Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ།  དཔའ་བོ་རྡོ་རྗེ།
   
   
   


 
previousདཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ། དཔའ་བོ་རྡོ་རྗེ།next

དཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ།
དཔའ་བོ་རྡོ་རྗེ།


DTG022_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་འཕྲེང་བ་བཞུགས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །བདེ་མཆོག་འཁོར་ལོ་གསང་བ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དཔལ་ལྡན་འཁོར་ལོ་བདེ་མཆོག་གི་རྒྱུད་དང་དབང་བསྐུར་བ་ཐོབ་པའི་རྣལ་འབྱོར་པའི་དོན་དུ་དཀྱིལ་འཁོར་གྱི་ཆོ་ག་བསྡུ་བར་བྱའོ། །སྡོམ་ནི། བསྙེན་པ་དང་ནི་དཀྱིལ་འཁོར་གཉིས། །བསྙེན་པ་ཡང་ནི་རྣམ་གསུམ་སྟེ། །གྲངས་དང་དུས་དང་མཚན་མའོ། །དཀྱིལ་འཁོར་ཡང་ནི་རྣམ་གཉིས་ཏེ། །ལྷག་པར་གནས་དང་མཆོད་པའོ། །གྲངས་བསྙེན་སོ་སོ་རྣམ་གསུམ་སྟེ། །སྔོན་འགྲོ་དངོས་དང་ལྡན་པའོ། །ལྷག་གནས་ལ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་དང༌། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་པོ། །སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་ལག་ལ་སོགས་ཐུན་མོང་ངོ༌། །རེ་ཞིག་སྒྲུབ་པར་འདོད་པའི་གང་ཟག་གནས་དབེན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། མཆོད་པའི་རྫས་རྣམས་བསགས་ནས་བདུད་རྩི་ལྔས་བྱུགས་པའི་མཎྜལ་བྱས་ལ་དྲིའི་ཐིག་ལེ་དད་མེ་ཏོག་བཀྲམ་ནས་སྟོད་གཡོགས་དང་སྨད་གཡོགས་དང་རྡོ་རྗེ་དྲིལ་བུ་དང༌། གསང་པའི་ཅོད་པན་དང༌། རུས་པའི་རྒྱན་རྣམས་མདུན་དུ་བཞག་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཆུས་བསངས་ལ་ཡི་གེ་ཧཱུཾ་ལས་མཆོད་ཡོན་དང་མཆོད་པ་རྣམ་པ་ལྔ་ལྷ་མོ་རེ་རེ་བསྐྱེད། ཡིག་འབྲུ་གསུམ་དུ་བྱིན་གྱིས་བརླབས་ལ་གཟི་བརྗིད་བསྐྱེད་པའི་ཕྱིར་ནང་ཕན་ཚུན་མཆོད་ལ་གཞག་པར་བྱའོ། །ཧཱུཾ་དང་ཨ་ལས་རྡོ་རྗེ་དང་དྲིལ་བུ་བསྐྱེད་ལ་


DTG022_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཀྱི་རྡོ་རྗེ་དང་དྲིལ་བུ་བཅུག་ལ་ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ལ་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །ཅོད་པན་སོགས་རྒྱན་རྣམས་རིགས་ལྔའི་ས་བོན་གྱིས་ལྷར་བསྐྱེད་པ་དང༌། ཧཱུཾ་གིས་རྡོ་རྗེས་མཚན་པའི་ཕྱག་རྒྱ་སྤྱི་གཙུག་ཏུ་བསྐྱེད་ལ། ཅོད་པན་ཡང་ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ལ་ཅོད་པན་ལས་གཟི་བརྗིད་བསྐྱེད་པར་བྱའོ། །དེ་ནས་བདུད་རྩི་ལྔའི་རི་ལུ་ཁར་བཅུག་ལ་གཡས་བརྐྱང་བའི་གནས་པས་གནས་ཏེ། ཅོད་པན་དང་རྒྱན་བཏགས་ནས་སྙོམས་པར་འཇུག་པའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བཟུང་ལ་བསྒོམ་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བའི་ཡན་ལག་བཤད་ནས། དངོས་གཞི་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང༌། །བྱིན་གྱིས་བརླབ་དང་དབང་བསྐུར་དང༌། །ཏིང་འཛིན་མཆོད་དང་ཉེ་བར་བསྡུ། །ཞེས་བྱ་བའི་དོན་ལས་ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། སྲུང་པའི་རྣལ་འབྱོར་དང༌། ཚོགས་སོགས་པའི་རྣལ་འབྱོར་ལ་སྤོས་སྣོད་ལག་ཏུ་བླངས་ཏེ། དྲིལ་བུ་དཀྲོལ་ནས་སྤྱན་དྲང་བར་བྱ་སྟེ། ཧཱུཾ་གཉིས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་བདག་ཉིད་ལས། །ཡེ་ཤེས་སྒྱུ་མའི་ཚུལ་གྱིས་གཤེགས་སུ་གསོལ། །དེ་ནས་བར་སྣང་དུ་བྱོན་པར་བསམས་ལ། མཆོད་ཡོན་དང་ཞབས་བསིལ་དང། མཆོད་པ་རྣམ་པ་ལྔ་དང༌། ཆང་ལ་སོགས་ཕ་ནང་གི་མཆོད་པས་མཆོད་པར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་པ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་ཤྲཱི་ཧེ་རུ་ཀ་པྲ་བ་ར་སཏ་ཀཱ་ར་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་བྱ་བ་དང༌། བདེ་བའི་ལོངས་སྤྱོད་ལས་བྱུང་བ། །དགྱེས་པ་རྣམས་ཀྱི་བདེ་བའི་མཆོག །ཐར་པའི་མཚན་ཉིད་དང་ལྡན་པའི། །ལོངས་སྤྱོད་རྒྱལ་པོ་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྫོགས་སངས་རྒྱས་ལ་


DTG022_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་ནས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་གྱུར་ཅིག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་དང་བཅས་པའི་མེ་ཏོག་ཕྲེང༌། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེ་ནི་བྲལ་བར་མི་འགྱུར་ཏེ། །མི་ཏོག་ཕྲེང་བས་རྒྱན་གྱུར་ཅིག །ཨོཾ་ཤྲཱི་བཛྲ་ཧི་རུ་ཀ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཀྱི་མར་མེ་ལེགས་སྦར་བས། །པདྨ་གར་དབང་བདག་ཉིད་དེ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་སྣང་གྱུར་ཅིག ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །དྲི་མེད་རྒྱལ་བ་རྣམས་ཀྱི་དྲི། །ལུས་ཅན་བྱང་ཆུབ་ཐོབ་གྱུར་ཅིག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ཎ་ས་མ་ཡེ་ཧཱུཾ། ཆགས་པའི་འདམ་གྱིས་ཁྱོད་མ་གོས། །བདེ་བ་ཆེན་པོའི་ཞལ་ཟས་ཀྱིས། །པདྨ་རྒྱས་པའི་རོ་བཞིན་དུ། །བུང་བ་ལྟ་བུར་ཚིམ་པར་མཛོད། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ནྱཻ་ཝཱི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང༌། ཡོན་ཆབ་མ་དཀར་མོ། ཞལ་བསིལ་མ་སྔོན་མོ། བདུག་པ་མ་དུད་ཀ །མེ་ཏོག་མ་དམར་མོ། །བྱུག་པ་མ་ལྗང་གུ། ཞལ་ཟས་ཀྱི་རོ་ཐོགས་པ་མཐིང་ག་རྣམས་ཏེ། ཕྱིའི་མཆོད་པ་སྤྲུལ་པ་དང༌། ནང་གི་མཆོད་པ་སྤྲུལ་པ་དང༌། བདུད་རྩི་ལྔ་དང༌། གསང་བའི་མཆོད་པ་ལ་སོགས་པས་མཆོད་ལ་བསྟོད་པ་དང་ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྐྱབས་སུ་འགྲོ་བ་དང་བཅས་པ་བྱ་སྟེ། དེ་ནས་སྟོང་པ་ཉིད་ཀྱི་རྣལ་འབྱོར་པ་བསྟེན་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བའི་རྣལ་འབྱོར་བསྒོམས་ནས་དངོས་གཞི་ལ་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་ལ་གོ་ཆ་བགོ་སྟེ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་དབང་བསྐུར་བའི་ལྷ་སྤྱན་དྲངས་ལ་མཆོད་ཡོན་དང༌། ཞལ་བསིལ་


DTG022_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། མཆོད་པ་རྣམ་པ་ལྔས་མཆོད་ལ། མཐར་ཡང་སྤོས་སྣོད་ལག་ཏུ་ཐོགས་ལ་བསྟོད་པ་བྱ་སྟེ། ཨ་ཤིན་ཏུ་དགྱེས་པ་དེ་ཡི་མཆོག་བརྙེས་པ། །གཉིས་སུ་མེད་པའི་བདེ་བའི་བདག་ཉིད་ཅན། །བདེ་གཤེགས་ཞི་བའི་བདག་ཉིད་མཉམ་པར་སྦྱོར། །བདེ་བར་གྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །བདེ་བ་ཆུ་སྐྱེས་དབུས་གནས་པའི། །ཆགས་པའི་འདམ་གྱིས་མ་གོས་པ། །བདེ་བ་ཆེན་པོས་གྲོལ་མཛད་པའི། །བདེ་མཆོག་སྐུ་ལ་ཕྱག་འཚལ་འདུད། །ཅེས་བརྗོད་ལ། གཞན་ཡང་པི་ཝང་མ་དང༌། གླིང་བུ་མ་དང༌། རྔ་རིངས་མ་དང༌། རྫ་རྔ་མ་དང༌། སྔོ་བ་དང༌། སེར་བ་དང༌། དམར་བ་དང༌། ལྗང་གུའོ། །བཞད་མ་དང༌། སྒེག་མ་དང༌། གླུ་མ་དང༌། གར་མ་དང༌། དམར་བ་དང༌། སྔོ་བ་དང༌། སེར་བ་དང༌། ལྗང་གུའོ། །མེ་ཏོག་མ་དང༌། བདུག་པ་མ་དང༌། མར་མེ་མ་དང༌། བྱུག་པ་མ་དང༌། སེར་བ་དང༌། དུད་ཀ་དང༌། དམར་བ་དང༌། དཀར་བའོ། །གཟུགས་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང༌། མེ་ལོང་དང༌། ཞལ་ཟས་དང༌། ན་བཟའ་ཐོགས་པ་དང༌། ཆོས་ཀྱི་དབྱིངས་གྲུ་གསུམ་བསྣམས་པ་ཟླ་བའི་མདོག་དང། དམར་བ་དང༌། ལྗང་བ་དང༌། དཀར་བའོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །དེ་རྣམས་ཀྱི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་བཱི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲྀ་དཾ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུརྫེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་རྟི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ནི་རྟི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཕཊ། ཨོཾ་རཱུ་པ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤྲྴེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲཱ་ས་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷརྨཱ་དྷཱ་ཏུ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བས་གྲོགས་དང་བཅས་པས་མཆོད། ཐོག་མར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་ལ་ཐུན་མོང་དུ་གཏོར་མ་བྱིན་ལ་དེ་ནས་དཀྱིལ་འཁོར་ལྟེ་བར་བསྡུ་བར་བྱ་སྟེ། སྙིང་གར་ཡི་གེ་ཨ་ལས་


DTG022_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་བཞག་ལ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་སྟེ་བཞི་དང༌། དཔའ་བོ་དང་དཔའ་མོའི་རྩ་བའི་སྔགས་དང༌། གོ་ཆའི་སྔགས་དང༌། རྐང་པ་བརྒྱད་པའི་སྔགས་ཏེ་ཡི་གེའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་ལ་བསྡུ་བར་བྱའོ། །དེ་ལྟར་ཐོ་རངས་ཀྱི་ཐུན་བསྒོམས་ནས་ཐུན་གསུམ་པ་ལ་ནི་སྙིང་གའི་གནས་ནས་ཧཱུཾ་གི་སྒྲས་བསྐུལ་ནས་དཀྱིལ་འཁོར་སྤྲུལ་ལ་བསྒོམ་པར་བྱའོ། །བཟླས་པ་ཅི་ནུས་བྱས་ལ་བཟླས་པའི་ཐོག་མ་དང་ཐ་མར་སྔར་བཤད་པའི་མཆོད་པ་དབུལ་བར་བྱའོ། །ཐུན་ཐ་མར་ཡང་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བའམ་ལུས་ལ་གཞུག་པ་ཅི་རིགས་པར་བྱའོ། །ལངས་པའི་ཚེ་རྗེས་ལ་ཚ་ཚ་གདབ་པའམ་རྒྱུན་ཆགས་ཀྱི་སྤྱོད་པ་དང༌། ཆོས་སྤྱོད་པའི་སྤྱོད་པ་དང༌། བསྐོར་བ་ལ་སོགས་པའི་ཉིན་མོའི་ཆའི་སྤྱོད་པ་དང༌། མཚན་མོའི་ཆའི་སྤྱོད་པ་སྒྱུ་མ་ལྟ་བུ་དང༌། སྟོང་པ་ཉིད་འོད་གསལ་བར་ཐིམ་པས་གནས་པར་བྱའོ། །དེ་ལྟར་བསྙེན་པ་བྱེད་པར་འདོད་པས་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་མཐོང་བའམ་ཆུ་སྲིན་གྱི་ཟླ་བ་ནས་བརྩམས་ཏེ་ལོའམ་ལོ་ཕྱེད་དམ་ཟླ་བ་བཞིར་དུས་ཀྱི་བསྙེན་པ་བྱའོ། །ཡང་ན་གྲངས་ཀྱི་བསྙེན་པ་བྱེད་པར་འདོད་པས་ངེས་པར་བརྗོད་པ་ལས་སྔོན་དུ་བསྙེན་པ་བྱ་བ་ནི། ཆོ་ག་བཞིན་དུ་འབུམ་དུ་བཟླས། འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང༌། །གཞན་དག་ཁྲི་རུ་བཟླས་ནས་ནི། །བཀའ་ཡི་འཁོར་ལོ་བྲི་བར་བྱ། །ཞེས་འབྱུང་བའི་ཕྱིར་རོ། །ལྷ་མཉེས་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་གསུམ་ལས་གང་ཡང་རུང་བ་སྤྱད་པར་བྱའོ། །སྔོན་དུ་བསྙེན་པ་བྱ་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་བྲི་བར་འདོད་པས་ཡིད་དང་མཐུན་པའི་གནས་ནི་རྩ་རྒྱུད་ལས། །རི་དང་ནགས་ཚལ་སྨན་ལྗོངས་དང༌། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །སྔོན་གྲུབ་པ་ཡི་དུར་ཁྲོད་དུ། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །ཞེས་གསུངས་སོ། །དེ་ནས་སློབ་མས་གསོལ་བ་གདབ་པར་བྱ་སྟེ། སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་


DTG022_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་འཁོར་ལོ་བདེ་མཆོག་མཛོད། །ཅེས་བརྗོད་པར་བྱའོ། །ཅེས་བརྗོད་པར་བྱའོ། །དེ་ནས་ས་བརྟག་པ་དང༌། ས་བསླང་བ་དང༌། ས་སྤྱད་པ་དང༌། ས་གཟུང་བ་དང༌། ས་སྤེལ་བ་དང་རྣམ་པ་ལྔ་སྟེ། བརྟག་པ་ནི་བྱང་དང་ཤར་དུ་གཞོལ་བ། དབུས་མཐོ་བ་ཞི་བ་དང་རྒྱས་པའི་བྱེ་བྲག་གིས་དཀར་བ་དང་སེར་བ་དང༌། ས་རྒོད་ལ་སོགས་སྤངས་པར་བརྩིག་པའམ་བྲི་བའི་དོན་དུ་མི་ལ་བསླང་བའམ། མི་སྣང་བ་སའི་ལྷ་མོ་ལ་སོགས་པ་ལ་བསླད་བར་བྱ་བའི་ཕྱིར་ཕྱོགས་དེར་མཎྜལ་བྱས་ལ་སའི་ལྷ་མོ་སྤྱན་དྲངས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ནས་མཆོད་པ་རྣམ་པ་ལྔས་བསྟབས་ཏེ་གཏོར་མ་དང་བཅས་པ་ཕུལ་ནས་ཆུའི་ས་བརྟག་པར་བྱའོ། །ས་བསླད་བའི་ཆོ་གའོ། །དེ་ནས་པུས་མོའམ་ལྟེ་བའམ་ལྐོག་མའམ་བརྐོས་ལ་བདུད་རྩི་རྣམ་པ་ལྔ་སྤོས་ཆུ་དང་བཅས་པས་དགང་བར་བྱས་ནས་དྲག་པོ་དང་ཞི་བའི་སྦྱིན་སྲེག་ཅི་རིགས་པར་བྱའོ།། དེ་ཡང་ངེས་པར་བརྗོད་པ་ལས། །ས་ནི་ཡོངས་སུ་སྦྱངས་ནས་ཀྱང༌། །བརྡུང་ཞིང་ལེགས་པར་བརྡུངས་ནས་ཀྱང༌། །མཉམ་ཞིང་ཟུག་རྔུ་མེད་པར་ཡང༌། །དེར་ནི་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །དུར་ཁྲོད་ཐལ་བ་ལྡན་པ་དང༌། །མི་འཆི་བཅུ་ཕྱེད་བཅས་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཞེས་འབྱུང་ངོ༌། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས་གཟུང་བར་བྱ་བའི་ཕྱིར་བླ་རེ་ལ་སོགས་པ་བྲེས་ལ་ཐ་མར་སྤོས་ཆུས་བསྔགས་པའི་སྔགས་བརྗོད་ལ་ལག་པ་ས་ལ་རེག་པས་རྡོ་རྗེའི་རང་བཞིན་དུ་བསམ་པར་བྱའོ། །ལྷག་པར་གནས་པའི་ཡན་ལག་གི་སའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་བྱུག་བྱས་ལ་དགོངས་ཀའི་དུས་སུ་མཆོད་པ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་ཡང་རེ་རེ་ཞིང་དྲུག་ཅུ་རྩ་གཉིས་དང༌། དུར་ཁྲོད་བརྒྱད་དང་བཅས་པའི་འཇིག་རྟེན་པ་ལ་དབུལ་བའི་ཕྱིར་ཐུན་མོང་གི་གཏོར་མ་བདུན་དང། ཁྱད་པར་གྱི་མཆོད་པའི་རྫས་དང༌། ཚོགས་འཁོར་གྱི་བཟའ་བ་དང༌། མྱང་བ་དང༌། བལྡག་པ་དང༌། གཞིབ་པ་དང༌། ཆང་ལ་སོགས་པ་དང༌། ན་བཟའ་དྲུག་ཅུ་རྩ་གཉིས་དང༌། བླ་རེ་བ་དན་ལ་སོགས་པས་བརྒྱན་ལ་མདུན་དུ་མཎྜལ་བྱས་ཏེ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་


DTG022_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀྲམ་ནས་རྡོ་རྗེ་དང་དྲིལ་བུ་བླངས་ལ་ཅོད་པན་གོན་ནས་རྒྱན་བཏགས་ལ། ལས་ཀྱི་ཕྱག་རྒྱ་དང་བཅས་པའམ་ཆོས་ཀྱི་ཕྱག་རྒྱ་བསྒོམས་ནས། ཤེས་རབ་ཡན་ལག་ཕུར་བུ་དང༌། །གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཞེས་འབྱུང་བའི་ཕྱིར་རོ། །ངེས་པར་བརྗོད་པ་ལས་ཀྱང༌། ཡེ་ཤེས་ལྔ་ཡི་བདུད་རྩི་ནི། །ས་ནི་བྱུག་པར་བྱས་ནས་ཀྱང༌། །བཟོད་པའི་ཕ་རོལ་ཕྱིན་མིང་ཐོབ། །འབད་པ་ཡིས་ནི་གཏོར་མ་བྱ། །སྣ་ཚོགས་ཕྱག་རྒྱ་ཡིད་འོང་ལྡན། །རྒྱ་ཆེ་མཉམ་པར་གཞག་པ་ཡིས། །བསམ་གཏན་ཕ་རོལ་གྱི་ཕྱིན་གསུང་ན། །རྩེ་གཅིག་པ་ཡི་སེམས་ཀྱིས་ཀྱང༌། །ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་རྣལ་འབྱོར་བསྲུང་བ་དང༌། བདག་བསྲུང་བ་དང༌། གནས་བསྲུང་བ་དང༌། བསོད་ནམས་ཀྱི་ཚོགས་དང༌། སྟོད་པ་ཉིད་བསྒོམ་པ་ལ་གནས་པའི་རྣལ་འབྱོར་དང༌། འབྱུང་བ་རིམ་བརྩེགས་པ་སྤྱད་པ་ལྡང་བའི་རྣལ་འབྱོར་དང༌། ཉི་ཟླ་ཁ་སྦྱོར་གྱི་ནང་དུ་འཇུག་པའི་རྣལ་འབྱོར་དང༌། དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་དང༌། ཆོ་ག་དང་ཡེ་ཤེས་དཔའ་འཇུག་པ་བྱིན་གྱིས་རློབ་པའི་རྣལ་འབྱོར་དང་དབང་བསྐུར་བའི་རྣལ་འབྱོར་དང་བསྒོམ་པ་དང་བཟླས་པའི་ཏིང་ངེ་འཛིན་གྱི་བར་དུ་བྱས་ལ། དེ་ནས་མཎྜལ་བྱས་དྲིས་ཐིག་ལེ་བྱས་ལ་མེ་ཏོག་གི་ཚོམ་བུ་བཀྲམ་ལ། ཁྲོ་བོ་འདོད་པའི་རྒྱལ་པོས་སའི་ལྷ་མོ་སྐུ་མདོག་སེར་མོ་ཕྱག་གཉིས་བདུད་རྩིས་གད་པའི་བུམ་པ་ཐོགས་པ་སྟ་ཟུར་མན་ཆད་འཐོན་པར་བསྐུལ་ལ། མཆོད་ཡོན་དང་ཞལ་བསིལ་ཕྲུལ་ལ་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་པ་ས་ལ་རེག་པར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་བསྟན་ལ་སྤོས་སྣོད་ལག་ཏུ་ཐོགས་ཏེ་འདི་སྐད་བརྗོད་དོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །བཅོམ་ལྡན་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ལ་མཆོད་པ་རྣམ་པ་ལྔ་དང་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་སྒྲུབ་པའི་གྲོགས་པོ་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་


DTG022_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱའོ། །དེ་ནས་ཧཱུཾ་ལས་ཕུར་བུ་ཁྲོ་བོ་བདུད་རྩི་འཁྱིལ་པར་བསྐྱེད་ལ་སྲུང་སྐུད་དམར་པོ་བཏགས་ཏེ། གཟི་བརྗིད་བསྐྱེད་པའི་ཕྱིར། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣ་བནྡྷ་ཧཱུཾ་ཕཊ། ཉི་ཤུ་རྩ་གཅིག་གམ་ལྔ་བཅུ་རྩ་བཞིའམ་བརྒྱ་རྩ་བརྒྱད་བརྩམས་ལ་གཞག་པར་བྱའོ། །དེ་ནས་ཡོ་ག་ཤུདྷཿ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ་ཞེས་བྱ་བ་དང༌། སྙིང་པོའི་ཕྱག་རྒྱས་དཀྱིལ་འཁོར་སྙིང་གར་བསྡུ་བར་བྱའོ། །རྐང་པ་གཉིས་སུ་ཧཱུཾ་ལས་རྡོ་རྗེ་རེ་རེ་བསམས་ལ། མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། དེ་ནས་ལངས་ལ་དཀྱིལ་འཁོར་གྱི་ཁ་རུ་བརྩེགས་ཏེ། ཧཱུཾ་ཡེ་ཤེ་ཞི་བའི་དང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ད་རོ་འབྲུག་སྟོང་ལྡིར་པའི་སྒྲ། མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་དབུང་འབར་བའི་ཀློང་དཀྱིལ་ནས། །དཔའ་བོ་ཆེན་པོ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དབུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ད་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲི། །བགེགས་ཀྱི་ཚོགས་རྣམས་གང་ཡིན་བྱེར་བར་གྱིས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །ཡེ་ཤེས་རྡོ་རྗེ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་ནི་འགས་གྱུར་ཞིང༌། །རྣམ་པར་འཇིག་པར་འགྱུར་བ་གདོན་མི་ཟ། །དེང་རྣལ་འབྱོར་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ལ་རྫོགས་པར་བྱ་བའི་ཕྱིར་དང་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་བའི་ཕྱིར་སའི་ཕྱོགས་འདིར་དཔལ་འཁོར་ལོ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཅིག་བརྩིག་གིས་འདིར་ལྷ་དང༌། ཀླུ་དང་གདོན་གཞན་དང་དྲི་ཟ་དང་འབྱུང་པོ་དང་ཤ་ཟ་དང་སྲིན་པོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་ཁྱོད་མྱུར་དུ་སོང་ཤིག་འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་དག་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་དང་ཁ་ཊྭཱཾ་ག་འབར་བ་འདིས་སྤྱི་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །


DTG022_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལན་གསུམ་བརྗོད་ལ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པའི་འོག་ནས་གདུག་པ་རྣམས་བསྲེགས་ཏེ་ཕན་ཚུན་བྱེར་བར་བསམ་མོ། །དེ་ལྟར་བཀའ་བསྒོ་བའི་རྗེས་ལ་ནམ་མཁའི་ཁམས་སུ་ཕྱོགས་བཅུའི་དེ་བཞིན་གཤེགས་པས་གང་བར་བསམས་ལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་ཡང་དེར་ནམས་ཀྱི་ཐུགས་ཀར་སྤྱན་དྲངས་ནས་དེ་ནས་དེ་རྣམས་ཀྱི་ཐུགས་ཀ་ནས་འཐོན་ནས་དཀྱིལ་འཁོར་གྱི་འོད་ཟེར་རམ་ད་ལའི་སྟེང་དུ་པདྨའི་རྩ་བ་ལྟར་གཡོ་ཞིང་འགུལ་བའི་གར་གྱིས་བབས་པའི་རྗེས་ལ། དེ་ནས་དབུས་སུ་ཐབས་དང་ཤེས་རབ་གཉིས་ཀྱིས་གཡས་བརྐྱང་གཡོན་བསྐུམ་རེ་རེ་བྱས་ནས་ཡུམ་བཞིའི་གནས་སུ་གཡས་བརྐྱང་རེ་རེ་བྱས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བར་བྱས་ནས་གཡས་སྐོར་གཡོན་སྐོར་རྡོ་རྗེ་གོམ་པས་སོང་བ་དང་པོ་དང་གཉིས་པ་འཁྱུད་པའི་ཕྱག་རྒྱ་དང༌། གསུམ་པས་ནུ་མ་འཚིར་པ་དང༌། བཞི་པ་མགོ་བསྒྱུར་བ་དང༌། ལྔ་བ་དབུང་པ་གཡོ་བ་དང༌། དྲུག་མ་རྐེད་པ་གཡོ་བ་དང༌། བདུན་པ་རྐང་པ་གཡོ་བ་དང༌། བརྒྱད་པ་རོལ་པའི་ཐབས་ཀྱི་གར་གྱིས་བགེགས་བསྐྲད་པ་དང༌། རྐང་པ་བསྐྱོད་པ་དང༌། ལག་པ་བསྐྱོད་པ་དང༌། སྨིན་མ་འདེགས་པ་དང༌། ཧ་ཧར་བཞད་པ་དང༌། འཁྱུད་པའི་ལྟ་བས་གར་བྱེད་པ་དང༌། ཤེས་རབ་ཀྱི་གར་གྱིས་བསྐྲད་པ་དང༌། དེ་ནས་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཉྩ་ར་ན་ཧཱུཾ་ལས་དྲ་བ་དང༌། ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་བསྐྱེད་ལ་ཞལ་བཞི་པའི་སྔགས་ཀྱིས་བཀའ་བསྒོ་བར་བྱས་ལ། ཨོཾ་བཛྲ་ཤ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ་ཞེས་པས་སྟེང་དུ་མདའི་དྲ་བ་དང༌། ཨོཾ་བཛྲ་མེ་རི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ་ཞེས་པས་འོག་ཏུ་རྡོ་རྗེ་རྒྱ་གྲམ་དང༌། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ་བཾ་ཧཱུཾ་ཞེས་པས་རྡོ་རྗེ་ར་བ་དང༌། ཨོཾ་བཛྲ་བི་རཱ་ན་ཧཱུཾ་ཞེས་པས་རྡོ་རྗེ་བླ་རེ་དང༌། ཨོཾ་བཛྲ་ཛྲ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་པས་འབྲ་བའི་ཕྲེང་བ་བསམས་ལ། སྔར་བསྐྱེད་པའི་ཕུར་བུས་ཕྱོགས་དང་མཚམས་དང་སྟེང་འོག་ཏུ་གདབ་པར་བྱའོ། །དེ་ནས་སྔགས་ནི་གྷ་གྷ་གྷ་ཏ་ཡ་ལ་སོགས་པ་དང་ཨོཾ་མུདྒ་ར་ཞེས་བྱ་བས་བརྡུང་བར་བྱའོ། །དེ་ནས་ཙནྡན་དམར་པོའི་དྲི་དང་མེ་ཏོག་དམར་པོའི་ཕྲེང་བ་དང་གུ་གུལ་གྱིས་བདུག་པར་བྱའོ། །དེ་ནས་བ་བྱུང་རྣམས་དང་ལྡན་


DTG022_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཆུས་ཀྱང་བྱུགས་ནས་ལྷ་ལྷག་བར་གནས་པའི་རྟེན་དྲིའི་ཐིག་ལེ་དྲུག་ཅུ་རྩ་གཉིས་ལ་སྐུ་མདོག་དང་མཐུན་པའི་མེ་ཏོག་གི་ཚོམ་བུ་བཀྲམ་ནས་མེ་ཏོག་སིལ་མས་གཏོར་ལ། དེ་ནས་རང་གི་གནས་ལ་གནས་པའི་རྣལ་འབྱོར་པས་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པར་བསྒོམས་ལ་ཡི་གེ་ཧཱུཾ་གི་སྒྲས་བསྐུལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ལ་རང་གི་གནས་སུ་དགོད་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ལ་གོ་བསྐོན་ལ་ཕྱེད་ཕྱིར་གྱི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་ཡོན་ཕུལ་ཏེ་མཆོད་པ་རྣམ་པ་ལྔ་ཡང་རེ་རེ་ཞིང་མཆོད་ལ་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་གཞུག་པར་བྱའོ། །དེ་ནས་དབང་བསྐུར་བའི་ལྷ་མདུན་དུ་སྤྱན་དྲངས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་མཉམ་ཉིད་མི་གཡོ་ཞེས་པ་ལ་སོགས་པས་བསྟོད་ལ། ཆུ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་བདག་དང་ལྷ་ཐམས་ཅད་ལ་དབང་བསྐུར་བར་བསམས་ལ་ཅི་ནུས་པས་མཆོད་པ་དང་བཟླས་པ་བྱའོ། །དེ་ནས་བདུད་རྩི་མྱང་བ་ཡང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་གཉིས་སོ་སོའི་སྙིང་པོ་དང་མཆོད་པའི་སྔགས་སྤེལ་ལ་སྔ་མ་རེ་རེ་ཞིང་མཆོད་ཡོན་དང་བདུད་རྩི་ལྔ་དང་མཆོད་པ་ལྔ་དང་ཆང་ལ་སོགས་པ་ཡང་དབུལ་བར་བྱའོ། །དེ་བཞིན་དུ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང་མཆོད་པ་ཉི་ཤུ་དང་ན་བཟའ་དྲུག་ཅུ་རྩ་གཉིས་ཀྱང་དབུལ། ཐ་མར་གོ་ཆའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་དང་ཡང་ལྷན་ཅིག་འཁྱུད། །དཔའ་བོ་དང་ནི་དཔའ་མོ་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་ལགས་ཀྱིས། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་ལྷག་པར་གནས་པར་བྱ་སྟེ། ཁ་གྱེད་པ་གསུས་པ་ལྡིར་བ་མགྲིན་པ་རིང་བ་མཆུ་འཕྱང་བ་རྩ་བ་ནག་ནོག་མེད་པ་གསེར་དང་དངུལ་དང་


DTG022_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟངས་ལ་སོགས་པ་ལས་བྱས་པའོ། །མུ་ཏིག་རིན་ཆེན་སྣ་ཚོགས་སྤྲས་ལྷའི་གྲངས་དང་མཉམ་པའམ་ཡང་ན་བཅུ་ཐམ་པ་ལ་གུ་གྲུལ་གྱིས་བདུག །བདུད་ཅི་ལྔའི་དྲིའི་ཐིག་ལེས་མཚན་མ་བཀོད་ལ། རིན་ཆེན་སྣ་ལྔ་དང་བདུད་རྩི་ལྔ་དང་སྨན་ལྔ་དང་འབྲུ་ལྔ་བཅུག་ལ་ཐབས་དང་ཤེས་རབ་ཀྱི་རས་ཟུང་རེས་མགུལ་པ་བཅིངས་ལ་བུམ་པ་བཅུ་ཁ་དོག་སྣ་ལྔའི་གོས་ཀྱིས་དཀྲིས་ཏེ་འདབ་མས་ཁ་བརྒྱན་པ་བདུད་རྩི་ལྔས་གང་བའི་ཐོད་པ་སྟེང་དུ་བཞག་ལ། སྒྲུབ་པ་པོའི་གཡས་སུ་པདྨ་འདབ་མ་བརྒྱད་པའམ་སྣ་ཚོགས་རྡོ་རྗེ་བྲིས་ལ་གཞག་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷ་ཝ་ཤུདྡྷོ྅ཧཾ་ཞེས་བྱ་བས་སྟོང་བར་བསམས་ལ། བྷྲཱུཾ་ལས་གཞལ་ཡས་ཁང་རེ་རེ་བྱས་ལ་ནང་དུ་བཾ་ལས་འོ་མ་ཅན་གྱི་རྒྱ་མཚོ་བསྐྱེད་དེ། ཧྲཱིཿ་ལས་པདྨ་འདབ་མ་བརྒྱད་བ་བསམས་ལ། ཧཱུཾ་ལས་ལྷ་ཐམས་ཅད་བསྐྱེད་པའམ་ཡང་ན་བཅུ་ལས་མེད་ན་དབུས་མ་ལ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་བསམས་ལ། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་དང༌། བརྒྱད་ལ་ཁྭ་གདོངས་ལ་སོགས་པ་བརྒྱད་བསྐྱེད་ལ། བཅུ་པ་ལས་ཐམས་ཅད་པ་ལ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་མཛད་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ་གཉིས་པ་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ། གསུམ་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ། ཞལ་གཡས་དཀར་པོ་གཡོན་དམར་པོ་དབུས་མཐིང་ག་གཡས་བརྐྱང་བའི་གནས་པས་བཞུགས་པར་བསྒོམས་ལ། ཕྱེད་ཕྱིར་གྱི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། གོ་ཆ་དྲུག་བསྐོན་ནས་རང་གི་སྙིང་གནས་ལྷ་མོ་དྲུག་སྤྲུལ་ཏེ་དབང་བསྐུར། ཡིག་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ཏེ་མཆོད་པ་ལྔ་ཕུལ་ཏེ། བཅོམ་ལྡན་འདས་ཕུང་པོ་ཀུན་ལས་རྣམ་གྲོལ་ཏེ། །ཆོས་སྐུ་གཉིས་མེད་ཡེ་ཤེས་བདེ་ཆེན་བརྙེས། །བླ་མེད་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུ་ཅན། །རྣལ་འབྱོར་སྦྲུལ་སྐུ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་བུམ་པའི་སྟེང་གི་ཀ་པཱ་ལའི་ཐོག་ཏུ་རྡོ་རྗེ་རྩེ་ལྔ་པ་ཚོན་སྣ་ལྔའི་སྐུད་པས་བཅིངས་ལ་བཞག་ནས་སྙིང་གའི་ཡི་གེ་ཧཱུཾ་ལས་ཡེ་ཤེས་ལྔའི་འོད་ཟེར་དུ་བྱིན་གྱིས་བརླབས་ལ་གཙོ་བོ་ནས་སྒོ་མའི་བར་དུ་རང་རང་གི་སྔགས་བརྒྱ་རྩ་


DTG022_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་བཟླས་པར་བྱའོ། །དེ་ནས་ཧཱུཾ་མཛད་བཟླས་པའི་གོས་ཀྱིས་བཀབ་ལ་ཞལ་བཞི་པའི་སྔགས་ཀྱིས་བསྲུངས་ནས་གཞག་པར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྦྱིན་སྲེག་ལྷག་པར་གནས་པར་བྱ་སྟེ། སྒྲུབ་པ་པོའི་གཡས་ངོས་སུ་ལས་དང་རྗེས་སུ་མཐུན་པའི་ཐབ་ཁུང་བྱས་ལ་དེ་དང་རྗེས་སུ་མཐུན་པའི་རྫས་བསགས་ལ་མཆོད་པ་བྱའོ། །དེ་ལ་ཁྱད་པར་དུ་ཞི་བར་བྱེད་པར་འདོད་པས་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་བརྐོས་པ་ལ་ཁ་ཁྱེར་སོར་བཞི་དཔངས་སུ་བརྩིགས་ལ་སོར་བཞིས་དམའ་བའི་ཁ་ཁྱེར་གྱིས་བསྐོར་ལ་ཕྱི་རོལ་ཀུན་དུ་གྲུ་བཞི་པར་བྱའོ། །དེ་བྲི་བའི་ཚོན་དབུས་སུ་ཡེ་ཤེས་ཀྱི་འཁོར་ལོ་དཀར་པོ་བྲི་སྟེ་རིམ་པ་གསུམ་ལ་ཐུགས་གསུངས་སྐུའི་འཁོར་ལོ་བྲིས་ལ་མཚམས་རྣམས་སུ་ཟླ་བ་རྡོ་རྗེས་མཚན་པ་བྲི་སྟེ། གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་བཅས་པ་ལ་སྒོ་བཞི་དང་མཚམས་ཕྱེད་གཟུགས་མ་བཞི་བྲི་བར་བྱའོ། །དེ་ནས་མཆོད་པའི་རྫས་མཆོད་ཡོན་དང་ཞལ་བསིལ་དང་མཆོད་པ་རྣམ་པ་ལྔ་དང་ཁྱད་པར་གྱི་རྫས་བདུད་རྩི་ལྔ་དང་དཔའ་བོ་ལྔ་དང་ཆང་དང་ལོངས་སྤྱོད་ཀྱི་རྫས་ཏིལ་དང་ཡུངས་ཀར་ལ་སོགས་པ་དང་འཚོ་བའི་རྫས་བིལ་བ་དང་སྟར་ག་ལ་སོགས་པ་དང་ཡོ་བྱད་ཀྱི་རྫས་ཤེལ་ཕྲེང་དང་དར་དཀར་པོ་ལ་སོགས་པ་དང་བསྲེག་ཤིང་དགང་གཟར་ལ་སོགས་པ་མདུན་དུ་བཞག་ལ། དེ་ལྟར་ལྷ་བསྐྱེད་ལ་གནས་གསུམ་དུ་ཐལ་བ་དང་རཀྟ་བསྲེས་པའི་ཐིག་ལེ་བྱས་ལ་རུས་པའི་རྒྱན་དང་ཀུ་ཤའི་དག་བྱེད་ལག་པ་གཡོན་པའི་མིང་མེད་བཅུག་ལ། སྦྱིན་སྲེག་གི་ཆོ་ག་ལས་བྱུང་བ་བཞིན་དུ་མེ་ལྷ་བསྐྱེད་ལ་མཆོད་པ་བྱིན་གྱིས་བརླབས་ལ་མཆོད་པར་བྱའོ། །མེ་ལྷ་འོད་དུ་ཞུ་བ་དང་དཀྱིལ་གྱི་འཁོར་ལོ་མེའི་དབུས་སུ་བཏེག་ལ་མཆོད་པར་བྱའོ། །མཆོད་པ་ནི་སྔ་མ་བཞིན་ནོ། །མེ་ལ་བགེགས་ཡོད་མེད་བརྟག་པ་ནི་ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སབྲ་བྷ་སྨི་ཀུ་རུ་སརྦ་དུ་ཥྚཱ་ན་ཕཊ་ཅེས་བརྗོད་དོ། །སྨན་ལ་སོགས་པ་སྲེག་རྫས་རྣམས་ནི་རང་རང་གི་མིང་དང་ཡི་གེ་བདུན་པའི་སྔགས་རང་གི་མིང་དང་ཡི་གེ་བདུན་པའི་སྔགས་ཀྱིས་དབུལ་ལོ། །ཡེ་ཤེས་ཀྱི་ལྷ་ལ་རང་རང་གི་སྔགས་ཀྱིས་དབུལ་ལོ། །དེ་ནས་བཟོད་པར་གསོལ་ལོ། །དཀྱིལ་འཁོར་དུ་རྫས་ལྷག་མ་བསྲེགས་ལ་མེ་ལྷའི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ལོ། །དམ་ཚིག་སེམས་


DTG022_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་རིམ་གྱིས་ཐ་མལ་བའི་མེ་ལ་ཐིམ་པར་བསམ་མོ། །རྒྱས་པར་ནི་སྦྱིན་སྲེག་གི་ཆོ་ག་ལས་ཤེས་པར་བྱའོ། །སྦྱིན་སྲེག་ལྷག་པར་གནས་པའོ། །དེ་ནས་ཅི་འབྱོར་བའི་གཏོར་མ་བདུན་ནམ་བཅུ་གཅིག་གམ་ཀུན་ཀྱང་ཧཱུཾ་མཛད་ཀྱི་ཆུས་བསངས་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་དང༌། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང༌། དེའི་སྟེང་དུ་ཀ་ལས་ཀ་པཱ་ལ་རྒྱ་ཆེ་བ་བསམས་ཏེ། ནང་དུ་བདུད་རྩི་ལྔའི་གོང་བུ་ཁ་དོག་ལྔ་དང༌། དབུས་སུ་མུ་མུ་ཏྲ་རང་ཧཱུཾ་མཐིང་ག །ཤར་དུ་བི་བི་ཏྲ་དང་ཨོཾ་དཀར་པོ། ལྷོར་ར་རཀྚ་དང་ཏྲཾ་སེར་པོ། ནུབ་ཏུ་ཤུ་ཤུ་ཀྲ་དང་ཧྲཱིཿ་དམར་པོ། བྱང་དུ་མ་མཱཾ་ས་དང་ཨ་ལྗང་གུ་བཀོད་ལ། དེའི་སྟེང་དུ་ཨོཾ། དེའི་སྟེང་དུ་ཨཱཿ། དེའི་སྟེང་དུ་ཧཱུཾ་བཀོད་ལ། ཨོཾ་ལྟུང་བས་དག །ཨཱཿ་ལྟུང་བས་ཞུ་ཧཱུཾ་གྱུར་པ་ལས་རྡོ་རྗེའི་དབུས་སུ་ཧཱུཾ་གིས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩི་དྲངས་བས་སྤེལ་པར་བསམ་པ་དང༌། རྡོ་རྗེས་དཀྲུག་ཅིང་ཞུ་བ་ལས་ཨོཾ་ཨཱཿ་ཧཱུཾ་གསུམ་ལན་གསུམ་མམ་ལན་བདུན་བར་དུ་བརྗོད་པ་དང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭའ་ཏ་ཅེས་བྱ་བ་དང༌། པདྨ་ཁ་བྱེ་བའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། མཐེ་བོད་རྡོ་རྗེ་བརྟན་པོར་རབ་སྦྱར་ནས། །ད་ནི་དཔྲལ་བའི་དབུས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། །རྐང་པ་མནན་ཞིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང༌། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པ། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །ཅེས་བྱ་བའི་ཕྱག་རྒྱ་དང་ཨོཾ་ཨ་ར་ལླི་ཧོ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། །ཞེས་བྱ་བས་དུར་ཁྲོད་བརྒྱད་དང་ཕྱོགས་སྐྱོང་བ་དང་བཅས་པ་སྦྱན་དྲངས་ལ། ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བཞག་ལ་རིམ་པ་གསུམ་བྱས་ལ་འཁོར་ལོ་རིམ་གསུམ་གྱི་ལྷར་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་མཁའ་འགྲོ་མ་ལ་སོགས་པས་དབང་བསྐུར་ལ་ལྕེ་ལ་རྡོ་རྗེ་དཀར་པོའི་སྦུ་གུ་བསམས་ཏེ་འཐུང་བར་དམིགས་ཤིང་ཁ་ཁའི་སྔགས་བརྗོད་པར་བྱའོ། །མི་མཆོག་གང་ཞིག་


DTG022_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་སྦྱོང་དང༌། །སྡིག་པ་ཐམས་ཅད་རྣམ་པར་དག །སྐྱེ་ཞིང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་མཆོག་སྐྱེས་ཆོས་རྒྱལ་བོར་ཤོག །ཇི་ལྟར་སྔོན་གྱི་སྡིག་པ་ཡིས། །བག་ཆགས་ཀུན་ཟད་མཆན་ཉིད་ལྡན། །གང་ཞིག་འདི་ན་རྟག་སྒོམ་པ། །ས་ལ་སྤྱོད་པའི་དབང་ཕྱུག་ཤོག །ཅེས་སྨོན་ལམ་བཏབ་ལ་ཕྱོགས་བརྒྱད་དུ་དཔའ་བོ་བྱའོ། །གཏོར་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སློབ་མ་ལྷག་པར་གནས་པ་ནི་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ནས་མེ་ཏོག་བཀྲམ་ནས་ལག་ན་མེ་ཏོག་ཐོགས་པ་དང་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཞེས་བྱ་བ་ལ་སོགས་པའོ། །ཕྱག་འཚལ་བ་དང་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་ཆགས་བདུན་བྱས་པ་དང༌། སློབ་མ་ཧེ་རུ་ཀ་དཔའ་བོ་གཅིག་པུའི་ལུས་སུ་བསྐྱེད་པ་དང༌། ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པ་ལ་སོགས་པ་ལ་མཆོད་པ་ལྔས་མཆོད་པ་དང༌། རྗེས་ལ་སོ་ཤིང་དོར་བ་དང༌། སྲུང་སྐུད་བཅིང་བ་དང༌། བྱམས་པའི་གོ་ཆ་བསྐོན་པ་དང༌། རྡོ་རྗེ་གཙུག་ཏོར་གྱི་སྔགས་ཀྱིས་དབུའི་གཙུག་ཏོར་བསྐྱེད་པ་དང༌། རྨི་ལམ་བརྟག་པ་དང༌། དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་རྣམས་སློབ་དཔོན་ལ་བ་པས་མཛད་པའི་ཆོ་ག་ལས་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་སྙིང་གར་བསྡུས་ཏེ་ཁཾ་དང་ཧཾ་ལས་འོད་ཟེར་གྱི་ཡ་ལད་བསྐྱེད་ལ། ཚམ་ངམ་གྱི་སྔགས་ཀྱིས་ཕྱོགས་བཞིར་ཁ་དོག་བཞི་པའི་ཞལ་གཅིག་པ་རྡོ་རྗེ་དང་སྡིགས་མཛུབ་བསྣམས་པ་བསམ་པར་བྱའོ། །དེ་ནས་རྐང་བ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ་ཅི་བདེ་པར་བྱའོ། །གཞན་གྱི་དོན་སློབ་མ་ལྷག་པར་གནས་པའོ། །དེ་ནས་ཉི་མ་ཤར་ཀར་དཀྱིལ་འཁོར་བྱེད་པར་འདོད་པས་རྐང་པ་བརྒྱད་པ་བཟླས་པའི་དྲི་ཆུ་དང་བདུད་རྩི་ལྡས་ས་གཞི་བྱུགས་ལ་ཐིག་གདབ་བོ། །སར་བ་ལེགས་པར་བསལ་ཁ་དོག་ལྡར་བསྒྱུར་བ་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དང་ལྡན་པ། གསེར་ལ་སོགས་པའི་སྣོད་དུ་བཞག་ལ་མཆོད་པ་རྣམ་པ་ལྔ་བཤམས་ནས་ཚོན་སྣ་ལྔ་ལ་ཧཱུཾ་ཨོཾ་བྷྲཱུཾ་ཛྲྰྸྀ་ཁཾ་ལས་རིགས་ལྔའི་རང་བཞིན་དུ་བསྐྱེད་ལ་ཡེ་ཤེས་སེམས་པའི་ཐུགས་ཀ་ནས་འོད་ཟེར་སྤྱན་དྲངས་གཉིས་སུ་མེད་པར་བྱས་ཏེ་མཆོད་པ་ཡབ་ཡུམ་གྱི་སྙིང་པོ་ཉི་ཤུ་རྩ་གཅིག་བཟླས་


DTG022_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཐོད་པའི་ནང་དུ་གཞག་པར་བྱའོ། །ཐིག་བྱིན་གྱིས་བརླབ་པའོ། །དེ་ནས་སློབ་དཔོན་མཁས་པས་བདག་ཉིད་དང་སློབ་མ་ཧེ་རུ་ཀར་མོས་པ་བྱས་ལ། ཧཱུཾ་བཛྲ་ཞེས་བརྗོད་པས་ཐིག་སྐུད་ཀྱི་རྩེ་མོ་ལག་པ་གཡོན་པར་གཏད་པ་གཉིས་སུ་མེད་པའི་སྔགས་ཀྱིས་བསྒྲིལ་ནས། འཇིག་རྟེན་ཁམས་འདི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་དོན་གྱི། །ཁྱེད་ཀྱི་དུས་ནི་འདི་ལགས་ཀྱིས། །བཅོམ་ལྡན་རྡོ་རྗེའི་ཐིག་གདབ་གསོལ། །ཞེས་བསྐུལ་བ་དང༌། བདག་དང་སློབ་མ་གཡས་ནས་བསྐོར་ནས་ཐིག་གདབ་པར་བྱའོ། །དེ་ལ་དང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྟེན་ནས་ཐིག་གདབ་པར་བྱའོ། །སློབ་དཔོན་ནུབ་སྒོར་གནས་ནས་སློབ་མ་ཤར་སྒོར་གནས་ལ་ཚངས་ཐིག་དང་བོའོ། །སློབ་དཔོན་བྱང་ནས་སློབ་མ་ལྷོ་ནས་ཚངས་ཐིག་གཉིས་པ། སློབ་དཔོན་མེ་ནས་སློབ་མ་དབང་ལྡན་དུ་གནས་ནས་ཤར་གྱི་ཐིག་གདབ། སློབ་དཔོན་དབང་ལྡན་དང་སློབ་མ་རླུང་དུ་གནས་ནས་བྱང་གི་ཐིག་གདབ། སློབ་དཔོན་རླུང་དང་སློབ་མ་བདེན་བྲལ་དུ་གནས་ནས་ནུབ་ཀྱི་ཐིག་གདབ། སློབ་དཔོན་བདེན་བྲལ་དང་སློབ་མ་མེར་གནས་ནས་ལྷོའི་ཐིག་གདབ། དེ་བཞིན་དུ་གང་དུ་བརྩིས་པ་ཐིག་བཞི་དང༌། དེ་ནས་ཚངས་ཐིག་གཡོན་སྐོར་གྱིས་སོང་ལ། སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་ནས་ཚངས་པའི་ཐིག་དང་པོ། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་ནས་ཚངས་ཐིག་གཉིས་པ་གདབ་པར་བྱའོ། །དེ་ལྟར་སྟེང་དུ་བལྟས་ལ་བཅུ་དྲུག་གདབ་པ་ཡེ་ཤེས་ཀྱི་ཐིག་དང། ཁ་ཐུར་དུ་བལྟས་པ་བཅུ་དྲུག་གནམ་གྱི་ཐིག་གདབ་པར་བྱའོ། །དེ་ནས་བྱ་རོག་རྗེས་བཙལ་ནས་གཤེར་ཐིག་གདབ་པར་བྱ་སྟེ། ཕྱི་རོལ་དུ་རྡོ་རྗེ་ར་བ་མ་གཏོགས་པ་གྲུ་བཞི་ལ་ཆ་ཆེན་པོ་བཅུ་དྲུག་ཏུ་བགོས་ལ་དེ་རེ་རེ་ཡང་ཆ་ཆུང་བཞི་བཞིར་ཕྱེ་ལ་ནང་གི་ཆ་ཆེན་པོ་བཞི་མ་གཏོགས་པ་ལ་ཚངས་ཐིག་ནས་བགྲང་པའི་གསུམ་ལ་སྒོ་ཁྱུད་བྱ། ལྔ་པ་ལ་སྒོ་ལོགས། བཅུ་འདུས་པ་ལ་སྒོ་ངོས། ཉི་ཤུ་ལ་སྒོ་འགྲམ། ཉི་ཤུ་གསུམ་པ་ལ་ཡས་ཕུབས། ཉི་ཤུ་བཞི་པ་ལ་མོན་པ་བ་ཏི། ཉི་ཤུ་རྩ་བརྒྱད་པའི་བར་དུ་ཆ་བཞི་པ་ལ་རྟ་བབས། ཉི་ཤུ་རྩ་དགུ་


DTG022_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་པདྨ། སུམ་ཅུ་རྩ་གཅིག་པ་ལ་འཁོར་ལོ། སུམ་ཅུ་རྩ་གཉིས་པ་ལ་གདུགས་སུ་ཤེས་པར་བྱའོ། །དེའི་ཞིང་གི་ཚད་ནི་སྒོ་ཆ་ཆེན་པོ་གཅིག །འདོད་ཡོན་གྱི་གནས་ཆ་ཆུང་གཉིས། རིན་ཆེན་ཕ་གུ་ཆ་ཆུང་གཅིག །དྲ་བ་དྲ་ཕྱེད་ཆ་ཆུང་གཉིས། ཀ་བ་དང་མུ་ཏིག་གི་ཆུན་འཕྱང་ལ་ཆ་ཆུང་ལྔ། ཞེད་ལ་ཆ་ཆུང་གཉིས། རྟ་བབས་གླང་པོ་ཆེའི་རྒྱབ་ལྟ་བུ། ཞེང་སྒོའི་སུམ་འགྱུར་དེ་ལྟར་ཐིག་གདབ་བོ། །དེ་ལ་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་ཕུར་བུ་གདབ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་ཆ་ཆེན་པོ་གཅིག །ཐུགས་གསུང་སྐུའི་འཁོར་ལོ་ཆ་རེ་རེ། ཀུན་མཉམ་པར་གྲི་གུག་དང་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བ་ཆ་ཆུང་རེ་རེ་ས་བསྐོར་བར་བྱའོ། །ཐ་མར་པདྨའི་རེ་བ་དང༌། རྡོ་རྗེའི་ར་བ་དང༌། མེ་འོད་ཀྱི་ར་བ་གསུམ་ཆ་རེ་རེ་ཚད་དུ་བྱའོ། ཐིག་གི་ཆོ་གའོ། །དུར་ཁྲོད་ཀྱི་རྫས་དང་བསྲེས་པ་རིན་པོ་ཆེའི་ཚོན་ནམ་འབྲས་ཀྱི་ཕྱེ་མ་ལ་སྔར་བཤད་པའི་རིགས་ལྔ་ལ་སོགས་བཀོད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས་ཡབ་ཡུམ་གྱི་སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་པ་དབུལ་བར་བྱའོ། །ཚོན་བྱིན་གྱིས་བརླབ་བའོ། །ཚོན་དགྱེ་པའི་བྱང་ཤར་མཚམས་ཀྱི་ཕྱོགས་མཚམས་སུ་མཐོ་གང་གི་ཚད་ལ་ཚོན་སྣ་ལྔའི་རི་མོ་མ་ཆད་པ་མ་ཡོ་བ་མཉམ་པར་སློབ་དཔོན་གྱིས་བྲི་བར་བྱའོ། ཚོན་གྱི་ལྟས་བརྟག་པའོ། །དེ་ནས་ཚོན་གྱི་གོ་རིམས་ནི་དབུས་སྣ་ཚོགས་པདྨ་ལྷ་མོའི་ཁ་དོག་དང་མཚུངས་བའོ། །མཚམས་སུ་ཕྱེད་གཟུགས་མ་བཞི་དང་བརྒྱད་བྲིས་ལ་འོག་གི་པདྨའི་རྩེ་མོ་བརྒྱད་གསེར་མདོག་ཅན་གྲི་གུག་གི་ཕྲེང་བས་བསྐོར་བའོ། །ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་ཕྱོགས་སུ་ལྷ་མོ་མཚམས་སུ་བུམ་པ་ཐོད་པས་མཚན་པ་ཕྱེད་གཟུགས་ཡེ་ཤེས་ཀྱི་འཁོར་ལོ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ཐུགས་གསུང་སྐུའི་འཁོར་ལོ་ས་གཞི་བཻ་ཌཱུ་ཪྻའི་རང་བཞིན་ལ་འཁོར་ལོ་སྔོན་པོ་དང༌། དམར་བ་དང༌། དཀར་པོ་རྩིབས་བརྒྱད་པ་རྡོ་རྗེ་དང༌། པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་བའོ། །དེ་ལ་སྐུ་གསུང་ཐུགས་ཀྱི་དབའ་བོ་རང་དཔའ་མོ་ཉི་ཤུ་རྩ་བཞི་དགོད་པར་བྱའོ། །དམ་ཚིག་གི་འཁོར་ལོ་སྒོ་བཞི་


DTG022_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སྒོ་ཁྱུད་དང་བཅས་པ་ལ་ཤར་སྔོ། ལྷོ་སེར་ནུབ་དམར། བྱང་ལྗང་གུ་སྟེ་ཞལ་བཞི་པའི་སྣང་བ་མཐུན་བའོ། །མཁའ་འགྲོ་མ་བརྒྱད་ཁྭ་གདོང་མ་དང༌། འུག་གདོང་མ་དང༌། ཁྱི་གདོང་མ་དང༌། ཕག་གདོང་མ་གཡོན་སྐོར་གྱིས་ས་གཞི་དང་ཁ་དོག་མཐུན་པའོ། །མཚམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ་ཕྱེད་གཟུགས་མ་བཞི་དགོད་པར་བྱའོ། །སྐུར་དགོད་པའམ། ཡིག་འབྲུའམ། ཕྱག་མཚན་ནམ། ལག་པའི་ཕྱག་རྒྱའམ། མེ་ཏོག་དགྲམ་པའམ། དྲིའི་ཐིག་ལེ་བྱའོ། །དེ་ཡང་ངེས་བརྗོད་ལས། དཀྱིལ་འཁོར་བསྐྱེད་པའི་མདོར་གསུངས་ནས། །མིང་གི་འཁོར་ལོ་དང་པོ་སྟེ། །གཉིས་པ་མཚན་མའི་འཁོར་ལོ་ནི། །གསུམ་པ་ལག་པའི་ཕྱག་རྒྱ་ལ། །བཞི་བ་གཟུགས་བརྙན་དགོད་པ་སྟེ། །ལྔ་པ་མེ་ཏོག་དགྲམ་པའོ། །དྲུག་པ་ཚོགས་ཀྱི་འཁོར་ལོ་ཡིན། །བདུན་པ་ཐིག་ལེ་དགོད་པར་བྱ། །ཞེས་གསུངས་སོ། །དེའི་ཕྱི་རོལ་དུ་ཚོན་སྣ་ལྔ་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོའོ། །དེའི་ཕྱི་རོལ་དུ་གསེར་གྱི་ས་གཞིའི་ཁྱམས་ལ་འདོད་ཡོན་ལྷ་མོའོ། །དེའི་ཕྱི་རོལ་དུ་ཤེལ་གྱི་ས་གཞིལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུས་མཛེས་པའོ། །དེའི་ཕྱི་རོལ་དུ་པདྨ་རཱ་གའི་ས་གཞི་ལ་དར་དང་མུ་ཏིག་གི་ཕྲེང་བ་དང༌། དྲིལ་བུ་གཡེར་ཀའི་ཕྲེང་བས་མཛེས་པའོ། །དེའི་ཕྱི་རོལ་དུ་ཕྱོགས་ཀུན་དུ་བཻ་ཌཱུ་ཪྻའི་ས་བཞི་ལ་ཀ་བ་དང་རྟ་བབས་དང་རི་དགས་དང་ཆོས་ཀྱི་འཁོར་ལོ་དང་གདུགས་ཅི་མཛེས་པར་བྲི་བར་བྱའོ། །དེའི་རྒྱབ་ཏུ་པདྨའི་ཕྲེང་བ་དང༌། རྡོ་རྗེ་དང་མེ་འོད་ཀྱི་ཕྲེང་བས་ཀུན་ནས་བསྐོར་བའོ། །ཤར་ལ་སོགས་པ་རྟ་བབས་ཀྱི་ངོས་གཉིས་སུ་གཏུམ་དྲག་ཅན་མ་དང༌། ཐོད་པ་ཅན་པ་ཏ་ལ་དང༌། ཨུ་དུ་མྺཱ་རའི་ཤིང་དང༌། ཁྭ་དང་ཁྱི་གདོང་གི་ཞིང་སྐྱོང་ལས་ཁྭ་དང་ཁྱིའི་ཚོགས་ཀྱིས་བསྐོར་བའོ། །འོག་ཏུ་ཀླུ་གཉིས་དང་སྟེང་དུ་སྤྲིན་གཉིས་དང་བཅས་པའོ། །བྱང་དུ་རྟ་བབས་ཀྱི་ངོས་གཉིས་སུ་དབྱིབས་ཅན་དང་ཡལ་ག་ཅན་དུ་པུཎྡ་རཱི་ཀ་དང་ནཱ་ག་གེ་སར་གྱི་ཤིང་བིལ་བ་དང་ཤ་ཟའི་གདོང་ཅིན་གྱི་ཞིང་སྐྱོང་ལ་ཅེས་སྦྱང་དང་རོ་ལངས་ཀྱིས་བསྐོར་བའོ། །སྟེང་དུ་སྤྲིན་གཉིས་དང་འོག་ཏུ་ཀླུ་གཉིས་དང་བཅས་པའོ། །


DTG022_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནུབ་ཏུ་རྟ་བབས་ཀྱི་ངོས་གཉིས་སུ་ཚང་ཚིང་ཅན་དང་ཧ་ཧར་བཞད་པ་སྟེ་པ་ལཱ་ཤ་དང་ཨ་ཤྭདྠ་དང་འུག་པ་དང་ཁྱིའི་གདོང་ཅན་གྱི་ཞིང་སྐྱོང་ལ་འུག་པ་དང་ཕག་གི་ཚོགས་ཀྱིས་བསྐོར་བའོ། །འོག་ཏུ་ཀླུ་གཉིས་དང་སྟེང་དུ་སྤྲིན་གཉིས་དང་བཅས་པའོ། །ལྷོའི་རྟ་བབས་ཀྱི་ངོས་གཉིས་ལ་འགར་བ་ཅན་དང་མི་བཟད་པའི་ཤིང་ཤག་དང་ནྱ་གྲོ་དྷ་དང་སྟག་དང་ཕག་རྒོད་ཀྱི་ཞིང་སྐྱོང་ལ་དཔའ་བོ་དང་སྲིན་པོའི་ཚོགས་ཀྱིས་བསྐོར་བའོ། །འོག་ཏུ་ཀླུ་གཉིས་དང་སྟེང་དུ་སྤྲིན་གཉིས་དང་བཅས་པའོ། །ཚོན་གྱི་ཆོ་གའོ། །དེ་ལྟར་ཚོན་གྱི་ཆོ་ག་རྫོགས་ནས་དགོངས་ཀའི་དུས་སུ་ཡོ་བྱད་བསག་པར་བྱ་སྟེ་བདུད་རྩི་ལྔ་དང་མཆོད་ཡོན་མཆོད་པ་ལྔ་དང་བཅས་པ་དང༌། བཅའ་བ་དང༌། མྱང་བ་དང༌། བལྡག་པ་དང༌། ཆང་དང་ཤ་བརྒྱ་དང༌། མེ་ཏོག་དང༌། བདུག་པ་དང༌། ལྷ་བཤོས་བརྒྱ་དང༌། ཡང་མར་མེ་ལ་སོགས་པ་བརྒྱ་དང༌། ན་བཟའ་དྲུག་ཅུ་རྩ་གཉིས་དང༌། གཏོར་མ་བརྒྱ་དང༌། དེ་ལ་སོགས་པ་བསགས་ནས་རྡོ་རྗེ་དྲིལ་བུ་མདུན་དུ་བཞག་ནས་ཅོད་པན་དང་རྒྱན་རྣམས་སྔ་མ་བཞིན་དུ་བགོ་སྟེ་མཆོད་པ་བྱིན་གྱིས་བརླབས་ཏེ་ཧཱུཾ་གི་སྒྲས་བསྐུལ་ཏེ་སྙིང་གའི་ལྷག་པར་གནས་པའི་དཀྱིལ་འཁོར་སྦྲུལ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བསྲེས་ཏེ་ལྷག་པ་དང༌། མ་ཚང་བ་བསྐང་བའི་ཕྱིར་ཡབ་ཡུམ་གྱི་སྔགས་བཟླས་ཤིང་དཀྱིལ་འཁོར་ལན་གསུམ་བསྐོར་བ་བྱའོ། །དེ་ནས་རྣལ་འབྱོར་བས་ཤར་གྱི་སྐོར་ཁྭ་གདོང་མའི་རྒྱབ་ཏུ་བྱུང་ལ་དང་པོ་ཚད་མེད་པའི་རྣལ་འབྱོར་དང་བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། སྲུང་བའི་རྣལ་འབྱོར་བྱས་ལ་བདག་ཉིད་ཧཱུཾ་མཛད་ཀྱི་སྐུར་བསྐྱེད་ནས་སྔ་མ་བཞིན་དུ་སྲུང་བའི་འཁོར་ལོ་བྱས་ལ། ཕུར་བུ་བཅུ་དང་མདའ་བཅུ་ཕྱོགས་དང་མཚམས་སུ་བཏབ་ལ་ཚོན་སྣ་ལྔའི་སྐུད་པས་མིག་མངས་རིས་སུ་བྲིས་ལ། རྐང་པ་བརྒྱད་པའི་སྔགས་ཀྱི་བྱིན་གྱིས་བརླབས་པའི་འོད་ཟེར་གྱིས་སྤྲོས་པས་བགེགས་མི་འཇུག་པར་བསམ་མོ། །སྔར་བཤད་པ་བཞིན་དུ་ཚོགས་བསགས་པའི་རྣལ་འབྱོར་དང༌། དཀྱིལ་འཁོར་གྱི་འཁོར་ལོ་བར་སྣང་དུ་བཞག་ལ་སྟོད་པ་ཉིད་ཀྱི་རྣལ་འབྱོར་བྱས་ནས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྐྱེད་ནས་སྣ་ཚོགས་རྡོ་རྗེ་པདྨས་མཚན་པའི་སྟེང་དུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་གནས་པའི་ཧཱུཾ་ལས་


DTG022_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་བཞིན་དུ་བསྐྱེད་ལ་ལྷག་པར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། རང་གིས་སྤྲུལ་པའི་འཁོར་ལོ་དང་གཅིག་ཏུ་བསྲེས་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སེམས་ཀྱི་འཁོར་ལོ་བདེ་མཆོག་དང་རྩ་དང་ཁམས་དང་ལུས་ཀྱི་འཁོར་ལོ་ཤེས་པར་བྱས་ནས་གོ་ཆ་བསྐོན་ཏེ་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་དང་མཆོད་ཡོན་སྔོན་དུ་འགྲོ་བས་མཆོད་པ་རྣམ་པ་ལྔའོ། །དེ་སྐད་དུ། དཔའ་བོ་ཀུན་དང་རྣལ་འབྱོར་མ། །གོ་ཆ་གསུམ་གྱིས་བརྒྱན་པ་ཡི། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །རང་གི་བདག་ཉིད་གཅིག་པུ་བྱས། །སྤྱན་དྲངས་ནས་ནི་མཆོད་པ་དང༌། །བུམ་པ་ལ་གཞུག་དབང་བསྐུར་བའོ། །ཞེས་འབྱུང་བའོ། །དེ་ནས་བུམ་པ་གཞུག་པར་བྱ་སྟེ། དང་པོར་ཧཱུཾ་མཛད་བཟླས་པའི་ཡུངས་ཀར་གྱིས་བགེགས་བསྐྲད་དེ། བུམ་པ་ལ་ཡང་བསང་གཏོར་བྱས་ནས་ཀུན་ལ་རང་རང་གི་སྔགས་ཉི་ཤུ་རྩ་གཅིག་བཟླས་པར་བྱས་ཏེ་མཆོད་པ་ལྔས་མཆོད་དེ་ཐ་མར་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཕཊ། ཅེས་པས། ལྷ་རྣམས་འོ་མ་ཅན་གྱི་རྒྱ་མཚོར་ཞུ་བར་བསམ་མོ། །དེ་ནས་མེ་ལོད་ལ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་བཀྲམ་ནས་བག་ཕྱེ་དང༌། ས་དཀར་དང༌། སོ་ཤིང་དང་བཅས་པས་ལྷ་ཐམས་ཅད་ལ་ཐོག་མར་སྐུ་ཁྲུས་གསོལ་ལོ། །ཐ་མར་ཡང་འབྲས་བུ་གསུམ་དང༌། བིལ་བ་དང༌། ག་པུར་དང༌། །གུར་ཀུམ་དང༌། ཨ་ཀ་རུ་ལ་སོགས་པ་རྣམས་མེ་ལོང་གི་ངོས་ལ་བཞག་ནས། ཧཱུཾ་མཛད་ཀྱི་བུམ་པ་ནས་བཟུང་ནས་ཐ་མ་རྣམ་པར་རྒྱལ་བའི་བུམ་པ་ལ་ཐུག་གི་བར་དུ་བུམ་པ་རྣམས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་ལ་རེ་རེ་ཞིང་ཡང་གཙོ་བོ་ནས་སྒོ་བ་ལ་ཐུག་གི་བར་དུ་དབང་བསྐུར་བར་བྱའོ། །རྟགས་སུ་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་དང༌། འཁོར་ཐམས་ཅད་ལ་རྡོ་རྗེ་རེ་རེ་དང༌། དབྲལ་བར་རྡོ་རྗེ་ཕྲེང་བས་བརྒྱན་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་དབུས་སུ་བཞག་ལ། མཁའ་འགྲོ་མ་བརྒྱད་ཀྱི་བུམ་པ་སྒོ་བཞི་དང་མཚམས་བཞིར་གཞག་ཧཱུཾ་མཛད་ཀྱི་བུམ་པ་རང་དང་ཉེ་བའི་སྒོར་གཞག །མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། །དེ་ལྟར་བུམ་


DTG022_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དབང་བསྐུར་ནས། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ། །དབང་སྐུར་བ་རྫོགས་པ་དང་མཆོད་པ་རྣམ་པ་ལྔ་རྒྱས་པ་ལ་མེ་ཏོག་སྣ་ཚོགས་པ་དང༌། བདུག་པ་སྣ་ཚོགས་པ་དང༌། ལྷ་བཤོས་རྒྱ་ཆེན་པོ་དུ་མ་དང༌། སྣ་ཚོགས་པ་དང༌། ན་བཟའ་དྲུག་ཅུ་རྩ་གཉིས་དང༌། རྒྱན་དང༌། དྲ་བ་དང༌། དྲ་བ་ཕྱེད་དང༌། རོལ་མོའི་བྱེ་བྲག་ཐམས་ཅད་ཀྱང་དབུལ་པར་བྱའོ། །དེ་ཡང༌། ངེས་པར་བརྗོད་པའི་བླ་མ་ལས། །སྣ་ཚོགས་རོ་དང་བཅུད་རྣམས་དང༌། །སྣ་ཚོགས་མེ་ཏོག་དྲི་རྣམས་དང༌། །སྣ་ཚོགས་སྣ་ཡི་ཚོགས་རྣམས་དང༌། །མྱོས་བྱེད་བཏུང་བའི་ཚོགས་རྣམས་དང༌། །བུ་མོ་མཛེས་མའི་ཚོགས་རྣམས་དང༌། །རོལ་མོ་སྒྲ་ཡི་སྣ་ཚོགས་དང༌། །གདུ་བུ་དང་ནི་རྐང་གདུབ་དང༌། །དབུ་རྒྱན་གོས་ཀྱི་བྱེ་བྲག་དང༌། སོར་གདུབ་དང་ནི་མཆོད་ཕྱིར་ཐོགས། །གདུགས་དང་མེ་ཏོག་རྔ་ཡབ་དང༌། །ཆུན་འཕྱང་དག་ནི་དབུལ་བར་བྱ། །ཞེས་གསུངས་སོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པ་དང་རྐང་པ་བརྒྱད་པས་བསྟོད་པ་སྔར་བཤད་པའི་མཆོད་པ་ཉི་ཤུ་གར་དང་བཅས་པའི་ཧེ་རུ་ཀའི་ཐུན་མཚམས་ཀྱི་དབྱངས་ཀྱིས་ཀྱང་བསྟོད་པར་བྱའོ། །སྔགས་ནི་འདི་ཡིན་ཏེ། །ཨོཾ་ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་ནོ་བཱི་ར་བྷ་ཛོ་དྷ་ཡ་མ་ཧཱུཾ། ཞེས་བྱ་བས་རིག་བྱེད་གདོན་པར་བྱའོ། །ཐ་མར་རྒྱུན་ཆགས་བཏོན་ལ་ཅི་འདོད་པའི་དངོས་གྲུབ་བླང་བར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་ནང་གི་སྦྱིན་སྲེག་བྱ་སྟེ། གཉིས་མེད་ཁ་སྦྱོར་འཁོར་ལོ་ལ། །བྷ་ག་པདྨའི་དཀྱིལ་འཁོར་དུ། །ཕྱི་མའི་དཀྱིལ་འཁོར་ལས་འདས་པ། །དྲུག་ཅུ་རྩ་གཉིས་ལྷ་བདག་ཉིད། །རྣམ་པར་རྟོག་པ་རྣམ་སྤངས་ནས། །།མཱཾ་ས་མྱོས་བྱེད་ལ་སོགས་ཚོགས། །བདུད་རྩི་ལྡན་དང་ལྡན་པ་ཡིས། །ནང་གི་དཀྱིལ་འཁོར་མཆོད་པར་བྱ། །ཞེས་གསུངས་སོ། །ཡང་ན་སྔར་བསྟན་པ་བཞིན་དུ་ཕྱི་རོལ་དུ་སྦྱིན་སྲེག་བྱའོ། །གཏོར་མ་ཡང་སྔ་མ་བཞིན་དུ་བྱས་ལ་མཆོད་པར་བྱའོ། །བདག་ཉིད་སྒྲུབ་པའི་དཀྱིལ་འཁོར་རོ། །ད་ནི་གཞན་སྒྲུབ་པའི་ཕྱིར་དཀྱིལ་འཁོར་དུ་སློབ་མ་གཞུག་པ་དང་དབང་བསྐུར་


DTG022_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱའོ། །དེ་ཡང་རྟེན་གྱི་གང་ཟག་དང༌། །ཐབས་འཇུག་པ་དང༌། དབང་བསྐུར་བ་དང༌། འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའོ། །རྟེན་གྱི་གང་ཟག་ནི་མཉེས་བྱེད་དང༌། རྣམ་པར་དག་པ་དང༌། གསལ་བྱེད་འདྲེས་བའི་གང་ཟག་སྟེ། ཡོན་ཏན་དང་ལྡན་པའི་གང་ཟག་གསུམ་མོ། །འཇུག་པ་ནི་བདུན་ཏེ། གསོལ་བ་བཏབ་པའི་རྗེས་ལ། ཛཿ་ཧཱུཾ་བཾ་ཧོཿ། ཞེས་བྱ་བས་སྒོ་བཞི་ནས་གཞུག་པ་དང༌། རིགས་ལྔའི་ཕྱག་འཚལ་བ་ལ་སོགས་པ་དང༌། རྒྱུན་བཤགས་བདུན་བྱ་བ་དང༌། སྔོམ་པ་བཟུང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེང་ཁྱོད་ཅེས་བྱ་བས་དཀྱིལ་འཁོར་གྱི་ལྷ་དང༌། སློབ་དཔོན་གྱི་དམ་ཚིག་བསྒྲགས་པ་དང༌། ཡེ་ཤེས་དབབ་པ་དང༌། མེ་ཏོག་དོར་བ་དང༌། གདོང་གཡོགས་དགྲོལ་བ་ནས་དཀྱིལ་འཁོར་བསྟན་པར་བྱའོ། །སློབ་མ་འཇུག་པའི་འཆོ་གའོ། །དབང་བསྐུར་བ་ལ་རྣམ་པ་བཞི་སྟེ། ཆུ་ངང༌། ཅོད་པན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་དང༌། རིག་པའི་དབང་ནི། ཡན་ལག་རྡོ་རྗེ་བ་རྟུལ་ཞུགས་དང༌། ཕྱག་མཚན་བཅུ་གཉིས་ཀྱི་དབང་སྤྱོད་པའི་བརྟུལ་ཞུགས་དང༌། བརྟུལ་ཞུགས་མང་པོ་དང་བཅས་པའི་རིག་པའི་དབང་གི་ཆོ་གའོ། །ཕྱིར་མི་ལྡོག་པའི་སྡོམ་པ་ཐོག་མར་བསྡུས་ལ་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དབང་བསྐུར་ལ་ཅོད་ཕན་བསྐོན། རྡོ་རྗེ་དང་དྲིལ་བུ་གཏད་ལ་སེང་གེའི་ཁྲི་ལ་བཞག་ནས་བཀྲ་ཤིས་ཚིགས་བཅད་གདོན་པར་བྱའོ། །ཕྱིར་མི་ལྡོག་པའི་ཡན་ལག་གི་དབང་དང་ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། རྗེས་སུ་གནང་བ་རྣམས་སྦྱིན་པར་བྱའོ། །སྦངས་པ་ནང་གི་ཡི་ཤེས་གཉིས། །སྐུ་དང་གསུང་དང་ཐུགས་དང་ནི། །རྗེས་སུ་གནང་བ་རྣམ་པ་གཉིས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་སྦྱིན། །ཕྱིར་མི་ལྡོག་པའི་དབང་བསྐུར་བའོ། །དེ་ནས་གསང་བའི་དབང་བསྐུར་བ་ནི། གསང་བའི་སྡོམ་པ་འཛིན་པ་ནི། གང་ཟག་ལ་ཆོས་ཀྱི་ཕྱག་རྒྱ་དང༌། བསྒོམ་པའི་དབང་བསྐུར་བ་དང༌། ལས་ཀྱི་ཕྱག་རྒྱ་བསྟེན་པ་ལས་བྱུང་བའི་


DTG022_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་ལྔའི་དབང་བསྐུར་བར་བྱའོ། །གསང་བའི་དབང་བསྐུར་བའོ། །བཞི་པ་ཤེས་རབ་ཡེ་ཤེས་ནི་རྩ་བའི་རྒྱུད་ལས་འབྱུང་བའི་སྡོམ་པ་འཛིན་པར་ནུས་པ་རྣམས་ལ་བཞི་པའི་དབང་བསྐུར་བའོ། །སྣོད་དུ་གྱུར་པ་མཐོང་ནས་ཀྱང༌། །ཡོན་དང་དད་པ་སྔོན་འགྲོ་བས། །ཐབས་དང་ཤེས་རབ་བྱིན་ནས་ནི། །ཕྱག་རྒྱ་གདོད་ནས་བཞི་པ་བླང༌། །འཁོར་ལོ་བཞི་ཡི་ཐ་མ་ནས། །དགའ་བ་བཞི་ལ་ཉམས་མྱོང་ནས། །ཨ་ཝ་དྷཱུ་ཏཱིའི་དབུས་སུ་ནི། །བསམ་གྱིས་མི་ཁྱབ་ཆགས་པ་འཇོམས། །ཡང་ན་གཏུམ་མོའམ་དབུས་མ་སྦྱར། །གྲོལ་ལམ་ཚིག་གི་དབང་བསྐུར་བའོ། །དབང་བསྐུར་བ་བཞི་པ་དབང་བསྐུར་བའི་ཆོ་ག་རྒྱས་པར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལ་བ་བས་མཛད་པའི་གསང་བ་འདུས་པའི་ཆོ་ག་ལས་ཤེས་པར་བྱའོ། །དེ་ལྟར་དབང་བསྐུར་བ་རྫོགས་ནས་མཆོད་ཡོན་ཕུལ། ཡི་གེ་བརྒྱ་པ་བཟླས་ནས་བཟོད་པར་གསོལ་བ་ནི། ཆོ་ག་ལྷག་དང་མ་ཚང་དང༌། །ཉེས་པའི་དངོས་པོ་ཅི་མཆིས་པ། །བདག་ནི་གནོང་འགྱོད་བསམ་པ་ཡིས། །འཁོར་ལོའི་ཚོགས་ལ་མཐོལ་བཤགས་ནས། ནོད་ས་འགྱུར་ཉེས་པའི་སྒྲིབ་པ་རྣམས། །དག་ཅིང་ཐུགས་རྗེས་གཟུང་བར་མཛོད། །ཅེས་བྱ་བ་དང༌། སྔར་བསྟན་པ་བཞིན་སྨོན་ལམ་གདབ་པ་ཡང་བྱས་ནས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿ་ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་པ་དང༌། དམ་ཚིག་གི་འཁོར་ལོ་ལུས་ལ་བཅུག་ལ་གོ་ཆ་བསྐོན་ལ་ཚམ་ངམ་གྱི་སྔགས་ཀྱིས་བསྲུངས་ལ་རྐང་བ་བརྒྱད་པས་བསྟོད་པར་བྱའོ། །ཞུགས་པའི་སློབ་མ་རྣམས་ཁ་ཟས་ཀྱིས་ཚིམ་པར་བྱས་ལ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་མདའ་དང་ཕུར་བུ་བཏོན་ལ་འོ་མས་བཀྲུ་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུས་ལ་བུམ་པར་བཅུག་ལ་ཆུ་བོར་དོར་བ་དང༌། དཀྱིལ་འཁོར་བ་བྱུང་ལྡས་བྱུག་པར་བྱའོ། །དཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ་ཞེས་བྱ་བ་སློབ་དཔོན་དཔའ་བོ་རྡོ་རྗེ་རྗེས་མཛད་པ་རྫོགས་སོ།། །།


previousདཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ། དཔའ་བོ་རྡོ་རྗེ།next