Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས།  ཨ་བ་དྷཱུ་ཏཱི་པ།
  expand section
   
   
   
   
   
   
   
   
  expand section
   
   
  expand section
   
   
   
   
   
   
   


 
previousདོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཨ་བ་དྷཱུ་ཏཱི་པ།next

དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས།
ཨ་བ་དྷཱུ་ཏཱི་པ།


DTG023_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་ཨརྠ་སིདྡྷི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དོན་ཀུན་གྲུབ་པའི་སྒྲུབ་ཐབས་འདི། །བླ་མ་ཉེ་བར་བསྟེན་པས་བརྗོད། །མན་ངག་གསང་ཕྱིར་རྣལ་འབྱོར་འདི། །སྐལ་བ་ཅན་རྣམས་ཉིད་ལ་འོས། །དེ་ལ་དང་པོར་རེ་ཞིག་སྔགས་པས་སྐྱེ་བོས་དབེན་ཞིང་ཡི་དང་མཐུན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། །དམ་ཚིག་དང་བཅས་པས་གནས་དང༌། བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ། །བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་སྔགས་བརྗོད་པར་བྱ་བ་ནི། ཨོཾ་ཧྲཱིཿ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚཱ་ན་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་བསྒོམ་པར་བྱའོ། །དེ་ནས་རང་གི་ལྟེ་བའི་དབུས་སུ་འཁོར་ལོ་གྲུ་གསུམ་དམར་པོ་བསྒོམས་ནས། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་རོ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱི་དམར་པོ་བསྐལ་པའི་མེ་འབར་བ་བལྟ་བར་བྱའོ། །དེའི་རྗེས་ལ་ས་བོན་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་ཕག་མོ་ལི་ཁྲི་ལྟར་དམར་བའི་མདོག་ཅན། པདྨ་དང་ཡི་དགས་དང་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་པའི་ཞབས་ཀྱིས་བཞུགས་པ། སྐྲ་དང་བ་སྤུ་དང་སྦོ་གཞུག་གི་སྤུ་གྱེན་དུ་ལངས་པ། །ཐོད་པ་ལྔས་དཔྲལ་


DTG023_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བརྒྱན་པར་བྱས་ལ། །མགོ་བོའི་ཕྲེང་བས་སྐུ་ལ་བརྒྱན་པ། །ཕྱག་རྒྱ་ལྔས་མཛེས་པར་བྱས་པ། ཞལ་གཅིག་པ་སྤྱན་གསུམ་པ། །ཞལ་ཁྲོ་གཉེར་བསྙེར་བ་རྡོ་རྗེའི་འོད་མངའ་ཞིང་ལྗགས་འདྲིལ་བ། །གཅེར་བུ་ཕྱག་བཞི་པ། གཡས་ན་རྡོ་རྗེ་དང༌། རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་ན་ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། སྡིགས་མཛུབ་དང༌། ཞགས་པ་བསྣམས་པ། ཐུང་ཞིང་གསུས་པ་འཕྱང་བ། །གདུག་པ་ཅན་ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་གང་མོ་དགོད་པ། ཁྲོ་མོའི་རང་བཞིན་ཅན་དེ་ལྟ་བུར་གྱུར་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ལྷ་མོ་བཀུག་ནས་ཆོ་ག་བཞིན་དུ་གཙུག་སྟེ། ཡང་དག་པར་མཆོད་ནས། །མཉམ་པར་གཞག་པའི་སེམས་ཀྱིས་བསྙེན་པའི་དུས་སུ་སྔགས་ཀྱི་བཟླས་པ་བྱའོ། །ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦྦ་དུ་ཥྚཱཾ་ཧྲཱི་སྭཱ་ཧཱ། འཁོར་ལོ་གྲུ་གསུམ་ལ་གནས་པའི་གསང་སྔགས་བཟླས་པ་དང༌། མཆོད་པ་དང༌། བསྒོམ་པའི་ཆོ་ག་འབུམ་བཟླས་པས་འགྲུབ་སྟེ་འདི་ལ་ཐེ་ཚོམ་མི་བྱའོ། །ཐང་ཁ་ལ་སོགས་པའི་མདུན་དུ་ཤ་ཆེན་གྱི་ཕྱེ་མའི་བདུག་པ་སྔགས་འདིས་མཉམ་པར་གཞག་པས་དབུལ་ལོ། །ཨོཾ་ཨཱཿ་ཧྲཱིཾ་ཧཱུཾ་ཧཱུཾ་ཧཿ་ཧཿ་ཞེས་པ་ལ་ལན་ཉི་ཤུ་རྩ་གཅིག་བརྗོད་པ་དང་བཅས་པས་བདུག་པ་དབུལ་ཏེ་གཞན་དུ་མ་ཡིན་ནོ། །ཨོཾ་ཧྲིཾ་ཧཾ་ཧཾ། ཧེ་ཧེ། ཧ་ཧ། ཧི་ཧི། ཕེཾ་ཕེཾ་ཕེཾ་ཞེས་བྱ་བའི་སྔགས་སྒྲ་དང་བཅས་པ་བརྗོད་ཅིང༌། མཆོད་པའི་ཡོ་བྱང་ལྔ་དང་བཅས་པའི་གཏོར་མ་མཚན་ཕྱེད་ན་དབུལ་བར་བྱ་སྟེ། །གཏོར་མ་བྱིན་པ་འདི་ཡིས་ནི། །རྟག་ཏུ་བདུད་སོགས་ཞི་བར་བྱེད། །ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་གསང་ནས་མཆོད་པ་བྱས་ན་རྡོ་རྗེ་རྣལ་འབྱོར་མ་འགྲུབ་པར་འགྱུར་རོ། །དེ་ལྟར་བསྙེན་པ་བྱས་ནས་དངོས་གྲུབ་གྲུབ་པའི་དུས་སུ་ནོ་ཚོགས་པ་ཚང་བ་ཅན་གྱིས་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་ཐམས་ཅད་བྱས་ན་དེ་ལ་རྣལ་འབྱོར་མས་བྱིན་གྱིས་བརླབ་ཀི་གཞན་དུ་ནི་མ་ཡིན་ནོ། །དོན་ཐམས་ཅད་གྲུབ་པའི་སྒྲུབ་ཐབས་སློབ་དཔོན་མཁས་པ་གྲུབ་པ་བསྙེས་པ་ཨ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་སོ།། །།བལ་པོའི་ཨཱ་ཙཱ་ཪྻ་བྷ་རེནྡྲ་རུ་ཙི་དང༌། ལེ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།


previousདོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཨ་བ་དྷཱུ་ཏཱི་པ།next