Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས།  བསོད་ནམས་འབྱུང་གནས་བཟང་པོ།
  expand section
   
  expand section
   
   
   
   
   
   
   
   
  expand section
   
   
  expand section
   
   
   
   
   
   
   


 
previousདཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། བསོད་ནམས་འབྱུང་གནས་བཟང་པོ།next

དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས།
བསོད་ནམས་འབྱུང་གནས་བཟང་པོ།


DTG023_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་བའི་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་དཔལ་འདུད། །བླ་མ་བརྒྱུད་པའི་རིམ་པ་ནི། །རྟོགས་པ་གཅིག་གི་སྤྱོད་ཡུལ་ཏེ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། །མདོར་བསྡུས་བདག་གིས་བཤད་པར་བྱ། །སྔགས་པས་ཐོག་མར་རེ་ཞིག་བླ་མ་དང་སངས་རྒྱས་རྣམས་ལ་མངོན་པར་གུས་པའི་ཡིད་ཀྱིས། །བྱང་ཆུབ་ཀྱི་སེམས་བརྟན་པོར་བཟུང་སྟེ། དབང་བསྐུར་བ་ཡང་དག་པར་ཐོབ་ནས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཡིན་ཡང༌། རང་དང་གཞན་གྱི་དོན་ཕུན་སུམ་


DTG023_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པ་ལ་མངོན་དུ་ཕྱོགས་པར་བྱ་སྟེ། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་དབེན་པའི་གནས་སུ་སྟན་འཇམ་པོ་ལ་རྣལ་འབྱོར་གྱི་རོལ་པས་རབ་ཏུ་བསྔགས་པའི་གནས་སུ་བལྟས་ཏེ་འདུག་པར་བྱའོ། །དེའི་རྗེས་ལ་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་བྱ་བ་ནི། རྒུན་འབྲུམ་མམ་བུ་རམ་ཤིང་ངམ། འབྲས་ལས་བྱས་པའི་བཏུང་བ་བཟང་པོ་ཇི་ལྟར་རྙེད་པའི་དམ་ཚིག་ལྔ་དང་ལྡན་པར་བྱས་ལ་མཆོད་སྦྱིན་གྱི་སྣོད་དུ་བཞག་སྟེ། ཡི་གེ་གསུམ་གྱི་སྔགས་ཀྱིས་མངོན་པར་བསྔགས་ནས། ཆུ་དེ་ཉིད་ཀྱིས་ལག་པ་གཡོན་པ་ནས་བརྩམས་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་སྔགས་ཀྱི་ཆུས་ཁྲུས་བྱ་ཞིང༌། དེ་ཉིད་ཀྱིས་མཆོད་པའི་རྫས་ཀྱང་བསང་གཏོར་བྱ་བའོ། །དེའི་རྗེས་ལ། ཨོཾ་བཾ་ཧོཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བའི་སྔགས་ཀྱི་ཡི་གེས་ལག་པ་གཡོན་པའི་སོར་མོ་རྣམས་ལ་སྦྱར་ཏེ། དག་པ་གསུམ་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧམ། ཨོཾ་བཛྲ་ཤུདྡྷཿ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ།། ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་ནས་རང་གི་ལུས་ཁམས་གསུམ་པོ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་བརྟགས་ཏེ། སྐད་ཅིག་ཙམ་གྱིས་ལྟེ་བའི་སྐྱིལ་འཁོར་དུ་རྡོ་རྗེ་རྣལ་འབྱོར་མ་ཕྱག་གཉིས་ན་གྲི་གུག་དང་ཐོད་པ་བསྣམས་པ། སྐྲ་གྲོལ་བ་ཐུར་དུ་འཕྱང་བ། གཅེར་བུ་སྤྱན་གསུམ་པ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །ཟླ་བ་ཉི་མ་མེ་དཀྱིལ་དུ། །སྐྱིལ་ཀྲུང་ཕྱེད་པས་གནོན་མཛད་ཅིང༌། །ཛ་བ་སིནྡྷུ་ར་དང་མཚུངས། །དེ་ལྟའི་གཟུགས་ཅན་ལྷ་མོ་ནི། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །དེ་ཡི་གཡས་ནི་ཕག་གདོང་སྟེ། །དེ་བཞིན་གཡོན་པ་ཁྲོ་མོ་ཉིད། །ཀུན་རྫོབ་དོན་དམ་རང་བཞིན་གྱིས། །ཞལ་གཉིས་སུ་ནི་རབ་ཏུ་གྲགས། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་རྟོགས་པར་བྱ། །དེ་ཡི་པདྨའི་ནང་དུ་ནི། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་བསྒོམ། །རིམ་པ་གསུམ་གྱིས་མཚན་ནས་སུ། །ཁ་དོག་དམར་པོའི་འོད་ཟེར་ཅན། །སྔགས་ཀྱི་ཡི་གེས་ཡོངས་རྫོགས་ནས། །རྫ་མཁན་འཁོར་ལོ་བཞིན་དུ་འཁོར། །སྲིན་པོའི་ཞལ་ནི་ཅུང་ཞིག་བསྡམ། །རབ་ཏུ་འབར་བའི་རྣམ་པར་བསྒོམ། །ཕག་གདོད་གྱེན་དུ་


DTG023_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེ་བར་བལྟ། །གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར། །ཕྱག་རྒྱ་གཉིས་པོའི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་འགྲུབ་པར་འགྱུར། །རྣལ་འབྱོར་བདག་ཉིད་སྐད་ཅིག་གིས། །འགྲུབ་འགྱུར་རྣལ་འབྱོར་པས་གཞན་མིན། །དེ་ནས་གཞན་ཡང་བཤད་བྱ་བ། །སྔགས་བཏུ་བ་ཡི་ཆོ་ག་མཆོག །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ། །རྡོ་རྗེ་རོལ་པ་ལས་བྱུང་བའི། །ཆོས་ཀྱི་འབྱུང་གནས་ཞེས་བཤད་པ། །བཙུན་མོའི་བྷ་ག་ཉིད་ཀྱང་དེ། །ཨཱ་ལོ་ཀཱ་ལིའི་དབྱེ་བས་དེར། །སྡེ་ཚན་བརྒྱད་ཀྱི་རིམ་པ་ནི། །གཟུགས་མེ་མདའ་དང་ཐུབ་པ་དང༌། །བུ་ག་དྲག་པོ་འདོད་པ་ཉིད། །འཁོར་ལོ་རྣམས་ནི་རིམ་བཞིན་དུ། །མན་ངག་གིས་ནི་དགོད་པར་བྱ། །དང་པོར་ཨ་ནས་བརྩམས་ནས་སུ། །ཡི་གེ་ཧ་ཡི་མཐར་ཐུག་པར། །བསྐོར་བའི་ཚུལ་གྱི་སྦྱོར་བ་ཡིས། །བདེ་མཆོག་རྒྱ་མཚོ་གསུང་བཞིན་བྲི། །དྭ་ཡི་ཐོག་མ་སུམ་འགྱུར་བྱ། །ཐིག་ལེ་ནཱ་ངས་རྣམ་པར་བརྒྱན། །བྷ་ཐོག་ཚ་ཐོག་ཡི་གེ་ཉིད། །ཊ་ཡིག་ཐོག་མས་མགོ་བོར་བརྒྱན། །ཙ་སའི་བར་ནས་གཟུང་བྱས་ཏེ། །ཊ་ཡིག་འོག་མ་འོག་ཏུ་སྦྱོར། །ཤ་ཐོག་ཥ་ཐོག་འབྲེལ་བ་ནི། །དེ་བཞིན་སྦྱོར་བར་ཤེས་པར་བྱ། །ལི་ཡི་མགོ་གྱུར་ཡི་གེ་ལ། །ཉ་ཡི་འོག་ནས་གནས་པས་བརྒྱན། །པ་ཐོག་ཊ་ཡིག་འོག་མར་ལྡན། །ཕ་ཐོག་ཐ་ཡིག་འོག་མས་བཅིངས། །ཧ་ཊའི་བར་གནས་ཡི་གེ་ལ། །ཎ་ཡིག་ཐོག་ན་གནས་པས་བརྒྱན། །ཥ་ཡི་འོག་ན་གནས་པས་གཟུང༌། །བྷ་འོག་གི་སྟན་ཎ་འོག་སྦྱར། །ཧ་ཡི་སྟེང་གནས་ཡི་གེ་ཉིད། །ར་ཡིག་གོང་མ་ཉིས་བརྩེགས་ལྡན། །ཊ་ཡིག་གོང་མ་སྦྱར་བྱ་སྟེ། །མགོ་བོ་རུ་ནི་ཡོངས་སུ་གྲགས། །ཕ་ཡི་ཐོག་ན་གནས་པ་ལ། །ཋ་ཡིག་ཐོག་ན་གནས་པས་བརྒྱན། །ཉ་ཐོག་ཎ་ཐོག་གིས་བརྒྱན་པ། །མན་ངག་བཞིན་དུ་ཤེས་པར་བྱ། །ཙ་སའི་བར་ན་གནས་པ་བླང༌། །བྷ་འོག་གི་སྟན་ཎ་འོག་སྦྱར། །དེ་བཞིན་ཚ་ཡི་གོང་མ་ཟུང༌། །དེ་བཞིན་ཏ་ཡི་སྟེང་མས་བརྒྱན། །ཐ་ཡི་སྟེང་མས་ན་འོག་བརྒྱན། །ཕ་ཡི་འོག་གནས་ཡི་གེ་བླང༌། །དྷ་བ་བར་གནས་ཡི་གེ་བླང༌། །ཐ་ཡི་འོག་མས་བརྒྱན་ཕ་ཉིད། །ཡི་གེ་ཉ་ལའི་བར་གནས་པ། །ཎ་ཡི་གོང་མས་བརྒྱན་པར་བྱ། །སའི་བར་གནས་ཡི་གེ་ལ། རཱྀ་ཡི་འོག་མ་གདངས་པར་བྱ། །ཐིག་ལེ་ནཱ་ད་མཉམ་ལྡན་པ། །གསུམ་


DTG023_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་དུ་ནི་དབྱེ་བ་ཉིད། །ན་འོག་ར་ཡི་འོག་མ་ནི། །སྔ་མ་བཞིན་དུ་སུམ་འགྱུར་བྱ། །ཤ་འོག་ཥ་ཡི་མགོ་མས་བརྒྱན། །ཉ་ཡི་འོག་ན་གནས་པ་སྦྱར། །མ་ཝ་བར་ན་གནས་པ་གཟུང༌། །ཛྷ་ཡིག་གདོང་མས་རྣམ་པར་བརྒྱན། །བླ་མའི་མན་ངག་ལམ་གྱིས་ནི། །སྔགས་བཏུ་བ་ནི་ཤེས་པར་བྱ། །གླེགས་བམ་ཀློག་པའི་སྔགས་པ་ཡིས། །ཇི་ལྟའི་རིམ་པ་སྤངས་པ་ཡིས། །གང་དེས་བསྐལ་བ་བྱེ་བར་བྱས། །དངོས་གྲུབ་གོ་འཕང་མི་ཐོབ་པ། །གཞན་ཡང་རབ་ཏུ་བཤད་བྱ་བ། །རྡོ་རྗེ་ཅན་གྱི་མཆོད་པ་ནི། །ཚེས་བཅུའི་དུས་སུ་ཁྱད་པར་དུ། །མཆོད་པ་ལྔ་དང་ལྡན་གྱུར་ཅིང༌། །བཟའ་སྟོན་དེ་བཞིན་བཏུང་བ་དང༌། །ཕྱི་དང་གསང་བར་བཅས་པར་ལྡན། །སྣོད་ནི་དྲི་མེད་སྦྱངས་པ་རུ། །གུར་ཀུམ་ལ་སོགས་སྦྱར་བར་བྱ། །ཆུ་བཟང་པོ་དང་ལྡན་པ་ལ། །སིནྡྷུ་རའི་ཕྱེ་མ་བཙགས། །གསེར་གྱི་སྨྱུ་གུའི་སྦྱོར་བ་ཡིས། །བློ་དང་ལྡན་པས་ཨེ་དབྱིབས་བྲིས། །དབུས་སུ་སྔགས་ཀྱི་རྒྱལ་པོ་ནི། །རིམ་པ་བཞིན་དུ་བྲི་བར་བྱ། །གཡུང་དྲུང་འཁྱིལ་བའི་ཕྱག་རྒྱ་ནི། །དགེ་བའི་འཁོར་ལོའི་ལོགས་ལ་དགོད། །མེ་ཏོག་རྣམ་པ་སྣ་ཚོགས་ཉིད། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །མར་མེ་ཙཱ་རུ་དམ་ཚིག་ཆེ། །དེ་བཞིན་གཞོན་ནུ་མ་ཡང་མཆོད། །མཆོད་པའི་ཁྱད་པར་འདི་དག་ནི། །ངེས་པ་ཉིད་དུ་བྱ་བ་ཡིན། །སྐྲ་གྲོལ་གཅེར་བུར་བྱས་ནས་ནི། །སྡར་བཤད་ཕྱོགས་བཅུ་བལྟས་ནས་ཀྱང༌། །ཤིན་ཏུ་གསང་བར་བྱ་བ་ཉིད། །མཆོད་པའི་དུས་སུ་མཉམ་པར་གཞག །མ་གསང་བགེགས་ནི་སྐྱེ་འགྱུར་ཏེ། །དངོས་གྲུབ་དེ་བཞིན་ཉམས་པར་འགྱུར། །དམ་ཚིག་ཉམས་པར་གྱུར་པ་ན། །ནད་རྣམས་སྣ་ཚོགས་འབྱུང་བར་འགྱུར། །སྲོག་ནི་གཏོང་བར་གྱུར་པ་ཡིས། །འཆི་བའི་དུས་ལ་བབ་ཀྱང་བླའི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། །ཁམས་གསུམ་བརྟན་དང་གཡོ་བ་ཡིས། །འགྲོ་བ་ཐམས་ཅད་གཡོན་ནས་འབྱུང༌། །གཡོན་པ་སྔོན་དུ་བསྐྱོད་བྱ་སྟེ། །རྣལ་འབྱོར་རྟག་ཏུ་གཡོན་པས་སྤྱད། །མཆོད་པ་ལག་པ་གཡོན་པས་ཏ། །བཟའ་བཏུང་གཡོན་པས་བྱ་བ་ཉིད། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་བརྟག་པར་བྱ། །བཟའ་དང་བཟའ་མིན་དེ་བཞིན་བཏུང༌། །སྨེ་གཙང་ངོ་ཚ་རྣམ་པར་སྤངས། །རྟོག་པ་ཀུན་ལས་ངེས་པར་


DTG023_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲོལ། །རྩོད་པ་ཐམས་ཅད་རྣམ་པར་སྤངས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །སྔགས་ནི་རྣལ་འབྱོར་མའི་རང་བཞིན། །རྣལ་འབྱོར་མ་ནི་སྔགས་ཀྱི་གཟུགས། །གལ་ཏེ་གོ་འཕང་མཆོག་འདོད་ན། །དེ་དག་ཐ་དད་པར་མི་བྱ། །མི་ཡིས་གང་དང་གང་བསྒོམ་པ། །ཡིད་དང་ཡང་དག་ལྡན་བྱས་ནས། །དེས་ན་དེ་ཡི་བདག་ཉིད་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །སེམས་དང་རྗེས་མཐུན་རྣལ་འབྱོར་གྱིས། །གང་ཞིག་ཤིན་ཏུ་གོམས་བྱེད་ན། །མི་གང་བསོད་ནམས་དམན་པ་ཡང༌། །དེ་ནི་གྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བལ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་ཅན། །འདིར་ནི་བླ་མ་བླ་མེད་པའོ། །སངས་རྒྱས་འབྲས་བུ་འདོད་པ་ཡིན། །དེ་ཕྱིར་བླ་མ་བསྙེན་བཀུར་བྱ། །དཔལ་དང་ལྡན་པའི་རུབ་ཏུ་སྔགས་པའི་གནས་ཨུ་རྒྱན་ནས་བྱུང་བའི་དགོངས་པ་བླ་ན་མེད་པ་དཔའ་རྡོ་རྗེ་རྣལ་འབྱོར་མའི་གསང་ཆེན་རྣ་བ་ནས་རྣ་བ་རུ་ཞལ་ནས་ཞལ་དུ་བརྒྱུད་པའི་རིམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བསོད་ནམས་འབྱུང་གནས་བཟང་པོའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།།


previousདཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། བསོད་ནམས་འབྱུང་གནས་བཟང་པོ།next