Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་ཞེས་བྱ་བ།  མཻ་ཏྲི་པ།
  collapse section
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་བསྟོད་པ་ཞེས་བྱ་བ། མཻ་ཏྲི་པ།next

དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་ཞེས་བྱ་བ།
མཻ་ཏྲི་པ།


DTG023_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སྟོ་ཏྟྲ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་ཞེས་བྱ་བ། བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧཱུཾ་ཆོས་ཉིད་དབྱིངས་ལས་


DTG023_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞེངས་པའི་སྐུ་མཆོག་ནི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཤིང༌། །དུས་མཐའི་མེ་དཔུང་ལྟ་བུའི་ཀློང་དཀྱིལ་ནས། །རི་རབ་ཆུ་སྐྱེས་ཉི་མའི་གདན་སྟེང་ན། །ཞལ་གཅིག་ཕྱག་གཉིས་དཔའ་བོ་ཆེན་པོའི་སྐུ། །ཞབས་གཉིས་བརྐྱང་བསྐུམ་འཇིགས་བྱེད་དུས་མཚན་མནན་སྐུ་མདོག་མཐིང་ག་མཁའ་ལྟར་དག་པའི་འོད། །གཅེར་བུ་གླང་ཆེན་སྟག་གི་ཤམ་ཐབས་ཅན། །ཞལ་གདངས་ཚེམས་གཙིགས་ཧཱུཾ་གི་འབྲུག་སྒྲ་སྒྲོགས། །དཔྲལ་བའི་ཁྲོ་གཉེར་སྤྱན་གསུམ་གློག་ལྟར་འཁྱུག །རལ་པའི་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེ་དང༌། །ཐོད་པ་ནོར་བུ་མི་བསྐྱོད་རྟགས་ཀྱིས་མཛེས། །སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༌། །རྒོད་དང་གཤེ་དང་རྔམ་པའི་ངད་ཚུལ་ཅན། །སྙིང་རྗེ་ཞི་དང་རྨད་དུ་བྱུང་བའི་ཉམས། །གར་གྱི་རྣམ་འཕྲུལ་ནམ་མཁའ་ཁྱབ་པར་སྟོན། །འཁོར་ལོ་རྣ་ཆ་མགུལ་རྒྱན་གདུབ་སྐོར་དང༌། །སྐེ་རགས་ཐལ་ཆེན་ཚངས་པའི་སྐུད་པ་ཅན། །མི་མགོའི་དོ་ཤལ་རྡོ་རྗེ་དྲིལ་བུ་འཁྱུད། །དཔལ་ལྡན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་མེད་ཚུལ་གྱིས་བཅོམ་ལྡན་འདས་མ་ཡང༌། །སྐུ་མདོག་དམར་མོ་གཅེར་བུ་སྐྲ་གྲོལ་ཞིང༌། །ཕྱག་རྒྱ་ལྔ་དང་རྡོ་རྗེ་ཐོད་པ་འཁྱུད། །ཕུང་པོ་ཁམས་དང་སྐྱེ་མཆེད་རང་བཞིན་ལ། །མ་ལུས་རྒྱལ་བའི་རིགས་རྣམས་ཡོངས་སུ་རྫོགས། །སྲིད་པ་རྣམ་དག་སྐུ་ཡི་ཡན་ལག་ལ། །ཉི་ཤུ་རྩ་བཞི་ཡུལ་གྱིས་རྣམ་པར་བརྒྱན། །ཁྱོད་ནི་ཁམས་ཀྱི་རང་བཞིན་དཔའ་བོ་དང༌། །རྩ་ཡི་རང་བཞིན་དཔའ་མོ་ཉི་ཤུ་བཞི། །བྱེ་བའི་གྲངས་སྙེད་མ་ལུས་འཁོར་བཅས་ཀུན། །གནས་དང་ཉེ་གནས་ཞིང་དང་ཉེ་ཞིང་སོགས། །ས་བཅུའི་གནས་སུ་གཉིས་མེད་དགྱེས་པར་རོལ། །བདེ་ཆེན་ལོངས་སྤྱོད་རྫོགས་ལ་རྣམ་རོལ་ཞིང༌། །རྣམ་དག་སྐྱེ་མཆེད་ལས་ཀྱང་འཁོར་ལོ་བཞི། །ལུས་ཀྱི་རྣམ་དག་རང་བཞིན་གཞལ་ཡས་ཁང༌། །རྣམ་ཤེས་བརྒྱད་ལས་སྤྲུལ་བའི་དུར་ཁྲོད་བརྒྱད། །དངོས་དང་དངོས་མིན་རང་བཞིན་བཅོམ་ལྡན་འདས། །ཀུན་གྱི་བདག་ཉིད་རྣལ་འབྱོར་དབང་ཕྱུག་གཙོ། །མ་ལུས་གཅིག་ཏུ་འདུས་པའི་སྐུར་གྱུར་པ། །དཔལ་ལྡན་ཁྲག་འཐུང་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་འོད་ཟེར་གློག་ཙམ་མཐོང་བ་ལས། །ངོ་མཚར་འཛིན་པའི་ཡིད་


DTG023_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་བདག་བསྟོད་ན། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །མགོན་པོ་ཁྱོད་ཀྱིས་ཐུགས་རྗེས་གཟུང་དུ་གསོལ། །དམ་ཚིག་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ལ། །བརྩེ་བའི་ཐུགས་ཀྱིས་བུ་བཞིན་དགོངས་ནས་ཀྱང༌། །བར་ཆད་བདུད་དཔུང་ཞི་བར་མཛད་དུ་གསོལ། །དུར་ཁྲོད་ལ་སོགས་གནས་སུ་སྲོག་དོར་ནས། །ཁྱོད་ཀྱི་རྣལ་འབྱོར་རྟག་ཏུ་བརྩོན་པ་ལ། །ཡེ་ཤེས་ཡར་ངོའི་ཟླ་ལྟར་འཕེལ་བ་དང༌། །དངོས་གྲུབ་ཚུལ་བཞིན་འགྲུབ་པར་མཛད་དུ་གསོལ། །སངས་རྒྱས་ཕྲིན་ལས་བྱེད་པའི་རྣལ་འབྱོར་ལ། །མཁྱེན་པ་ཉི་འོད་ལྟ་བུར་རབ་རྒྱས་ཏེ། །ཡོན་ཏན་གཟི་བརྗིད་ཆེན་པོ་བསྐྱེད་དུ་གསོལ། མཐའ་ཁོབ་ཀླ་ཀློའི་གནས་སུ་འཁྱམས་པ་དང༌། །ལོག་རྟོག་བདུང་ཀྱིས་བཅིངས་པའི་སེམས་ཅན་རྣམས། །ཁྱོད་ཀྱི་རྣམས་སྤྲུལ་མཐོང་ཐོས་དྲན་བས་ཀྱང༌། །མགོན་པོ་ཁྱོད་ཀྱིས་གདུལ་བྱར་གཟུང་དུ་གསོལ། །དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་སློབ་དཔོན་མི་ཏྲི་པས་མཛད་པ་རྫོགས་སོ།།


previousདཔལ་འཁོར་ལོ་སྡོམ་པའི་བསྟོད་པ་ཞེས་བྱ་བ། མཻ་ཏྲི་པ།next