དཔལ་རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས།
ཁྱབ་འཇུག་སྤངས་པ།
༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བཱ་རཱ་ཧཱི་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས། །དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ངེས་བརྗོད་འབུམ་པ་ལས་བཏུས་ལྷ་མོའི་འཁོར་ལོ་ནི། །སྒོམ་པའི་ཆོག་སེམས་ཅན་དོན་གྱི་རྒྱུར་ཏེ་དྲང་དོན་དང༌། །ངེས་དོན་འདི་སྟེ་དྲང་པའི་དོན་གྱིས་འོག་མིན་གནས་གྲུབ་བྱེད། །ངེས་པའི་དོན་གྱིས་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཐོབ་པར་བྱེད། །དྲང་དོན་བརྗོད་པར་བྱ་སྟེ་དང་པོར་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་བདག་བསྲུང་བའི་དོན་དུ་དམ་ཚིག་གི་རི་ལུ་ཁར་བཅུག་ལ་ཕྱི་ནས་ཚངས་པའི་གནས་བཞི་བསྒོམས་ཏེ། །དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱའོ། །གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་ཕག་མོའོ། །མིག་དག་ལ་གཏི་མུག་རྡོ་རྗེའོ། །རྣ་བ་དག་ལ་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ཕྲག་དོག་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། །མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ལ་པདྨོ་འབར་མའོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ལྷ་རྣམས་ཀྱི་རྣམ་པར་དག་པའོ། །དེ་ནས་རྣལ་འབྱོར་རྒྱུད་ཀྱི་ཆོ་གས་གཤིན་རྗེ་གཤེད་པ་སོགས་པའི་ཁྲོ་བོའི་རྒྱལ་པོ་དབང་པོ་རྣམས་བསྲུང་བའི་འཁོར་ལོ་སྒོམ་པར་བྱ་སྟེ། །འཁོར་ལོའི་གཙོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །དེ་ཡང་ཕྱག་དྲུག་པའི་ཧེ་རུ་ཀའོ། །སྔགས་པ་དེ་ཡིས་དང་པོར་རཾ་ལས་ཉི་མའི་དཀྱིལ་འཁོར་མདུན་དུ་བསྒོམས་ལ། །དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་གདོང་བཞི་པའོ། །སྣ་ཚོགས་རྡོ་རྗེ་དང་
༄། །ཉི་མ་དེ་དག་རོ་གཅིག་ཏུ་གྱུར་པ་ལས་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ར་བ་དང་སྟེང་དུ་རྡོ་རྗེའི་གུར་རོ། །འོག་ཏུ་རྡོ་རྗེའི་ས་གཞི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པའོ། །ར་བའི་ཕྱིར་རོལ་དང་སྟེང་འོག་ཏུ་མཚོན་ཆ་སྣ་ཚོགས་སུ་རུང་བ་བསྒོམ་པར་བྱའོ། །ཁྲོ་རྒྱལ་རྣམས་ལ་རིམ་པ་བཞིན། །གདན་ནི་བསྟབས་པར་བྱས་ནས་སུ། །ཞལ་མདོག་ཕྱག་དང་མཚོན་ཆ་དང༌། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། །རྡོ་རྗེ་ར་བའི་དབུས་སུ་ནི། །འཁོར་ལོ་རྩིབས་བརྒྱད་པ་ལ་དགོད། །ཨ་ཡིག་ས་བོན་ལས་བྱུང་བ། །དེ་ནི་བསྒོམས་ནས་དེ་ནས་ཡང༌། །གུར་གྱི་ཡང་ནི་སྟེང་འོག་ཏུ། །རྩིབས་གཉིས་ཀྱང་ནི་བྱ་བ་སྟེ། །རེ་ཕ་བཅུ་གཅིག་རྣམས་ཀྱིས་ནི། །ཉི་མའི་དཀྱིལ་འཁོར་རིམ་པ་བཞིན། །ཉི་མའི་རྐང་པ་དེ་དག་ཀྱང༌། །ཉི་མ་བཅུ་གཅིག་པོ་ཉིད་ཀྱི། །སོ་སོའི་ཉི་མའི་དཀྱིལ་འཁོར་དུ། །དེར་ནི་ཧཱུཾ་ཡིག་དགོད་པར་བྱ། །ཧཱུཾ་ཡིག་ལས་བྱུང་ཉི་མར་གནས། །ཁྲོ་རྒྱལ་རྣམས་ནི་བསྒོམ་པར་བྱ། །དབུས་མའི་ཉི་གདན་ལ་བསྒོམས་པ། །འདྲེན་པ་རྡོ་རྗེ་ཧཱུཾ་མཛད་དེ། །སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། །གཡས་བརྐྱང་པ་ནི་ཞབས་ཀྱིས་མནན། །རྩ་བའི་ཞལ་ནི་སྔོན་པོ་ལ། །མི་བཟད་མཆེ་གཙིགས་འཇིགས་པ་པོ། །གཡོན་དང་གཡས་ནི་དཀར་དང་དམར། །ཇི་ལྟར་རྩ་གསུམ་གནས་པའོ། །རྡོ་རྗེ་གྲི་གུག་རྩེ་གསུམ་པ། །གཡས་པའི་ཕྱག་ནི་རིམ་པ་བཞིན། །རྡོ་རྗེ་དྲིལ་བུ་ཐོད་པ་དང༌། །ཁ་ཊྭཱཾ་གཡས་གཡོན་ནའོ། །སྣ་ཚོགས་རྡོ་རྗེ་རལ་པ་ཡི། །ཅོད་པན་མི་བསྐྱོད་ཟླ་ཕྱེད་ཡིན། །མགོ་བོའི་ཕྲེང་བ་ཕྲག་ལ་གནས། །སྤྱི་བོ་ལ་ནི་ཐོད་པ་ཉིད། །ཕྱག་རྒྱ་ལྔ་ནི་རུས་ལས་བྱས། །རྐེད་པ་སྟག་གི་པགས་པས་དཀྲིས། །སྤྱན་དགུ་ལྗགས་ནི་བསྒྱུར་བ་སྟེ། །སྤྲུལ་གྱི་རྒྱན་གྱིས་ཀླུབས་པའོ། །འདི་འདྲའི་རྡོ་རྗེ་ཧཱུཾ་མཛད་ནི། །འདྲེན་པ་བསྒོམ་མོ་དེ་ནས་ནི། །ཧཱུཾ་ཡིག་ནག་པོ་ལས་བྱུང་བ། །ཤར་གྱི་ཉི་མར་དགོད་པར་བྱ། །གཤིན་རྗེ་གཤེད་ནག་དྲག་པ་སྟེ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། །གནག་དང་དཀར་དང་དམར་བའི་ཞལ། །གསུས་ཁྱིམ་ཆེ་ལ་སྤྱན་གསུམ་པ། །ཕྱག་རྒྱ་ལྔ་དང་ཐོད་པ་ཡི། །ཕྲེང་བ་རྐེད་ལ་སྟག་ལྤགས་སོ། །ཀུན་གྱི་ཅོད་པན་ཐ་དད་དང༌། །སྐུ་མདོག་མཚོན་ཆ་དེ་དག་ལ། །དེ་བཞིན་དུ་ནི་ཞབས་
༄། །བཞི་བའོ། །དབྱུག་པ་འཁོར་ལོ་རྡོ་རྗེ་དག །གཡས་པའི་ཕྱག་ན་རྡོ་རྗེ་བདག །སྙིང་གར་སྡིགས་མཛུབ་ཞབས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་བསྣམས་ལ། །སྤྱི་བོ་སངས་རྒྱས་རྣམ་སྣང་མཛད། །རྡོ་རྗེ་ཅོད་པན་གཞན་མིན་པའོ། །ཧཱུཾ་ཡིག་དཀར་པོ་ལས་བྱུང་བ། །དཀར་དང་སྔོ་དང་དམར་བའི་ཞལ། །ཤེས་རབ་མཐར་བྱད་ཉི་མར་དགོད། །ལྷོ་རུ་རིན་ཆེན་ཅོད་པན་ཅན། །རལ་གྲི་རྡོ་རྗེ་དབྱུག་པ་ནི། །གཡས་པའི་ཕྱག་ན་རིམ་པ་བཞིན། །སྙིང་གར་སྡིགས་མཛུབ་ཞབས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་པ་ནི། །ཧཱུཾ་ཡིག་དམར་པོ་ལས་གྲུབ་པ། །དམར་དང་སྔོ་དང་དཀར་བའི་ཞལ། །པདྨ་མཐར་བྱེད་ཉི་མར་དགོད། །ནུབ་ཏུ་འོད་དཔག་མེད་ཅོད་པན། །གཏུན་ཤིང་རྡོ་རྗེ་རལ་གྲི་བསྣམས། །གཡས་པའི་ཕྱག་ཏུ་འཛིན་པའོ། །སྙིང་གར་སྡིགས་མཛུབ་ཞབས་པ་དང༌། །དྲིལ་བུ་དགྲ་སྣ་གཡོན་པ་ལ། །ཧཱུཾ་ཡིག་སྔོན་པོ་ལས་བྱུང་བ། །དོན་ཡོད་གྲུབ་པའི་ཅོད་པན་ཅན། །སྔོན་དང་དམར་དང་དཀར་བའི་ཞལ། །མཆེ་གཙིགས་ཞལ་ནི་འགྱུར་བའོ། །སྣ་ཚོགས་རྡོ་རྗེ་དེ་བཞིན་དུ། །འཁོར་ལོ་གཏུན་ཤིང་གཡས་པ་ན། །དྲིལ་བུ་སྡིགས་མཛུབ་ཞགས་པ་དང༌། །དགྲ་སྟ་ཡང་ནི་གཡོན་པ་ན། །བགེགས་མཐར་བྱེད་པ་ཉི་མར་དགོད། །བྱང་དུ་བདུད་རྩི་འཁྱིལ་པ་ཡང༌། །ཧཱུཾ་ཡིག་སྔོན་པོ་ལས་བྱུང་བ། །མེ་རུ་ཉི་མ་མི་གཡོ་དགོད། །སྔོ་དང་དམར་དང་དཀར་བའི་ཞལ། །དབུ་རྒྱན་རྣམ་པར་སྣང་མཛད་དཔལ། །རལ་གྲི་རྡོ་རྗེ་དེ་བཞིན་དུ། །འཁོར་ལོ་གཡས་པའི་ཕྱག་ན་བསྣམས། །སྙིང་གར་སྡིགས་མཛུབ་ཞགས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་ནའོ། །ཧཱུཾ་ཡིག་སྔོན་པོ་ལས་བྱུང་བ། །སྡོ་དང་དམར་དང་དཀར་བའི་ཞལ། །སྲིན་པོར་འདོད་པའི་རྒྱལ་པོ་སྟེ། །རིན་ཆེན་འབྱུང་ལྡན་ཅོད་པན་ཅན། །ཕྱག་གཉིས་ཁམས་གསུམ་རྣམ་རྒྱལ་གྱི། །ཕྱག་རྒྱ་དག་ནི་བཅིངས་པའོ། །གཡས་ན་རྡོ་རྗེ་རལ་གྲི་སྟེ། །གཡོན་ན་ཞགས་པ་ལྕགས་ཀྱུའོ། །ཧཱུཾ་ཡིག་སྔོན་པོ་ལས་བྱུང་བ། །འོད་དཔག་མེད་པའི་ཅོད་པན་ཅན། །སྔགས་པས་དབྱུག་སྔོན་དགོད་པར་བྱ། །རླུང་དུ་ཉི་མའི་དཀྱིལ་འཁོར་ལ། །རྩ་བ་གཡས་དང་ཅིག་ཤོས་དག །སྔོ་དང་དམར་དང་དཀར་བའི་ཞལ། །དབྱུག་པ་དེ་
༄། །བཞིན་རལ་གྲི་སྟེ། །རྡོ་རྗེ་ཕྱག་གཡས་རིམ་པ་བཞིན། །གཡོན་ན་སྡིགས་མཛུབ་ཞགས་པ་དང༌། །པདྨ་ཉི་མ་ཉིད་ཡོན་ནོ། །ཧཱུཾ་ཡིག་སྔོན་པོ་ལས་བྱུང་བ། །དོན་ཡོད་གྲུབ་པའི་དོན་པན་ཅན། །སྟོབས་པོ་ཆེ་ནི་སྐུ་མདོག་སྔོ། །དབང་ལྡན་ཉི་མར་སྔགས་པས་དགོད། །ནག་དང་དམར་དང་དཀར་བའི་ཞལ། །འཇིགས་བྱེད་གསུས་པ་འཕྱང་བའོ། །དབྱུག་པ་རལ་གྲི་དེ་བཞིན་དུ། །འཁོར་ལོ་གཡས་ལ་རིམ་པ་བཞིན། །སྙིང་གར་སྡིགས་མཛུབ་ཞགས་པ་དང༌། །རྩེ་གསུམ་དགྲ་སྟེ་རིམ་པས་སོ། །ཧཱུཾ་ཡིག་ལྗང་གུ་ལས་བྱུང་བ། །མི་བསྐྱོད་པ་ཡི་ཅོད་པན་ཅན། །ལྗང་གུ་དམར་དང་དཀར་བའི་ཞལ། །སྤྱན་གསུམ་ཁྱབ་བདག་གསུས་པ་འཕྱང༌། །གཡོན་དང་གཡས་པའི་ཕྱག་གཉིས་ཀྱིས། །སྤྱི་བོར་གཙུག་ཏོར་འཛིན་པར་མཛད། །རྡོ་རྗེ་པདྨ་གཡས་དག་ལ། །གཞན་ལ་སྡིག་མཛུབ་རལ་གྲིའོ། །ནམ་མཁར་ཉི་མ་གནོད་པ་ནི། །ཚངས་པའི་གནས་སུ་རྣམ་བསམ་བྱ། །སྔོན་པོའི་ཧཱུཾ་ཡིག་ལས་བྱུང་བ། །མི་བསྐྱོད་པ་ཡི་ཅོད་པན་ཅན། །འོག་གི་ཉི་མར་གནོད་མཛེས་རྒྱལ། །གནག་དང་དཀར་དང་དམར་བའི་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་དག །གཡས་པའི་འཇིག་རྟེན་རིམ་པ་བཞིན། །སྙིང་གར་སྡིགས་མཛུབ་ཞགས་པ་དང༌། །རལ་གྲི་པདྨ་གཡོན་པ་ལ། །དེ་རྣམས་རྣམ་པར་བསྒོམས་ནས་སུ། །འཇིགས་བྱེད་ཁྲོ་བོ་དགོད་པ་ནི། །རྣལ་འབྱོར་པ་ཡིས་ཉེ་བར་བསྡུས། །རང་གི་ལུས་ལ་གཞུག་པར་བྱ། །དཔུང་པ་གཡོན་པར་གཤིན་རྗེ་གཤེད། །གཡས་པར་ཤེས་རབ་མཐར་བྱེད་དགོད། །ལག་གཡོན་པདྨ་མཐར་བྱེད་དོ། །གཡས་ལ་བགེགས་མཐར་བྱེད་པ་དགོད། །གཡོན་པའི་བརླ་ལ་མི་གཡོ་བ། །འདོད་པའི་རྒྱལ་པོ་གཡོས་ལའོ། །རྐང་པ་གཡོན་ལ་དབྱུག་སྔོན་ཏེ། །རྐང་པ་གཡས་པ་སྟོབས་པོ་ཆེ། །སྤྱི་གཙུག་གནས་སུ་གཙུག་ཏོར་ཆེ། །གནོད་མཛེས་རྒྱལ་པོ་བཤད་ལམ་དགོད། །སྙིང་གར་རྡོ་རྗེ་ཧཱུཾ་མཛད་དོ། །རང་མཚན་ཡི་གེ་དང་པོ་དགོད། །ཡཾ་པྲཾ་བཾ་བཾ་ཨཾ་ཏཾ་ནཾ་མཾ་ཨུཾ་སུཾ་བཾ། དེ་ལྟར་བསྒྲུབ་པའི་ཆོ་ག་ནི། །སྔགས་པས་རིམ་བཞིན་བྱས་ནས་ནི། །བདག་ཉིད་ཁྲོ་བཅས་རྡོ་རྗེ་ཡིས། །ཧཱུཾ་མཛད་དུ་ནི་བསྒོམ་པར་བྱ། །སྡིག་པའི་བག་ཆགས།
༄། །ཐམས་ཅད་ནི། །གནོད་མཛེས་བཀའ་བསྒོ་ཕུར་བུས་གདབ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་ཧཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ་བྷ་ག་ཝཱཾ་བིདྱཱི་རཱ་ཛ་ཧཱུཾ་ཕཊ། ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། །ལོག་འདྲེན་བགེགས་རྣམས་ཀུན་ནས་ནི། །ཆོ་ག་བཞིན་དུ་ཕུར་བུས་གདབ། །རྣལ་འབྱོར་འདི་ཡིས་བློ་ལྡན་གྱིས། །ཐམས་ཅད་ལའོ་ལྟེ་བ་ནས། །འོག་གི་ཆ་ནི་མདུང་ལྟར་དུ། །རྣམ་བསམ་ཁྲོ་ཆེན་བགེགས་མཐར་བྱེད། །སྟོད་ནི་ཞལ་གསུམ་ཕྱག་དྲུག་པ། །འོག་གི་བགེགས་ཚོགས་ལ་གཟིགས་ནས། །དེ་ནས་སྔགས་ནི་ཡང་དག་བརྗོད། །རྡོ་རྗེ་ཕུར་བུ་གཟུང་ནས་ནི། །བགེགས་ཀྱི་ལུས་ལ་གཡོ་བ་མེད། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚཱཾ་ཧཱུཾ་ཕཊ། །ཀཱི་ལ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་ཝཱཀ་ཙིཏྟཾ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི། །གནོད་མཛེས་རྒྱས་པོ་བསྒོམ་པར་བྱ། །སྔགས་རིག་པ་ཡི་ཆོ་ག་འདིས། །རྡོ་རྗེ་ཕུར་བུས་བརྡུང་བར་བྱ། །ཨོཾ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ། ཏིཥྛ་ཏིཥྛ་ད་ཤ་ཏི་ཀཱི་ལ་ཡེ། དུཥྚཾ་ཙྪེ་ད་ཡིད། དེ་ནས་ཀུན་ནས་རྡོ་རྗེའི་མ། །རྣམ་པར་འཕྲོ་བ་ངེས་པར་བསམ། །དེ་དེ་དེ་ཡི་སྲེག་བཞིན་དུ། །གདུག་པ་རྣམས་ནི་འབྲོས་པར་འགྱུར། །དེ་ནས་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་ཡིག་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བར་བསམ་པར་བྱའོ། །དེའི་སྣང་བས་མདུན་དུ་བླ་མ་དང་སངས་རྒྱས་ལ་སོགས་པ་རྣམས་བལྟས་ལ་ཡང་དག་པར་མཆོད་དེ་ཕྱག་བྱས་བཟོད་པ་གསོལ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ། །ཡང་ནི་སྟོང་པར་རྣམ་བསམ་བྱ། །སེམས་ཙམ་ལ་ནི་ངེས་གནས་ཏེ། །བྱང་ཆུབ་ཚོགས་ནི་བསྒོམས་པ་ཡིས། །སྣང་བ་ཙམ་གྱིས་ཤེས་པ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་སད་ནས་རྟེན་དང་བརྟེན་པའི་ཚུལ་གྱིས་བྷཻ་རམ་ལ་སོགས་པ་ཡང་དག་པར་གནས་པ་རྣམ་པར་བསམ་མོ། །ཡི་ཡིག་ཡོངས་སུ་གྱུར་པ་ལས། རླུང་གི་དཀྱིལ་འཁོར་རྒྱལ་
༄། །མཚན་གྱིས་མཚན་པ་གཞུའི་དབྱིབས་ཅན་ཁ་དོག་སྔོན་པོའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོའོ། །དེའི་སྟེང་དུ་བཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོའོ། །དེའི་སྟེང་དུ་ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོའོ། །དེའི་སྟེང་དུ་སུཾ་ཡིག་ཡོངས་སུ་གཡོ་བ་ལས་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་ཧཱུཾ་ལས་ངེས་པར་འབྱུང་བ་སྣ་ཚོགས་རྡོ་རྗེའོ། །དེའི་སྟེང་དུ་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པའོ། །དེའི་སྟེང་དུ་ཨཱ་ལི་ཀཱ་ལིའི་སྦྱོར་བ་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཟླ་བ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉི་མའོ། །དེ་དག་ཏུ་སྲོག་སོང་བ་ནི་བཾ་ཡིག་ཏུ་བརྗོད་དེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་དག་གཅིག་ཏུ་གྱུར་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །གཟུགས་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་དག་པའི་ཡེ་ཤེས་ཏེ། ཡེ་ཤེས་ལྔ་ཡི་བདག་ཉིད་ལུས། །རྡོ་རྗེ་རྣལ་འབྱོར་མ་རུ་གྲགས། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕག་མོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་ཤིང་འཇིགས་བྱེད་དང༌། །དུས་མཚན་མ་མནན་པ་འཁོར་ལོ་དང་བཅས་སྒྲུབ་པའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའོ། །དེ་ལ་བཅོམ་ལྡན་འདས་མ་ནི་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མ་དབུ་སྐྲ་གྲོལ་བ་གཅེར་བུ་དུམ་བུས་བརྒྱན་པའི་སྐེ་རགས་ཅན། ཞབས་གཡོན་བརྐྱང་བས་བཞུགས་པ། འཇིགས་བྱེད་ཆེན་པོའི་ཆ་ལུགས་ཅན། གཡོན་པའི་ཕྱག་ན་རྡོ་རྗེ་ཁ་ཊྭཱཾ་ག་དང་ཐོད་པར་བདུད་མ་རུངས་པའི་ཁྲག་བསྣམས་པ། གཡས་པས་ཕྱོགས་ཐམས་ཅད་དུ་གདུག་པ་རྣམས་ལ་སྡིགས་མཛུབ་མཛད་པའི་རྡོ་རྗེ་ཅན། བསྐལ་པའི་མེ་ལྟར་གཟི་བརྗིད་ཆེ། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། །བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། རིག་པ་འདིས་ནི་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ་སྟེ། སྣ་ཚོགས་པ་པདྨའི་ལྟེ་བར་རྩ་བའི་གདན་དུ་
༄། །རིགས་ལྡན་མ་རྡོ་རྗེ་ཕག་མོའོ། །པདྨའི་ཤར་གྱི་འདབ་མར་ཤར་གྱི་ལུས་འཕགས་བདག་གི་གདན་དུ་རྡོ་རྗེ་མཁའ་འགྲོ་མའོ། །ལྷོའི་འདབ་མར་འཛམ་བུའི་གླིང་གཞན་གྱི་གདན་དུ་ལཱ་མའོ། །ནུབ་ཀྱི་འདབ་མ་རབ་ལོངས་སྤྱོད་སྔགས་ཀྱི་གདན་དུ་ཁ་ཎྜ་རོ་ཧཱའོ། །བྱང་གི་འདབ་མར་སྒྲ་མི་སྙན་དེ་ཁོ་ན་ཉིད་ཀྱི་གདན་དུ་གཟུགས་ཅན་མའོ། །ཐུགས་གསུང་ཡེ་ཤེས་སྐུ་སྟེ་འཁོར་ལོ་བཞིའི་དབྱེ་བས་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་བཞི་ནག་མོ་དམར་མོ་སེར་མོ་ལྗང་གུ་སྟེ་དངོས་གྲུབ་མཛད་མའོ། །ཞལ་གཅིག་ཕྱག་བཞི་མ། གཡོན་གྱིས་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། གཡས་ཀྱིས་ཅང་ཏེའུ་དང་གྲི་གུག་གོ །སྤྱན་གསུམ་པ་དབུ་སྐྲ་གྲོལ་བ་གཅེར་བུ་གཡས་བརྐྱང་བས་གདན་ལ་བཞུགས་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་མ། མཆེ་བ་རྣམ་པར་གཙིགས་པའི་ཞལ། མི་བསྐྱོད་པ་དང༌། འོད་དཔག་མེད་དང༌། །རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པས་རྣལ་འབྱོར་མ་འདི་རྣམས་ལ་རྒྱས་བཏབ་པའོ། །མཚམས་སུ་གླིང་ཕྲན་ཉེ་བའི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་བཞི་སྟེ་ཡེ་ཤེས་ཀྱི་འཁོར་ལོའི་དཀྱིལ་འཁོར་རོ། །དེ་ནས་ས་འོག་མེ་དང་རླུང་གི་དཀྱིལ་འཁོར་གྱི་མཚམས་སུ་རི་རབ་ཀྱི་ཕྱོགས་མཚམས་སུ་དམྱལ་བ་ཆེན་པོ་བརྒྱད་དེ། དེ་ལ་ཤར་གྱི་དུར་ཁྲོད་དཀྱིལ་འཁོར་གྱི་ཤར་སྒོར་མདུང་གིས་འཕིགས་པར་ཁྭ་གདོང་མའོ། །ལྷོའི་དུར་ཁྲོད་སྒོར་ཚིག་པའི་རོར་འུག་གདོང་མའོ། །ནུབ་ཀྱི་དུར་ཁྲོད་སྒོར་བརྣགས་པའི་དྲིར་ཁྱི་གདོང་མའོ། །བྱང་གི་དུར་ཁྲོད་སྒྲོར་རུལ་པ་ཅན་དུ་ཕག་གདོང་མའོ། །དེ་ནས་དབང་ལྡན་གྱི་མཚམས་སུ་དུར་ཁྲོད་བྱིས་པ་ཤི་པར་གཤིན་རྗེ་བརྟན་མོའོ། །རླུང་གི་མཚམས་སུ་དུར་ཁྲོད་སྤྲུལ་གྱིས་ཟིན་པར་གཤིན་རྗེ་ཕོ་ཉ་མོའོ། །སྲིན་པོའི་མཚམས་སུ་དུར་ཁྲོད་འཇིགས་པའི་དབུས་སུ་གཤིན་རྗེ་མཆེ་བ་མའོ། །མེའི་མཚམས་ཀྱི་དུར་ཁྲོད་ལྷག་མ་ཅན་དུ་གཤིན་རྗེ་འཇོམས་མའོ།། དེ་ལྟར་ན་གཡས་སྐོར་དང་གཡོན་སྐོར་གྱིས་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པས་དུར་ཁྲོད་བརྒྱད་དུ་ལོངས་སྤྱོད་མ་རྣམས་ཏེ། ཇི་ལྟར་མཁའ་འགྲོ་མ་ལུས་ལ་སོགས་པ་དེ་ལྟར་ཁྭ་གདོང་མ་ལ་སོགས་པའི་སྐུ་མདོག་དང་ཕྱག་མཚན་དང་རྒྱས་གདབ་ཀྱང་ངོ༌། །མཚམས་སུ་གནས་མ་
༄། །རྣམས་ནི་གཟུགས་གཉིས་མ་ཡིད་འཕྲོག་པ་སེམས་ཅན་གྱི་དོན་མཛད་པར་བརྩོན་པའོ། །རྣལ་འབྱོར་མ་འདི་དག་ཐམས་ཅད་ཡི་དགས་ཀྱི་གདན་ཅན་མགོ་བོའི་ཕྲེང་བ་འཛིན་པ་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །དེ་ནས་གཞན་ཡང་བཅུ་གཉིས་ལྷའི་རྣལ་འབྱོར་གྱིས་སྦྱར་བར་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། རབ་ཏུ་དགའ་བ་ནི་མཁའ་འགྲོ་མའོ། །དྲི་མ་མེད་པ་ནི་ལཱ་མའོ། །འོད་བྱེད་པ་ནི་ཁཎྜ་རོ་ཧཱིའོ། །འོད་འཕྲོ་བ་ནི་གཟུགས་ཅན་མའོ། །སྦྱང་དཀའ་བ་ནི་ཁྭ་གདོང་མའོ། །མངོན་དུ་གྱུར་པ་ནི་ལུག་གདོང་མའོ། །རིང་དུ་སོང་བ་ནི་ཁྱི་གདོང་མའོ། །མི་གཡོ་བ་ནི་ཕག་གདོང་མའོ། །ལེགས་པའི་བློ་གྲོས་ནི་གཤིན་རྗེ་བརྟན་མའོ། །ཆོས་ཀྱི་སྤྲིན་ནི་གཤིན་རྗེ་ཕོ་ཉ་མའོ། །དེ་བཞིན་གཤེགས་པ་ཅན་ནི་གཤིན་རྗེ་མཆེ་བ་མའོ། །རྡོ་རྗེ་སྤྱོད་པ་ཅན་ནི་གཤིན་རྗེ་འཇོམས་མའོ། །དབུས་ཀྱི་རྡོ་རྗེ་ཕག་མོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ས་བཅུ་རྣམ་པར་དག་པའོ། །དེ་ནས་ཡང་དག་བཤད་བྱ་བ། །གནས་སོགས་མིང་ཡིག་དང་པོའོ། །རང་གི་ལུས་ལ་དགོད་པར་བྱ། །མུཾ་ཨཱཾ་པཾ་མཾ་ཏཾ་ཥུཾ་ཤཾ་ཕུཾ་གླཾ་བླཾ་སླཾ་གྷཾ་ཨུཾ། རྩ་བའི་གདན་གསང་བའི་འཁོར་ལོ་རྡོ་རྗེ་ཕག་མོ་རིགས་ལྡན་མའོ། །བདག་གི་གདན་སྙིང་གི་པདྨར་རྡོ་རྗེ་མཁའ་འགྲོ་མའོ། །གཞན་གྱི་གདན་ལྐོག་མའི་པདྨར་ལྔ་མའོ། །སྔགས་ཀྱི་གདན་ལྟེ་བའི་པདྨར་ཁཎྜ་རོ་ཧའོ། །དེ་ཁོ་ན་ཉིད་ཀྱི་གདན་དཔྲལ་བར་གཟུགས་ཅན་མའོ། །ཐམས་ཅད་པདྨའི་གདན་གཙུག་ཏོར་གྱི་པདྨར་དཔལ་ཧེ་རུ་ཀའོ། །འདི་དག་ནི་ཡེ་ཤེས་ཀྱི་འཁོར་ལོ་སྟེ་གཡས་སྐོར་གྱིས་སོ། །ཁྭ་གདོང་མ་ལ་སོགས་པ་སྒོ་བརྒྱད་དུ་དགོད་པ་བརྗོད་པར་བྱ་སྟེ། །མདུང་གིས་འབིགས་པ་ཁའི་སྒོར་ཁྭ་གདོང་མའོ། །ཚིག་པའི་རོ་སྣ་བུག་གཡས་ཀྱི་སྒོར་འུག་གདོང་མའོ། །བརྣགས་པའི་དྲིར་བཤད་པའི་སྒོར་ཁྱི་གདོང་མའོ། །རུལ་པ་ཅན་སྣ་བུག་གཡོན་པའི་སྒོར་ཕག་གདོང་མའོ། །གཡས་སྐོར་གྱིས་སོ། །བྱིས་པ་ཤི་བ་རྣ་བ་གཡོན་པའི་སྒོར་གཤིན་རྗེ་བརྟན་མའོ། །སྦྲུལ་གྱིས་ཟོས་པ་རྣ་བ་གཡས་པའི་སྒོར་གཤིན་རྗེ་ཕོ་ཉ་མའོ། །དུར་ཁྲོད་འཇིགས་པའི་དབུས་སུ་མིག་གཡས་པའི་སྒོར་གཤིན་རྗེ་མཆེ་བ་ཅན་མའོ། །ལྷག་མ་སྤྱན་མིག་གཡོན་པའི་སྒོར་གཤིན་རྗེ་འཇོམས་མའོ། །འདི་ནི་གཡོན་
༄། །ནས་བསྐོར་བ་སྟེ། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨཱཿ་ཧཱུཾ། སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྦ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་སྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་ཤེས་པས། །དམ་ཚིག་འཁོར་ལོ་མ་མྱུར་གཞུག །དེ་ནས་གོ་ཆ་གཉིས་བཤད་པར་བྱ་སྟེ། །ཨོཾ་ཧ་སྙིང་གར་རོ། །ན་མཿ་ཧི་སྤྱི་བོར་རོ། །སྭཱ་ཧཱ་ཧུ་གཙུག་ཏོར་ཏུའོ། །པོ་ཥ་ཊ་ཧེ་ཕྲག་པ་གཉིས་སུའོ། །ཧཱུཾ་ཧཱུཾ་ཧོ་མིག་གཉིས་ལའོ། །ཕཊ་ཧཾ་ཡན་ལག་ཐམས་ཅད་ལ་སྟེ་མཚོན་ཆའོ། །དང་པོར་རྡོ་རྗེ་སེམས་དཔའི་སྟེ། །གཉིས་པ་རྣམ་པར་སྣང་མཛད་བཞུགས། །གསུམ་པ་པདྨ་གར་དབང་ཕྱུག །བཞི་པ་དཔལ་ལྡན་ཧེ་རུ་ཀར་བརྗོད། །རྡོ་རྗེ་ཉི་མ་རྟ་མཆོག་སྟེ། །གོ་ཆ་དྲུག་གིས་འདི་ལ་བསྲུངས། །ཨོཾ་བཾ་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་ཡ་མི་ནིའོ། །ཧྲིཾ་མོཾ་རྨོངས་བྱེད་མའོ། །ཧྲེཾ་ཧྲིཾ་སྐྱོད་བྱེད་མའོ། །ཧཱུཾ་ཧཱུཾ་འཇིགས་བྱེད་མའོ། །ཕཊ་ཕཊ་ཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །ལྟེ་བ་སྙིང་ག་དེ་བཞིན་ཁ། །མགོ་དང་སྤྱི་གཙུག་མཚོན་ཆ་ཉིད། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོ་རབ་ཏུ་སྦྱར། །དེ་ནས་དཔྲལ་བའི་དབུས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་སྒྱུར་བར་བྱེད་པ་སྟེ། །རྐང་པ་མནན་ཞིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་ཀུན་དུ་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དབང་བསྐུར་བའི་སྔགས་སོ། །རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་བཟླ་ཞིང་སྦྱིན་སྲེག་བྱ་སྟེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། འདི་ནི་སྙིང་པོའི་སྔགས་ཡི་གེ་བཅུ་པ་སྟེ་ཕ་རོལ་ཏུ་ཕྱིན་པ་བཅུའི་དག་པའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་
༄། །པོའི་སྔགས་ཡི་གེ་བཅུ་དགུ་པོའི། །ཨོཾ་པཾ་ཡོཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཕཊ། འདི་ནི་ཡི་གེ་བརྒྱད་པའི་གོ་ཆའི་སྔགས་སོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་བཛྲ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ། བཅུ་བཞི་པ་ཤར་གྱི་ཞལ་རྡོ་རྗེ་མཁའ་འགྲོ་མའི་སྔགས་སོ། །ཨོཾ་གྲྀཧྞ་གྲྀཧྞ་བཛྲ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་བཅུ་གཉིས་པ་ལྷོའི་ཞལ་ལཱ་མའི་སྔགས་སོ། །ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་བཅོ་བརྒྱད་པ་ནུབ་ཀྱི་ཞལ་ཁཎྜ་རོ་ཧཱིའི་སྔགས་སོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་རཱ་ཛ་བཛྲ་རཱུ་པི་ནི་ཧཱུཾ་ཧཱུཾ་ཕཊ། ཡི་གེ་བཅོ་བརྒྱད་པ་བྱང་གི་ཞལ་གཟུགས་ཅན་མའི་སྔགས་སོ། །ལྷ་མོ་བཞི་སྟེ་གླིང་བཞི་པའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལྤཱ་གནི་སཾ་ནི་བྷཱ་ཡ་བཛྲ་ཨུ་ལུ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ་བཛྲ་ཤྭ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚཱ་ཀ་རཱ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་སཱུ་ཀཱ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུརཱ་ཡ་ཡ་མ་ད་དྷི་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཾ་ག་དྷ་རི་ཎེ་བཛྲ་ཡ་མ་དཱུ་ཏཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ན་ཨཾ་བ་ར་བྷ་རཱ་ཡ་བཛྲ་ཡ་མ་དཾ་ཥྚཱ་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུཾ་མྦྲན་དྷ་ཀཱ་ར་ཝ་བུ་ཥཱ་ཡ་བཛྲ་ཡ་མ་མ་ཐཱ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། །ལྷ་མོ་བརྒྱད་ཀྱི་རྐང་པ་བརྒྱད་ཀྱི་སྔགས་སོ། །གཏོར་མ་སྤྱད་བའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱ་ཎི་བི་ཤྭ་དྷ་ནི་ཧཱུཾ་ཕཊ། ཨོཾ་གྱིས་སྤྱད་པའི། །ཨཿ་ཡིས་རྟོགས་པའོ། །ཧཱུཾ་གིས་གཟི་བརྗོད་བསྐྱིད་པའོ། །ཧོ་ཡིས་བདུད་རྩིར་བྱའོ། །ཧཾ་ཡིག་གིས་དགུག་གོ །ཀྵ་ཡིག་གིས་གཤེགས་སུ་གསོལ་བའོ། །ལག་པ་གཡོན་པས་ནི་སྦྱང་བའོ། །གཡས་ཀྱིས་ནི་རྟོགས་པར་བྱའོ། །ཐལ་མོ་གཤིབས་ཏེ་བརྐྱང་བས་དོན་ནི་གཟི་བརྗིད་བསྐྱེད་དོ། །ནམ་མཁའ་ལྡིང་གི་ཕྱག་རྒྱས་ནི་བདུད་རྩིས་བྱའོ། །ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་ནི་དགུག་གོ །རྡོ་རྗེའི་ཕྱག་རྒྱས་ནི་སྟབ་ཅིང་ལག་པའི་རྒྱབ་ཏུ་སེ་གོལ་གསུམ་གྱིས་གཤེགས་སུ་གསོལ་ལོ། །ཨོཾ་བཛྲ་ཨ་རལླི་ཧོ། །ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། །མཚན་ཕྱེད་ན་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་གཏར་མ་གཏང་ངོ༌། །ཨོཾ་ཁ་ཁ་ཁཱ་ཧེ་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས། བྷཱུ་ཏ། པྲེ་ཏ་པི་ཤྭཱ་ཙ། ཨུཾ་མ་ད། ཨ་པ་སྨ་ར། ཌཱ་ཀི་ནྱ་ད་ཡ། ཨི་མཾ་པ་ལིཾ་གྲྀཧྞ་ན་ཏུ། ས་མ་ཡ་རཀྵཾ་ཏུ། མ་མ་སརྦ་སིདྡྷ་པྲི་
༄། །ཡ་ཙྪ་ན་ཏུ། ཡ་ཐཻ་བཾ། ཡ་ཐེ་ཥྛཾ། བྷཱུཾ་ཛ་ཐ། པི་ལ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སདྒུ་ཁཾ་བི་བྲི་དྡྷ་ཡེ་ས་ཧཱ་ཡི་ཀ་བྷ་བནྡུ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཏོར་མ་གཏང་བའི་སྔགས་སོ། །ཡུལ་དང་གྲོང་གི་བདག་པོ་ལ་གཏོར་མ་སྦྱིན་ཏེ། ཡི་གེ་མི་མཉམ་པ་ནི་ཐོག་མའམ་དབུས་སམ་ཐ་མའི་ཡི་གེའོ། །ཡི་གེ་མཉམ་པ་ནི་དང་པོའམ་ཐ་མའི་ཡི་གེའོ། །དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱཿ་ཧཱུཾ་ཀྵེ་ཏྲ་བ་ལ་བ་ལི་གྲྀཧྞ་གྲྀཧྞ་ས་པ་རི་ཝཱ་རེ་བྷྱཿ་སརྦ་ས་ཏྭ་ནཱཾ་ཤཱི་ཏི་ཙེཏྟ་ནི་ཀུ་རུ་སྭཱ་ཧཱ། ཨོཾ་ཧ་རི་ཏི་པཎྜེ་ཀྱེ་པྲ་ཏཱི་ཙྪ་སྭཱ་ཧཱ། འཕྲོག་མ་ལ་ཆང་བུ་གཉིས་བྱིན་ནས། ཨོཾ་དུ་ཏི་ཀྱེ་ཨ་གྲ་གྲ་སཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙི་ཥྚ་བ་ལིཾ་ཨུ་ཙི་ཥྚ་བྷཀྵ་བྷཀྵ་སྭཱ་ཧཱ། བསྟབས་པའི་ཆོ་ག་བཤད་པར་བྱ་སྟེ། ཨོཾ་ཨ་ཧོ་ཀྵ་རིམ་པས་གནས་པ་རྣམས་ཀྱིས་སྦྱང་བ་ལ་སོགས་པ་བྱའོ། །ཟླ་བ་ཞུ་བ་ལྟ་བུར་བསྒོམ་སྟེ། རིམ་གྱིས་སྣོད་དེ་ནས་ནི་ཐིག་ལེ་ཟླ་བའི་འོད་ཟེར་དག་གིས་ངེས་པར་ལག་པའི་པདྨའི་མིང་མེད་ནིས་གཞིར་ཕྱི་རོལ་ནི། གྲུ་གསུམ་བྱས་ནས་ནང་དུ་ཉི་མའི་དཀྱིལ་འཁོར་ལྟ་བུའི་ཟླུམ་པོ་དེའི་དབུས་སུ་ནི། ཡེ་ཤེས་འཁོར་ལོ་སྲིད་པ་གསུམ་ཡང་ཆུད་པའི་དཀྱིལ་འཁོར་འཁོར་ལོ་བསམ་བྱ་དང༌། ཞིང་གསལ་དེ་ལ་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་བསྟབས་པར་བྱ་སྟེ། ཨོཾ་ཨཱཿ་ཧཱུཾ་ཧོ་སྐུ་གསུང་ཐུགས་རྡོ་རྗེ་ཅན་ལའོ། །དེ་ནས་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿ་།རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་དང༌། ནམ་མཁའ་ལ་སོགས་པའི་ཁམས་རྣམས་སོ། །ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་ཨཾ་ཨཿ་།དབང་པོ་དྲུག་དང་ཡུལ་དྲུག་གོ །ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ་།ཐབས་དང་ཤེས་རབ་ཀྱི་ལུས་ཅན་རྣམས་ཏེ། ལས་ཀྱི་དབང་པོ་ཞེ་སྡང་རྡོ་རྗེ་ལས་སོགས་པའི་རང་བཞིན་ནོ། །ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ད་དཱ། ཙ་ཙཱ་ཚ་ཚཱ་ཛ་ཛཱ་ཛྷ་ཛྷཱུ་ཉ་ཉཱ། ཊ་ཊཱ་ཋ་ཋཱ་ཌ་ཌཱ་ཌྷ་ཌྷ་ཎ་ཎཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། ས་སཱ་ད་དཱ་ཤ་ཤཱ་ཥ་ཥཱ། ཐྐ་ཐྐཱ་ཧ་ཧཱ་ཡ་ཡཱ་ར་རཱ་ལ་ལཱ་ཝ་ཝཱ་ཀྵ་ཀྵཱ། ཐབས་དང་ཤེས་རབ་སུམ་ཅུ་རྩ་དྲུག་གི་རིགས་རྣམས་ལ་རྣལ་འབྱོར་བས་བསྟབས་པའི་ཆོ་ག་འདི་དག་པར་བྱའོ། །ཕུང་པོ་དྲུག་པོ་གཟུགས་སོགས་ནི། །སུམ་ཅུ་རྩ་དྲུག་རྟག་ཏུ་མཆོད། །ས་ཆུ་དང་ནི་མེ་དང་རླུང༌། །དེ་བཞིན་ཁུ་བ་དང་ན་རྡུལ།།
༄། །ཁམས་དྲུག་ཏུ་ནི་འདི་ལ་བཤད། །ལུས་ཅན་རྣམས་ཀྱི་གཟུགས་པོའོ། །ལྐོག་མ་རྐ་ན་དང་སྤྱི་བོ་དང༌། །མཆུ་དང་སོ་རྗེས་སྣ་ལྡན་ཏེ། །འདུ་ཤེས་ཀྱང་ནི་དྲུག་ཏུ་བཤད། །དངོས་དང་དངོས་མེད་སྟོན་བྱེད་པ། །བལྟ་དང་ཉན་དང་སྣོམ་པ་དང༌། །ལྕེ་ལུས་ཡིད་ཀྱི་དབང་རྣམས་ཀྱིས། །མིག་ལ་སོགས་པ་རྣམ་པ་དྲུག །རྣམ་ཤེས་ཕུང་པོར་བཤད་པ་ཡིན། །དེ་བཞིན་གཟུགས་དང་སྒྲ་དང་ནི། །དྲི་དང་ཡང་ནི་རོ་དང་སྟེ། །རེག་བྱ་དང་ནི་ཆོས་ཀྱི་ཁམས། །མྱོང་བ་ལས་ནི་ཚོར་བར་བརྗོད། །དེ་བཞིན་དབང་པོ་དྲུག་སྒོ་ནས། །རྣམ་པར་ཤེས་རྣམས་རབ་འཇུག་པ། །འདུ་བྱེད་རྣམ་པ་དྲུག་ཏུ་བརྗོད། །ཡུལ་རྣམས་ལ་ནི་འཇུག་བྱེད་པའི། །སྲོག་དང་རྩོལ་བའི་ཉིན་མཚན་གང༌། །སྟེང་དང་འོག་གི་ལམ་གསུམ་དུ། །རྩ་ནི་དྲུག་པོ་རབ་རྒྱུ་བ། །ཡེ་ཤེས་ཀྱང་ནི་རྣམ་པ་དྲུག །སུམ་ཅུ་བདུན་ང་སེམས་ཆེན་པོ། །སུམ་ཅུ་རྩ་དྲུག་རྣལ་འབྱོར་མ། །ཁམས་རྣམས་ཀྱིས་བསྐོར་རྣལ་འབྱོར་བ། །ལྷ་ཡི་གཟུགས་ཀྱིས་རྣལ་འབྱོར་སྤྱོད། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པའི་མགུལ་དངོས་རྣམ་པར་བརྒྱན། །ལྷ་ཡི་སྙིང་པོའི་སྔགས་ཀྱིས་ནི། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །རྣ་ཆ་ཡིས་ནི་རྣ་བ་བརྒྱན། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། །ལག་པ་གཉིས་ཀྱིས་གདུ་བུའོ། །རྣལ་འབྱོར་མ་དྲག་སྔགས་ཀྱིས་ནི། །སྐེ་རགས་ཀྱིས་ནི་རྐང་པ་བརྒྱན། །འཁོར་ལོ་ཀུན་གྱིས་རྣལ་འབྱོར་མའི། །སྔགས་ཀྱིས་བཏུང་བའི་ཐོད་པ་ཡིན། །རྣམ་པར་སྣང་མཛད་སྔགས་གང་ཡིན། །ཐོད་པས་མགོ་བོ་རྣམ་པར་བརྒྱན། །དེ་ལྟར་བདག་ཉིད་རྣམ་བསམས་ནས། །ཚམ་དམ་སྔགས་ཀྱིས་ཤིན་ཏུ་བསྲུང༌། །ཚངས་པར་སྤྱོད་པ་རྟག་འགྱུར་བས། །མི་འགྱུར་རྣལ་འབྱོར་བསྒོམ་བྱ་སྟེ། །དེ་ལྟར་ལེགས་བསམས་རྣལ་འབྱོར་བདག །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །དེ་ཉིད་རྣལ་འབྱོར་ཡང་དག་ལྡན། །རྣལ་འབྱོར་བློ་ལྡན་རྣམ་པར་སྤྱོད། །ངེས་པའི་དོན་གྱིས་ལྷ་མོ་བསྒོམ་པ་བརྗོད་པར་བྱ་སྟེ། འདི་ཡི་དངོས་མེད་མེད་མི་འགྱུར། །དངོས་པོས་སྟོང་དོན་མཐོང་ཕྱིར་རོ། །སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། །སྣང་བ་ཙམ་གྱིས་ཡེ་ཤེས་ནི། །སྐྱེ་མེད་དང་བཞིན་འཇིག་རྟེན་གསུམ། །ལུས་གནས་ཡེ་ཤེས་ཆེན་པོ་ལ། །
༄། །ཀུན་དུ་རྟོགས་པ་ཐམས་ཅད་སྤངས། །དངོས་པོ་ཀུན་གྱིས་ཁྱབ་བྱེད་དེ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །སངས་རྒྱས་ཀུན་གྱིས་སྡོམ་པ་ནི། །ཨ་ཝཾ་ཡི་གེར་རབ་ཏུ་གནས། །ལུས་ངག་ཡིད་ཀྱི་རྩ་གསུམ་ལ། །ལུས་ངག་ཡིད་ཀྱི་དངོས་པོ་རྣམས། །རྡོ་རྗེ་གསུམ་རྣམས་ཡང་དག་སྤྱོད། །དུང་ཅན་མར་ནི་ཡེ་ཤེས་དངོས། །དེ་བཞིན་ལྷ་མོ་མཁའ་འགྲོ་གདོང༌། །ཨེ་ཝཱ་ཡི་གེར་རབ་ཏུ་གནས། །ཡི་གེ་ཨེ་ཡིས་སྟོང་ཉིད་རྒྱུ། །ཝཾ་ཡིག་གིས་ནི་སྙིང་རྗེ་འབར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ། །བྱང་ཆུབ་སེམས་ཞེས་དེ་ལ་བརྗོད། །སེམས་ནི་ནམ་མཁར་ཞེ་ན་པས་ནི། །མིག་ནི་ཕབ་སྟེ་རྡོ་རྗེ་ཡི། །ལམ་དུ་རབ་ཏུ་ཆུད་བྱས་པས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མེད་སྲིན་བུ་མེ་ཁྱེར་སྒྲོན་མ་ཉིད། །འབར་བ་དང་ནི་ཟླ་ཉི་རྡོ་རྗེ་ཡང་ནི་མཆོག་གི་ཆ་ནི་མཐོང་གྱུར་ཐིག་ལེ་ཅན། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་ལས་རྣམ་གྲོལ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ཇི་ལྟར་ཆུ་ལ་ཆུ་འདྲེས་དང༌། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་ཡེ་ཤེས་ལྔ་ཡི་དངོས། །རང་ཉིད་ཀྱིས་ནི་འདིར་མཐོང་འགྱུར། །དངོས་པོ་མེད་ལ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །གང་སུ་དག་གི་མཐུ་ཡིས་ནི། །གང་དུ་དེར་ནི་ཡང་དག་གནས། །དུས་ཀྱི་ངེས་པ་ཡོངས་སྤངས་པས། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །དེ་ནི་སྔགས་བཟླས་དཀའ་ཐུབ་ཧོ། །དཀྱིལ་འཁོར་དཀྱིལ་འཁོར་པ་ཡང་དེ། །ཕྱག་རྒྱ་ཆེན་པོའི་དོན་བསྒོམས་ལ། །ཡོན་ཏན་ཀུན་གྱི་གཞིར་གྱུར་པའི། །རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །ཕག་མོ་ཡང་ནི་སྙིང་རྗེར་གྲགས། །སྟོང་ཉིད་སྙིང་རྗེ་གྲགས། །སྟོང་ཉིད་སྙིང་རྗེ་གཅིག་པ་ལ། །རྡོ་རྗེ་ཕག་མོ་ཞེས་སུ་བརྗོད། །འདི་ནི་བདག་གིས་ངེས་པའི་དོན་བསྒོམ་པ་བཤད་པ་ཡིན་ནོ། །དཔལ་རྒྱ་ནག་བྱང་ཕྱོགས་ལམ་གྱི་རིམ་པ། །རྗེ་བཙུན་རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས་བྱང་ཆུབ་སེམས་དཔའ་རྒྱལ་པོ་སེང་གེའི་གདོང་ཅན་ཁྱབ་འཇུག་སྤངས་པས་ངེས་པར་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ཨ་ཝ་དྷཱུ་ཏཱི་པ་ཆེན་པོ། །རྒྱལ་པོའི་སྤས་འཇིགས་མེད་ལྷའི་ཞལ་སྔར་ཤཱ་ཀྱའི་དགེ་སློང་རྗེ་བཙུན་པ་ཛྙཱ་ཀཱི་རྟིས་བསྒྱུར་བའོ།། །།