Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་གི་རབ་ཏུ་བྱེད་པ།  ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་གི་རབ་ཏུ་བྱེད་པ། ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།next

དབང་གི་རབ་ཏུ་བྱེད་པ།
ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།


DTG022_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་པྲ་ཀ་ར་ཎ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྙེན་པའི་ཆོ་ག་ནི། ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླ། །འཁོར་ལོའི་གཙོ་བོའི་འབུམ་བཟླས་ཏེ། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ནོ། །བསྙེན་པའི་ཆོ་གའོ། །དེ་ནས་དགུན་ཟླ་ར་བ་དང༌། དཔྱིད་ཟླ་འབྲིང་པོ་དང༌། ཐ་ཆུངས་དང༌། དབྱར་ཟླ་གསུམ་པ་དང༌། སྟོན་ཟླ་ར་བའི་ཚེས་གཅིག་དང༌། གསུམ་དང༌། ལྔ་དང༌། བདུན་དང༌། བཅུ་དང༌། བཅུ་གསུམ་དང༌། བཅོ་ལྔའོ། །གཟའ་ཟླ་བ་དང༌། ལྷག་པ་དང༌། ཕུར་བུ་དང༌། པ་བ་སངས་སོ། །རྒྱུ་སྐར་སྣར་མ་དང༌། མགོ་དང༌། ལག་དང༌། རྒྱལ་དང༌། དབོ་དང༌། མེ་བཞི་དང༌། ལྷ་མཚམས་དང༌། སྣྲོན་དང༌། སྣྲུབས་དང༌། གྲོ་བཞིན་དང༌། ཆུ་སྟོད་དང༌། ཆུ་སྨད་དང༌། ཁྲུམས་སྟོད་དང༌། ཁྲུམས་སྨད་དོ། །སྦྱོར་བ་བྱེད་བ་བཟང་བོ་བརྟགས་ནས་དཀྱིལ་འཁོར་བྲི་བའི་དོན་དུ་སློབ་མས་ལན་གསུམ་དུ་གསོལ་པ་གདབ་པོ། །དེའི་ཚེ་སློབ་མའི་ལྟེ་བར་ཉི་མ་ལ་ཧཱུཾ་གི་འོད་ཟེར་གྱི་སྙིང་


DTG022_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གའི་ཀཾ་ནག་པོ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟ་བུ་རླིག་པ་འཕྱང་བ་སྐྲ་གྱེན་དུ་བརྫེས་པ། སྣ་རྩེ་ནས་བཏོན་ལ་ཧཱུཾ་དེ་ཡང་སྙིང་གར་འོངས་ཏེ། ཧཱུཾ་མཛད་དུ་གྱུར་ནས་ཕྱིར་བཏོན་ལ། ཨོཾ་སུམྦྷ་ནི་སུ་མྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱ་ན་བིདྱཱ་རཱ་ཛ་ཡ་ཨ་མུ་ཀ་སྱ་པཱ་པཾ་ནཱ་ས་ཡ་ནཱ་ས་ཡ་ཧཱུཾ་ཧཱུཾ་ཕཊ། ཕྱག་གི་རྡོ་རྗེས་སྡིག་པ་བཏོན་ནས་བརླག་པར་བསམ་མོ། །སློབ་མའི་སེམས་ཀྱི་བགེགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཨ་མུ་ཀ་སྱ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཕུར་བུ་གདབ་བོ། །ཕུར་བུའི་འོད་ཟེར་གྱིས་སྡིག་པ་རྣམས་བསྲེག་གོ །དེ་ནས་སློབ་མ་སཾ་ལས་ཀུན་དུ་བཟང་པོར་བསམས་ལ་སྙིང་གར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམ། མགོ་ལ་ཟླ་བ་ལ་གནས་པའི་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་པའི་རྡོ་རྗེའི་ལྟེ་བའི་དབུས་སུ་ལྷ་མོ་མཱ་མ་ཀཱི་བཞུགས་པར་བསམས་ལ། དེའི་ཐུགས་ཀའི་ཟླ་བའི་སྟེང་གི་རྡོ་རྗེའི་ལྟེ་བའི་ནང་གི་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་རྡོ་རྗེ་ཕྲ་མོས་ལུས་ཁྱབ་པར་བྱ་སྟེ། ཨོཾ་ཨཱཿཤཾ་ཀ་རེ་ཤཱནྟིཾ་ཀ་རེ་གྷུ་ཊ་གྷུ་ཊ་གྷུ་ཊི་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུ་ཊི་ནི་གྷུ་ཊི་ནི་ཨ་མུ་ཀ་རཀྵ་སྭཱ་ཧཱ། ཞེས་བསྲུང་ངོ༌། །འཁྱིལ་པའི་སྔགས་སྦྱིན་ནོ། །སློབ་མ་བཟུང་བའི་ཆོ་གའོ།། དེ་ནས་དཀར་པོའི་ཚེས་གཅིག་དང༌། བརྒྱད་དང༌། བཅུ་དང༌། བཅུ་གསུམ་དང༌། བཅུ་བཞི་དང་ཉ་ནས་ཉའི་བར་དུ་སྔ་དྲོ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ལས་བྱའོ། །གྲོང་དང་སྐྱེད་མོས་ཚལ་དང་ལྷ་ཁང་དང་ཁྱིམ་རྣམས་ཀྱི་ཕྱོགས་མཚམས་བདུན་དང་མཆོད་རྟེན་ལ་ཉེ་བ་དང་ཀླུ་གནས་བའི་ཆུ་ལ་ཉ་བ་དང་ཤིང་གཅིག་ལ་ཉེ་བ་དོར་ལ་དབང་ལྡན་དུ་ཁུང་བུ་མཐོ་གང་བྲུས་ལ་སླར་བཀང་སྟེ་ལྷག་ན་བཟང༌། ཡང་ཆུས་བཀང་ལ་གོམ་པ་བརྒྱར་ཕྱིན་ནས་ཆུ་དམའ་བར་མ་སོང་ན་བཟང༌། ཆུ་སྒྲ་དང་བཅས་ན་ཀླུའི་གནོད་པ་འོང༌། ས་བརྟག་པའོ། །མཎྜལ་བྱས་ལ་དཀྱིལ་འཁོར་པ་དང་ཞིང་སྐྱོང་ལ་སོགས་པ་ལ་མཆོད་གཏོར་བྱ་སྟེ། གང་དག་འདེར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང༌། །ས་འདི་བདག་གིས་བསླང་བགྱིད་ན། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་པོ། །


DTG022_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་བསླང་བའོ། །རྨི་ལམ་ལ་སོགས་པར་བྱིན་པའམ་མ་བཀག་པར་གོ་ན་ཉི་མ་གཞན་གྱི་སྔ་དྲོ་ནམ་མཁའི་རྡོ་རྗེ་འཆང་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གནང་བ་ནོས་ལ་སྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པའམ་བསྒོམ་པའམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་ལ་སློབ་མ་ལ་བསྲུང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱས་ལ། ས་དེ་ལ་ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་དང་ཆུ་དང་ཐལ་བས་བསང་པོ། །དེ་ནས་སའི་ལྷ་མོ་སྤྱན་དྲང་ཞིང་མཆོད་ལ། ལན་གསུམ་གསོལ་བ་གདབ་བོ། །གྱིས་ཞེས་ཟེར་བ་དང་ཡིད་ཀྱིས་ནམ་མཁར་བཏེག་ལ། ས་དེ་ལ་ཀླུ་ཉལ་བས་དེའི་པང་པའི་ཆར་བརྐོའོ། །དེ་ལ་གཟའ་ཉི་མ་རྒྱུ་པའི་སྟོན་ཟླ་ཐ་ཆུངས་ལ་སོགས་པའི་ཟླ་བ་གསུམ་པ་ལ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་དུ་མགོ་བོ་བལྟ་ཞིང་ལྷོ་ལ་སོགས་པར་ཕྱོགས་ཏེ་ཉལ་ལོ། །ས་བརྐོ་བའོ། །དེ་ནས་སྐྱོན་དང་ཟུག་རྡུ་བསལ་བར་མི་ནུས་པ་ལ་ལག་པ་རེག་ཅིང་འཁྱིལ་པ་བཟླས་པས་དག་པར་འགྱུར་རོ། །དྲིའི་ཆུ་དང་བསྲེས་ལ་དོང་དགང་ངོ༌། །མ་ཁེངས་ན་གཞན་ཡང་ངོ༌། །སའི་དབུས་སུ་རིན་པོ་ཆེ་ལྔ་དང་སྨན་ལྔ་དང་འབྲུ་ལྔ་གཞུག་གོ །དེ་ནས་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་ཆུས་གཏོར་ཞིང་བརྡུངས་ལ་ཁྲུ་ཕྱེད་མཐོ་ཞིང་དབུས་ཅུང་ཟད་མཐོ་ལ་བྱང་ཤར་ཅུང་ཟད་དམའ་བར་བྱའོ། །ཁང་ཐོག་དང་རྡོ་སྟེངས་ལ་སོགས་པ་མ་བརྐོས་ཀྱང་དག་པ་ཡིན་ནོ། །ཡུངས་ཀར་དད་ཆུ་དང་ཐལ་བ་ལ་འཁྱིལ་པ་བཟླས་པས་བསང་ངོ༌། །བའི་རྣམ་ལྔ་དང་དྲིའི་ཆུ་ལ་དེ་བཟླས་པས་གཡས་སྐོར་དུ་བྱུགས་ལ་ཨོཾ་བྷུ་ཁཾ་གིས་སྟོང་པར་བྱ། །ཨོཾ་ལཾ་ཧཱུཾ་གིས་རྡོ་རྗེར་བསྒོམས་ཏེ། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བནྡྷ་ཧཱུཾ་ཞེས་ལག་པས་རེག་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་ནམ་མཁའ་ན་གནས་པའི་སའི་ལྷ་མོ་མཆོད་དེ་བསྟིམས་ལ་ཧཱུཾ་ལཾ་ཧཱུཾ་བརྗོད་ཅིང་པད་ཀོར་གྱི་ཕྱག་རྒྱ་བྱའོ། །ཡི་གེ་བརྒྱ་པ་བརྗོད་དོ། །སྣ་ཚོགས་པ་སྟོང་པ་ཉིད་དང་རོ་གཅིག་པར་བརྟན་པར་མོས་ལ་སྟོང་པར་བསྒོམ་པ་ནི་བླ་ན་མེད་པའི་རྣམ་པར་དག་པའོ། །ས་སྦྱོང་བའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་སའི་དབུས་སུ་འདུག་སྟེ། སྲུང་བའི་འཁོར་ལོས་བགེགས་བསལ་ནས། ལྕེ་རྡོ་རྗེར་བསམས་ལ། མ་ལུས་ཕྱོགས་


DTG022_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཀུན་བཞུགས་པའི། །སངས་རྒྱས་ཐམས་ཅད་བདག་ལ་དགོངས། །བདག་མིང་རྡོ་རྗེ་ཆེ་གེ་མོས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱིད། །སངས་རྒྱས་ལ་སོགས་ཀུན་བྱོན་ནས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་ལ་ནམ་མཁའི་རྣམ་སྣང་ལ་སོགས་པ་སློབ་མ་བཞི་ཤར་ལ་སོགས་པར་གནས་པས་སམ། གཅིག་གིས་ཀྱང་དེ་དང་དེར་སོང་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ཏུ་བདག་མེད་པ། །དཀྱིལ་འཁོར་དམ་བ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །ཞི་བ་ཆོས་ཀྱི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་བྱེད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོས་སྒྱུར། །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །ཞེས་སོ་སོར་རང་ཉིད་ལ་གསོལ་བ་འདེབས་སུ་གཞུག་གོ །དངོས་སུ་གསོལ་བ་འདེབས་པ་མེད་ན་ཡིད་ཀྱིས་བྱའོ། །དེ་ནས་ཡིད་ཀྱིས་ནམ་མཁའ་ལ་གདེག་གོ །དེ་ནས་ལངས་ལ་ཤར་དུ་བལྟས་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ་བདུད་བསལ་པའི་ཕྱིར་ཧཱུཾ་མཛད་དུ་བསྒོམས་ལ་མིག་གཉིས་ཉི་ཟླ་ལྟར་བྱས་ལ་མིག་འབྲས་གཉིས་ཧཱུཾ་དུ་བྱས་པའི་བསྐལ་པའི་མེ་ལྟར་འབར་བའི་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་ཀྱི་འགྲོ་བ་ལ་བལྟ་ཞིང་ང་རྒྱལ་བསྐྱེད་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །ཕྱག་ན་རྡོ་རྗེའང་རང་ཉིད་བདག །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཅན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བརྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །ཞེས་བརྗོད་དོ། །དེ་ནས་རྐང་མཐིལ་དུ་རྡོ་རྗེ་བསྒོམས་ཏེ། འགྱིང་བའི་ང་རོ་དང་བཅས་པ་བྱེད་ཅིང་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་རྡོ་རྗེའི་སྟང་སྟབས་ཀྱིས་དབང་ལྡན་དུ་སོང་ནས་དེ་ནས་བརྩམས་


DTG022_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ་སློབ་མ་དང་ལྷན་ཅིག་རྡོ་རྗེ་རྐང་སྟབས་བྱེད་ཅིང༌། གང་བདག་གི་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དགས་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་དང༌། གནོན་པོ་དང༌། མིའམ་ཅི་དང༌། སྔགས་གྲུབ་པ་རྒན་པོ་དང༌། རྒན་མོ་འཁོར་དང་བཅས་པ་ཁྱེད་རྣམས་དེངས་ཤིག །ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡི་ཤེས་ཐོབ་པར་བྱ་བའི་ཕྱིར་དང༌། སློབ་མ་ཆེ་གེ་མོའི་དོན་དུ་དཀྱིལ་འཁོར་ཆེ་གེ་མོ་འདྲི་བས་ཁྱེད་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་བཀའ་ཐོས་པ་ཙམ་གྱིས་མྱུར་དུ་དེངས་ཤིག་དང༌། གང་དག་མི་འགྲོ་བ་དེ་རྣམས་བདག་རྡོ་རྗེ་ཧཱུཾ་མཛད་ཀྱིས། རྡོ་རྗེ་འབར་བ་རབ་ཏུ་འབར་བ་གསལ་ཞིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱིས་རྡོ་རྗེ་ཆེན་པོས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་རོ་ཞེས་བརྗོད་ཅིང༌། ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་བསལ་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །དེ་ནས་རྡོ་རྗེ་རྩེ་གཅིག་པ་རྐང་པའི་མཐིལ་དུ་བསྒོམས་ལ། ས་གཞི་ལ་བྲི་ཞིང་གར་བྱེད་པས་བསྐོར་བར་བྱའོ། །དེའི་རྗེས་ལ་རྡོ་རྗེ་རྩེ་གསུམ་པ་དང༌། རྩེ་ལྔ་པ་དང་སྣ་ཚོགས་རྡོ་རྗེས་ཡང་ངོ༌། །བསྐོར་བ་གཞན་དུ་ཕྱོགས་པས་རྗེས་འདོད་ཅིང་རེ་རེས་བསྐོར་བ་ལན་གསུམ་གསུམ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་ལ་ས་ལ་ལག་པ་རེག་ཅིང་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ་ལྷ་བསྒོམ་ཞིང་དེ་ཉིད་དུ་ཉལ་ལོ། །ས་གཟུང་བའོ། །དེ་ནས་ལྕགས་སམ་སེང་ལྡེང་ངམ། རུས་པའི་ཕུར་པ་སོར་བརྒྱད་པ་སྦོམས་སུ་སོར་ཕྱེད་དང་གསུམ་པ་སྟོད་རང་རང་གི་གཟུགས་ལ་སྨད་ཕུར་པར་འདུག་པ་བཅུ་ཡུངས་ཀར་དང་ཙནྡན་དམར་པོས་བྱུགས་ལ་སྐུད་པ་ཁ་དོག་ལྔ་པས་དཀྲིས་ཏེ་རབ་གནས་བྱས་ལ་མཆོད་དེ་སྣོད་སར་པར་གཞག་གོ །དེ་ནས་སྐད་ཅིག་གིས་སྟོང་པའི་རྗེས་ལ་རྡོ་རྗེའི་ས་གཞི་དང་ར་བ་དང་གུར་གྱི་ནང་དུ་ཧཱུཾ་མཛད་དུ་རང་ཉིད་བསྒོམས་པའི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས་བགེགས་ཐམས་ཅད་བཀུག་ནས་དོང་དུ་བཅུག་ལ་ཧཱུཾ་ལས་འོད་འཕྲོས་པའི་ཁྲོ་བོ་བཅུ་


DTG022_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་གཏད་དོ། །དེ་རྣམས་ཀྱི་ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱཾ་ཧཱུཾ་གིས་གདབ། ཨོཾ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་བརྡུང་བར་བསྒོམས་ལ། དེ་རང་ཉིད་ཀྱིས་ཀྱང་དབང་ལྡན་ནས་གཡས་སྐོར་དུ་འོད་ཀྱི་ཕྲེང་བའི་ཕྱོགས་མཚམས་བརྒྱད་དང༌། སྟེང་འོག་གི་ཤར་ནུབ་ཏུ་གདབ་ཅིང་བརྡུང་ངོ༌། །མི་ནུས་ན་སྒོ་སྐྱོང་གིས་སོ། །ཡང་ན་ཕུར་པ་མེད་པར་ཇི་སྐད་བཤད་པའི་བསྒོམ་པ་ཁོ་ནས་གདབ་པ་དང་བརྡུང་བ་བྱས་ལ་ལག་པ་གན་རྐྱལ་དུ་གནས་པས་བསྒྱུར་ཞིང༌། ཨོཾ་བཛྲ་ཨཱཿཧཱུཾ་ཞེས་བརྗོད་ཅིང་ས་ལ་བསྣུན་ཏེ་དེ་ལྟར་མོས་པས་བྱའོ། །བགེགས་ལ་ཕུར་བུས་གདབ་པའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། དྲིའི་དཀྱིལ་འཁོར་བྱས་པར་སའི་ལྷ་མོ་ལས་དམ་ཚིག་སེམས་དཔའ་བསྒོམས་ནས། ལག་པ་གཡས་པའི་མཐིལ་དུ་ཧཱུཾ་བསམས་ཏེ་སོར་མོ་རྩེ་གསུམ་ལན་གསུམ་དུ་བསྣུན་པ་དང་དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་པའི་སའི་ལྷ་མོ་ཡེ་ཤེས་སེམས་དཔའི་ངོ་བོ་དང་འདྲེས་པར་གྱུར་པ་དགའ་བ་དང་ལྡན་པའི་ཐུགས་ཅན་སེར་མོ་ཞི་བ་ན་བཟའ་དཀར་པོ་བསྣམས་པ། རྒྱན་ཆ་སྣ་ཚོགས་པ་ཅན་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་གསེར་གྱི་བུམ་པ་བཟང་པོ་བསྣམས་ཤིང༌། མི་འཇིག་པ་མཛད་པ་ཞལ་གཅིག་པ་མདུན་དུ་གནས་པ་ལ་མཆོད་དེ་ཡང་དག་པར་བསྐོར་བ་དང་བཅས་པས། ཨོཾ་ཚུར་སྤྱོན་ས་ཡི་ལྷ་མོ་ཆེ། །འཇིག་རྟེན་ཐམས་ཅད་ཀྱི་ནི་ཡུམ། །རིན་ཆེན་ཀུན་གྱིས་རྣམ་པར་སྤྲས། །བཟང་པོའི་རྒྱན་གྱིས་རྣམ་པར་བརྒྱན། །དོ་ཤལ་རྐང་གདུབ་སྒྲ་དང་ལྡན། །རྡོ་རྗེ་སེམས་དཔའ་རབ་མཆོད་པ། །མཆོད་ཡོན་འདི་ནི་བཞེས་ནས་ཀྱང༌། །དཀྱིལ་འཁོར་ལས་ནི་གྲུབ་པར་མཛོད། །ཧི་ཧི་ཧི་ཧི་ཧཱུཾ་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་པས་སྤྱན་དྲང་བ་དང་ཉེ་བར་གནས་པར་གསོལ་བ་སྔོན་དུ་འགྲོ་བའི་ལྷག་པར་གནས་པར་བྱའོ། །དེས་ཀྱང་དེ་ལྟར་གྱིས་ཤིག་ཅེས་བརྗོད་ནས་དེ་ཉིད་དུ་ཐིམ་པར་བསམ། དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་དེས་ས་ལ་རེག་ཅིང༌། ཨོཾ་བཛྲཱི་བྷ་བ་ཧཱུཾ་ཞེས་ལན་གསུམ་བརྗོད་ནས། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཧཱུཾ་འབར་བ་སྤྲོས་པས་དབང་ཆེན་གྱི་རྡོ་རྗེར་བསམས་ནས། ཨོཾ་བཛྲ་


DTG022_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཌྲྀ་ཌྷ་ཏིཥྚ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། དེས་ནིས་དབང་དུ་འགྱུར་རོ་ཞེས་པ་ནི་སའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཞིམ་པའི་ཆུ་བདུད་རྩི་ལྔ་དང་བཅས་པ་ཡི་གེ་གསུམ་གྱིས་བསྔགས་པས་བྱུག་པ་དང་མེ་ཏོག་གི་གཅལ་དགྲམ་པ་དང༌། ཕྱི་དྲོ་ཁྲུས་བྱས་ཤིང་དྲི་ཞིམ་པོས་བསྒོས་ལ་གོས་སར་པ་གྱོན་པ་མེ་ཏོག་ཕྲེང་བ་ཅན། ཁ་དྲི་ཞིམ་པོས་བསྒོས་ལ་དོ་ཤལ་དང་སོར་གདུབ་ལ་སོགས་པའི་རྒྱན་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བ་དང༌། ཨོཾ་བཛྲོཥྞཱི་ཥ་ཧཱུཾ་ཕཊ་ཅེས་པ་དག་གོ་རིམས་བཞིན་དུ་བསྔགས་པའི་རས་སམ་དར་དམར་པོའི་ཅོད་པན་གྱིས་བརྒྱན་ནས་དཀྱིལ་འཁོར་གྱི་དབུས་སུ་ཤར་གྱི་ཕྱོགས་པར་འདུག་པའམ། དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པར་འདུག་ཀྱང་རུང༌། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་བསྒོམ་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ལ་སོགས་སུ་གནས་ནས་སམ་བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་སུ་བུམ་པ་ལྷག་པར་གནས་པར་བྱའོ། །དེ་ལ་ཞི་བ་དང་རྒྱས་པའི་བུམ་པ་དག་གི་ནང་དུ་ནི་སོར་བཅུ་དྲུག་གོ །ལྟེ་བའི་འོག་ནས་ཁ་དང་མཆུའི་བར་གྱི་དཔངས་སུ་སོར་ཉི་ཤུའོ། །ཁའི་མཚམས་ནས་མཆུ་འཕྱང་བའི་བར་ནི་སོར་གཉིས་སོ། །མགྲིན་པ་ནི་སོར་དྲུག་གོ །མཆུའི་བར་གྱི་ཁ་ནི་སོར་བརྒྱད་དོ། །སོར་བརྒྱད་པའི་ཆ་གཉིས་ནི་མགུལ་པའི་སྦུབས་སོ། །ཆ་གཅིག་ནི་མཆུ་གཉིས་ཀྱི་དཔངས་སོ། །དབྱེ་བ་དང་བསྐྲད་པ་དག་ལ་ནི་ལྟོ་བའི་རྒྱ་ལ་སོར་བཅུ་གཉིས་སོ། །དཔངས་སུ་སོར་ཉི་ཤུ་རྩ་བཞིའོ། །རྐེད་པ་ནི་སོར་བརྒྱད་དོ། །ཁ་ནི་སོར་དྲུག་གོ །འདིའི་མཆུ་གཉིས་ནི་སོར་མོ་རེའོ། །དབང་དང་དགུག་པ་དག་གི་བུམ་པ་ནི་བཟོ་བོས་ཇི་ལྟར་བྱས་པའོ། །རེངས་པ་ལ་ནི་ཐུང་ཞིང་ཟླུམ་པ་ལ་དཔངས་སུ་སོར་བཅུ་དྲུག་གོ །མགྲིན་པ་ལ་ནི་སོར་བཞིའོ། །སོར་དྲུག་ནི་འདིའི་རྩིབས་སུའོ། །ལས་ཐམས་ཅད་པ་ལ་ནི་ཞི་བ་ལ་སོགས་པའི་ལས་སུ་གསུངས་པའི་བུམ་པ་རྣམས་གཟུང་བར་བྱའོ་ཞེས་དུས་ཀྱི་འཁོར་ལོ་ལས་གསུངས་ལ། དེ་ལས་གཞན་པའི་རྒྱུད་རྣམས་ལས་ནི། རྩ་བ་ནག་པོར་རི་མེད། །མཆུ་འཕྱང་མགྲིན་རིང་ལྟོ་བ་ཆེ། །


DTG022_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུམ་པ་རྣམས་དེ་ལྟར་བརྗོད་པ་ཡང་སོར་བཅུ་དྲུག་པ་ལ་སོགས་པར་རིག་པར་བྱའོ། །འདིར་གསེར་ལ་སོགས་པའི་བུམ་པ་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའམ་ཡང་ན་ཇི་ལྟར་རྙེད་པ་ཡང་བཟུང་སྟེ། ཞི་བའམ་རྒྱས་པའི་དོན་དུ་འབྲས་བཏགས་པའམ་མཐོང་ལོ་ཀོར་རམ་ཙནྡན་གྱི་ལྡེ་གུ་དཀར་པོས་བྱས་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་པའི་སྟེང་དུ་ཟླ་བ་དང་ཉི་མ་ལ་གནས་པའི་ལྷའི་ས་བོན་དང་ཕྱག་མཚན་བྲི་བར་བྱས་ལ་བདུད་རྩི་ལྔ་དང་དྲི་ཞིམ་པོའི་ཆུ་ས་བཀད་ལ་རིན་པོ་ཆེ་ལྔ་དང༌། སྨན་ལྔ་དང༌། འབྲུ་ལྔ་ནང་དུ་བཅུག་སྟེ། ཨ་མྲ་ལ་སོགས་པའི་ལོ་མས་ཁ་བརྒྱན་པ་དང༌། སྐེ་ལ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རས་ཁ་ཚར་མ་ཉམས་པ་གཉིས་བཅིངས་པ་རྣམས་བླ་རེའི་འོག་ཏུ་མཚན་མ་དགོད་པའི་རིམ་པས་སོ་སོར་བྲིས་པའི་མཎྜལ་གྱི་སྟེང་དུ་དཀྱིལ་འཁོར་གྱི་རྣམ་པར་མདུན་དུ་ཀུ་ཤའི་སྟེང་དུ་བཀོད་ནས་ཧཱུཾ་ལན་བདུན་དུ་བཟླས་པའི་ཐིག་སྐུད་དཀར་པོ་བདུན་གྱིས་ཨོཾ་བཛྲ་ཤི་ཀ་རེ་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྲི་བར་བྱའོ། །ཞི་བ་ལ་སོགས་པའི་ལས་དང་མཐུན་པའི་ཁ་དོག་ཅན་ལྔ་རྣམས་ཀྱིས་ཞེས་བྱ་བ་ནི་རྒྱུད་གཞན་དུའོ། །རིན་པོ་ཆེ་ལྔ་ནི་མུ་ཏིག་དང༌། གསེར་དང༌། པདྨ་རཱ་ག་དང༌། བྱི་རུ་དང༌། མུ་མེན་དང༌། པདྨ་རཱ་ག་མ་རྙེད་ན་དངུལ་ལམ་ཟངས་སམ་དུང་ཡང་རུང་ངོ༌། །མུ་མེན་གྱི་གནས་སུ་ནོར་བུ་ཡང་རུང་ངོ༌། །དབུལ་ནས་མ་འབྱོར་པ་ནི་རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའི་བུམ་པ་རིན་པོ་ཆེ་དང་ལྡན་པར་བྱའོ། །བུམ་པ་གཞན་ལ་ནི་མ་ཡིན་ནོ། དེ་ལ་ཡང་རྣམ་པར་རྒྱལ་བའི་བུམ་པ་ངེས་པར་རིན་པོ་ཆེ་དང་ལྡན་བར་རིག་བར་བྱའོ། །སྨན་ལྔ་ནི་བྲྀ་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། དཎྜོཊྤ་ལ་དཀར་པོ་དང༌། དབང་པོ་ལག་པ་དང༌། ཨ་བ་རཱ་ཛི་ཏ་དཀར་པོ་རྣམས་སོ། །འབྲུ་ལྔ་ནི་ཏིལ་དང༌། ནས་དང༌། མོན་སྲན་དང༌། འབྲས་དང༌། སོ་བ་དང་གྲོ་རྣམས་སོ། །ཁ་ཅིག་ཏུ་འབྲས་སོ་སྲན་གྲེའུའོ། །ཨ་པ་དང༌། ནཱ་ག་གེ་སར་དང༌། ཨ་ཤོ་ཀ་དང༌། ཨ་ཤྭདྛ་དང༌། ཨུ་དུ་མྺཱ་ར་སྟེ་ལྔ་པོ་རྣམས་ལས་གང་ཡང་རུང་བའི་འདབ་མས་ཁ་བརྒྱན་ནོ། །ནཱ་ག་གེ་སར་མེད་ན་ནྱ་


DTG022_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲོ་དྷའམ། འཛམ་བུའི་ལོ་མས་བྱའོ། །རས་ནི་དཀར་པོའམ་དམར་པོའམ་སེར་པོའོ། །ཁ་ཅིག་ཏུ་ལྗང་གུ་དང་ནག་པོ་འང་བརྗོད་དོ། །རྣམ་པར་རྒྱལ་བའི་བུམ་པ་ལ་ཆོས་འབྱུང་གི་དབུས་སུ་པདྨ་ལ་ཇི་ལྟར་རིགས་པར་ཟླ་བ་འམ་ཉི་མར་བདག་པོའི་མཚན་མའམ་ས་བོན་ནོ། །བུམ་པ་གཞན་རྣམས་ལ་ནི་པདྨ་ལ་གནས་པའི་ཟླ་བ་འམ་ཉི་མར་ཇི་ལྟར་རིགས་བར་ལྷ་རྣམས་ཀྱི་ནི་པདྨ་ལ་མཚན་མའམ་ས་བོན་ནོ། །འཁོར་ལོ་ལྔ་ལ་སོ་སོར་རེ་རེ་སྟེ་ལྔའོ། །ཡང་ན་ཕོ་བྲང་དུ་གནས་པ་ཁོ་ནའི་ལྔའོ། །ཡང་ན་འདི་རྣམས་ཀྱི་ལྔ་དང་འཁོར་ལོ་བཞི་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་ཕོ་བྲང་དང་དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཁྱི་ནི་བཅུ་གསུམ་མོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་སུ་གནས་པ་རྣམས་ཀྱི་གཅིག་དང་མཚམས་སུ་གནས་པ་རྣམས་ཀྱི་གཅིག་གོ །དེ་ལྟར་གསུང་གེ་འཁོར་ལོ་དང་སྐུའི་འཁོར་ལོ་ལ་ཡང་ཡིན་ཏེ་བཅུ་དགུའོ། །ཕྱོགས་འདི་རྣམས་སུ་ལྷ་སོ་སོར་དགོད་པ་ལ་ལས་ཐམས་ཅད་པའི་དུམ་སྐྱེས་མ་ནི་ལྷག་པར་དགོད་དོ། །དེའི་རྗེས་སུ་འབྲངས་པས་དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པས་བུམ་པའི་གྲངས་རིག་པར་བྱའོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་དུང་ཆོས་སམ་པདྨའི་སྣོད་དུ་ཧཱུཾ་གིས་བསྔགས་པའི་ཇི་ལྟར་སྙེད་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་བུམ་པ་བཅུད་དང་བཅས་པ་དེ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་དུ་བྱས་ལ། བྷྲཱུཾ་གྱི་ཡི་གེ་ལས་བུམ་པ་རིན་པོ་ཆེའི་རང་བཞིན་གྱི་གཞལ་ཡས་ཁང་དུ་བསྒོམས་ལ། ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཧཱུཾ་ཞེས་ལན་བདུན་བརྗོད་ལ་འབྲུ་གསུམ་གྱིས་ལན་གསུམ་དུ་བསྔགས་ཏེ་མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་བཞག་ནས་དེ་ནས་ཨོཾ་ཏཔྟེ་ཏེ་པྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལན་བདུན་བདུན་བརྗོད་པས་དཀྱིལ་འཁོར་གྱི་ལྷའི་ཆུའི་རང་བཞིན་དུ་བཀུག་ལ་བཅུག་སྟེ་ཆུར་ལྷའི་གདན་དང་བཅས་པ་སྐད་ཅིག་གིས་བསམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཀུག་ལ་མཆོད་ཡོན་དང་ཞལ་བསིལ་བྱིན་ལ་ཡང་དག་པར་མཆོད་དེ་དམ་ཚིག་གི་འཁོར་ལོ་ལ་བཅུག་ལ་ཆགས་པ་ཆེན་པོས་ཞུ་བར་གྱུར་བའི་བྱང་ཆུབ་


DTG022_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་སེམས་ཀྱི་ངོ་བོ་མངོན་དུ་བྱས་པ་དེ་དང་རོ་གཅིག་ཏུ་གྱུར་པར་བསམ། མཚན་མ་ལ་ཡང་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་གཅིག་ཏུ་གྱུར་པ་བསམ་པར་བྱའོ། །དེ་ནས་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་ཕྲེང་བ་དང་ལྡན་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་ལན་གྲངས་བརྒྱ་རྩ་བརྒྱད་ཆུ་ལ་བསྔགས་པར་བྱའོ། །ཡང་ན་འཁོར་ལོའི་བདག་པོའི་སྙིང་པོ་བཟླས་པར་བྱའོ། །དེ་ནས་ཨོཾ་ཨཱཿ་བིགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཞེས་བདུད་རྩི་འཁྱིལ་པས་བསྔགས་ལ་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ། །བུམ་པ་གཞན་ལྷ་གང་དང་གང་གི་ཡིན་པ་དེ་དང་དེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་གམ་བདུན་དུ་བཟླས་ཤིང་སྟེང་གི་རྡོ་རྗེའི་མིག་གི་ཕྲེང་བའི་མཐར་བཟུང་ནས་དེ་ལྟར་མེ་ཏོག་གཞུག་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ་སོགས་པས་མཆོད་ནས་བསྲུང་བའི་དོན་དུ་ལས་ཐམས་ཅད་པའི་ཆུས་དེའི་ལོ་མས་བསངས་ཏེ། འདིར་དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པར་གྱུར་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་ཅིང་གཏོར་མ་ཡང་ཉེ་བར་རེག་སྟེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་འདྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པས་ཡང་དག་བྱུང༌། །རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་སྔོན་དུ་སོང་བས་དྲིལ་བུ་དཀྲོལ་ཞིང་དུང་ཆོས་སམ་པདྨའི་སྣོད་དུ་ཆུ་ཉུང་དུ་བླུགས་ལ་སྟེང་དུ་རྡོ་རྗེ་བཞག་སྟེ་བུམ་པའི་སྟེང་དུ་གཞག་པར་བྱའོ། །བདག་ཉིད་དམ་སློབ་མ་རྣམས་ལ་བསང་བའི་དོན་དུ་བུམ་པ་དེ་རྣམས་ལས་ཆུ་


DTG022_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉུང་ཟད་བཅུས་ནས་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་བྱང་གི་ཆར་མནྗི་ལ་གནས་པའི་དུང་ཆོས་ལ་སོགས་པར་ལས་ཐམས་ཅད་པའི་བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན་དུ་དེར་གཞག་པར་བྱའོ་ཞེས་པ་ནི། །གཞན་དག་གིའོ། །བུམ་པ་རྣམས་མངོན་པར་བསྔགས་པ་དང་མཆོད་པ་ལ་སོགས་པ་ཉི་མ་སོ་སོའི་ཐུན་གསུམ་མ་མཐུན་གཅིག་ཏུ་བྱའོ། །འདིར་དཀྱིལ་འཁོར་ལ་ཉེ་བར་མཁོ་བའི་ཕྱིར་དང་པོ་རྡུལ་ཆེན་དཀར་པོ་ལ་སོགས་པས་འདབ་མ་བརྒྱད་བྲིས་པ་ལ་ལྟེ་བ་ལ་རྣམ་པར་རྒྱལ་བའི་བུམ་པ་འམ་ལས་ཐམས་ཅད་པའི་བུམ་པ་གཞག་པར་བྱའོ། །ཤར་གྱི་འདབ་མ་ལ་ཐིག་སྐུད་སྣོད་དུ་གཞག་གོ །ལྷོར་རྡོ་རྗེ། བྱང་དུ་དྲིལ་བུའོ། ནུབ་དང་མཚམས་ཀྱི་འདབ་མ་རྣམས་སུ་ཅི་རིགས་པའི་རྡུལ་ཚོན་ལྔའི་སྣོད་རྣམས་སོ། །བུམ་པ་དེའི་ཆུ་ལ་འཁྱིལ་པའི་སྔགས་སམ། ཨོཾ་ཨ་ཨཱཿ་ཨཾ་ཨཿ་ཞེས་བྱ་བ་བརྗོད་ནས་ཚོན་ཐིག་ལ་བསང་གཏོར་བྱའོ་ཞེས་པ་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ས་གཞི་དྲི་བཟང་པོ་ལ་སོགས་པས་བྱུགས་ཤིང་མེ་ཏོག་གཅལ་དུ་བཀྲམ་སྟེ། །དེར་ནུབ་ཏུ་ཕྱོགས་པར་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོས་བདག་པོ་ལྔའི་ལེ་ཚེ་རྣམས་སུ་མཎྜལ་གྲུ་བཞི་པ་དང་ལྷ་གཞན་ལ་ཟླུམ་པོར་བྱའོ། །དེ་ནས་མཎྜལ་རྣམས་སུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཁོར་ལོའི་གཙོ་བོ་ལ་སོགས་པའི་ལྷའི་དཀྱིལ་འཁོར་སྤྱན་དྲངས་ཏེ་བཀོད་ནས་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱ་སྟེ། པུས་མོ་གཡས་པ་ས་ལ་བཙུགས་ནས་ལྕེ་རྡོ་རྗེ་རྩེ་གཅིག་ལ་ཧཱུཾ་བཀོད་དེ། ལག་པ་གཡས་པས་སྤོས་ཕོར་ཐོགས་ལ་གཡོན་པས་དྲིལ་བུ་དཀྲོལ་ཞིང༌། ཆེ་གེ་ཞེས་བྱ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་མགོན་ཁྱོད་ཀྱི། །དཀྱིལ་འཁོར་འདི་ནི་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བར་མཛད་པར་རིགས། །འགྲོ་ལ་འཁོར་ལོའི་དོན་སྦྱིན་བྱེད། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །


DTG022_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གང་གཞན་གསང་སྔགས་ལྷ་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་དང་ཀླུ། །སེམས་ཅན་རྫོགས་སངས་བསྟན་གནས་དང༌། །རྡོ་རྗེ་སྤྱན་དང་སྙན་ལྡན་པ། །གང་དག་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་རྡོ་རྗེ་ཆེ་གེ་མོས། །ཆེ་གེ་མོ་འབྱུང་དཀྱིལ་འཁོར་ནི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །དཀྱིལ་འཁོར་བཅས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པ་མཛད་པར་རིགས། །ཞེས་ལན་གསུམ་དོན་ལ་བརྟེན་ནས་བརྗོད་ཅིང་གསོལ་བ་གདབ་པར་བྱའོ། །ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་དཀྱིལ་འཁོར་གཞན་ཡང་རུང་སྟེ་སྔར་བརྗོད་པའི་ཚུལ་གྱིས་དང་པོ་བུམ་པ་ལྷག་པར་གནས་པ་དང༌། དགོད་པ་དང་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་བྱས་ནས་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བའི་སློབ་མ་ལེགས་པར་བརྟགས་པ་ལ་དགེ་བསྙེན་ལ་སོགས་པའི་བསླབ་པ་བྱིན་པ་ལ་ཡོངས་སུ་སྦྱངས་ལ་མཆོག་ཏུ་ཐེག་པ་ཆེན་པོ་ལ་མོས་པ་རྡོ་རྗེ་སེམས་དཔའི་སྔོམ་པ་འཛིན་པར་ནུས་པར་གཅིག་གམ་གཉིས་སམ་མང་པོ་ཡང་རུང་སྟེ། ལས་ཀྱི་རྡོ་རྗེས་དཀོན་མཆོག་གསུམ་སོ་སོར་དཀྱིལ་འཁོར་བྱས་ལ་སྔོན་དུ་སོང་བས་དཀྱིལ་འཁོར་གྱི་ཤར་སྒོ་དང་ཉེ་བར་རྡོ་རྗེ་སློབ་དཔོན་ཤར་རམ་བྱང་དུ་ཁ་ཕྱོགས་པར་གནས་པའི་མདུན་དུ་མཎྜལ་བྱས་ལ་པུས་མོ་གཡས་པའི་ལྷང་ས་ལ་བཙུགས་པའམ། ཙོག་བུར་བསྡད་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་འདོད་པའི་བསམ་པས་དཀྱིལ་འཁོར་དུ་འཇུག་པར་གསོལ་པ་གདབ་པར་བྱའོ། །འཆི་དང་སྐྱེ་དང་རྒས་པ་ཡིས། །ཆུ་སྲིན་ལ་སོགས་ཀྱིས་འཇིགས་པས། །སྲིད་པའི་མཚོ་ལས་སྒྲོལ་བྱེད་ཅིང༌། །སྟོན་པ་ཁྱོད་ནི་དགའ་ཆེན་ཏེ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་


DTG022_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུའོ། །ཁྱོད་ནི་ཐེག་ཆེན་སྣོད་ཡིན་པས། །ཚུལ་ཆེན་འདི་ལ་བུ་ཚུར་ཤོག །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་སངས་རྒྱས་ནི། །སྐུ་གསུང་ཐུགས་ཀྱི་རྡོར་འཛིན་གྱིས། །རྡོ་རྗེ་སྔགས་ལ་རབ་བྱུང་བས། །ཡེ་ཤེས་མཉམ་མེད་ཐོབ་པས་ན། །སྔགས་ཀྱི་སྦྱོར་བ་མཉམ་མེད་པས། །གང་གིས་སྟོབས་ཆེན་བདུད་ཀྱི་སྡེ། །ཤཱཀྱ་སེང་གེ་སོགས་མཆོག་གིས། །ཆེན་པོ་མི་རྣམས་བཅོམ་ནས་སུ། །འཇིག་རྟེན་རྗེས་འཇུག་ལ་བརྟེན་ཏེ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་ཤིན་ཏུ་བུ་ཁྱོད་ཀྱིས། །ཐམས་ཅད་མཁྱེན་ཉིང་ཐོབ་པར་མཛོད། །ཅེས་བརྗོད་པར་བྱའོ། །དེའི་རྗེས་སུ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་སྟོན་པ། འཇིགས་པ་ཐམས་ཅད་ལས་འདས་པ། སྐྱེས་བུ་ཆེན་པོའི་སྐུ་དབྱེར་མེད་པ་བླ་ན་མེད་པའི་སྐུ་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ་ལན་གསུམ་དུའོ་ཞེས་སྐྱབས་སུ་འགྲོ་བའི་ཆོ་གའོ། །དེའི་རྗེས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །རྫོགས་སངས་རྒྱས་ཀྱིས་ངེས་བྱས་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྔོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏོང་ངོ༌། །


DTG022_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་པའི། །པདྨའི་རིགས་ཆེན་དག་པ་ཡི། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཀུན་དང་ལྡན་པར་ནི། །ཐམས་ཅད་དུ་ནི་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པ་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྔོམ་པ་མ་ལུས་གཟུང༌། །མ་བརྒལ་པ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབུགས་མ་ཕྱུང་ལ་དབུགས་དབྱུང་སྟེ། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་དུའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་དེ་དག་གི་སྙིང་ག་དང༌། མགྲིན་པ་དང༌། མགོ་བོ་རྣམས་ལ་ཧཱུཾ་ཨཱཿ། ཨོཾ་ནག་པོ་དང་དམར་པོ་དང་དཀར་པོ་བསམས་ནས་དེ་རྣམས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང༌། མགོ་བོ་རྣམས་ལ་དྲི་ཆུ་དང་བཅས་པའི་རྡོ་རྗེ་དང་ལྡན་པའི་ཁུ་ཚུར་གཡས་པ་རེག་ཅིང་མགོ་བོ་ལ་མེ་ཏོག་དང་མདུན་དུ་སྤོས་དང་མར་མེ་ནི་སྙིང་ག་སྟེ་དྲི་ཡང་སྦྱིན་ནོ། །དེའི་རྗེས་ལ་ཨ་ཤྭདྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ་རྨ་མེད་པ་དྲི་ཞིམ་པོའི་ཆུས་བསྐུས་པ་རྩེ་མོ་མེ་ཏོག་གིས་བཅིངས་ལ་བྱང་དུ་ཕྱོགས་ཏེ་སློབ་མ་རྣམས་ལ་སྦྱིན་ནོ། །དེ་རྣམས་ཀྱིས་ཀྱང་གྲུ་བཞི་ཁྲུ་གང་བའི་མཎྜལ་ལྕི་བས་བྱུགས་པར་ཤར་རམ་བྱང་དུ་ཕྱོགས་ཏེ། སོ་ཤིང་དེ་ཨོཾ་བཛྲ་ཧཱ་ས་ཧཱ་ཞེས་བརྗོད་ནས་རྩེ་མོ་འཆོས་ཏེ་སྟེང་དུ་བལྟ་ཞིང་མ་གས་པ་དེ་ལྟོས་པ་མེད་པར་མདུན་དུ་དོར་རོ། །དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ་འབྱུང་བར་འགྱུར་བའི་དངོས་གྲུབ་བརྗོད་པར་བྱའོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་འོག་ཏུ་ཕྱོགས་པར་ལྟུང་ན་རིམ་པ་བཞིན་དུ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་


DTG022_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ས་འོག་གི་དངོས་གྲུབ་རྣམས་སོ། །མཎྜལ་གྱི་ངོས་སུ་ལྷུང་ན་དངོས་གྲུབ་མེད་དོ། །དེའི་རྗེས་སུ་བཾ་གྱི་ཡི་གེ་ལས་སྐྱེས་པ་དེ་ཉིད་བཟླས་པའི་ཆུས་ཁ་བཀྲུ་བའི་ཕྱིར་མཐོར་འཐུང་བྱིན་ནས་བདུད་རྩི་འཁྱིལ་པ་ལན་བདུན་དུ་བཟླས་པའི་ཆུ་འཁྱོར་བ་གསུམ་ལ། ཨོཾ་ཧྲཱིཿ་བི་ཤུདྡྷཿ་སརྦ་དྷརྨཱ་པཱ་པ་ནི་ཙ་ཨ། མུ་ཀཱ་སྱ་ཤོ་དྷ་ཡ་སརྦ་བི་ཀཝ་ན་ཨ་པ་ན་ཡ་ཧཱུཾ་ཞེས་འདོན་ཞིང་བླུད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཕྱི་ངོས་སུ་བཀོད་ནས་ཧཱུཾ་ལས་བྱུང་ཞིང་དེ་བཟླས་པའམ་འཁྱིལ་པ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་བཅད་པ་ཉལ་བའི་སྟན་གྱི་དོན་དུ་བྱིན་ནོ། །དེ་བཞིན་དུ་སྔགས་ཀྱི་དོན་དུ་ཡི་གེ་དྡྷཱིཿ་ལས་སྐྱེས་པའི་ཀུ་ཤ་ཆུན་པོ་གཅིག་ལ་འཁྱིལ་པ་བཟླས་ལ་ཨོཾ་བཛྲ་ཏཱི་ཀྵྞ་བཾ། ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཀྱི་ཚད་སུམ་སྒྲིལ་བྱས་ལ་འཁྱིལ་པ་ལན་བདུན་བཟླས་པའི་མདུད་པ་གསུམ་མམ་བདུན་བྱས་པ་དེ་རྣམས་ཀྱི་དཔུང་པ་གཡས་པའམ་ལག་པ་གཡོན་པར་རྒྱུད་གཞན་དུ་བཤད་པའི་ཨོཾ་བུདྡྷ་མཻ་ཏྲཻ་རཀྵ་རཀྵ་སརྦ་ནྟུ་སྭཱ་ཧཱ་ཞེས་འདོན་ཞིང་རང་ཉིད་ཀྱིས་བཅིངས་ལ་ཡང་དག་པར་བསྲུངས་ཏེ་སྤྲོ་བ་བསྐྱེད་པར་བྱའོ། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དེ་ཀུན་དཀྱིལ་འཁོར་འདི་དྲན་པའམ། །མཐོང་བས་ཟད་པར་འགྱུར་ལགས་ན། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་ཉིད་ཀྱིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་ནི་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་རྣམ་གཉིས་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བར་འགྱུར། །དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་ལ། །ལེགས་པར་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདི་ཡིས་འགྲོ་གྱུར་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་ཉན་དུ་བཅུག་ནས་དེ་རྣམས་འཁྱིལ་བའི་སྔགས་ཀྱིས་བསྲུངས་ནས་དེ་ལ་བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བྱིན་ཏེ་ནང་པར་རྨི་ལམ་བདག་ལ་སྨྲོས་ཤིག་ཅེས་བརྗོད་ནས་གཞལ་ཡས་ཁང་གི་ནང༌།


DTG022_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་གྱི་སའི་མཐར་ཡོལ་བ་ལ་སོགས་པས་བཅད་པར་རམ། གཞན་དུ་སེང་གེའི་ཉལ་སྟངས་ཀྱིས་ཉལ་དུ་གཞུག་གོ །རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་པའི་སྔགས་བཟླས་པར་བྱའོ། །འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་ཡང་ཐུན་མོང་དུ་སྦྱིན་པར་བྱ་བ་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དོ། །གང་ཡང་སློབ་དཔོན་དུ་བྱེད་པ་ལ་སྦྱིན་པ་དེ་ནི་སློབ་དཔོན་གྱི་སྔོམ་པ་སྟེ་རིགས་ལྔས་བསྡུས་པའོ། །དེའི་ཕྱིར་སློབ་མ་ལྷག་པར་གནས་པའི་ཆོ་ག་འདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ལྟར་སློབ་མ་ལྷག་པར་གནས་པ་བྱས་ནས། ལྷག་པར་གནས་པར་བྱས་པའི་ལྷ་ཡེ་ཤེས་ཀྱི་ཐིག་གི་དོན་དུ་ནམ་མཁར་བཏེག་ལ་ཤར་དུ་ཕྱོགས་པར་སྐུད་པ་ལྔ་སྣོད་ལྔར་བཞག་ལ་དྲི་དང༌། བདུད་རྩི་ལྔ་དང༌། ཡུངས་ཀར་གྱི་ཕྱེ་མ་དང་ལྡན་པའི་ཚོན་གྱིས་ཁ་བསྒྱུར་ལ་རིགས་ལྔའི་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་ཀྱི་ཐིག་རིགས་ལྔའི་ངོ་བོར་བསྟིམ། དེ་ནས་ཨོཾ་ཨ་ནྱེ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ་པ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ་ཨ་ཏྱྣྟ་ཨ་ནུ་པྲ་བཥྚི་སརྦ་དྷརྨཱཿ་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་འཁྱིལ་པའི་སྔགས་ཀྱིས་སློབ་མ་དང་སྐུད་པ་ལྔ་ལྔས་རེ་རེ་བྱའོ། །དེ་ལྟར་བསྒྲིམས་པ་ལ་ཡང་གཅིག་བྱའོ། །རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམས་སུ་ནས་ཙམ་མོ། །དེ་ནས་ཤར་དུ་དྲི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔས་བསང་ཞིང་དྲི་དང་མེ་ཏོག་དང་རྫས་ཀྱིས་མཆོད་དེ་ལག་པར་རེག་ཅིང་འཁྱིལ་པས་བསྲུང་ངོ༌། །ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ཏེ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པར་རིག་སྟེ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་ཡི་གེ་གསུམ་བརྒྱ་རྩ་བརྒྱད་བརྗོད་དེ་ལྷག་པར་གནས་པར་བྱའོ། །ཡང་དཀྱིལ་འཁོར་གྱི་ས་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་ལ་དྲིས་བྱུགས་ནས་མེ་ཏོག་བཀྲམ་སྟེན་མ་མཁའ་ལ་དཀྱིལ་འཁོར་དམིགས་ཏེ་མཆོད་བསྟོད་བྱའོ། །དེ་ནས་སློབ་མ་འཁྱིལ་པས་བསྲུང་


DTG022_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང༌། རང་གི་ལྟེ་བར་ཐིག་སྐུད་བཟུང་བ་དང༌། རྡོ་རྗེ་རྐང་པས་དང་པོ་གཡས་ས་ལ་འདོར་པས་འགྲོ་ཞིང་ཛྫ་ཛྫ་ཛྫ་ས་བསྐུལ་ཞིང་དེས་ཀྱང་ཛྫ་ཛྫ་ཛྫ་ས་སྣ་དྲངས་ལ་ནུ་ནས་ཤར་དང་ལྷོ་ནས་བྱང་དུ་ནམ་མཁའ་ལ་ཚངས་ཐིག་གཉིས་རྡོ་རྗེ་དང་བཅས་པའི་གཡས་པས་འདེབས་ཤིང་སེ་གོལ་གྱི་སྒྲ་བྱའོ། །ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ནས་ཐིག་སྐུད་ལ་བསྟིམ་མོ། །ཐིག་གདབ་པ་ཐམས་ཅད་དུ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ། ཨོཾ་སརྦ་ཨ་ཧ་ཞེས་བརྗོད་པར་བྱའོ། །དེ་ལྟར་སའི་གཉིས་ཀྱང་ངོ༌། །མེའི་མཚམས་ནས་རླུང་དུའོ། །བདེན་བྲལ་ནས་དབང་ལྡན་མཚམས་སུ་གད་བ་བོ། །མེའི་མཚམས་སུ་གནས་ཏེ་ཤར་གྱི་རྩ་ཐིག་འཁོར་ལོའི་མཚམས་སུ་གདབ་བོ། །རླུང་ནས་ནུབ་ཀྱིའོ། །དེ་ནས་བྱང་གིའོ། །མེ་ནས་ལྷོའིའོ། །ཐིག་དེའི་གཅིག་གི་བརྒྱད་ཆ་སྒོ་ཡིན་ནོ། །དེ་ནས་ཧི་ཧི་ཞེས་བརྗོད་ནས་སྒོའི་རྩ་བའི་ཐིག་དབྱིའོ།། ཐིག་ཐམས་ཅད་བཏབ་ནས་ཡེ་ཤེས་ཀྱི་ཐིག་བློས་བཏེག་ལ་དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་བུ་སྟེ། རྡོ་རྗེ་གཅིག་པ་མགོ་རྩེ་གཅིག་པ་ཧཱུཾ་ལས་བསྐྱེད་པར་བསམས་ལ་ཕུར་པའི་སྔགས་བརྒྱ་རྩ་བརྒྱུད་བཟླས་ལ་བརྡུང་བའི་སྔགས་ཀྱིས་བརྡུངས་ཏེ། ཟླུམ་པོའི་ཐིག་བཏབ་ནས་ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་ཡེ་ཤེས་ཀྱི་ཐིག་སྐུད་གཤེགས་སུ་གསོལ་ཏེ་སངས་རྒྱས་ཀྱི་ཐུགས་ཀར་གཞུག་གོ །ཐིག་སྐུད་ཀྱི་ཆོ་གའོ། །དེ་ནས་རྡུལ་ཚོན་ལ་རིགས་ལྔའི་དམ་ཚིག་བསྐྱེད་ལ་ཡེ་ཤེས་བསྟིམས་ནས་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་ཡིད་ཀྱིས་སྦར་རོ། །དྲི་དང་མེ་ཏོག་གིས་མཆོད་ལ་སྣོད་དུ་གཞག་གོ །དེ་ནས་དཀྱིལ་འཁོར་ལྟེ་བའི་ཕུར་པ་ཧཱུཾ་བཞི་པའི་སྔགས་ཀྱིས་བཏོན་ལ་བློས་ལག་པའི་རྡོ་རྗེ་ལ་བསྟིམས་ཏེ་ཁུང་བུ་ཚོན་སྣ་ལྔས་བཀང་ལ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་མཛད། །བདག་ཉིད་རྡོ་རྗེ་འཆང་རྒྱལ་ཏེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་བའི་གནས་སུ་ཡང་དག་གནས། །ཞེས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས་ཨོཾ་བཛྲ་རཾ་ག་ས་མ་ཡ་ཨོཾ་ཨཿཧཱུཾ་ཞེས་བརྗོད་ཅིང་གཡས་པས་རྡོ་རྗེ་བཟུང་ལ་


DTG022_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡོན་པས་དབང་ལྡན་ནས་གཡས་སྐོར་དུ་ཚོན་དགྱེའོ། །ཕྱི་ནས་སློབ་མ་དང་ཇི་ལྟར་བདེ་བས་ཚོན་དགྱེའོ། །ཧཱུཾ་དང་འཁྱིལ་པ་བཟླས་པའི་བདུད་རྩི་ལྔ་དང་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བྱུགས་ལ་དེ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ཏེ་རྡུལ་ཚོན་ལྷག་མ་རྣམས་ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་བརྗོད་པས་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ་ཚོན་ས་གཙང་སར་གཞག་གོ །ཚོན་དགྱེ་བའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་བཞིར་མདོ་བཞི་བཀླག་གོ །སྤོས་ཕོར་བརྒྱད་གཞག་གོ །རས་སྟོང་ལ་སོགས་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། འཕན་ལ་སོགས་པ་ཡི་གེ་ཧཱུཾ་དང་བདག་པོའི་སྔགས་བཟླས་པའི་ཨོཾ་བཛྲ་སྤ་ར་ཎ་ཁཾ་ཞེས་ཕུལ་ནས། དེ་ནས་འཁྱིལ་པའི་ཆུས་མཎྜལ་བསངས་ཏེ་ཡི་གེ་གསུམ་དང་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་རྡོ་རྗེ་དྲིལ་བུ་བཟུང་སྟེ་ཤར་སྒོ་ནས་ཉེ་བར་ནུབ་ཏུ་ཕྱོགས་པས་གནས་ནས་འཁོར་ལོའི་དབང་པོའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་སྟོང་པ་ཉིད་ཀྱི་རྗེས་ལ་སྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པ་ལ་སོགས་པའི་ཆོ་ག་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་བརྟག་པར་བྱས་ནས་རབ་ཏུ་སྒྲུབ་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པར་བྱ་སྟེ། དེ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཀྱང་རུང་སྟེ། ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་ཞལ་བསིལ་དང་མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་ལ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་དེ་རྡོ་རྗེའི་ལམ་ནས་བྱུང་ནས་པདྨར་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ། དམ་ཚིག་གི་འཁོར་ལོ་གནས་ཇི་ལྟ་བར་ཞུགས་པར་བསམས་ནས་སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པས་རྒྱ་ས་གདབ་པར་བྱའོ། །དེ་ནས་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་བཞིན་གྱི་མཆོད་པས་མཆོད་དེ་བསིལ་བའི་རས་དང་རས་ཟུང་དང༌། བླ་རེ་ལ་རས་དཔྱངས་པ་དང་ཡི་གེ་གསུམ་གྱིས་བསྔགས་པའི་བཟའ་


DTG022_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང་བལྡག་པ་དང་བཅའ་བ་དང་གཞིབ་པ་དང་བཏུང་བ་དང་ཞལ་ཟས་ལ་སོགས་པ་དང་གསེར་དང་བུ་མོ་དང་གླང་པོ་ཆེ་དང་རྟ་དང་བ་ལང་ལ་སོགས་པ་ཕུལ་ནས་ཕྱི་རོལ་གྱི་རྣལ་འབྱོར་མ་དྲུག་གམ་བརྒྱད་དམ་བཞིས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོས་རང་གི་མཆོད་པས་མཆོད་ནས་དྲིལ་བུ་དཀྲོལ་ཞིང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པའི། །རང་བཞིན་དག་པས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་བྱ་བས་བསྟོད་དེ། རང་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཅུག་ནས་བདུད་རྩིར་བཅས་པ་ཕུལ་ཏེ། དེ་རྣམས་བདུད་རྩི་མྱོང་བས་ཚིམ་པར་བྱས་ལ་བདེ་བ་ཆེན་པོའི་རང་བཞིན་དུ་མོས་ནས་འཁོར་ལོའི་བདག་པོའི་གསང་སྔགས་བརྒྱ་རྩ་བརྒྱད་དཀྱིལ་འཁོར་པའི་སྔགས་ཉི་ཤུ་རྩ་རེ་རེ་དང་ཡི་གེ་བརྒྱ་པ་བཟླའོ། །འཆད་པར་འགྱུར་བའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ལོ། །ཡོང་ན་སྒྲུབ་པའི་གྲོགས་དཀྱིལ་འཁོར་གྱི་འགྲམ་དུ་བཞག་ནས་ཕྱིར་བྱུང་སྟེ་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་དབུལ་ལོ། །དེ་ནས་ལག་པ་གཡས་པ་གན་རྒྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བསྐུམ་ལ་མངོན་དུ་ཕྱོགས་པར་གཟུང་བར་བྱའོ། །ལག་པ་གཉིས་པུས་མོ་ནང་དུ་བྱས་ནས་ཙོག་ཙོག་པོར་འདུག་ཅིང༌། མི་སྨྲ་བར་ལག་པའི་ཟེའུ་འབྲུའི་ཁ་ལ་མང་དུ་བྱ་བ་ཅིང་ལན་གསུམ་གསུམ་དུ་རྣ་བའི་བུག་པ་གཉིས་


DTG022_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། མིག་དང་ཁ་དང་ལག་པ་དང་ལྟོ་བ་དང་མགོ་རྣམས་ལ་རེག་པར་བྱའོ། །དེ་ལྟ་བུ་ནི་ཉེ་རེག་གི་ཆོ་གའོ། །དེའི་རྗེས་ལ་ཡོད་ན་ལྷག་ཆད་ལ་སོགས་པའི་ཉེས་པ་ཞི་བར་བྱ་བ་དང་དཀྱིལ་འཁོར་ཚིམ་པར་བྱ་བའི་ཕྱིར་ཞི་བ་དང་རྒྱས་པའི་སྦྱིན་སྲེག་བྱས་ནས་ཁམས་གསུམ་རྣམ་བར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོལ་ཞིང་དྲིལ་བུ་དཀྲོལ་ནས་རྡོ་རྗེ་རྐང་པས་ཨོཾ་ཧཱུཾ་ཕཊ་ཅེས་བྱ་བ་དང་ཨོཾ་ཧཱུཾ་ཨཱཿ་ཕཊ་ཅེས་བྱ་བ་དང༌། ཨོཾ་ཧཱུཾ་ཨ་ཨ་ཕཊ་ཅེས་བྱ་བ་དང༌། ཨོཾ་ཧཱུཾ་ཧ་ན་ཧ་ན་མཱ་ར་ཡ་དུཥྜཱ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་ཨ་ཧཱུཾ་ཧྲི་ཕཊ་ཅེས་པའི་སྔགས་བཞི་གོ་རིམས་བཞིན་དུ་ཟློས་པའི་ཤར་སྒོ་ལ་སོགས་པར་བརྗོད་དོ། །སློབ་མ་རྣམས་དང་བསྐོར་བ་གསུམ་ལྷན་ཅིག་ཏུ་བྱས་ནས་ལྷག་པ་དང་མ་ཚང་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བའི་གྲངས་བཞིན་ནུབ་ལ་སོགས་པ་བཞིར་གནས་པས་ཤར་ལ་སོགས་པ་བཞིར་ཨོཾ་བཛྲོད་བྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་སྒོ་དབྱེ་བར་ས་སམས་ཏེ་ཨོཾ་ས་མ་ཡ་པྲ་བེ་ཤ་ཡ་མཱི་ཞེས་བརྗོད་ནས་གར་བྱེད་ཅིང་སླར་ཕྲེང་བ་བླངས་ལ་རང་རང་གི་མགོ་ལ་བཅིངས་ཏེ་འཁོར་ལོ་ལ་ཕྱག་འཚལ་ནས། ངེས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་མཛོད་ཅིང་ཅེས་གོ་བར་བྱས་ནས་བསྒོམ་པ་དང་བཟླས་པ་བྱའོ། །འདིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་ངོས་སུ་དབང་པོ་ལ་སོགས་པ་གོ་རིམས་བཞིན་དུ་དཀར་པོ་དང༌། སེར་སྐྱ་དང༌། ནག་པོ་དང༌། དུད་ཀ་དང༌། དམར་པོ་དང༌། ཁྲོ་བོ་དང༌། སེར་པོ་དང༌། ལྗང་གུའི་བ་དན་བརྒྱད་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ་ནས་ཤར་ལ་སོགས་པར་གཟུགས་པར་བྱ་ཞེས་པ་ནི་ཤེས་རབ་སྐྱོང་ཟེར། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཐོད་པའི་རྒྱུད་དུ། གྲུ་བཞི་པ་ལ་སྒོ་བཞི་པ། །བ་དན་བརྒྱད་ཀྱིས་ཉེ་བར་བརྒྱན། །ཞེས་གསུངས་སོ། །དེའི་རིགས་རྣམ་པར་སྣང་མཛད་དང་


DTG022_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་རིགས་ཀྱི་ལྷ་རྣམས་ཀྱི་ནི་རང་རང་ཕྱོགས་སུ་དགོད་པར་བྱའོ་ཞེས་ཁ་ཅིག་སྟེ། རིན་ཆེན་དབང་པོ་དང་དེའི་རིགས་ཅན་རྣམས་ནི་བདེན་བྲལ་དུའོ། །སྣང་བ་མཐའ་ཡས་དང་དེའི་རིགས་ལས་བྱུང་བ་རྣམས་རླུང་དུའོ། །དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་ལྷ་རྣམས་ནི་དབང་ལྡན་དུའོ།། འཁོར་ལོའི་དབང་པོ་ཤར་དུའོ། །དེའི་རིགས་ཀྱི་ལྷ་རྣམས་རང་གི་ཕྱོགས་སུ་ཞེས་ཁ་ཅིག་གོ །དབང་པོ་སེར་པོ་དང༌། ཁྱབ་པ་འཇུག་ནག་པོ་དང༌། ཟླ་བ་དཀར་པོ་དང༌། ཉི་མ་དམར་པོ་དང༌། ཚངས་པ་སེར་པོ་སྟེ། དབང་པོར་མེའི་དབང་པོ་དང༌། གཤིན་རྗེ་ནག་པོ་དང༌། དབེན་བྲལ་དུད་ཀ་རྣམས་ནི་རང་རང་གི་ཕྱོགས་སུའོ། །ནུབ་ཏུ་ཆུ་ལྷ་དཀར་པོ་དང༌། ས་སེར་མོ་དང༌། ཐགས་བཟངས་རིས་ཀྱི་ནག་པོ་དང༌། རླུང་དང་རླུང་གི་ལྗང་གུའོ། །བྱང་དུ་ལུས་ངན་པོའི་སེར་པོ་དང༌། ཚོགས་བདག་གི་དཀར་པོའོ། །དབང་ལྡན་དུ་དབང་པོའི་དཀར་པོའོ། །དེ་ལྟར་འཕན་བཅོ་ལྔ་ནི་ཕྱོགས་ཀྱི་བདག་པོ་རྣམས་མཉེས་པར་བྱ་བའི་དོན་དུའོ། །མི་འབྱོར་ན་ནི་ནུས་པ་ཇི་ལྟ་བར་བ་དན་རྣམས་དབུལ་བར་བྱའོ་ཞེས་པ་ནི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་འཁོར་དང་བཅས་པའོ། །དེའི་རྗེས་ལ་དེ་ནས་བླ་མས་ནང་པར་གཏོར་མ་བཏང་ནས་དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་སྟེ་སློབ་མ་རྣམས་ལ་རྨི་ལམ་དྲིས་ནས་རི་ལས་ལྷུང་པ་ལ་སོགས་པ་མི་དགེ་བའི་རྨི་ལམ་བྱུང་ན་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་ཚེ་སློབ་མ་རྣམས་ཀྱི་སྔོན་དུ་སློབ་དཔོན་ཞུགས་པར་བྱ་སྟེ། །ཨོཾ་བྲ་བེ་ཤ་ཕ་ག་བཱ་ན་མ་ཧཱ་སུ་ཁ་མོཀྵ་པུ་རཾ་སརྦ་སིདྡྷི་སུ་ཁ་པྲ་ད་པ་ར་མ་སུ་ཁ་ཨུ་དྷ་མ་དྷི་སིདྡྷི་ཛཿ་ཧཱུཾ་བཾ་ཧོཿ་པྲ་སིདྡྷ་སྭཱ་ཧཱ། ཞེས་གཟེངས་བསྟོད་པས་ཞུགས་ནས་གཡས་སྐོར་གྱིས་འཁོར་ལོའི་དབང་ཕྱུག་གི་ང་རྒྱལ་གྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོར་ཨོཾ་བཛྲ་ཨུད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་འདོན་ཞིང་ཕྱེ་ལ། མེ་ཏོག་གི་ཕྲེང་བ་ལ་ཨོཾ་པ་ར་མ་སུ་ཁཾ་ཤཱ་ཡ་སུ་ལ་ལི་ཏེ། བི་ལ་སཱི་ན་མི་ཏ་ན་མི་ཏེ་ན་མཱ་མི་བྷ་ག་བཱ་ནྟཾ་ཛཿ་ཧཱུཾ་བཾ་ཧོཿ་ཧི་ཧི་ཧི་ཧི་ཧཱིཿ་པྲ་ཏཱི་ཙྪ་ཀུ་སུ་མ་ཨཉྫ་ལི་ནི་ནཱ་ཐ་ཧོ། །ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་ལ་དོར་ནས་སླར་བཟུང་སྟེ་ཕྲེང་བའི་དབང་གིས་བསམ་པས་རང་གི་མགོ་ལ་བཅིངས་ནས་མངོན་སུམ་དུ་


DTG022_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་པའི་འཁོར་ལོའི་དབང་ཕྱུག་བླ་མར་མོས་ནས་དེས་སྟེར་བཞིན་པའི་ཕྲེང་བའི་དབང་ལ་སོགས་པ་འཆད་པར་འགྱུར་པའི་དབང་མ་ལུས་པ་དང་ཚོ་ག་བཞིན་དུ་སློབ་དཔོན་གྱི་ལས་ཐམས་ཅད་ལ་གནང་བ་ཐོབ་ནས་སློབ་མ་གཞུག་པའི་ཆེད་དུ་བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་འདོད་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱང་བྱའོ། །ནམ་མཁའ་ལས་སྐྱེས་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་བསྒྲུབས། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པའི་མངའ་རྟག་པར་མཁྱེན། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ནི་བདག་གྲུབ་མཛོད། །ཤིན་ཏུ་དག་པ་ཆོས་ཀྱི་མཆོག །གདོད་ནས་གྲོལ་བས་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་སྙེམས་པར་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའི། །བདེན་པ་གང་གི་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་པོ་བདག །ཁྱེད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་མཚུངས་པར་དི་།དག་ཅིང་གསལ་ལ་རྙོག་བ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ལང་དག་བྱུང༌། །དེ་བཞིན་ཉིད་ལས་དེ་ཉིད་སྐྱེས། །བདེན་པ་དེ་ཡིས་སློབ་མ་ནི། །གཟུགས་བརྙན་གསལ་བར་སློབ་མ་བཞིན། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །ཅེས་བརྗོད་པ་དེ་ནི་སློབ་དཔོན་འཇུག་པའི་ཆོ་གའོ། །དེ་ནས་སྒོའི་སློབ་དཔོན་མི་འདོད་ན་གཞན་ལས་ཀྱི་རྡོ་རྗེས་སྟ་གོན་དུ་གནས་པར་བྱས་པའི་སཱོ་བ་མ་བསླབ་པ་གཉིས་དང་ལྡན་པ་དྲི་ཞིམ་


DTG022_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་ཆུས་ཁྲུས་བྱས་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྔགས་པའི་གོས་དམར་པོ་འམ་གཞན་ཡང་རུང་སྟེ་ཡོལ་བའི་ཕྱིར་རོལ་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སུའམ། འཁོར་ལོའི་བདག་པཱི་གཟུགས་སུ་སློབ་མ་དམིགས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ཏྟ་ར་བོདྷི་ཨ་ལཾ་ཀཱ་ར་བསྟ་པཱི་ད་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་སྨད་དཀྲིས་བྱའོ། །ཨོཾ་བཛྲ་ཨུ་ཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་སྤྱི་གཙུག་ཏུ་ཐོད་བྱའོ། །བདུད་རྩི་འཁྱིལ་པས་སྔགས་པའི་གོས་དམར་པོའམ་སེར་པོས། ཨོཾ་ཙཀྵུ་བཎྡྷཾ་བ་ར་མ་ཎཱ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མི་ག་རས་བཅིང་ངོ༌། །ཨ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་པས་མེ་ཏོག་གི་ཕྲེང་བ་བྱིན་ཏེ་གཡས་སུ་བཟུང་ལ་ལས་ཐམས་ཅད་པའི་བུ་མ་པའི་ཆུས་གཏོར་ཞིང་སྙིང་ག་དང་མགྲིན་པ་དང་སྤྱི་བོར་གནས་པའི་རྡོ་རྗེ་ང་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་དང་ཧཱུཾ་ན་ག་བོ་ཨཱཿ་དམར་པོ་ཨོཾ་དཀར་པོའི་ཡེའི་འོད་ཟེར་གྱིས་ལུས་གསལ་བར་བྱ་སྟ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ཤར་སྒོར་བཞད་ལ། ལས་ཀྱི་རྡོ་རྗེ་ས་བཟུང་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཕྱིར་དྲི་བར་བྱའོ། །ཀྱེ་ཁྱོད་ཅི་ལ་དགའ། །དེས་སྐྲལ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་ལ་ཨོཾ་སརྦ་ཡོ་ག་ཙི་ཏྟ་ཨུཏྤཱ་ད་ཨཱ་མི་ཞེས་འདོན་དུ་བཅུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ལ་སྙིང་གར་རྡོ་རྗེ་མེ་ཏོག་དང་བཅས་པ་རེག་སྟེ་ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་འདོན་ཞིང་བཟུང་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་ཁྱོད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་དང་པ་དང་མི་ལྡན་པ་རྣམས་ལ་ཡང་སྨྲ་བར་མི་བྱའོ་ཞེས་བརྗོད་ནས། ཨོཾ་ཨཱཿ་ཡ་མཱཎྟ་ཀྲྀ་ཏ་ཧཱུཾ་ཞེས་བྱ་བས་ཁྲིད་ནས་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ་འདིས་ཡོ་ལ་བའི་ནང་དུ་བཅུག་ནས། མ་ཧཱ་ར་ཏ་སུ་དྲྀ་དྷ་སུ་ཐོཥྱོ་སུ་སུཁོ་བཛྲ་སཏྭ་ཨཱ་དྱ་སིདྡྷི་ནཱཾ། ཞེས་འདོན་ཞིང་སྐོར་བ་བྱེད་ཅིང་ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི་ཤར་སྒེར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠཱ་ན་ཡ་ཨཱཏྨ་ནྰཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཨོཾ་སརྦ་བུདྡྷ་པཱུ་ཛ་ཨུ་པ་སྠ་ནཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཨཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཡེ་ཨ་དྷི་ཏྵྱི་སྭ་མཱཾ་ཞས་སོ། །ལྷོར་ནི་ཨོཾ་སརྦ་ཏ་ཐཱ་


DTG022_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནི་ཪྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཱཾ། ནུབ་ཏུ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་རྫོ་པྲ་བརྟན་ན་ཡ་ཨཱ་ཏྨ་ནླཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པ་རྟ་ཡ་མཱཾ། བྱང་དུ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎཾ་ཨཱཏྨ་ནཱི་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ་བའི་སྔགས་ལྡས་རིམ་པ་བཞིན་དུ་དཀྱིལ་འཁོར་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་ན། ཡང་ཤས་སྒོར་ཨོཾ་གུ་རུ་ཅར་ཎ་པཱུ་ཛ་ཨུ་པ་སྠཱ་ན་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་རི་ཏྲ་མ་ཨཾ་ཐ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། ཞེས་བྱ་བའི་དོན་སྔོན་དུ་འགྲོ་བས་འདོན་དུ་གཞུག་གོ །དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེང་ངས་རྡོ་རྗེའི་ཡེ་ཤེས་བསྐྱེད་པའི་ཡེ་ཤེས་གང་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག །དམ་ཚིག་མ་ཉམས་པར་གྱུར་ཏ་རེ་ཞེས་མགོ་བྲོ་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་གང་དུ་ཡང༌། །རུང་བའི་མདུན་དུ་སྨྲ་མ་བྱེད། །སྨྲས་ན་སྤྱི་བོ་འགས་པར་འགྱུར། །ཞེས་བརྗོད་ནས་སྙིང་གར་རྡོ་རྗེ་བཟུང་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བཀའ་བསྒོ་ནས་རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པའི་ཆུ་མིང་མེད་དང་མཐེ་བོས་བཟུང་བའི་སྣོད་ཀྱིས་དེའི་ཁར་བླུགས་ཤིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །འདས་ན་སྲེག་ཅིང་དམྱལ་བར་ལྟུང༌། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཅེས་བརྗོད་ཅིང་ཁྱོར་པས་ཆུ་འཐུང་དུ་བཅུག་པ། དེར་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །བརྙས་པས་ཁྱོད་ཡང་བ་མ་སྤངས་བར་ཁྱོད་དུས་མ་ཡིན་པར་ཤི་པའི་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ་ཞེས་གདོན་པར་བྱའོ། །དམ་ཚིག་གི་ཆུ་སྦྱིན་པའི་ཆོ་གའོ། །དེ་ནས་བསྒྲུབ་པའི་དུས་ལས་སྔོན་དུ་


DTG022_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་ལ་སོགས་པ་ངེས་པའི་དོན་དུ་སློབ་མ་སྣོད་དང་ལྡན་པ་ལ་ལྷ་དབབ་པར་བྱའོ། །དེ་ལ་དང་པོར་རི་ལ་སོགས་པ་ཡིད་དང་རྗེ་ས་སུ་མཐུན་པའི་གནས་སུ་སྔོན་དུ་འགྲོ་བ་བྱས་པས་སེམས་བརྟན་པར་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་པའོ། །འབེབས་པ་ལ་ནུས་པ་ཐོབ་པས་མཚན་ཉིད་དང་ལྡན་པའི་ལྷག་པར་གནས་པའི་སློབ་མ་མདུན་དུ་བྱ་སྟེ་སྐད་ཅིག་སྟོང་པ་ཉིད་ཀྱི་རྗེས་ལ་ཡི་གེ་ཨ་ལས་བྱུང་པའི་སྣང་བ་མཐའ་ཡས་གཟུགས་སུ་བསྐྱེད་ལ། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་འབབ་པར་གྱུར་ཅིག་ཅེས་འདོན་དུ་བཅུག་ནས་དེའི་སྙིང་གར་ལཾ་ལས་བསྐྱེད་པའི་སའི་དཀྱིལ་འཁོར་སེར་པོ་རྡོ་རྗེ་ས་མཚན་པ་གྲུ་བཞི་པར་ཉི་མ་ལ་ཧཱུཾ་སྔོ་པོ་དང་མགོ་བོ་ལ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུ་མ་པས་མཚན་པར་ཟླ་བ་ལ་ཡི་གེ་ཨོཾ་དཀར་པོ་དང་མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཡི་གེ་ཨ་དམར་པོ་བསྒོམས་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཐུགས་དང་གསུང་དང་སྐུ་རྡོ་རྗེ་རྣམས་ཀྱི་རང་བཞིན་ཧཱུཾ་ཨཱཿ་ཨོཾ་གྱི་ཡི་གེ་རྣམས་ལ་བཅུག་ནས་རྐང་པ་གཉིས་ཀྱི་འོག་ནས་རླུང་གི་དཀྱིལ་འཁོར་གྱིས་མཚན་པའི་རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཡི་གེ་རཾ་དམར་པོས་མཚན་པ་ཅིག་འོད་ཟེར་འཕྲོས་པ་ལས་གནས་པའི་ཡེ་གེ་ཛྷེ་དམར་པོས་སློབ་མ་འདེགས་ཤིང་ཡི་གེ་ཛྷཻ་གྱི་འོད་ཟེར་གྱི་ཚོགས་ཀྱིས་འོག་གི་བུ་ག་ནས་ཞུགས་པ་དང་ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མ་ལུས་པ་ཀུན་ནས་བཀང་པར་བསྒོམ་ཞིང་སྤོས་ཕོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཾ་ཞེས་བྱ་བའི་སྔགས་ལན་བརྒྱར་འདོན་ཞིང་བསམ་གཏན་མཆོག་ཏུ་གཞོལ་པས་དབབ་པར་བྱའོ། །གལ་ཏེ་ཕེབས་ནས་ཆེར་འཕགས་པར་གྱུར་ན་དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དེའི་སྟེང་དུ་ཡི་གེ་ཛཿ་དེའི་སྟེང་དུ་རྣམ་པར་སྣང་མཛད་བསྒོམས་ཏེ་བཟློག་པར་བྱའོ། །དེ་ལྟར་ཕེབས་པར་གྱུར་པ་ལས་སློབ་མའི་ཐུགས་རྡོ་རྗེའི་


DTG022_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་ཟེར་རྣམས་ཀྱིས་གསུང་རྡོ་རྗེའི་ས་བོན་གྱི་བདག་ཉིད་བསྐུལ་བར་བྱས་ལ་ལྕེས་ལ་ཟླ་བ་ལ་གནས་པའི་ཨཱཿ་དམར་པོ་ལས་འོད་ཟེར་གྱི་ཕྲེང་བས་འཁྲུགས་པ་བསྒོམས་ནས་རྡོ་རྗེ་སྨྲོས་ཞིང་ཅེས་སྨྲར་གཞུག་པ་བྱས་ལ་དེ་ལྟར་འདིས་རང་ངམ་གཞན་གྱི་དགེ་བའམ་མི་དགེ་བའི་བྱ་བ་བདེན་པར་སྨྲའོ། །དེ་ནས་ཞུགས་པའི་ལྷའི་སྙིང་གའི་འོད་ཟེར་གྱིས་བཀུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང་སློབ་མའི་མགོ་ལ་རྡོ་རྗེ་བཟུང་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བྱ་བ་སྔོན་དུ་འགྲོ་བའི་ཧཱུཾ་ཨཱ་བཛྲ་མུཿ་ཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ། །ཡང་ན། དྲིལ་བུའི་ཞབས་ཀྱིས་བྲིས་པ་ཡིས། །བཤང་གཅི་ལ་སོགས་བྱུགས་པ་ཡི། །རས་ནི་བུད་མེད་རྡུལ་དང་ལྡན། །གཏུབས་ལ་བྱི་ལའི་རྟུག་པས་བྱུག །གུ་གུལ་དང་ནི་རྣམ་པར་བསྲེག །ཡི་དགས་མེ་ནི་ཀུན་བླངས་ལ། །དེ་ནི་པདའི་སྣོད་བཞག་ནས། །དེར་ནི་དེ་ཀུན་བཅུག་ནས་ནི། །གཡས་བརྐྱང་བ་ཡིས་ཀུན་གནས་པའི། །འཁོར་ལོ་གསུམ་བདག་ཁྲོ་བ་ལྟས་ལ། །དེ་ཡིས་འཁོར་ལོ་གསུམ་བདག་ལ། །རྡོ་རྗེ་བདུག་པ་དེ་ཕུལ་ན། །ཕེབས་པར་འགྱུར་བར་ཐེ་ཚོམ་མེད། །ཨོཾ་ཏིཥྛ་མ་ཧཱ་ཀྲོདྷ་ས་མ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྨ་ཧེ་བིདྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱ་ཧཱ་ཞེས་བྱ་བ་འདིས་དཔའ་བོ་རབ་ཏུ་བསྐུར་བར་བྱའོ་ཞེས་མངོན་པར་བརྗོད་པའི་རྒྱུད་འབུམ་པར་གསུངས་པའི་ཚོགས་དབབ་པར་བྱའོ། །བཤད་གཅི་ལ་སོགས་ཞེས་པ་ནི་བདུད་རྩི་ལྔ་དང་སྒྲོན་མ་ལྔས་བྱུགས་པའོ། །བླ་མ་བདེ་མཆོག་གི་གཟུགས་གཡས་བརྐྱང་དུ་གནས་པས་བདེ་མཆོག་གི་བདག་ཉིད་སློབ་མ་གཡས་བརྐྱང་དུ་གནས་ཤིང་སྙིང་གར་ཐལ་མོ་སྦྱར་ལ་ལག་པ་གཡོན་གྱིས་དྲིལ་བུ་སྒྲོགས་ཤིང་ཏིཥྛ་ཞེས་བྱ་བའི་སྔགས་དྲེགས་པ་དང་བཅས་པས་ཟློས་པས་ལག་པ་གཡས་ཀྱིས་བདུག་པར་བྱའོ། །དེ་ནས་གལ་ཏེ་ཕེབས་ཞེས་བྱ་བར་རིག་པ་བྱའོ། །གལ་ཏེ་ཡང་རྒྱུད་ཁ་ཅིག་ཏུ་བུ་མོ་ལོ་བཅུ་གཉིས་ལོན་པ་སྐྱེས་པས་མ་ཉམས་པ་ཡན་ལག་དང་ཉིང་ལག་མ་ཉམས་པ་དང་ཁྱེའུ་གཞོན་ནུ་ལོ་དེ་ཉིད་ལོན་པ་ལ་བུད་མེད་ཀྱི་ཡུལ་མི་ཤེས་


DTG022_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡན་ལག་དང་ཉིད་ལག་མ་ཚང་བ་མེད་པའི་སྣོད་མདུན་དུ་བཞག་ནས་ལྷ་དབབ་པར་བྱའོ་ཞེས་གསུངས་ཏེ། དེ་ལ་ཡང་སྐད་ཅིག་སོ་སོ་ལ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་ཚོགས་བསགས་བ་ཅིག་ཆར་བརྟན་པར་བསྒོམ་ནུས་པས་ཡན་ལག་མ་ཚང་བ་མེད་པ་དང༌། ལོ་མང་པོའི་ཕྱོགས་ལ་སྤངས་ཏེ། དེ་ལ་ཡང་འཁྱིལ་པས་ལྷ་ཕེབས་པར་འགྱུར་རོ་ཞེས་པ་ནི། རྒྱུད་གཞན་དུ་མང་དུ་གསལ་བར་བྱས་པ་སློབ་མ་ལ་དབབ་པའི་དོན་དུ་བསྒྲུབ་པར་བྱའོ་ཞེས་པ་དབབ་པའི་ཆོ་གའོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་ཕྱོགས་པ་ལ་ཕྱོགས་ཀྱི་མིག་ལམ་ནི་ཅི་སྣང་ཞེས་དྲིས་པ་ན་དེས་སྨྲས་པ། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་དང༌། སྣང་བ་རྣམས་ཀྱིས་རིམ་པ་བཞིན་དུ་འདི་ལ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་རིག་པར་བྱས་ནས་འདིའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ། རྡོ་རྗེ་རྐང་པའི་གར་གྱི་ཚུལ་གྱིས་འཁྱིལ་པ་བརྗོད་ཅིང་སྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་གྱི་རླབས་འདི་བྱའོ། །བདག་གི་དཀྱིལ་འཁོར་འདི་ལྟ་བུར། །སློབ་མ་འདི་ནི་ཡང་དག་བཅུག །བསོད་ནམས་ཅི་འདྲ་དེ་འདྲ་ཡིས། །ལྷ་རྣམས་རིགས་ཀྱི་རིམ་པར་འགྱུར།། འདི་ནི་དངོས་གྲུབ་ཅི་འདར་འགྱུར། །རིགས་གང་གི་ནི་སྣོད་གྱུར་དང༌། །བསོད་ནམས་མཐུ་ནི་ཅི་འདྲ་བར། །དེ་ལྟར་དཀྱིལ་འཁོར་འདི་ལ་ཤོག །ཅེས་པ་ནི་དཀྱིལ་འཁོར་དུ་སློབ་མ་སྤྱན་འགེགས་དང་བཅས་པ་གཞུག་པའི་ཆོ་གའོ། །དེ་ནས་སྔར་བཟུང་བའི་ཕྲེང་བ་ལ་ཡི་གེ་ཏྲཾ་གིས་བསྔགས་པ་ལས་གང་ཞིག་མ་རྙིངས་ཤིང་གསར་པའི་མེ་ཏོག་ཅིག་ཕྱུང་ལ་དེའི་ལག་པ་ཐལ་མོ་སྦྱར་བ་ལ་སྦྱིན་པར་བྱའོ། །དེའི་ཚེ་ངེས་མེ་ཏོག་གི་ཕྲེང་བ་དང་རང་ཉིད་ཀྱང་ཡི་གེ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུ་བར་མོས་ནས་བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་འགྲོ་བ་དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་དུ་གནས་པ་བཞིན་དམིགས་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ། དེའི་དབུས་སུ་ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མི་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷེཾ་མེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་ཨཱ་ཁཾ་བཱི་ར་ཧཱུཾ། པྲ་ཏི་ཀུ་


DTG022_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་མ། པྲ་ཏཱི་ཙྪ་ཨཉྫ་ལི་ནཱ་ཐ་ཧོཿ། །ཞེས་སྔགས་འདོན་ཞིང་མེ་ཏོག་དོར་བར་བྱའོ། །རེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་བསྟུན་ཏེ་འདི་ལ་རིགས་བསྟན་པར་བྱའོ། །དེའི་རྣལ་འབྱོར་ཡང་སྦྱིན་ནོ། །དངོས་གྲུབ་ཀྱང་མཚོན་པར་བྱའོ། །གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུ་འམ། དབུ་འམ་གཙུག་ལ་མེ་ཏོག་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྐུ་མཆོག་ལ་ནི་མཆོག་གོ །དབུས་ལ་ནི་འབྲིང་པོའོ། །འོག་གི་ཆ་ལ་ནི་ཐ་མའོ། །སྐུ་ལས་ཧ་ཅང་རིང་བ་ནི་ཡུན་རིང་པོས་སོ། །ཉེ་ན་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེའུ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱིས་བར་དུ་ལྷུང་ན་དེའི་སྟེ་མེ་ཏོག་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །མཉམ་པ་ཉིད་ན་ནི་གཉིས་ཀའོ་དངོས་གྲུབ་མཆོག་འགྲུབ་པའོ། །དེའི་ཚེ་གང་ལ་དད་པ་དེའི་རིགས་ཡིན་ནོ། །རེ་ཁཱ་ལྔའི་ཕྱི་རོལ་དུ་ལྷུང་ན་ལན་གསུམ་གྱི་བར་དུ་དོར་བར་བྱའོ། །དེ་ལྟར་ནའང་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །ཕྱི་རོལ་གྱི་ཟླུམ་པོའི་རེ་ཁཱ་རྣམས་དང་རྡོ་རྗེའི་ཕྲེང་བའི་ཕྱི་རོལ་ལ་ནི་དངོས་གྲུབ་མེད་དོ། །འདི་ལ་དཀྱིལ་འཁོར་ཡང་མི་བསྟན་ནོ། །སྔགས་བཟླས་པ་ལ་སོགས་པ་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་དེ་གཞུག་པར་བྱའོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚོགས་ཆེན་པོས་སོ། །དེ་ནས་མེ་ཏོག་དེ་སླར་གཟུང་ནས་ཕྲེང་བ་ལ་བཅིངས་ཏེ། ཕྲེང་བ་དེ་པྲ་ཏི་གྲྀ་ཧཎ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་འདོན་ཞིང་སློབ་མའི་མགོ་བོར་བཅིང་བར་བྱ་ཞེས་པ་ནི་ཕྲེང་བའི་དང་གི་ཆོ་གའོ། །དེའི་རྗེས་ལ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་དཔྲལ་བར་རཾ་དང་མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། རྡོ་རྗེ་སེམས་དཔའ་དེང་ཁྱེར་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དོ། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙ་ཀཥུ་ཧཱུཾ་ཨཱཿ་སྭཱ་ཧཱ། ཞེས་འདོན་ཞིང་མིག་རས་བསལ་བར་བྱའོ། །དེ་ནས་ཀྱེ་ལྟོས་ཤིག་ཅེས་བརྗོད་ནས་ལྷ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བའི་འཁོར་ལོའི་བདག་པོ་ནས་བརྩམས་ཏེ་བྱང་གི་སྒོ་སྐྱོང་བའམ་ཇི་ལྟར་ཡོད་པ་གནོང་མཛེས་ཀྱི་བར་དུ་བསྟན་ནས། དད་པའི་ཤུགས་ཀྱིས་མྱུར་དུ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་


DTG022_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕུན་ཚོགས་དངོས་གྲུབ་ཐམས་ཅད་ནི། །དམ་ཚིག་མཚོག་ལས་འབྱུང་བར་འགྱུར། །རྡོ་རྗེ་པདྨ་མཆོག་གཡོ་བའོ། །སྔགས་རྣམས་མ་ལུས་སྒྲུབ་པར་གྱིས། །ཞེས་བརྗོད་ནས་དེས་ཀྱང་རྡོ་རྗེ་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་ལ་བསྟན། །གསང་བའི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །ཞེས་འདོན་དུ་བཅུག་ནས་དམ་ཚིག་འདོན་དུ་གཞུག་གོ །ཧོ་ཧོ་ཧོ་ཞེས་བྱ་བ་ནི་སློབ་མ་ལ་དཀྱིལ་འཁོར་བསྟན་ཞིང་དེར་གཞུག་པའི་ཆོ་གའོ། །དེ་ནས་ཆུའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་པུས་མོས་ལ་བཅུག་ཏེ་ཐལ་མོ་སྦྱར་བས། །བྱང་ཆུབ་རྡོ་རྗེས་སངས་རྒྱས། །ཇི་ལྟར་ཆེ་བའི་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེད་བདག་སྩོལ། །ཞེས་བརྗོད་ཅིང་གསོལ་བ་གདབ་བོ། །དེ་ནས་བླ་མས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་ངོས་སུ་ཇི་ལྟར་ཁྲུས་ཀྱི་ཆུ་དེ་ལ་མི་རེག་པར་ཤར་ཕྱོགས་ཀྱི་འཇུག་པའི་སྒོ་ལ་ཕྱོགས་པར་ཤར་ཕྱོགས་སུ་སྣ་ཚོགས་པདྨ་ཞེས་བྱ་བ་ལ་སོགས་པར་ཤིན་སྟན་ལ་སོགས་པར་མཎྜལ་གྱི་བར་དུ་བྱ་ཞེས་བྱ་བའི་མཐར་ཐུག་པའི་སྐུ་གཟུགས་ཀྱི་དོན་དུ་སྔར་བསྟན་པ་ལ་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམས་ནས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་སྦྱང་བར་བྱ་སྟེ་སྔོན་དུ་བརྗོད་པའི་ཨོཾ་ཨཱ་བིགྒྷཾ་ཞེས་བྱ་བ་ལ་སོགས་པས་རིམ་པར་སྦྱང་བར་བྱ་སྟེ། དེ་ལ་ཨོཾ་ཨཱཿ་བིགྷྞཾ་ཏ་ཀྲྀ་ཏ་ཧཱུཾ་ཞེས་ཡུངས་ཀར་ལ་ལན་བདུན་བསྔགས་ཏེ། གཡས་པ་དང་ཅིག་ཤོས་ཀྱི་ཁུ་ཚུར་གྱིས་བཟུང་ལ་གཡོན་སྐོར་གཡས་སྐོར་དུ་སོ་སོར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བདྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱ་བས་ལ་ཡུངས་ཀར་རྣམས་མེར་བླུགས་སོ། །དེ་བཞིན་དུ་ལན་གསུམ་དུའོ། །དེ་བཞིན་དུ་གཡོན་སྐོར་དང་གཡས་སྐོར་དུ་ཆུ་ཁྱོར་བ་གསུམ་གྱིས་ལན་གསུམ་དུ་བྱའོ། །དེ་ནས་མེ་ལ་དོར་ལ་དེ་བཞིན་དུ་ཁམ་ཕོར་དཀར་པོ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བཟུང་ནས་གཡོན་སྐོར་གྱིས་བྱ་བས་ནས་གཡོན་ཕྱོགས་སུ་གཞག་གོ །གཡས་སྐོར་གྱིས་བྱ་བས་ནས་གཡས་པའི་


DTG022_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་སུ་གཞག་གོ །དེ་བཞིན་དུ་ལན་གསུམ་དུའོ། །དེ་བཞིན་དུ་ཡང་དཱུར་བའི་མྱུ་གུ་བའི་ལྕི་པ་ལ་གླན་པ་རྣམས་ཀྱིས་སོ། །དེ་བཞིན་ཟན་གྱི་ཆང་བུ་རྣམས་ཀྱིས་སོ། །དེ་བཞིན་དུ་རས་ཀྱིས་ཀྱང་བྱབ་པོ། །དེ་ནས་ལག་པ་བཀྲུས་ནས་ལག་པོ་སློབ་མ་ལ་རེག་པར་བྱའོ། །སྙིང་གར་དྲིས་བྱུག་པ་དང༌། མེ་ཏོག་ཕྲེང་བ་མགོ་ལ་གདགས་པ་དང༌། མདུན་དུ་མཆོད་ཡོན་བྱིན་ལ་མར་མེས་བསྐོར་ཞིང་འཁྱིལ་པའམ་ཧཱུཾ་གི་ཡི་གེ་ལན་བདུན་བཟླས་ལ་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ་ཞེས་བྱ་བ་ནི་བྱ་བ་པའི་རིམ་པའི་ཆོ་གའོ། །དེའི་རྗེས་སུ་བདུད་རྩི་འཁྱིལ་པས་བསྔགས་པའི་དཱུར་བའི་ཆུན་པོས་ཟངས་སྣོད་ན་གནས་པའི་བདུད་རྩི་ལྔ་དང་བའི་རྣམ་ལྔ་དག་ལ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་ཁ། ཞེས་བརྗོད་པས་བསྐུལ་ལ་ཡང་ཆུ་གཙང་མས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་སྐུ་ཁྲུས་གསོལ། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྤྱན་དྲངས་ལ་མཆོད་དེ་སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཤེས་རབ་དང་སྙོམས་པར་ཞུགས་པའི་འདོད་ཆགས་ཚན་པོས་ཞུ་བར་གྱུར་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ་ལྷ་མོའི་པདྨ་ནས་ཞུགས་ཏེ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པའི་གཟུགས་ཤེས་རབ་དང་བཅས་པའི་ཡེ་ཤེས་སེམས་དཔའ་དད་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཕྱག་དང་ཞལ་ལ་སོགས་པའི་སྐུ་པདྨ་ནས་བྱུང་སྟེ། ནམ་མཁའ་ལ་བཞུགས་པའི་སྤྱན་མ་ལ་སོགས་པའི་རིག་པའི་རིག་མ་དང་བཅས་པས་གདུགས་དང་རྒྱལ་མཚན་དང༌། བ་དན་དང༌། རོལ་མོའི་སྒྲ་དང༌། གླུ་དང༌། གར་དང༌། མེ་ཏོག་དང༌། གུར་གུམ་ལ་སོགས་པའི་ཆར་རྣམས་དང་ལག་པའི་ཡལ་ག་དང་བཅས་པའི་ཁ་རྒྱན་ཅན་དུ་མང་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་


DTG022_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩིས་གང་བ་རྣམས་ཀྱིས་སློབ་མ་དེ་དབང་བསྐུར་བའི་ཚེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་ཡིན། །བཀྲ་ཤིས་དེས་ནི་དབང་བསྐུར་མཆོག་དེ་ཁྱོད་ལ་ཤོག །ཕུན་སུམ་ཚོགས་པ་མངའ་བདག་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨའི་འདབ་མ་འདྲ་བའི་སྤྱན་རས་རྒྱས། །བཀྲ་ཤིས་དེས་ནི་ཁྱོད་ལ་དེང་འདིར་ཞི་བྱེད་ཤོག །དེ་ཡི་ཉེ་བར་བསྟན་བའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་མཆོག་རབ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མི་ཡིན་གྱི་ཕྱག་གི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་ཁྱེད་ལ་དེ་རིང་ཞི་བྱེད་ཤོག །ཅེས་པའི་བཀྲ་ཤིས་གྱི་གླུ་རྣམས་ཀྱིས་ཉེ་བར་སྦྱིན་ཞིང་རང་ཉིད་ཀྱིས་ཀྱང་དེ་རྣམས་བླངས་ལ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ནས་ཆུ་ཉུང་ཟད་བཅུས་ཏེ་པདྨའི་སྣོད་དུ་བླུགས་པའམ་ཡང་ན་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཨོཾ་མ་ཧཱ་སུ་ཁཾ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་སྟྭཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ན་དྲྀ་ཌྷོ་མེ་བྷ་བ་ཞེས་བརྗོད་ནས་སམ། བསྡུས་པ་ལ་དགའ་ན་མ་བརྗོད་པར་ཡང་ལག་པ་གཡས་ཀྱི་རྡོ་རྗེ་དང་བཅས་པའི་ལོ་མས་སོ། །དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ་རྣམས་ཀྱིས་སོ། །དེ་ནས་ཇི་ལྟར་རིགས་པའི་དཀྱིལ་འཁོར་པའི་བུམ་པ་རྣམས་སོ། །མེད་ན་ནི་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་རྡོ་རྗེ་དང་བཅས་པའི་ལོ་མའི་རྩེ་མོས་འགྱིང་བག་དང་བཅས་པའི་ཆུ་གཏོར་ཞིང༌། རྡོ་རྗེ་ཆེན་པོའི་དབང་བསྐུར་བས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོ་བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་ལན་གསུམ་དུ་དབང་བསྐུར་བར་བྱའོ། །དེའི་ཚེ་བདེ་བ་ཆེན་


DTG022_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་དང་སྙོམས་པར་ཞུགས་པར་བསམ་པར་བྱའོ་ཞེས་པ་ནི་ཆུའི་དབང་གི་ཆོ་གའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེད་བདག་སྩོལ། །ཞེས་བླ་མ་ལ་གསོལ་བ་བཏབ་པར་གྱུར་པས་སློབ་མ་དེ་ཨཾ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་བུམ་པས་དབང་སྐུར་བར་བྱེད་ཅིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་སྒྲོགས་པར་བསྒོམ་པར་བྱའོ། །རྡོ་རྗེ་དང་བདག་པོ་དང་མིང་གི་དབང་ལྷ་རྣམས་ལ་ཡང་དེ་ལྟར་རོ། །དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་རིན་ཆེན་འབྱུང་ལྡན་དུ་བསྐྱེད་ཅིང་དེའི་རང་བཞིན་ཡེ་ཤེས་སེམས་དཔའི་ངོ་བོ་སློབ་མ་རིགས་ཀྱི་བདག་པོའི་དབུས་སུ་དེ་བཞིན་གཤེགས་པ་ལྡར་བྱིན་གྱིས་བརླབས་པའི་དབུ་རྒྱན་དེའི་མགོ་བོའི་དབུས་དང་དཔྲལ་བ་དང་ལོགས་གཉིས་དང་མགོ་བོའི་རྒྱབ་རྣམས་སུ་རིམ་པ་བཞིན་ཨོཾ་དྷརྨ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་བྷྲཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩི་ཁཾ། ཞེས་བྱ་བའི་སྔགས་ལྔས་བཞག་ནས་མགོ་བོ་ལ་བསྐོན་ཞིང༌། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པ་དང༌། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་རཏ་སྟྭཾ་ཨ་ཧཾ་བརྗོད་ནས། ཨོཾ་བཛྭ་ཏུ་ཥྱ་ཧོ་ཞེས་བརྗོད་པས་དགྱེས་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ༌། །དེ་ནས་ཨོཾ་ཧཱུཾ་ཧཱུཾ་ཧྲཱིཿ་ཨཿ། ཞེས་བྱ་བའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་པར་བྱའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཧྲཱིཿདང་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ཀྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་རྡོ་རྗེ་ཡང་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་བསམས་ནས། རྡོ་རྗེ་ཆེན་པོ་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་


DTG022_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་པ་སྦྱིན་པར་བྱ། །ཞེས་པ་དང༌། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱི་རབ་བསྒྲུབས་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང༌། །ཞེས་བརྗོད་ཅིང་སློབ་མའི་སྙིང་ག་དང་མགུལ་བ་དང་མགོ་བོ་རྣམས་སུ་རྡོ་རྗེ་རེག་ནས་ལག་ཕ་གཡས་སུ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་ངོ༌། །དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྦྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་དེ་ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་བསྐྱེད་ལ་དྲིལ་བུ་ཡང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པར་བསམས་ནས་དེའི་ལག་པ་གཡོན་དུ་བྱིན་ཏེ་ལག་པ་རྡོ་རྗེ་དྲིལ་བུ་དང་ལྡན་པས་ཕྱག་རྒྱལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པ་དང༌། ཨོཾ་བཛྲ་ཨདྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་ཨོཾ་བཛྲ་གྷཎྜེ་ཨ་ཨ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་གྱུར་པར་མཛོད། །ཅེས་འདོན་དུ་གཞུག་པར་བྱའོ་ཞེས་པ་ནི་བདག་པོའི་དབང་ངོ༌། །མིང་གཞན་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པའི་སློབ་མ་དེ་ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསྒོམས་ནས་སྤྱི་བོར་རྡོ་རྗེ་དང་དྲིལ་བུ་བཟུང་ཞིང༌། རྡོ་རྗེ་ཆེན་པོར་དབང་བསྐུར་ཞིང༌། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ནས་ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་རྡོ་རྗེའི་མིང་གིས་དབང་བསྐུར་བར་བྱའོ། །ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བའམ། གཏི་མུག་རྡོ་རྗེ་ཁྱོད་ཅེས་བྱ་བའམ། དེ་ལ་སོགས་པ་མེ་ཏོག་ལྷུང་


DTG022_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་རྗེས་སུ་འབྲངས་ཏེ་རང་གི་རིགས་ཀྱི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་མཚན་རྣམས་ནི་མཆོག་གི་དང་པོའོ། །དཔེ་མེད་དང༌། རབ་དགའ་དང༌། རོ་མཉམ་དང༌། རྣམ་པར་རྒྱལ་བ་དང༌། སེམས་དཔའ་དང༌། ཨ་ལ་ལ་དང༌། བདེ་ཆེན་དང༌། ལུས་མེད་དང༌། ཡེ་ཤེས་དང་ལྷན་ཅིག་སྐྱེས་པ་དང༌། རྡོ་རྗེ་རྣམས་སོ། །རེ་རེ་ཞིང་རྡོ་རྗེའི་སྒྲར་སྦྱར་བར་བྱ་སྟེ་དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ནའོ། །མི་བསྐྱོད་པའི་མཚན་རྣམས་ནི་བཞད་པ་དང༌། རོལ་པ་དང༌། དགའ་བ་དང༌། འགྱིང་བ་དང༌། རྣམ་པར་གཡོ་བ་དང༌། རང་བྱུང་དང༌། ཞེ་སྡང་དང༌། སྙིང་རྗེ་དང༌། སེམས་དཔའ་དང༌། ཧཱུཾ་མཛད་དང༌། མི་བསྐྱོད་པ་དང༌། རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་ནི་རྣམ་པར་སྣང་མཛད་དང༌། ཨོཾ་ཡིག་དང༌། རང་འབྱུང་དང༌། རྟག་པ་དང༌། དེ་བཞིན་གཤེགས་པ་དང༌། སྒྱུ་མ་དང༌། སངས་རྒྱས་དང༌། གཟུགས་དང༌། སྐུ་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་ནི་རིན་པོ་ཆེ་དང༌། ཡིད་བཞིན་ནོར་བུ་དང༌། མཁའ་དང༌། གཟི་བརྗིད་དང༌། ཉི་མ་དང༌། སྣང་བྱེད་དང༌། ང་རྒྱལ་དང༌། རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་ནི་འདོད་ཆགས་དང༌། ཀུན་དུ་གཟིགས་དང༌། ཆོས་དང༌། པདྨ་དང༌། རྡོ་རྗེ་མྱུ་གུ་དང༌། པདྨའི་མྱུ་གུ་དང༌། རབ་ཏུ་དགའ་བའི་མྱུ་གུ་དང༌། རྡོ་རྗེའི་མྱུ་གུ་དང༌། མཆོག་དགའ་དང༌། རབ་སྐྱེས་དགའ་དང༌། དཔག་མེད་དང༌། ངག་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་ནི། དོན་ཡོད་དང༌། རྟ་མཆོག་དང༌། དམ་ཚིག་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ལས་དང། རླུང་དང༌། རེག་བྱ་དང༌། ཕྲག་དོག་རྡོ་རྗེ་རྣམས་སོ། །རྡོ་རྗེ་སེམས་དཔའི་བཙུན་མོ་རྣམས་ནི་རྡོ་རྗེ་ཤུགས་ཅན་མ་དང༌། རྡོ་རྗེ་རོལ་པ་མོ་དང༌། རྡོ་རྗེ་མྱོས་མ་དང༌། རྡོ་རྗེ་ཀྱང་ཀན་དང༌། རྡོ་རྗེ་བཞིན་མ་དང༌། རྡོ་རྗེ་བ་དན་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་འཆང་མའོ། །མི་བསྐྱོད་པའི་ནི་རྡོ་རྗེ་བདག་མེ་དམ་དང༌། རྡོ་རྗེ་ཕྱག་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་བདེ་མ་དང༌། རྡོ་རྗེ་མཱ་མ་ཀཱི་དང༌། རྡོ་རྗེ་ཞེ་སྡང་མ་དང༌། རྡོ་རྗེ་དགའ་མའོ། །རྣམ་པར་སྣང་མཛད་ཀྱི་ནི་རྡོ་རྗེ་མཁའ་འགྲོ་མ་དང༌། རྡོ་རྗེ་དཀར་མོ་དང༌། རྡོ་རྗེ་སྒེག་མོ་དང༌། རྡོ་རྗེ་སྤྱན་མ་དང༌། རྡོ་རྗེ་གཏི་མུག་མ་དང༌། རྡོ་རྗེ་དགའ་


DTG022_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའོ། །རིན་ཆེན་འབྱུང་ལྡན་གྱི་ནི་རྡོ་རྗེ་དོ་ཤལ་མ་དང༌། རྡོ་རྗེ་དབུགས་འབྱིན་མ་དང༌། རྡོ་རྗེ་འབར་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་ནམ་མཁའ་མ་དང༌། རྡོ་རྗེ་ནམ་མཁའ་དགའ་མའོ། །སྣང་བ་མཐའ་ཡས་ཀྱི་ནི་རྡོ་རྗེ་ཆགས་མ་དང༌། རྡོ་རྗེ་གླུ་མ་དང༌། རྡོ་རྗེ་ཀྱེ་མ་དང༌། རྡོ་རྗེ་བདེ་མ་དང༌། རྡོ་རྗེ་རོལ་མ་དང༌། རྡོ་རྗེ་བློ་མ་དང༌། རྡོ་རྗེ་བཞད་མ་དང༌། རྡོ་རྗེ་དཀར་མོ་དང༌། རྡོ་རྗེ་འདོད་ཆགས་དགའ་མའོ། །དོན་ཡོད་གྲུབ་པའི་ནི་རྡོ་རྗེ་སྙེམས་མ་དང༌། རྡོ་རྗེ་སྒྱུ་མ་དང༌། རྡོ་རྗེ་རྟ་མ་དང༌། རྡོ་རྗེ་སྒྲོལ་མ་དང༌། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང༌། དམ་ཚིག་རྡོ་རྗེ་མ་དང༌། རྡོ་རྗེ་དགའ་མའོ། །མིང་གི་དབང་གི་ཆོ་གའོ། །དེ་ནས་སློབ་མ་དེས་ཡོན་ཕུལ་ལ་ཐལ་མོ་སྦྱར་ལ། བདག་ནི་ཁྱོད་ཀྱི་བཀའ་དྲིན་ལས། །གང་གིས་རང་བཞིན་དོན་ནུས་པའི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་ཀྱེ་བདག་ལ་སྩོལ། །ཞེས་བརྗོད་པས་བླ་མ་ལ་གསོལ་བ་བཏབ་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསམས་ནས་རྡོ་རྗེ་ཧཱུཾ་ལས་སྐྱེས་པར་བསྒོམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་གཞུག །དེ་ནས་དྲིལ་བུ་ཨ་ལས་སྐྱེས་པར་བསྒོམས་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག་གོ །སློབ་མས་ཀྱང༌། ཨ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བ། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་ཚིག་སྲིད་པར་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། །དྲིལ་བུའི་དམ་ཚིག་གོ །ཡིད་ཀྱིས་ལུས་ནི་བསྟེན་བྱས་ལ། །ཕྱག་རྒྱའི་དམ་ཚིག་ཡིན་པར་འདོད། །གང་གིས་ལུས་ཀུན་སྟེན་བྱེད་པ། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་གྱིས། །ཞེས་བྱ་བ་རྟོགས་


DTG022_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱས་ནས་རྡོ་རྗེ་སེམས་དཔའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་རློབ་དུ་བཅུག་ནས་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་དུ་བྱས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་གྱུར་པར་བསྒོམས་པའི་མགོར་རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཨོཾ་མ་ཧཱ་སུ་ཁཾ་བཛྲ་སཏྭ་ཨ་བྷི་ཥེ་ཀ་སྟྭཾ་ཨ་བྷི་ཥིཉྩཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ན་དྲྀ་ཌྷོ་མེ་བྷ་ཝ་ཞེས་ལན་གསུམ་དུའོ། །ཕྱག་རྒྱའི་དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ། །དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ཏེ་ཆུའི་དབང་ལ་བརྗོད་པའི་སྙིང་གའི་ས་བོན་ལ་སོགས་པ་ནས། ཇི་སྲིད་རྡོ་རྗེ་རྩེ་མོར་འཛག་པ་ཡི། །རྡོ་རྗེ་ཆེན་པོའི་དབང་བསྐུར། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་འདོན་ཞིང་དབང་བསྐུར་རོ། །དེ་ནས་མི་བསྐྱོད་པ་ཅོད་པན་དུ་བསམས་ནས་དེ་བཞིན་གཤེགས་པ་དང་ལྷ་མོ་གཞན་རྣམས་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་རོ་བོར་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ། །དེའི་རྗེས་སུ། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་བོ་ཡིས་ནི་བདག་ལ་གསུང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་བ་དམ་པ་དག །རྟག་ཏུ་སློབ་དཔོན་བདག་ལ་གསུང༌། སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །ཞེས་ཁྱད་པར་གྱི་གསོལ་བ་བཏབ་ལ། དེ་ནས་མདོར་བསྡུས་ནས་གཞལ་ཡས་ཁང་འདི་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང༌། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང༌། དོན་དམ་པར་དཀྱིལ་འཁོར་ལ་སོགས་པ་རིམ་པ་གཉིས་ཀ་ལ་རང་བཞིན་མེད་པའི་བདག་ཉིད་ཅན་ཉིད་རྣམ་པར་དག་པ་དང༌། དཀྱིལ་འཁོར་འདྲི་བ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་


DTG022_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་དང་བཅས་པ་བརྗོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པའི་ཡེ་ཤེས་དང་འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང༌། བྱ་བ་དང་མི་བྱ་བའི་བདག་ཉིད་ཅན་གྱི་སྔོམ་པ་དང༌། དེ་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་བ་དང་ལྡན་པ་ཉིད་དུ་བརྗོད་དོ། །ཕྱིར་མི་ལྡོག་པའི་མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ། །དེ་ནས་བདག་ཉིད་ཀྱིས་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ལ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །སློབ་མས་ཀྱང༌། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བྱ་བ་འདིས་བཟུང་ནས་ལན་གསུམ་དུ་བཟླས་པར་བྱའོ་ཞེས་པ་ནི། སྔགས་གཏད་པའི་ཆོ་གའོ། །དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་རམ་སྦྲང་རྩི་མིག་སྨན་དང་གསེར་ལས་བྱས་པའི་ཐུང་མས་སློབ་མའི་མིག་ལ་ཡི་གེ་རཾ་བསྒོམས་ལ། ཨོཾ་བཛྲ་ཏྲ་ནི་ཏྲ་ཨ་བ་ཧ་ར་བ་ཊ་ལཾ་ཧྲཱིཿཞེས་འདོན་ཞིང་བསྐུལ་ནས། ཇི་ལྟར་མིག་སྨན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་དོ་ཞེས་པ་ནི་མིག་སྨན་གྱི་ཆོ་གའོ། །དེ་ནས་མེ་ལོང་བླངས་ནས་ཨ་ཡིག་བསྔགས་ནས་སློབ་མས་བལྟ་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར།། དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་བུ་ཁྱོད་ཀྱི། །རང་ཉིད་ཀྱི་ནི་སྙིང་ལ་གནས། །ངོ་བོ་ཉིད་མད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་གདོན་ནོ། །མེ་ལོང་གི་དབང་གི་ཆོ་གའོ།། དེ་ནས་ཡི་གེ་ཧོཿལས་བྱུང་བའི་མདའ་གཞུ་ཧོཿཞེས་བརྗོད་ནས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ་ཧཱ། ཞེས་བརྗོད་པ་ནི་མདའ་འཕེན་པའི་ཚེ་ཡང་ངོ༌། །སློབ་མས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་


DTG022_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕང་བར་བྱའོ། །མདའ་འཕང་བའི་ཆོ་གའོ། །དེ་ནས་ཡོལ་བ་ལ་སོགས་པས་དབེན་པར་བྱས་ལ་སློབ་མས་གསང་དབང་གི་དོན་དུ་བླ་མ་ལ་གཞོན་ནུ་མ་ལང་ཚོལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པའམ། དེ་མེད་ན་གཞན་ཡང་རུང་སྟེ་བླ་མ་ལ་ཕུལ་ནས་བླ་མ་རྡོ་རྗེ་སེམས་དཔར་མོས་ལ་ཐལ་མོ་སྦྱར་ནས། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་པའི་དབང་དག་གིས། །མགོན་པོས་རྗེས་སུ་གཟུང་བར་མཛོད། །ཅེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་པོ། །དེ་ནས་བླ་མས་འཁོར་ལོའི་དབང་ཕྱུག་གི་ང་རྒྱལ་དང་ལྡན་པས་ཐ་མལ་པའི་བུད་མེད་ཀྱི་གཟུགས་དེ་སྟོང་པ་ཉིད་ཀྱི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱས་པ་སྔོན་དུ་འགྲོ་བའི་སྙོམས་འཇུག་བྱེད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་འདོན་ཞིང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་མ་ལ་སོགས་པ་དང་སྙོམས་པར་ཞུགས་པས་བཀུག་ལ་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་ལ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ་ཨ་ཝ་རྷཱུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས་ཏེ། མཐེ་བོང་དང་མིང་མེད་ཀྱི་རྡོ་རྗེ་ནོར་བུ་བཙིར་ནས་པདྨ་ལས་བྱུང་ནས་དེ་བཞིན་གཤེགས་པ་ཞུ་བའི་ཁུ་བདེ་རང་གི་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་པར་མོས་ནས། གསུང་རྡོ་རྗེའི་གཟུགས་ཅན་གྱི་སློབ་མས་མཐོང་ནས་མ་དད་ཀྱིས་དོགས་པ་མེད་པའི་ཁར་རམ། ཇི་སྲིད་དུ་གདོང་གཡོགས་བཅིངས་པ་ཉིད་ཀྱིས་དེ་མཐོང་བའི་སྤྱོད་ཡུལ་མ་ཡིན་པར་རོ། །རྡོ་རྗེ་འཆང་སོགས་འདས་པ་ཡིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་ལྟར་བྱང་ཆུབ་སེམས་བཟང་པོས། །བུ་ཁྱོད་དབང་ནི་བསྐུར་བར་བགྱི། །ཞེས་བྱ་བ་དང༌། འཁོར་ལོའི་བདག་པོའི་སྔགས་དང༌། ཨོཾ་བཛྲ་དྷྲྀ་ཀ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་རྒྱུད་ཇི་ལྟ་བ་བཞིན་དུ་གདོན་ཞིང་དབབ་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤགས་པ་ཀུན་འདུས་པའི་བློས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་ཅིང་བཏུང་བར་བྱའོ། །


DTG022_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་མས་ཀྱང་ལངས་ནས་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ན་གནས་པའི་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པ་དེ་ལྟར་དེའི་ཁར་དབབ་པར་བྱའོ། །དེས་ཀྱང་དེ་ལྟར་བཏུང་ངོ༌། །ཤེས་རབ་དང་ཐབས་དག་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསང་བའི་དབང་གིས་དབང་བསྐུར་བ་ནི་གསང་བའི་དབང་གི་ཆོ་གའོ། །དེའི་རྗེས་ལ་དེའམ་གཞན་ཡང་རུང་སྟེ། ཤེས་རབ་མ་དམ་ཚིག་དང་སྔོམ་པ་ལ་གནས་པ་གཟུགས་དང་ལང་ཚོ་དང་ལྡན་པ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ།། ཞེས་པས། །གསོལ་བ་བཏབ་པའི་སློབ་མ་ལ། །གཟུགས་མ་ཤིན་ཏུ་ཉམས་དགའ་འདི། །བསྟེན་བྱ་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི། །ནོར་བུར་ཆུད་པ་བརྟགས་པ་ཡིན། །ཞེས་བསྒྲུབ་པར་བྱས་ནས་གཏང་པར་བྱའོ། །དེས་ཀྱང་གུར་ཀུམ་ལ་སོགས་པ་དྲི་ཞིམ་པོས་བྱས་པ་གོས་གསར་པ་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང༌། ཀྱེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བསྟེན་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་དག་ཏུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཞེས་འདོན་ནོ། །དེས་ཀྱང་རང་ཉིད་ལྷའི་གཟུགས་ཀྱིས་ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ནས་ཨ་དང་ཧཱུཾ་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་གི་ཟེའུ་འབྲུ་དང་ནོར་བུ་ཨ་དང་ཨོཾ་ལས་སྐྱེས་པ་དང་རྡོ་རྗེའི་ནོར་བུའི་བུ་གར་ཕཊ་སེར་པོ་བསྒོམས་ནས་ལུས་ཀྱི་གཡོན་གྱི་ཆར་སོང་བའི་རྩའི་རྩེ་མོར་ཧྲཱིཿདྨར་པོ་ལས་བྱུང་བ་གནས་པ་མཛུམ་མོ་དང་ལྕེས་སྲིད་སྔོན་དུ་འགྲོ་བ་ཅན་གྱིས་ཡང་དག་པར་བསྐུལ་ནས། ཨོཾ་སི་སི་སི་ཧ་ཧ་ཧ་སྭཱ་ཧཱ། ཞེས་བྱ་བ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་ཅིང་བླ་མའི་མན་ངག་ལས་དགའ་བའི་དབྱེ་བ་སྔོན་དུ་བྱས་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པས་ལུས་བྱིན་གྱིས་བརླབས་ལ། བླ་མས་ཀྱང་རྣམ་པར་སྣང་མཛད་དང་


DTG022_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་བཅུག་པ་དང༌། རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །ཤེས་རབ་སྦྱོར་བས་དཔལ་དང་ལྡན། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་བརྟག །ཅེས་རྟོགས་པར་བྱས་ནས་ནུས་པ་ཇི་ལྟ་བར་བཟུང་སྟེ་དལ་བུས་བཏོན་ནས་ཆུ་སྐྱེས་ལས་ལྕེ་ཉིད་ཀྱིས་བླངས་ཏེ། དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་དོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ་ཞེས་པ་ནི་ཤེས་རབ་ཡེ་ཤེས་དབང་གི་ཆོ་གའོ། །དེའི་རྗེས་ལ་ཚིག་ཁོ་ནས་དབང་བཞི་བ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་ལས་བྱུང་བའི་མྱུ་གུ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བསྒོམས་པས་རབ་ཏུ་འཕེལ་བར་བྱས་ནས་སྒྲིབ་པ་མེད་པར་གྱུར་ནས་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་དུ་མེད་པའི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་གི་རང་བཞིན་དབང་བཞི་པའི་ངོ་བོ་བརྗོད་པར་བྱའོ་ཞེས་དབང་བཞི་པའི་ཆོ་གའོ། །དེའི་རྗེས་ལ་དེའི་ལག་པ་སློབ་མའི་ལག་པར་བཞག་ནས་དེ་ཉིད་རང་གི་ལག་པ་གཡོན་པར་བཟུང་སྟེ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོ་ལ་བཞག་ནས། འདིར་ནི་ཁྱེད་རྣམས་དབང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེགས་པ་ལ་དཔང་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ནམ་དུ་ཡང་ནི་མ་བྱེད་ཅིག །འདི་དང་སངས་རྒྱས་ཐམས་ཅད་ཀྱི། །རིག་པ་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་པས་རིག་པའི་བརྟུལ་ཞུགས་ཐམས་ཅད་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་པར་བྱའོ། །དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱི་ཧཱུཾཿ་ཞེས་བརྗོད་ཅིང་གཟུང་བར་བྱའོ། །


DTG022_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་གའོ། །དེ་ནས་སྤྱོད་པའི་བརྟུལ་ཞུགས་འདོད་པ་ལ་གསུངས་པ་ནི་གང་ཡང་བུད་མེད་དམ་སྐྱེས་པ་སྤྱོད་པའི་བརྟུལ་ཞུགས་སློང་པ་དེ་ལ་རྡོ་རྗེ་ཕག་མོའི་གཟུགས་སམ། བདག་མེད་མའི་གཟུགས་སམ་མེ་ཏོག་ལྷུང་བ་དང་བསྙུན་པའི་རིག་པའི་ལྷ་མོའི་གཟུགས་སྐྱེས་པ་ནི་བདེ་མཆོག་དང༌། དགྱེས་བ་རྡོ་རྗེ་ལ་སོགས་པའི་གང་ཡང་རུང་བའི་གཟུགས་སུ་བསམས་ནས། དེའམ་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་བཅུག་ནས་གཙོ་བོའི་སྔགས་ལན་གསུམ་བརྗོད་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ཁ་ཊྭཱཾ་ག་དང་ཅང་ཏེའུ་སྣོད། །སྦྱིན་གྱི་དཔའ་བོས་གཟུང་བར་གྱིས། །ཞེས་བརྗོད་དེ་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་ཐོད་པ་སྦྱིན་པར་བྱའོ། །དེ་ནས་འཁོར་ལོ་མི་བསྐྱོད་པའི་སྐུར་ཅིག་ཅར་བསྐྱེད་དེ། །ཡེ་ཤེས་བཅུག་ནས་མི་བསྐྱོད་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་དྷ་ར་བྷ་ར། དྷ་རཱ་ཡ་དྷ་རཱ་ཡ། མར་ཏ་མར་ཏ། བཛྲ་དྷྲྀ་ཀ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་འཁོར་ལོ་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །འཁོར་ལོ་མི་བསྐྱོད་པ་ཡི་གཟུགས། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་སྤྱི་གཙུག་ཏུའོ། །དེ་ནས་རྣ་རྒྱན་འོད་དཔག་མེད་ཀྱི་སྐུར་ཅིག་ཅར་བསྐྱེད་དེ་ཡེ་ཤེས་བཅུ་གནས་འོད་དཔག་མེད་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་བཛྲ་དྷརྨཱཿ་ས་མ་ཡ་སྟྭཾ་ཧཱུཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀ་ཀ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་རྣ་རྒྱན་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །རྣ་རྒྱན་འོད་དཔག་མེད་ཀྱི་བདག །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་རྣ་བ་གཉིས་ལའོ། །དེ་ནས་མགུལ་རྒྱན་རིན་འབྱུང་གི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་བཛྲ་སཱུཪྻ་ཏ་མོ་བྷི་དྷ་མ་ནས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀ་ཀ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་མགུལ་རྒྱན་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགུལ་གྱི་ཕྲེང་བ་རིན་ཆེན་ཆེ། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་མགུལ་དུའོ། །


DTG022_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གདུ་བུ་རྣམ་སྣང་གི་སྐུར་ཅིག་ཅར་བསྐྱེད་དེ་ཡེ་ཤེས་བཅུག་ནས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཡིན་ཞེས་མོས་ན་ཨོཾ་ཤཱ་ཤྭ་ཏ་པར་མ་ཤཱ་ཤྭ་ཏ་ཨ་ཧྱེ་ཧི་ཛི་ན་ཛྷི་ཀ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་ལག་ཏུ་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ལག་གདུབ་རྣམ་སྣང་ཉིད་དུ་བཤད། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་ལག་པ་གཉིས་ལའོ། །དེ་ནས་སྐར་རགས་དོན་གྲུབ་ཀྱི་སྐུར་ཅིག་ཅར་གྱིས་བསྐྱེད་དེ་ཡེ་ཤེས་བཅུག་ནས་དོན་ཡོད་གྲུབ་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་ཕུཿ་ཕུཿ་ཧི་ཧི་ཧི་པྲཛྙཱ་དྷྲྀ་ཀ་ཅེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་སྐ་རགས་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །སྐ་རགས་ལ་ནི་གྲུབ་པ་ཞུགས། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་རྐེད་པ་ལའོ། །བུད་མེད་ཀྱི་ཕྱོགས་ལ་ནི་ཚོགས་སུ་བཅད་པ་ལ་དཔའ་བོ་ཞེས་བྱ་བ་ཕྱུང་ནས་ལྷ་མོ་ཞེས་བྱ་བ་བརྗོད་པར་བྱའོ། །སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བཟུང་ཞིང༌། གཡས་པ་མི་འཇིགས་པའི་ཕྱག་རྒྱས་འདི་ལྟར་ལུང་བསྟན་པའོ། །ཁྱོད་ནི་ང་ཡིས་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་ལ་མཆོག་ཞི་རབ་བསྒྲུབ་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཞེས་པའི་སྔགས་ཀྱིས་མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པའི་ངོ་བོས་སློབ་མ་ལ་ལུང་བསྟན་པར་བྱའོ། །གང་འདི་ལྟར་ལུང་སྟོན་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ་ཞེས་དང་བར་བྱའོ་ཞེས་པ་ནི་ལུང་བསྟན་པའི་ཆོ་གའོ། །རིག་པ་དང་རྡོ་རྗེ་སྤྱོད་པའི་བརྟུལ་ཞུགས་དང་ལུང་བསྟན་པ་འདི་རྣམས་རྒྱུད་ཁ་ཅིག་ཏུ་དབང་བསྐུར་བ་ཉིད་དུ་ཐ་སྙད་བྱས་སོ། །དེའི་རྗེས་ལ་སློབ་མའི་སྟན་གྱི་མདུན་དུའམ་ཁ་ཅིག་ཏུ་ནི་གདན་ཁ་ཡང་


DTG022_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་བྷྲཱུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་དང༌། ལག་པ་གཡས་སུ་ཨོཾ་བཛྲ་བྷ་ཥ་རཾ་ཞེས་བརྗོད་ཅིང་ཨ་ལས་སྐྱེས་པའི་དུང་དང༌། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དབྱངས་དང་ཨ་བརྗོད་པ་དང༌། དབྱངས་ཨ་བརྗོད་ཅིང་བྱིན་ནས་དྲིལ་བུ་དཀྲོལ་དུ་གཞུག་ཅིང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་སྤྱོད་ནམ་མཁའི་ངང་དུ་གསལ། །དེང་ནས་བརྩམས་ཏེ་འཇིག་རྟེན་ན། །སེམས་བསྐྱེད་དང་བཅས་ཀུན་གྱིས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་ན་མེད། །འཁོར་ཡུག་ཏུ་ནི་འབུད་པར་གྱིས། །ཞེས་བརྗོད་པར་བྱའོ། །དེ་ཡིས་སོ་སོར་མོས་བ་ལས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་དྲིལ་བུ་གཏད་དེ་གསིལ་བར་བྱེད་དོ། །དེ་ལྟར་རྗེས་སུ་གནང་བ་བྱིན་ནས་རྗེས་སུ་གནང་བ་ལྷག་པར་གནང་བ་སྦྱིན་པར་འདོད་པས་རིམ་པ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམས་བའི་སློབ་མ་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ལས་ཀྱི་འཁོར་ལོ་རབ་ཏུ་བསྒོར། །ཤེས་རབ་ཐབས་ཀྱི་རང་བཞིན་དག། ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བུད་མེད་ཆགས་དང་བྲལ་བ་ཡིས། །སེམས་ཅན་དོན་ནི་བླ་མེད་ཀྱིས། །དེས་ཀྱང་འདི་ལ་ཕྱག་བྱས་ནས། །འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་ལྟར་བདག་གིས་བྱ་བ་བགྱི། །ཞེས་པ་ནི་རྗེས་སུ་


DTG022_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནང་བའི་ཆོ་གའོ། །དེ་ནས། སྤྱི་བོར་གདུགས་ནི་བཟུང་བྱས་ནས། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོར་ནི་ཐལ་སྦྱར་ལ། །གདུགས་བཅས་དབ་བ་ཅིང་འདི་སྐད་བརྗོད། །སློབ་མ་འདི་ནི་ཕུལ་བྱས་ཀྱི། །གསང་སྔགས་རྒྱུད་རྣམས་འཛིན་པར་ཤོག་།ཅེས་བྱ་བས་འཁོར་ལོའི་དབང་ཕྱུག་ལ་གསོལ་པ་བཏབ་ནས་གདུགས་གཞན་དུ་བཞག་ནས་སློབ་མ་ཡིད་དུ་འོང་བ་ལ་འདི་སྐད་བརྗོད་པར་བྱའོ། །འདིར་ནི་སློབ་དཔོན་དཀྱིལ་འཁོར་དང༌། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། མཆོག་གསང་དཀྱིལ་འཁོར་དམ་པ་འདི། །མཐོང་བ་དང་ནི་ཞུགས་འགྱུར་བས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མིན་ནོ། །མི་ཚུགས་བ་དང་མི་སྲིད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཀུན་དུ་དག་བྱས་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སངས་རྒྱས་རྡོར་འཇེན་བཅས་ཀུན་གྱིས། །ཚེ་ལྡན་དེ་རིང་དབང་བསྐུར་བས། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཀུན་དུ་ཁྱོད་ཉིད་འགྱུར། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་ཕྱིར་འདོད་ཆགས་དང་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོང་པ་ཀུན་ལ་ཉེར་སྤྱོད་པས། །གང་ལ་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་བཟའ་བར་བྱ། །འདི་ལས་གཞན་ཡང་དམ་ཚིག་བསྲུང༌། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་དཀའ་བས། །ཤེས་རབ་ཐབས་སུ་སེམས་དཔའ་ཡིས། །མི་བྱ་བ་ནི་ཅུང་ཟད་མད། །དེ་བཞིན་གཤེགས་གསུངས་ཇི་ལྟ་བའི། །སྡིག་པ་མེད་པས་འཇིགས་མ་བྱེད། །དེ་ལྟར་ཡིད་ནི་རབ་ཏུ་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་དེ་བཞིན་ལས་བརྒྱ་བསྟན་པར་གྱིས། །


DTG022_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་རིང་ཚེགས་ཆུང་བདེ་བར་འགྲོ་བའི་རྡོ་རྗེ་སེམས་དཔའ་དང༌། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །གཞན་ཡང་ཆོས་དེ་རྣམས་ལ་ས་ཆོས་དེ་ཇི་བཞིན་པར། །དབང་བསྐུར་བ་ལས་དགེ་བའི་ཆེད་དུ་བུ་གཅེས་པ་ཡི་མ་བཞིན་དུ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་དོ་ཞེས་བྱ་བ་ནི་དབུགས་དབྱུང་པའི་ཆོ་གའོ། །དེ་ལྟར་དབང་ཐོབ་པའི་སློབ་མ་དབུགས་འབྱིན་ཞིང་དགའ་བས་འདི་ལྟར་བགྱིའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ཞེས་བརྗོད་དོ། །དེ་ནས་གླེང་པོ་ཆེ་དང༌། རྟ་དང༌། རིན་པོ་ཆེ་དང༌། ས་ལེ་སྦྲམ་དང༌། དངུལ་དང༌། གསེར་དང༌། རྒྱན་དང༌། བ་ལང་དང༌། མ་ཧེ་དང༌། བྲན་པོ་དང༌། བྲན་མོ་དང༌། ཁོལ་པོ་ལ་སོགས་པ་དང༌། གཅེས་པའི་ཆུང་མ་དང༌། བུ་དང་བུ་མོ་ལ་སོགས་པ་རྣམས་སམ་ཇི་ལྟར་ནུས་པས་བླ་མ་ལ་བསྙེན་བསྐུར་གྱི་ཕྱིར་དབུལ་བར་བྱའོ། །གཏོར་མ་དང་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོ་དང་དགེ་འདུན་ལ་སྟོན་མོ་ལ་སོགས་པ་ཡང་བྱའོ། །དེ་ནས་ཆོ་ག་ཇི་ལྟ་བར་རྒྱས་པ་དང་ཞི་བའི་སྦྱིན་སྲེག་བྱས་ནས་རང་ཉིད་ཀྱིས་དཀྱིལ་འཁོར་མཆོད་པས་མཆོད་དེ། །ཐམས་ཅད་ཀྱིས་ཅི་ནུས་པ་ཇི་ལྟ་བ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་མཆོད་པ་གྱིས་ཤིག་ཅེས་པས་སློབ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་དུ་བཅུག་ནས་ཞུགས་བ་རྣམས་ལ་ཡང་བཟའ་བ་དང༌། བཅའ་བ་དང༌། བལྡག་པ་དང༌། ཆང་ལ་སོགས་པའི་ཚོགས་ཀྱི་འཁོར་ལོའི་ཚུལ་རྣམས་ཀྱིས་ཚིམ་པར་བྱ་སྟེ། དེ་དག་དང་ལྷན་ཅིག་ཏུ་མི་ཉལ་བར་དཀར་པོ་ལ་སོགས་པ་དང་བྱང་ཆུབ་ཀྱི་སེམས་སྒྲུབ་པས་ཡང་དག་པར་མཆོད་ནས་ཁྱོད་རྣམས་ཀྱིས་འཇུག་པ་འདི་སུ་ལ་ཡང་བརྗོད་པར་མི་བྱའོ། ཞེས་བཀའ་བསྒོས་ནས་སློབ་དཔོན་གྱིས་ཡོན་བླང་བར་བྱའོ། །དེས་ཀྱང་གུས་པས་དབུལ་བར་བྱའོ། །རིན་ཆེན་ཡིད་འོང་ཆུང་མ་དང༌། །རང་གི་ལུས་དང་ཞིང་དང་ནི། །ཇི་ལྟར་བླ་མ་མཉེས་འགྱུར་དབུལ། །མདོར་བསྡུས་ནས་ནི་འདི་ལྟར་བྱ། །བླ་མ་མཉེས་ན་དངོས་གྲུབ་འགྲུབ། །གཞན་


DTG022_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་མིན་ཞེས་ཐུབ་པས་གསུངས། །སློབ་དཔོན་བླ་མེད་བྱེད་པ་པོ། །རྡོ་རྗེ་སེམས་དཔའ་མཆོད་པའོ། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་སྤྱད་པར་ཡང་དག །ཅེས་གསུངས་པས་སོ། །དེར་སློབ་མ་བཀོད་ནས་ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་གཏོར་མ་གཏང༌། །མཆོད་པ་ལ་སོགས་པ་བྱས་ནས་དང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ་འཁོར་ལོའི་བདག་པོར་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་ཡོངས་ལ་བསྔོ་སྟེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །གཙོ་བོ་ནས་པ་མ་མཆིས་ཤིང༌། །མ་རྙེད་པ་དང་མ་ཚང་པ། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་མགོན་ཁྱོད་བཟོད་པའི་གསོལ། །ཞེས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ། ཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ནས་རང་ཉིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་རང་ཉིད་ལ་བཅུག་ལ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་ཨོཾ་ཨཱཿ་ཧཱུཾ་མུཿ། ཞེས་འདོན་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ནས་དྲིལ་བུ་དཀྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས་ཤར་སྒྲོ་ནས་བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དུ་དབྱི་ཞིང༌། །རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བླུགས་ནས་པདྨ་ལ་སོགས་པའི་བར་དུ་བྱི་བར་བྱའོ། །དེ་ནས་སྒོ་རྣམས་ལ་གནས་པ་དང་ཟུར་ནི་ལག་པ་ན་གནས་པའི་རྡོ་རྗེའི་རྩེ་མོས་གཞིག་པར་བྱའོ། །ཨོཾ་བཛྲ་ཀཱི་ལཱ་ཡ་ཨུཏ་ཀཱི་ལཱ་ཡ་སརྦ་ཀཱི་ལཾ་བཛྲ་དྷ་རཱ་ཡཱ་ཛྙཱ་བ་ཡ་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ་ཞེས་བྱ་བའམ། ཧཱུཾ་གི་སྔགས་ཀྱིས་ཕུར་བ་རྣམས་བཏོན་ནས། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཅ་ནི་སརྦ་ཨ་ཏྭ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་བཀྲུའོ། །ཕུར་བའི་ལྷ་རྣམས་


DTG022_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེགས་སུ་གསོལ་ལོ། ཁུང་བུ་ཡང་དགང་ངོ༌། །ནང་ཞི་བ་ལ་སོགས་པའི་དོན་དུ་གཉེར་བ་ལ་རྡུལ་ཚོན་ཅུང་ཟད་བྱིན་ནས་རྒྱལ་བའི་བུམ་པའམ། བུམ་པ་གཅད་མ་གཞན་རས་ཀྱིས་བརྒྱན་པའི་རྣལ་འབྱོར་མས་བཟུང་སྟེ། ཁྱོགས་ལ་ཞོན་པའི་སློབ་དཔོན་ནམ། སློབ་མས་དྲིལ་བུའི་སྒྲ་དང་རོལ་མོའི་སྒྲ་དང་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མཆོད་པ་རྣམས་དང་ལྡན་པས་འབབ་ཆུ་ཆེན་པོའམ་ཆུ་ཟབ་མོར་ཁྱེར་ནས་འགྲམ་དུ་འདུག་སྟེ་བའི་ལྕི་བས་བྱུགས་ལ་དྲི་དཀར་པོས་བྱུགས། དཀྱིལ་འཁོར་བྱས་ནས་པདྨའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་དང༌། འདབ་མ་ལ་ཀླུ་རྣམས་སྔོན་བཞིན་དུ་མཆོད་དོ། །ཀླུ་གཏོར་གྱི་སྔགས་ཀྱིས་འོ་ཐུག་གི་གཏོར་མ་བྱིན་ནས་མཆོད་དོ། །ཀླུ་རྣམས་ལ་རྡུལ་ཚོན་གཏན་ནས་ཆུ་ལ་བླུགས་པར་བྱའོ། །ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་ཏུ་ཁྱེར་བར་བསམ་པར་བྱའོ། །ཡང་རྡུལ་ཚོན་ཁྱེར་བའི་བུམ་བ་དེ་ཆུས་བཀང་ནས་དེ་ཁོ་ན་བཞིན་བཞག་སྟེ། དེ་ནས་ཞི་བའི་དོན་དུ་དཀྱིལ་འཁོར་ལ་སོགས་པའི་ཁང་པ་ཆག་ཆག་གདབ་བོ། །བའི་ལྕི་བས་བྱུགས་པའི་དཀྱིལ་འཁོར་པར་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོས་ཚིམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས། མཁོ་བའི་ཡོ་བྱད་རྣམས་བསྡུས་ནས། །རང་ཉིད་ཀྱིས་ནི་སྤྱད་པར་བྱ། །སློབ་མ་ལ་སོགས་ཅུང་ཟད་ཡིན། །ཁུང་བུ་འགེང་དང་རབ་གནས་དང༌། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཉིད་དབང་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །ཡོན་བདག་གིས་རབ་གནས་བྱས་པའི་སྐུ་གཟུགས་ལ་སོགས་པ་བསྐྱོད་པར་རུང་བ་ནི་རོལ་མོའི་སྒྲ་ལ་སོགས་པས་མཆོད་པས་རང་རང་གི་གནས་སུ་ཁྱེར་ནས་མཆོད་པར་བྱའོ། །སློབ་དཔོན་དང་སྒོའི་དཔོན་རྣམས་ངང་ལས་ཀྱི་རྡོ་རྗེ་ཅན་དང་རྣལ་འབྱོར་མ་རྣམས་དང་བཟོ་རྣམས་ཇི་ལྟར་རིགས་པར་ནོས་པ་ཇི་ལྟ་བར་རས་ལ་སོགས་པ་དང་སོ་རྩི་ལ་སོགས་པས་ཚིམ་པར་བྱའོ། །དགེ་འདུན་ལ་སྟོན་མོ་དང་རྣལ་འབྱོར་བ་ལ་ཚོགས་ཀྱི་འཁོར་ལོ་ཡང་བྱའོ། །དམན་པ་དང་མགོན་མེད་པ་རྣམས་ལའང་ཚིམ་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་པའི་ཆོ་གའོ། །དེ་ལྟར་


DTG022_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདིར་ནི་དཀྱིལ་འཁོར་བྲི་བའི་ཆོ་གའོ། །བྲི་བའི་ཆོ་ག་འདི་ཡིད་ཀྱིས་བསྒྲུབས་པའི་ཆོ་ག་ཉིད་ཀྱིས་ཀྱང་འབྲས་བུ་དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་ས་གཟུང་བ་ལ་སོགས་པ་དང༌། སྐུ་གཟུགས་ལ་སོགས་པའི་རབ་གནས་དང༌། སློབ་མ་ལ་དབང་བསྐུར་བ་དང༌། གཤེགས་སུ་གསོལ་བ་དང༌། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ཉིད་ཀྱི་ཚེ་གང་གིས་ཁ་ཅིག་ཏུ་སྦྲེལ་བ་དང་འདི་དག་ཐམས་ཅད་བྱར་མི་ནུས་པའམ་མི་རྙེད་པ་དེའི་ཚེ་བསྒོམ་པར་བྱའོ། །དེའི་ཚེ་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་ལྟ་བ་དང་སྦྱིན་པ་ལ་མངོན་པར་དག་པ་ལ་སོགས་པས་བསོད་ནམས་སྤེལ་བ་འགའ་ཞིག་གི་ཆེ་དུ་ཕྱི་མཆོད་ཀྱི་ཆོ་ག་འདོད་དོ། །རྒྱུ་མེད་ཅིང་ཚོགས་པ་དང་བྲལ་བས་ནི་བསྒོམ་པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པས་ཀྱང་སེམས་བརྟན་པས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་སྔོན་གྱི་རབ་གནས་དང༌། སྐལ་བ་ལ་བསྟན་པ་དང་དབང་བསྐུར་བར་བྱའོ། །དེ་ལྟར་ཡང་སངས་རྒྱས་ཐོད་པའི་རྒྱུད་ལས། ཤེས་རབ་པདྨའི་ནང་དབུས་སུ། །དཔག་ཚད་བྱི་བའི་དཀྱིལ་འཁོར་ལ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །མཁས་པས་སློབ་མ་དབང་བསྐུར་བྱ། །ཞེས་པ་དང་གཞན་དུ་ཡང་གསུངས་པ་སྟེ། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བའི་དཀྱིལ་འཁོར་བྱ་བར་བཞེད། །ཅེས་གསུངས་སོ་ཞེས་པ་ནི་ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ། །སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པའི་དབང་བསྐུར་གྱི་རབ་ཏུ་བྱེད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་མཁས་པ་བཎྡེ་ཤེས་རབ་དཔལ་གྱིས་བསྒྱུར་བའོ།།


previousདབང་གི་རབ་ཏུ་བྱེད་པ། ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།next