སྔོན་བྱས་ཏེ། །ཤེས་རབ་ཐབས་ཀྱི་ཏིང་འཛིན་ཡང༌། །ཡང་དག་ཆེད་དུ་བྱས་ནས་སུ། །ཕྱག་རྒྱ་བཞི་ཡི་གདམས་ངག་བསྟན། །དེ་ནས་ཡང་ནི་སློབ་མ་ཡིས། །ཐལ་མོ་སྦྱར་བ་བྱས་ནས་ནི། །གུས་པ་ཡིས་ནི་ཕྱག་བྱས་ཏེ། །མེ་ཏོག་བཅིངས་བ་ལ་སོགས་ཀུན། །བཟུང་ནས་རྡོ་རྗེ་བརྟུལ་ཞུགས་བླང༌། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་


DTG022_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟུལ་ཞུགས་བརྟན། །དེ་ནས་རྡོ་རྗེ་བཟུང་ནས་ནི། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ། ཨེ་ཥ་སྟྰྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧཱིཿ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱའོ། །སྔགས་པས་ཚིགས་བཅད་འདི་བརྗོད་ནས། །དེ་ནས་དྲིལ་བུའི་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཐབས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །གང་ཞིག་དེ་ལྟར་དབང་བསྐུར་བས། །དངོས་གྲུབ་ཏུ་འགྱུར་ཐེ་ཚོམ་མེད། །ལྷ་གང་མངོན་དུ་བྱ་བ་ཡིས།། ད་ཡི་ལས་གང་སྒྲུབ་པར་ནུས། །རིག་པའི་དབང་གི་ཆོ་གའོ། །དེ་ལྟར་དེ་ནས་བྱས་ནས་སུ། །ཕྱིས་ནི་འོག་ནས་འབྱུང་བའི་རིམ། །བྱ་བ་ཡི་ནི་ཆོ་ག་ཡིས། །པདྨའི་དཀྱིལ་འཁོར་ཡང་དག་བསྟན། །དེ་ནས་བདག་པོ་རྣལ་འབྱོར་གྱི། །ང་རྒྱལ་དག་ནི་བྱས་ནས་སུ། །སློབ་མའི་གཙོ་བོ་གུས་པ་ཡི། །འོག་ནས་འབྱུང་བའི་ཆོ་ག་འདིས། །དེ་ནས་དབང་བསྐུར་དོན་དུ་ནི། །རང་ཉིད་ཀྱིས་ནི་གསོལ་བ་གདབ། །དེ་ནས་རང་ཉིད་ལངས་ནས་སུ། །སློབ་མ་པད་ཟླ་ལ་གནས་བསམ། །དེ་ནས་རང་ལྷའི་བསམ་གཏན་གྱིས། །བྱིན་གྱིས་བརླབ་པ་ལ་སོགས་བྱས། །དེ་བཞིན་ཆུ་ལ་སོགས་པའི་དབང༌། །མཁས་པ་ཡིས་ནི་སྔར་བཞིན་བྱ། །འདིར་ནི་ཇི་ལྟའི་ཁྱད་པར་གྱིས། །གཙོ་བོ་རྣམ་རྒྱལ་བུམ་པའི་ཆུ། །དེ་ཡི་སྔགས་བརྗོད་སྔོན་སོང་བས། །འདི་ནི་རྒྱུན་མི་འཆད་དབང་བསྐུར། །ཇི་སྲིད་རྣམ་རྒྱལ་ལ་སོགས་པས། །སློབ་དཔོན་ཧེ་རུ་ཀ་གྲུབ་པས། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཞེས། སྔགས་འདི་རང་གིས་བརྗོད་པར་བྱ། །ཤེས་རབ་ཅན་གྱིས་དེ་ཡི་མགོར། །ཧེ་རུ་ཀ་ལྡན་ཅོད་པན་ནི། །རྡོ་རྗེ་ཕྲེང་བ་རྣམས་བསམས་ཏེ། །སྔར་བཞིན་དུ་ནི་དེ་དབང་བསྐུར། །དེ་ནས་ཁྲོ་བོ་རྡོ་རྗེ་སྦྱིན། །རྡོ་རྗེ་དབང་བསྐུར་ཞེས་སུ་བརྗོད། །གང་ཞིག་རྒྱུད་གཞག་དུ་གྲགས་པ། །བློ་དང་ལྡན་པས་དེ་ཉིད་བརྗོད། །རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡེ་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་སྦྱོར་བ་ཆེ། །མཁའ་འགྲོ་མ་ཀུན་འབར་བའོ། །ཧྲཱིཿ་བདག་པོའི་


DTG022_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྐུར་བྱིན་ནས་སུ། །དྲིལ་བུའི་སྒྲ་ནི་བསྒྲག་པར་བྱ། །ཨ་ཀཱ་རོ་མུ་ཁཾ་ཞེས་སོགས། །དེ་ནས་ཆོས་འདི་རབ་བསྟན་བྱ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཐམས་ཅད་མཆོག་ཉིད་བསྒྲུབ་པར་བྱ། །ཧཱིཿ་ཡང་ན་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །དེ་ནས་མིང་གི་དབང་བསྐུར་བའི། །དེ་བཞིན་ཆོ་ག་སྦྱིན་བྱས་ན། །རིག་དང་ལྷན་ཅིག་ཏུ་གཞག་སྟེ། །སྡུག་བསྔལ་མང་པོ་དག་པའི་ཕྱིར། །ཉམས་མྱོང་བདེ་བ་སླ་བར་རྟོགས། །ཤིན་ཏུ་བདེ་བ་རྟོགས་པའི་ཐབས། །འདི་ནི་དམ་ཚིག་བདེ་ལེགས་ཏེ། །ཇི་ལྟར་ཡིད་ལ་འདོད་པ་ཡང༌། །འདོད་པ་ཀུན་ལ་ཉིར་ལོངས་སྤྱོད། །རང་གི་ལྷག་པའི་ལྷར་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བར་གནས་བར་དུ། །དཔའ་བོ་མཆོག་ཏུ་གྱུར་པ་སྟེ། །དེ་སྲིད་སེམས་ཅན་དཔག་མེད་དོན། །མི་ལྡོག་པར་ནི་ནུས་པར་གྱིས། །གསང་མཆོག་དམ་ཚིག་གི་ནི་ཐབས། །བསོད་ནམས་བྱིན་རླབས་སྒྲུབ་པ་དང༌། །དངོས་གྲུབ་ཀྱི་ནི་དབང་ཕྱུག་འགྲུབ། །སེམས་ཅན་དོན་ནི་བརྟན་པར་བྱེད། །ཕྱག་རྒྱའི་དམ་ཚིག་བརྗོད་བྱ་སྟེ། །ཡིད་ཀྱི་སྐུ་ནི་བརྟན་པའི་ཕྱིར། །གང་གིས་ཐམས་ཅད་སྐུར་བསྟན་པ། །དེ་ཡི་ཕྱག་རྒྱར་རབ་ཏུ་གྲགས། །དེ་ནས་དེ་བཞིན་ཉིད་འདུག་ལ། །སློབ་མ་རིག་དང་ཡང་དག་ལྡན། །ཡིད་དང་རྗེས་མཐུན་ཟས་སོགས་དང༌། །སྣ་ཚོགས་བཏུང་བ་འཐུངས་ནས་སུ། །ཁ་ནི་ག་བུར་དྲིས་བསྒོ་བྱ། །ལུས་ནི་དྲི་ཞིམ་བྱུག་བྱས་ཏེ། །ཕན་ཚུན་དགོད་དང་སྒེག་ལ་སོགས། །དགའ་བའི་རོལ་པ་རྣམས་བྱས་ནས། །དབང་ཉིད་ཡང་དག་སྙོམས་འཇུག་པས། །དེ་ཡིས་དགའ་བདེ་ཡང་དག་འཆར། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །བཀྲ་ཤིས་གླུ་ལ་སོགས་པ་ཡི། །དེ་དག་ཡང་དག་བསྐུལ་བར་ནི། །བདག་གིས་རྣམ་པར་བསམ་བྱ་སྟེ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་


DTG022_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དེ་ལྟར་བརྗོད་ནས་སློབ་མའི་ཁར། །རྡོ་རྗེ་ནས་ལྷུང་བདག་གནས་སོ། །ཨ་ཧོ་སུ་ཁ་ཞེས་ཀྱང་བརྗོད། །དེས་ཀྱང་གང་ཞིག་བཀུག་པ་རྣམས། །རྡོ་རྗེ་ཡེ་ཤེས་བྱུང་དོན་དེ། །ཤིན་ཏུ་གསང་བ་ཆེན་པོའི་དོན། །དབང་བསྐུར་བ་ནི་ངོ་མཚར་ཆེ། །རྡོ་རྗེ་དྲིལ་བུ་ཡི་ནི་སྒྲ། །མཆོག་ཏུ་དགའ་བ་སྐྱེད་བྱེད་པས། །དེ་ཉིད་འདིར་ནི་བརྗོད་པ་ཡིས། །དབང་བསྐུར་རང་གིས་སྦྱིན་པར་བྱ། །གང་དེ་དགའ་བའི་རང་བཞིན་ལ། །བདེ་བྱེད་དེ་ཡང་བཏགས་པ་ཙམ། །གང་ཞིག་ཆགས་བྲལ་རྒྱུའམ་གཉིས། །ཡང་ནི་སྲིད་པའི་རྩེ་མོའི་རྒྱུ། །གང་ནི་ཡིད་ཀྱིས་ཅུང་ཞིག་བརྟགས། །ཡིད་ཀྱིས་སྤངས་པའི་ངོ་བོའི་ཕྱིར། །རྣམ་པར་མི་རྟོག་མྱ་ངན་འདས། །གཞན་དུ་ཁ་ཅིག་གནས་ཡུལ་མེད། །འདི་ཡི་དེ་ཉིད་མི་ཤེས་པའི། །སློབ་མ་ལ་ནི་བཤད་མི་བྱ། །བློ་ལྡན་རྟོག་པ་མེད་པ་ལ། །འདི་ནི་ཤིན་ཏུ་གསང་བ་སྦྱིན། །དེ་ནས་དེ་ཉིད་ལ་གནས་པས། །མཁའ་འགྲོ་མ་རྣམས་ཡང་དག་མཆོད། །མཉམ་པར་གཞག་པས་སྔོན་བཞིན་དུ། །རྡོ་རྗེ་དྲིལ་བུ་དེ་ནས་སྦྱིན། །དེ་ནས་བརྩམས་ནས་རྣལ་འབྱོར་པ། །རྒྱུད་ཀུན་ལས་ནི་གསུངས་པ་ནི། །མ་ལུས་ལུས་པ་མེད་པ་ཡི། །ཆོ་ག་ཡིས་ནི་དཀྱིལ་འཁོར་བྲི། །ཇི་ལྟར་མངོན་པར་འདོད་པ་ཡི། །རང་འདོད་ལྷ་ཡི་འཇུག་པ་ཉིད། །མཆོག་དང་འབྲིང་དང་ཐ་མ་ནི། །ཇི་ལྟར་དམིགས་པའི་ཡིད་ཀྱིས་སུ། །ཇི་ལྟར་ནུས་པ་བཞིན་དུ་སྒྲུབ། །ཕྲན་ཚེགས་ལ་སོགས་པ་ཡི་ལས། །དེ་ཡི་དངོས་གྲུབ་པ་ལ། །རང་དང་གཞན་གྲགས་ཐེ་ཚོམ་མེད། །རྡོ་རྗེ་སློབ་དཔོན་དབང་བསྐུར་བའོ། །དེ་ལྟར་རྫོགས་པའི་སློབ་མ་ལ། །རྗེས་སུ་གནས་པའི་དབང་བསྟན་བྱ། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ། །ཁྲུ་གཉིས་དོར་བར་དཀྱིལ་འཁོར་བྱ། །ཕྱོགས་ཀུན་དུ་ནི་གྲུ་བཞི་པ། །ཕྱོགས་ཀུན་དྲ་བས་བརྒྱན་པ་ནི། །བྱ་བ་ཀུན་བྱེད་ཕྱོགས་གཅིག་བྱ། །དེ་ཡི་དཀྱིལ་དུ་པདྨ་ནི། །སྣ་ཚོགས་འདབ་མ་བྲི་བར་བྱ། །རྡོ་རྗེ་དྲག་དཔལ་གཟུགས་སུ་ནི། །འཇམ་པའི་སྟན་ལ་ཡང་དག་གནས། །དེ་རིང་པདྨའི་སྟན་


DTG022_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ནི། །མཉམ་པར་གཞག་པ་བསྒོམ་པར་བྱ། །དེ་ནས་སློབ་མ་གུས་ཅན་གྱིས། །ཡོན་གྱི་མཆོག་ནི་དབུལ་བར་བྱ། །རིག་མ་མཛེས་པ་དབུལ་བྱ་སྟེ། །དེ་དང་ལྷན་བྱུང་བྱང་ཆུབ་སེམས། །མཁའ་འགྲོ་ལ་སོགས་རབ་གཏུམ་རྣམས། །དེ་དང་ལྷན་ཅིག་མཆོད་པར་བྱ། །དབང་གཉིས་སྙོམས་པར་འཇུག་པ་ཡིས། །སློབ་དཔོན་ཕྱག་བྱ་གསོལ་བ་གདབ། །བདག་ཉིད་རྡོ་རྗེ་ཅན་ཞེས་པ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པའི། །དབང་བསྐུར་དོན་དུ་གསོལ་བ་འདེབས། །སློབ་དཔོན་གོ་འཕང་ངོ་མཚར་ཆེ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་བ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །གང་ཞིག་བདག་གིས་སེམས་ཅན་ཀུན། །རྙོག་མེད་དོན་ནི་བདག་གིས་བགྱི། །སངས་རྒྱས་ཀུན་གྱི་དོན་བྱས་པ། །ཁྱོད་ཀྱིས་ལེགས་དྲི་བརྟུལ་ཞུགས་ཀྱིས། །དེ་ནས་ཡང་ནི་སློབ་མ་ལ། །བློ་ལྡན་འདི་ལྟར་གསོལ་བ་གདབ། །སློབ་དཔོན་དག་གིས་ལངས་ནས་སུ། །རིམ་འདིས་དབང་བསྐུར་བརྟག་པ་ཡིན། །སློབ་མ་རང་ལྷའི་རྣམ་པ་རུ། །ཇི་ལྟར་སྔར་བཞིན་བསྐྱེད་བྱ་སྟེ། །གནས་གསུམ་ཡིག་འབྲུ་བྱིན་བརླབས་ནས། །པདྨ་ལ་གནས་བསམ་པར་བྱ། །སློབ་དཔོན་དཔའ་བོ་ནུས་ལྡན་པས། །དེ་ཡི་དབང་བསྐུར་གྲུབ་པའི་ཕྱིར། །སྔར་བསྙེན་པ་ཡི་གསང་སྔགས་སམ། །དེ་བཞིན་ཡི་གེ་གསུམ་གྱིས་ནི། །སྔགས་པས་ཡུངས་ཀར་དཀར་པོ་ལ། །ལན་ཅིག་བསྔགས་ཏེ་བརྗོད་པ་ཡིས། །དཀྱིལ་འཁོར་ལ་ནི་གཏོར་ཞིང་བརྡེག །དེ་ལས་རང་ཉིད་ལྷ་ཡིས་ནི། །བཀྲ་ཤིས་གླུ་ཡི་སྔགས་ནི་བརྗོད། །ལངས་ལ་རིག་དང་བཅས་པ་ཡི། །བུམ་པའི་ཆུ་ཡིས་དག་བྱེད་ཅིང༌། །དེ་ནས་བླ་མེད་དབང་བསྐུར་བྱ། །མེད་ན་བདུད་རྩི་ལྔས་གང་བའི། །བུམ་པ་ལ་ནི་དེ་བཞིན་བརྡེག། རྒྱལ་བ་དག་གིས་གསུངས་པ་ལྟར། །རང་ཉིད་ཀྱིས་ནི་དབང་བསྐུར་བྱ། །གལ་ཏེ་ནུས་པ་མེད་གྱུར་ན། །རྣམ་པ་སྣ་ཚོགས་རྒྱལ་མཚན་དང༌། །གླིང་བུ་པི་ཝང་རྔ་རྣམས་དང༌། །རིན་ཆེན་རྒྱན་གྱི་མཆོད་པ་རྣམས། །དེ་བཞིན་གཤེགས་པ་ཡང་དག་ལྡན། །ནམ་མཁའ་


DTG022_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་བར་བསྒོམ་པར་བྱ། །དེ་ནས་དེ་བཞིན་གཤེགས་པ་ཀུན། །འདོད་ཆགས་ཆེན་པོ་ཞུ་བ་ཡི། །དེ་ལྟར་བུམ་པའི་བདུད་རྩི་ལྔས། །མཁའ་འགྲོ་མ་རྣམས་ལ་སོགས་པ། །བདག་ཉིད་ཡོངས་སུ་བསྐོར་བསམས་ཏེ། །རྣམ་རྒྱལ་བུམ་པའི་ཆུ་ཡིས་ནི། །བཀྲ་ཤིས་གླུ་དང་བཅས་པ་ཡིས། །སློབ་མ་འདི་ནི་དབང་བསྐུར་ཞིང༌། །སློབ་མ་ལ་ནི་འདི་བརྗོད་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥེ་ཀཻ་ཥ་ཏྭ་མཱ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་སྟྭཾ་དྲྀ་ཌྷོ་མེ་བྷ་བ་སིདྡྷྱ་ན་མ་སྟེ། བྷ་ག་བཱ་ན་མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ་མ་ཧཱ་བཛྲ་ས་ཏྭ། ཨོཾ་ཨཱཿ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱའོ། །གཞན་ཡང་མཁའ་འགྲོ་དཔའ་བོ་ཡི། །དབང་ནི་དེ་ལྟར་བསྐུར་བཞིན་པར། །རྗེས་སུ་མཐུན་པར་བསམས་ནས་ནི། །དབང་བསྐུར་བར་ནི་འདོད་པ་ཡིན། །འདིར་ནི་བཀྲ་ཤིས་ཚིགས་བཅད་ནི། །མེད་པའི་ཕྱིར་ན་རྒྱུད་གཞན་ལས། །རྗེས་སུ་མཐུན་པ་ཡང་དག་བླངས། །མཁས་པ་ཡིས་ནི་ཆོ་ག་བྱ། །དེ་ནས་དབུ་རྒྱན་དར་དཔྱངས་སོགས། །གསང་བའི་མཐར་ཐུག་དང་ལྡན་པའི། །ཤེས་རབ་ཡེ་ཤེས་དབང་བསྐུར་བའི། །དེ་ལྟར་ཆོ་ག་ཡིས་ནི་སྦྱིན། །དེ་ནས་སྟན་ལ་བཞག་ནས་སུ། །ཕྲ་ཞིང་སྙན་ཚིག་འདི་བརྗོད་དོ། །འདི་ནི་ཁྱོད་ཀྱིས་གཟུང་བ་མཆོག །རྟག་ཏུ་ཁྱོད་ཀྱིས་བརྟན་པར་བྱ། །སྔགས་པ་རང་གིས་བྱིན་བརླབས་པའི། །སློབ་མ་ལ་ནི་ཕྱག་རྒྱ་གཏད། །དེ་ལྟར་སློབ་མ་དབང་བསྐུར་བ། །སློབ་མ་ཡོན་ཏན་གཙོ་བོར་འགྱུར། །བརྟན་པ་དང་ནི་གཡོ་ཀུན་གྱི། །འདི་ནི་སློབ་དཔོན་དུ་ནི་འགྱུར། །དེང་ནས་བརྩམས་ཏེ་དེ་ཡི་ནི། །གསང་བ་མཆོག་གི་བཤད་པར་བྱ། །རྒྱུད་ཀུན་དུ་ནི་གང་ཅུང་ཟད། །སྦས་ཤིང་བྲིས་པའི་ཕྱག་རྒྱ་ནི། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དེ་ནས་སྟན་ལ་རབ་འཇུག་གོ །ཕྱི་ནང་གསང་སོགས་མཆོད་པ་ཡིས། །མཆོད་པ་ཡང་དག་མཆོད་ནས་སུ། །གཟུགས་ལ་སོགས་པའི་མཆོད་པ་རྣམས། །དེ་ལྟར་ཡང་དག་རིམ་པས་མཆོད། །དེ་ནས་ང་རྒྱལ་མེ་ལོང་ནི། །ཇི་བཞིན་བསྟན་པ་འདི་བཞིན་བརྗོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །སྲིད་པའི་མཚོ་ལས་མངོན་པར་རྒལ། །ཆོས་རྣམས་གཟུགས་བརྙན་


DTG022_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟ་བུ་སྟེ། །ཁྱོད་ཀྱིས་སེམས་ཅན་རྣམས་ལ་ཤོད། །སྒྲ་ཡི་ང་རྒྱལ་ལྡན་པ་ཡིས། །དེ་ལྟར་བི་ཝང་སྒྲ་བརྗོད་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྲ་ཡི་རྗེས་སུ་འགྲོ་བ་ཡི། །ཤེས་རབ་མངོན་དུ་རྟོགས་གྱུར་ཅིག །གང་གིས་འཇིག་རྟེན་ཐམས་ཅད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་དུ་སྒྲ་བརྙན་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། །དྲི་ཡི་ང་རྒྱལ་ལྡན་པ་ཡིས། །སྙིང་གར་དྲི་བསྐུ་འདི་སྐད་བརྗོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐྱེ་མེད་ལྷག་པར་མོས་གྱུར་ཅིག །གང་གིས་སངས་རྒྱས་ཞིང་ཀུན་གྱི། །འཇིག་རྟེན་པ་ནི་ཀུན་གྱིས་ཀྱང༌། །རང་གི་ལུས་ལས་བླ་མེད་པའི། །བསམ་གྱིས་མི་ཁྱབ་དྲི་བྲོ་ཤོག །རོ་ཡི་ང་རྒྱལ་ལྡན་པ་ཡིས། །ལེགས་པར་སྦྱངས་པའི་བདུད་རྩི་ལྔ། །ཡང་དག་གོམས་པར་བྱ་བའི་ཕྱིར། །ཚིག་གིས་འདི་སྐད་བརྗོད་པར་བྱ། །རོ་ཀུན་རང་བཞིན་མེད་པའི་རོ་ར། །རྣམ་པ་མངོན་དུ་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་བྱང་སེམས་ཀུན། །སེམས་ཅན་དུ་གྱུར་ཐམས་ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག །སྤྲུལ་ལ་དབུལ་བར་བགྱིད་པར་ཤོག །རེག་པའི་ང་རྒྱལ་ལྡན་པ་ཡིས། །རྣལ་འབྱོར་མ་ནི་རྣལ་འབྱོར་བརྩོན། །རང་རིག་རེག་བྱ་མངོན་བྱས་ནས། །རེག་བྱའི་དེ་ཉིད་བརྗོད་པར་བྱ། །ཁྱེད་ཀྱིས་རེག་བྱ་མི་དམིགས་པར། །ལྷག་པར་མངོན་དུ་རྟོགས་གྱུར་ཅིག །ཁྱོད་ཀྱིས་རེག་པ་འབའ་ཞིག་གི །ཁྱད་པར་རང་གི་རྣམ་རྟོག་བྱུང༌། །སྣ་ཚོགས་བླ་ན་མེད་པ་ཡི། །རེག་བྱའི་ཁྱད་པར་མངོན་རྟོགས་ཤོག །རང་གི་སེམས་ནི་ཡོངས་གྱུར་པའི། །ལྷ་རྣམས་ངག་ནི་ཐམས་ཅད་དང༌། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་སོགས། །ཡང་དག་འབྱོར་པ་རེག་བྱ་ཡི། །བདེ་བ་དག་ནི་འབྱོར་བར་ཤོག །དེ་ལྟར་མཆོད་པ་བྱས་ནས་སུ། །གསེར་གྱི་ཐུར་མ་ལ་སོགས་ལ། །ཡང་ནི་སྔགས་འདི་ཡིས་ནི་བསྔགས། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ་ཞེས་སོ། །མཉམ་པར་གཞག་པའི་སེམས་ཀྱིས་ནི། །འདུག་པ་ལ་ཡང་འདི་སྐད་བརྗོད། །ཇི་ལྟར་མིག་མཁན་


DTG022_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་སློབ་མའི་མིག་ལ་ནི། །མིག་སྨན་བསྐུས་པའི་ཚུལ་བྱ་སྟེ། །སྔགས་པས་མེ་ལོང་བསྟན་བྱས་ལ། །ཆོས་ཀྱི་མཚན་ཉིད་བརྗོད་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །རང་བཞིན་མེད་ཅིང་བརྗོད་དུ་མེད། །དེ་ལྟར་ཆོས་འདི་ཤེས་བྱ་སྟེ། །སེམས་ཅན་དོན་ནི་བླ་མེད་ཀྱིས། །སྐྱོབ་པ་ཡི་ནི་རིགས་སྐྱེས་སོ། །དེ་ནས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ་ཞེས་བརྗོད་དོ། །ཧོ་ཡིས་མདའ་གཞུ་སྦྱིན་པར་བྱ། །དེ་ནས་དེ་ཡིས་གཞན་ཡང་ནི། །དེ་བཞིན་ཕྱོགས་བཞིར་མདའ་བཞི་འཕང༌། །སྟེང་དུ་གཅིག་དང་འོག་ཏུ་ནི། །མཉམ་པར་གཞག་བས་འཕང་བར་བྱ། །བཛྲ་ས་ཏྭ་ཨཱ་བརྗོད་ནས། །དེ་ནས་མེ་ལོང་སྦྱིན་པར་བྱ། །རྣལ་འབྱོར་ལྷུར་ལེན་སློབ་དཔོན་གྱིས། །དེ་ལ་དེ་ཉིད་འདི་ལྟར་བརྗོད། །རྡོ་རྗེ་སེམས་དཔའི་རང་བཞིན་ཉིད། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །ཧཱུཾ་གིས་ཆོས་ཀྱི་འཁོར་ལོ་ནི། །དེ་མདུན་དེ་ཡི་སྟེང་དུ་གཞག །ཨཿ་དང་ལྡན་པས་ལོགས་གཡས་སུ། །དུང་སྦྱིན་ནས་ནི་འདི་སྐད་བརྗོད། །དེང་ནས་བརྩམས་ནས་འཇིག་རྟེན་དུ། །སྐྱོབ་པའི་ཆོས་ཀྱི་འཁོར་ལོ་ནི། །འཁོར་ལོ་བླ་ན་མེད་པ་བསྐོར། །དྲི་མེད་འཁོར་ལོས་དགང་བར་བགྱི། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །འདི་ལ་ཡིད་གཉིས་མེད་པར་མཛོད། །ཆོས་ཀྱི་ཚུལ་མཆོག་སྤྱོད་པ་ནི། །མཚུངས་མེད་ཀུན་དུ་བསྟན་པར་གྱིས། །སངས་རྒྱས་རྣམས་ལ་བྱས་གཟོ་བར། །འདུག་པ་ཉིད་དུ་བརྗོད་པ་ཡིན། །དེ་ནས་རྡོ་རྗེ་འཆང་ཀུན་གྱིས། །ཁྱོད་ནི་བསྲུང་བར་རྟག་ཏུ་གནས། །དེ་ནས་དེ་བཞིན་གཞན་ཉིད་ཀྱི། །བློ་ལྡན་དམ་ཚིག་མཉན་པར་གྱིས། །ཐབས་དང་ཤེས་རབ་སེམས་ཀྱིས་ན། །མི་བྱ་བ་ནི་ཅི་ཡང་མེད། །དོགས་བ་མེད་པར་རྟག་བྱེད་པ། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །ཇི་ལྟ་ཇི་ལྟར་སེམས་ཅན་ཀུན། །རང་བཞིན་གྱིས་ནི་འདུལ་འགྱུར་


DTG022_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་སོགས་ཀྱིས་དག་པར་བྱ། །གང་ཡང་དམ་ཚིག་ལ་སྡང་བ། །སྐྱེ་བོ་དམ་ཚིག་ཉམས་པ་དག །སངས་རྒྱས་བསྟན་པ་སྐྱོང་བ་ཡིས། །འབད་པ་ཡིས་ནི་གསད་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ།། སངས་རྒྱས་རྣལ་འབྱོར་སྦྱོར་བ་ཡིས། །ཕ་རོལ་སེམས་ནི་འཕྲོགས་གྱུར་ཀྱང༌། །སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་ལྟ་བུ་བདེ་མེད་པས། །དེ་ནི་སྐྱེ་འགྲོ་ལ་རྟག་སྦྱིན། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པ་ལས་ནི་བསོད་ནམས་འཐོབ། །སངས་རྒྱས་ལ་སོགས་སྨོད་པ་ལ། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་གྱིས། །ཚིག་རྩུབ་སྦྱོར་བ་བྱས་ན་ནི། །བླ་ན་མེད་པའི་དངོས་གྲུབ་མེད། །འོད་དཔག་མེད་པའི་བརྫུན་ཚིག་སྨྲ། །དོན་ཡོད་གྲུབ་པའི་ཏིང་འཛིན་མཆོག །རྒྱུད་གསུངས་ཆོ་ག་བློ་ལྡན་གྱིས། །དམ་ཚིག་དག་པ་བསྟེན་པར་བྱ། །དེ་ནས་ཧེ་རུ་ཀ་དཔལ་ཞེས། །སོགས་པ་ཡང་ནི་རང་གིས་བསྟོད། །ཐལ་མོ་སྦྱར་ནས་ཕྱག་བྱས་ལ། །ཡང་ནི་སློབ་མ་ཉིད་ལ་བརྗོད། །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །རྡོ་རྗེ་ཆོས་འཁོར་བསྐོར་བར་འགྱུར། །དེ་བཞིན་གཤེགས་པ་རྒྱལ་བས་རྒྱལ། །ཀུན་གྱི་བདག་པོ་ཞེས་བྱ་བའི། །རྡོ་རྗེ་འཁོར་ལོ་བསྐོར་བར་གྱིས། །ཞེས་པས་རྗེས་སུ་གནང་བ་ཡིན། །དབང་བསྐུར་བ་ཡི་ཆོ་གའོ། །དེ་ལྟར་བྱས་ནས་དེ་རྗེས་སུ། །རྩ་བའི་དཀྱིལ་འཁོར་དུ་ནི་ཞུགས། །དཀྱིལ་འཁོར་དག་ནི་བལྟས་ནས་སུ། །སྔགས་ཀྱིས་བསྐུལ་བ་བརྗོད་པར་བྱ། །ཏིང་འཛིན་གསང་སྔགས་རྒྱལ་པོ་ཡི། །གསང་བ་སྦྱིན་པ་བསམ་བྱ་སྟེ། །རྒྱུད་འདིར་བརྗོད་པའི་དམ་རྫས་ནི། །མཁས་པ་ཡིས་ནི་བཟའ་བར་བྱ། །དེ་ནས་འདི་ལྟར་བྱུང་བ་དང༌། །སངས་རྒྱས་ཀུན་བདག་རྣལ་འབྱོར་བརྩོན།། རྡོ་རྗེ་མིང་ནི་དབང་བསྐུར་བའི། །དེ་བཞིན་གཤེགས་པར་ལུང་བསྟན་བྱ། །དེ་འདིར་རིམ་པ་ཞེས་བྱ་སྟེ། །རྡོ་རྗེ་དྲག་དཔལ་གཟུགས་སུ་ནི། །དེ་བཞིན་སློབ་མ་ཉིད་ཀྱང་གནས། །རང་ནི་བདག་པོ་རྣལ་འབྱོར་ལྡན། །ལག་པ་གཡོན་པ་ཆོས་གོས་ནི། །དེ་བཞིན་འཛིན་པ་ཡི་ནི་ཚུལ། །


DTG022_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་སྦྱིན་པ་ཡི་ཚུལ་གྱིས་གནས། །མཉམ་པར་གཞག་པས་འདི་སྐད་བརྗོད། །ང་ཡིས་དེང་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ངན་འགྲོ་སྲིད་པ་དག་ལས་བཏོན། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་གྲུབ། །ས་མ་ཡ་སྟྭཾ་ཞེས་པའོ། །ཕྱག་རྒྱ་ཆེན་པོ་འདི་དང་ནི། །གང་གིས་ཆོ་ག་འདི་ཡིས་ནི། །ལུང་བསྟན་པར་ནི་བྱས་པ་གང༌། །ཧེ་རུ་ཀ་ལ་སོགས་པ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དཀྱིལ་འཁོར་གྱི་ནི་འཁོར་གནས་པའི། །དམ་ཚིག་སྤྱོད་པས་མགྲིན་གཅིག་གིས། །རྫོགས་པའི་བྱང་ཆུབ་བརྟན་ཟུང་བསྟན། །གསང་ཆེན་མཆོག་གི་དམ་པ་ཡི། །འདི་ལྟར་ཕྱག་རྒྱ་ཆེན་པོ་ཡིས། །འདི་ཡི་བྱིན་གྱི་རླབས་དང་ནི། །སྟོབས་ཉིད་དག་ནི་འདི་དག་ལ། །དེ་ལྟར་བརྗོད་ནས་དེ་རྗེས་སུ། །ཡང་དག་དབུགས་དབྱུང་སྦྱིན་པར་བྱ། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་རིང་ཁྱོད་ནི་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་མཚུངས་པ་དང་མི་ཤེས་པར། །འཇིགས་པ་མེད་པར་དགའ་བར་རོལ། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །ཁྱོད་ཀྱིས་འདིར་ནི་རྟག་ཏུ་བཟུང༌། །སངས་རྒྱས་ཀུན་གྱི་རང་བཞིན་བརྗོད། །བཀའ་འདི་རྟག་པ་མཆོག་ཡིན་ནོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་གང༌། །བྱང་ཆུབ་སེམས་ནི་གཏང་མི་བྱ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤོང་ཞིང༌། །ནམ་ཡང་གཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡིས་ནོངས་ན་བཤགས་པར་བྱ། །རང་གི་བདག་ཉིད་མི་སྤང་ཞིང༌། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་གཟུང༌། །འདི་ནི་མ་འོངས་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་གཏང་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །གང་ཞིག་


DTG022_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སློབ་དཔོན་སྨོད་པ་ནི། །སངས་རྒྱས་ཀུན་ལ་སྨད་པས་ན། །འདི་ཡིས་རྟག་ཏུ་སྡུག་བསྔལ་འཐོབ། །རིམས་དང་དུག་དང་དབྱིག་དུག་དང༌། །མཁའ་འགྲོ་གཟའ་ཡི་འཚེ་བ་དང༌། །བགེགས་དང་ལོག་འདྲེན་དྲག་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་སྐྱེ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་དུ་ཡང་ནི་མི་སྨད་དོ། །བླ་མ་ལ་ནི་རྗེས་མཐུན་ཡོན། །གུས་དང་བཅས་པས་དབུལ་བར་བྱ། །དེ་ནས་རིམས་སོགས་གནོད་པ་རྣམས། །སླར་ཡང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །རང་སྲོག་གིས་ཀྱང་བརྟེན་བྱ་ན། །སྦྱིན་མིན་བུ་དང་ཆུང་མ་དང༌། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །བསྐལ་བ་ཕྱེ་བ་དུ་མར་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་ལས་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་རིང་བདག་སྐྱེས་འབྲས་བུར་བཅས། །དེ་རིང་བདག་ནི་ལེགས་པར་གནས། །ལྷ་དང་དམ་ཚིག་མཉམ་པ་རུ། །གྱུར་པར་བདག་ནི་ཐེ་ཚོམ་མེད། །ཚེ་ལྡན་དེ་རིང་དབང་བསྐུར་བས། །རྡོ་རྗེ་འཆང་བཅས་སངས་རྒྱས་ཀུན། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོ་རྒྱལ་པོར་གནས་པའོ།། གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིས། །དེ་རིང་བདུད་ལས་རྒྱལ་བར་འགྱུར། །དེ་རིང་སངས་རྒྱས་ཉིད་ཐོབ་བར། །ཁྱོད་ནི་ཐེ་ཚོམ་མེད་པ་ཡིན། །རང་གི་དམ་ཚིག་མི་ཟད་པར་འགྱུར་ཐར་པ་ནི། །བསྟེན་བྱ་ཡིད་ཀྱི་དྲིན་གྱིས་རྡོ་རྗེ་སྐྱེ་བར་གྱིས། །ཤིན་ཏུ་སྐྱེ་སླའི་བདེ་བ་སངས་རྒྱས་ཀུན་གཟུགས་སྐུ། །རྟག་པ་དེ་ནི་ཁྱོད་ཀྱིས་རྟོགས་པར་རབ་གྱུར་ཅིག །ཅེས་བྱའོ། །བླ་མ་ཡི་ནི་ཞབས་གཉིས་ལ། །སློབ་མ་ཡིན་ནི་ཕྱག་བཙལ་ཏེ། །ཇི་ལྟར་གསུངས་པ་ལ་སོགས་ཀུན། །རྗེས་སུ་བགྱིད་ཅེས་བདག་གིས་བརྗོད། །དེ་ལྟར་དམ་བཅས་བྱས་པ་ཡི། །སློབ་མ་


DTG022_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ནི་ཕན་ཉིད་དང༌། །སྔར་བརྗོད་པ་ཡི་རིམ་པ་ཡིས། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་སྦྱིན། །འདི་དེས་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱའོ། །གསང་སྔགས་འདི་ནི་བརྗོད་པར་བྱ། །འདི་བརྗོད་པས་ནི་དྲིལ་བུ་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བསྲུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་ནས་སྤོས་དང་མེ་ཏོག་སོགས། །བཀྲ་ཤིས་སྤྱོད་པས་བརྒྱན་བྱས་ཏེ། །མགོ་བོར་གདུགས་ནི་བཟུང་ནས་སུ། །དེ་ནས་བླ་མ་རང་ཉིད་ཀྱིས། །རྡོ་རྗེ་དྲིལ་བུ་འཛིན་པ་ཡི། །སློབ་མ་དེ་ལ་སྐོར་བྱེད་གཞུག །སྔགས་པས་འདི་ལྟ་རུ་ནི་བརྗོད། །དཀྱིལ་འཁོར་ཀུན་གྱིས་བསྐོར་བ་ཡིས། །མདའ་བདག་མདོག་སྔོན་རྒྱལ་གྱུར་ཅིག །དམར་པོས་ཇི་ལྟར་མཛེས་གྱུར་ཅིག །དམ་ཚིག་གིས་བརྒྱན་ཞེས་བ་རྒྱལ་གྱུར་ཅིག །ཟླ་ཕྱེད་མགོ་བོར་བརྒྱན་པ་རྒྱལ་གྱུར་ཅིག །ལྷ་མོའི་འཁོར་ལོས་བརྒྱན་པ་རྒྱལ་གྱུར་ཅིག །དང་པོ་སངས་རྒྱས་སྐུ་མཆོག་གནས་པ་རྒྱལ་གྱུར་ཅིག །འདོད་དང་ཐར་པ་ནོར་དང་ཆོས་སྦྱིན་རྒྱལ་གྱུར་ཅིག །རྣམ་པ་ལྔ་ལ་དགའ་རོལ་རང་སྦྱིན་རྒྱལ་གྱུར་ཅིག །ཕྱག་ན་རྡོ་རྗེ་བདེ་བའི་མགོན་པོ་རྒྱལ་གྱུར་ཅིག །དེ་ནས་སྒོ་ཡི་མདུན་དུ་ནི། །གདུགས་དང་བཅས་པས་ཕྱག་བྱའོ། །སློབ་མ་ལ་ནི་འདི་བརྗོད་བྱ། །སློབ་མ་རྒྱུད་འཛིན་པོར་འགྱུར་རོ། །དེ་ལྟར་བརྗོད་ནས་དེ་ཡི་ཚེ། །སློབ་དཔོན་ལག་གིས་གདུགས་བསལ་ནས། །སློབ་མ་དེ་ཉིད་བསླང་ནས་སུ། །དེ་ནང་འདི་ནི་ཉན་དུ་གཞུག་དེ་རིང་དཀྱིལ་འཁོར་སློབ་དཔོན་དང༌། །སྔགས་དང་རྒྱུད་ནི་ཁྱོད་ཀྱིས་ཟུང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་འདོད། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །འབད་པ་ཡིས་ནི་བྲི་བྱས་ལ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ལ་བུ་ཁྱོད་ཀྱིས་བྱ་བས། །དཀའ་ལས་ཆེན་པོ་བྱུང་གྱུར་ཀྱང༌། །སེམས་ཅན་རྣམས་ལ་


DTG022_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་ཕན་པའི། །བྱ་ཀུན་སེར་སྣ་མི་བྱའོ། །ཞི་བའི་དོན་དུ་མཁས་པ་ཡིས། །སྦྱིན་སྲེག་གི་ནི་ཆོ་ག་བྱ། །དེ་ནས་སྦྱིན་སྲེག་རྫོགས་ནས་སུ། །བླ་མ་ཡིས་ནི་ཡོན་བླངས་ཏེ། །གསེར་དང་དངུལ་དང་རིན་ཆེན་སོགས། །རྟ་དང་གླང་པོ་རྒྱལ་སྲིད་དོ། །སློབ་མས་ཀྱང་ནི་དེ་རྗེས་སུ། །བཅོམ་ལྡན་དམ་ཚིག་ཉིད་ཀྱིས་ནི། །ཧེ་རུ་ཀ་དཔལ་ཤེས་རབ་ཆེ། །མཁའ་འགྲོ་མ་ཡི་འཁོར་ལོ་སྡོམ། །ཞེས་བྱ་སེམས་ལ་རྗེས་གནང་ནས། །བསྐོར་བ་ལན་གསུམ་བྱས་ནས་སུ། །ལུས་ཀུན་ཡན་ལག་གདུགས་བྱས་ཏེ། །ཇི་ལྟར་སྔར་བཞིན་ཕྱག་བྱའོ། །བདག་རང་བླ་མ་ལ་ཕུལ་ནས། །མཆོད་པ་ཡིས་ནི་མཆོད་པར་བྱ། །ཇི་སྲིད་བླ་མ་དགྱེས་པར་དུ། །དེ་སྲིད་བླ་མ་མཉེས་པར་བྱ། །གང་གང་ཅུང་ཞིག་ཡིད་འོང་བ། །ཤིན་ཏུ་ཁྱད་པར་ཅན་དེ་ཉིད། །དེ་ཉིད་མི་ཟད་འདོད་པ་ཡིས། །དེ་དང་དེ་ནི་བླ་མར་དབུལ། །གང་གིས་ཤིན་ཏུ་གཏང་དཀའ་བ། །དེ་བྱིན་དཔག་མེད་ཡིན་པར་འདོད། །དེ་ལྟར་གང་ཞིག་དབང་བསྐུར་བ། །དེ་ནི་སློབ་དཔོན་ཡིན་པར་བརྗོད། །དེ་ལ་གསང་སྔགས་བྱིན་པ་ཡིས། །དངོས་གྲུབ་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཨོཾ་བཛྲ་སཏྭ་སོགས། །རྡོ་རྗེའི་གླུ་ནི་བརྗོད་པར་བྱ། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །སྒེག་མོ་སོགས་ཀྱིས་མཆོད་པར་བྱ། །འདོད་པའི་ཡོན་ཏན་སྔས་ཀྱང་ནི། །དེ་བཞིན་གཤེགས་པ་རབ་མཆོད་དེ། །ཙི་བདེ་བར་ནི་སློབ་མ་ཀུན། །མཆོད་པ་བྱས་ནས་མཁྱེན་པར་གསོལ། །ཇི་ལྟར་རང་གི་འདོད་པ་ཡིས། །སྤོས་ལ་སོགས་པ་མཆོད་པར་བྱ། །ཇི་ལྟར་འབྱོར་བར་འགྱུར་པ་ཡིས། །ཞུགས་པའི་སློབ་མས་བཟའ་བཅའ་དང༌། །རྣམ་པ་སྣ་ཚོགས་རོ་དང་ཟས། །བཟི་བར་ནུས་པའི་ཆད་དང་ནི། །གང་ཞིག་རྒྱུད་གཞན་གྲགས་པ་ཡི། །གླུ་དང་སྒྲ་ཡི་མཆོད་པ་རྣམས། །མཆོད་པའི་སྒྲ་ནི་དབུལ་བར་བྱ། །བླ་མ་ཡང་དག་བདེ་བར་མཆོད། །དེ་བཞིན་དུ་ཡང་གསུངས་པ་ནི། །ཆང་བཅས་ཆང་མིན་བཏུང་བ་དང༌། །ཇི་ལྟར་འདོད་བས་ལོངས་སྤྱོད་པར། །ཇི་བཞིན་རིམ་པས་བསྒོམ་པར་བྱ། །དེ་ཉིད་གསང་བའི་གླུ་ཆེན་པོ། །བདེ་བའི་སྒྲ་དང་གར་ཀྱང་བྱ། །


DTG022_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་བའི་རོལ་པ་སྣ་ཚོགས་ཀྱིས། །གཙོ་བོ་ལ་སོགས་ཀུན་མཆོད་ནས། །དེ་ནས་མང་པོ་བསམ་བྱ་ཞིང༌། །སྔར་བཞིན་དུ་ནི་བརྗོད་པར་བྱ། །ཀུན་ལ་དམ་ཚིག་བྱིན་ནས་ནི། །ཇི་ལྟར་དགར་འོས་དེར་ནི་གཏང༌། །དེ་ནས་ཕྱི་རོལ་མཆོད་པ་དང༌། །ཡིད་ཀྱིས་མཆོད་པ་གཙོ་བོ་ནི། །སྔགས་པ་གུས་པ་ཡིས་ནི་མཆོད། །ཡང་ནི་ཉི་མ་ཤར་དུས་སུ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་བྱ་ལ་སོགས་ཚིག་གིས་ནི། །ཇི་ལྟར་ཡང་དག་བསྟོད་ནས་ཕྱིས། །རྒྱལ་བ་རྣམས་ལ་མཁྱེན་པར་གསོལ། །སོ་སོ་སྐྱེ་བོར་གྱུར་གང་དང༌། །རྣལ་འབྱོར་མ་ཐོབ་གང་གིས་དང༌། །ཉེ་དང་མཁོ་བ་མེད་པ་དང༌། །བརྗེད་དང་ཤེས་བཞིན་མ་ཡིན་པས། །ཅུང་ཞིག་ཆོ་ག་ཉེར་མ་ཚང༌། །དེ་དག་བཀྲུ་ཞིང་བཟོད་པར་འོས། །དེ་ལྟར་གསོལ་བ་བཏབ་ནས་ནི། །དེ་ནས་འདིས་ནི་གཤེགས་སུ་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་དེ་ནས་ཚོགས་པ་རྟོགས་བྱས་ལ། །ཡེ་ཤེས་ཀྱི་ནི་དཀྱིལ་འཁོར་གཙོ། །ཞལ་ནི་དགོད་ཅིང་སེམས་པ་ཡིས། །སློབ་དཔོན་སློབ་མའི་ཡོན་ཏན་བརྗོད། །རང་གི་འོད་ཀྱིས་སེམས་ཅན་ཀུན། །རང་རང་ཕྱོགས་སུ་བཏོན་ནས་སུ། །དེ་བཞིན་ཇི་ལྟར་འདོད་པ་ཡི། །རང་གི་འོད་ཀྱིས་གསལ་བར་བསམ། །དེ་ནས་ཇི་ལྟར་སྤྲོས་པ་ཡི། །གུས་པས་ལྷ་ཡི་དཀྱིལ་འཁོར་ནི། །རང་གི་ལུས་ལ་གཞུག་པར་བྱ། །དེ་ནས་མཁས་པས་ཕུར་བུ་གདོན། །སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིངཱ་ཨཱ་ཛྙཱ་པ་ཡ་ཏི་ཧཱུཾ་ཧཱུཾ་ཕཊ། ཅེས་བྱའོ། །དེ་ལ་གྱིས་བརླབས་པ་ཡི། །གསང་བའི་དཀྱིལ་འཁོར་རྡུལ་ཚོན་ཆ། །དེ་ལ་སྤོས་ལ་སོགས་པ་ཡིས། །ཡང་ནི་ཡང་དག་མཆོད་ནས་ནི། །བློ་ལྡན་གྱིས་ནི་གཤེགས་སུ་གསོལ། །ཨ་ཀཱ་རོ་མུ་ཁཾ་ལ་སོགས་པ། །བརྗོད་ནས་དེ་དོན་མངོན་དུ་བྱ། །མཉམ་པར་གཞག་པས་མི་དམིགས་བྱ། །གཙོ་བོ་རང་གི་སྙིང་གར་གནས། །མཆོད་ནས་དེ་བཞིན་བསྟོད་བྱས་ལ། །དེ་ནས་རྣལ་འབྱོར་ཉེ་བར་བསྡུ། །ཚོན་རྩི་ཆུ་བོའམ་རྒྱ་མཚོ་འམ། །


DTG022_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཉིད་དུ་ནི་དོར་བར་བྱ། །དེ་ནས་ས་ནི་ཡང་དག་པར། །བ་ཡི་ལྕི་བས་བྱུགས་བྱས་ཏེ། །བདག་དང་སློབ་མ་དེ་བཞིན་སོགས། །ཕན་པའི་ཕྱིར་ནི་སྦྱིན་སྲེག་བྱ། །དེ་ནས་ཡང་ནི་སྔགས་པས་ཀྱང༌། །དེ་བཞིན་དུ་ནི་ཕུར་བུ་གདོན། །ལེགས་པར་ཁྲུས་ནི་བྱས་ནས་སུ། །བདག་མེད་པར་ནི་བསྒོམ་པར་བྱ། །དེ་ནས་ཕྱིས་ནི་སློབ་དཔོན་གྱིས། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །རང་ཉིད་ཀྱིས་ནི་ལོངས་སྤྱོད་བྱ། །སློབ་མ་ལ་ནི་མི་བགོའོ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་གྱི་ནི་རིག་པ་ཡིན། །དམ་ཚིག་ཅན་གང་སློང་གྱུར་ན། །སློབ་མ་ལ་ནི་ཅུང་ཞིག་སྦྱིན། །རྒྱུད་གང་ལ་ནི་སྔོན་གྱི་སློབ་དཔོན་གྱིས། །འཁོར་ལོ་རྒྱས་པ་རུ་ནི་མ་བྱས་སེམས། །དེས་ན་དེ་ལ་བདག་སེམས་ཞུགས་གྱུར་པས། །ལྷག་དང་ཆད་དོན་མཁས་པ་རྣམས་ཀྱིས་ཤེས། །བློ་ནི་དམན་ཡང་གུས་པར་གྱུར་པ་ཡིས། །འདི་དག་མཛེས་པར་རབ་ཏུ་བྱས་པ་ཡིན། །རང་གི་ཡུལ་ལ་སྐྱོན་དང་ཡོན་ཏན་ནི། །མི་བྱ་དད་པ་ཡིས་ནི་ཕྱེ་པ་ཡིན། །འདིར་ནི་མཆོག་གི་ཁུར་ཆེན་དཔའ་བོ་དང༌། །ཡང་ནི་དཔའ་བོ་རྣམས་ཀྱི་དཔའ་བོ་ཡང༌། །དེ་ཕྱིར་ལེགས་བསྟན་དམ་ཚིག་བཅས་པ་ཡི། །མཁས་པ་རྣམས་ཀྱིས་བདག་ལ་བཟོད་པར་འོས། །དོན་དང་གཞུང་འདི་མཛེས་པར་བྱས་འདི་ཡིས། །བསོད་ནམས་ཀྱིས་ནི་འགྲོ་བ་རྣམས་ལ་ནི། །ཡུན་རིང་འཇིགས་པ་མེད་པར་དགའ་བ་དང༌། །བདག་གཞན་བདེ་བ་མཆོག་ནི་སྐྱེད་གྱུར་ཅིག །དེ་ཉིད་གསལ་སྐྱེ་རྨོངས་པ་རབ་འཇོམས་ཤིང༌། །མཆོག་ཏུ་མི་འཇིགས་སྟེར་བའི་མངའ་བདག་ཤོག །ནོར་ནི་མ་ལུས་སྐྱེས་པའི་གཞི། །སྐྱེས་པའི་ས་ནི་ལང་ཀ་སྟེ། །རྒྱལ་བའི་ཞབས་ཀྱིས་བྱས་པ་ལ། །མཐའ་ནི་བཟང་པོའི་མིང་གསལ་བྱས། །ཉོན་མོངས་ཆོགས་ནི་སྤངས་པ་ཡི། །ལེགས་པར་བརྟན་པའི་བློ་གྲོས་ཀྱིས། །ཡོན་ཏན་ཚོགས་ནི་རྗེས་རྟོགས་པས། །རྫོགས་པར་བྱས་ཀྱིས་བསམ་པར་གྱིས། །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ཚིགས་སུ་བཅད་པ་དགུ་བརྒྱ་པ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་འཇམ་དཔལ་དང༌། བོད་ཀྱི་ལོ་ཙཱ་


DTG022_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousདཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ། རྒྱལ་བ་བཟང་པོ།next