Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
  expand section
   
   
  collapse section
རྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ།  དཱ་རི་ཀ་པ།
   
   
   
   
   
   
   
   
   


 
previousརྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ། དཱ་རི་ཀ་པ།next

རྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ།
དཱ་རི་ཀ་པ།

རྣལ་འབྱོར་གྱི་རྗེས་སུ་འབྲང་བ།


DTG023_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཡོ་ག་ཨ་ནུ་སཱ་རི་ཎཱི་ནཱ་མ་བཛྲ་ཡོ་གི་ནཱི་ཊཱི་ཀཱ། བོད་སྐད་དུ། རྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མའི་འགྲེལ་བ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དེ་བཞིན་ཉིད་ཀྱི་རང་བཞིན་གྱིས། །གང་ཞིག་ལུས་མཆོག་འཛིན་གྱུར་པ། །རྟག་ཏུ་རྡོ་རྗེ་ཕག་མོ་དེས། །ཁྱེད་ལ་ཕུན་ཚོགས་བྱེད་པར་ཤོག །རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བདེ་རྟོགས་པར། །རྣལ་འབྱོར་


DTG023_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུ་འབྲང་བ་ཡི། །བདག་གིས་འགྲེལ་བ་བྲི་བར་བྱ། །འདིར་ནི་མ་རིག་པ་ལ་སོགས་པའི་དབྱར་གྱི་ཉི་མའི་གུང་ལྟ་བུ་ལ་གནས་པའི་འགོ་བ་རིགས་དྲུག་གི་སྤྲོས་པས་བསྡུས་པའི་འཁོར་བའི་སྐམས་ས་ཆེན་པོ་ལས་ཐར་བར་བྱེད་པའི་ཐབས་ཀྱི་མཆོག་གསང་བའི་རྒྱལ་པོའི་གཏམ་བྱེད་པ་དང་བྲལ་བ། རྩོད་དུས་ལ་ཆགས་པའི་སེམས་དང་ལྡན་པ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ལམ་བརྒྱགས་དང༌། ཏིང་ངེ་འཛིན་ལ་བློ་གཏད་པ་ལྷུང་བ་ཅན། དགེ་བའི་ཤིང་གི་ཤིང་ཐོག་ཐོབ་པར་མི་འགྱུར་བ་རྣམས་ཡུལ་གྱི་དགྲ་ཡིས་དགེ་བའི་བག་ཆགས་ཕྲོགས་པ་དང་ལྡན་པའི་ཕྱིན་ཅི་ལོག་པ་དང་བཅས་པའི་གཟའ་ཆེན་པོ་བབས་པར་གྱུར་པ་མྱ་ངན་ལས་འདས་པའི་ལམ་མ་ཤེས་པས་ཡང་དང་ཡང་དུ་དེ་ཁོ་ནར་འཁོར་བར་གྱུར་པའི་སྲིད་པའི་བདེ་བ་འདོད་པའི་ཤ་ཟས་བསླུ་བར་བྱས་པ་དང༌། དེ་ཉིད་མ་ཡིན་པའི་ཆགས་ཞེན་མང་པོ་ལ་གནས་པ་དང༌། རེས་འགའ་གནས་སྐབས་ཀྱི་བདེ་བ་བག་ཙམ་ཡང་ཐོབ་པར་མི་འགྱུར་བའི་སྲིད་པ་གསུམ་ལ་གནས་པར་འགྱུར་བའི་འཇིག་རྟེན་རྣམས། །སྡུག་བསྔལ་ཚ་བ་ཁོ་ནར་ཞུགས་པ་དེ་དག་ལ་བྱམས་པའི་སྙིང་རྗེའི་གྲོགས་མོའི་སྟོབས་ཀྱིས་བདེ་འགྲོར་ཡོངས་སུ་གཟུང་བ་མེད་པའི་ཀུན་རྫོགས་ཀྱིས་སྐྱེ་བ་ཡོངས་སུ་འཛིན་པ་དང་ཡོན་ཏན་དཔག་ཏུ་མེད་པའི་གཞིས་གཞི་འཛིན་པ་དང༌། མྱ་ངན་ལས་འདས་པའི་ལམ་བླ་ན་མེད་པ་ཉེ་བར་སྟོན་པ་དང༌། བསྐལ་བ་དཔག་ཏུ་མེད་པར་གཞན་དོན་བྱེད་པའི་སྙིང་རྗེའི་བརྟུལ་ཞུགས་ཆེན་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཆར་དཔལ་འཁོར་ལོ་སྡོམ་བ་ཞེས་བྱ་བ་ཧེ་རུ་ཀའི་རྒྱལ་པོས་ཇི་ལྟར་སྣོད་དུ་རུང་བའི་སྐྱེ་བོ་གདུལ་བའི་བྱ་བའི་ཐབས་བསྟན་པར་འདོད་པས། དབང་པོ་རྣོ་བའི་དབང་གིས་རྣལ་འབྱོར་གྱི་ལམ་ཁོ་ནར་ཤིན་ཏུ་སླ་བས་རྣལ་འབྱོར་མའི་ཚུལ་གྱིས་རྗེས་སུ་འབྲངས་པས་གཡོན་པའི་སྤྱོད་པས་མཛེས་པར་འགྱུར་བའི་རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་མཁའ་འགྲོ་མ་དྲ་བ་སྡོམ་པའི་རྒྱུད་སྟོན་པས་གསུངས་པའོ། །རྙེད་པར་སླ་བའི་བབས་ཀྱི་མན་ངག་རྙེད་པར་དཀའ་བ་ཐོབ་པར་འགྱུར་ཞེས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་དེ་བཞིན་ཉིད་ཀྱི་རྡོ་རྗེ་ཕག་མོའི་ལུས་ཅན་མ་ཤེས་རབ་ཀྱི་རང་བཞིན་ཉིད་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏོ། །དེའི་གདུལ་བྱའི་བསམ་པས་ཕྲིན་ལས་ཀྱི་དབྱེ་བ་


DTG023_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པ་དཔག་ཏུ་མེད་པ་མཐོང་བར་གྱུར་ཀྱང་འདིར་ནི་རྣམ་པ་དེ་དག་གཙོར་བསྟན་པར་མི་བྱའོ། །འོན་ཏེ་ཞལ་གཉིས་ཕྱག་གཉིས་རྡོ་རྗེ་ལྷ་མོ་གཅིག་པུའི་སྒྲུབ་ཐབས་མངོན་པར་བརྗོད་དོ། །དེ་ནི་རྒྱུད་མང་པོ་ལ་ཉེ་བར་བསྟན་པའི་དེ་ཉིད་མ་ལུས་པ་སོ་སོར་ཐོབ་པར་འགྱུར་བའི་ཐབས་ཀྱི་ཆོ་ག་མཁྱེན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱིས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ཞབས་ཀྱིས་རང་གི་རྟོགས་པར་གྱུར་པའི་ལམ་གྱི་མཚན་ཉིད་ཀྱི་མཁའ་འགྲོ་མའི་གསང་བ་མངོན་པར་བརྗོད་པས་དང་པོ་དོན་ཆེན་པོའི་དངོས་སྒྲུབ་ཀྱི་རྒྱུ་ཡིན་པས། །འགྲོ་བ་འདུལ་བར་བྱེད་པའི་ཐབས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དང༌། དེའི་སྔགས་ཀྱི་བཏུ་བ་དང༌། བཟླས་པའི་ཆོ་ག་དང༌། འཁོར་ལོ་མཆོད་པའི་ལས་རྣམས་དང༌། ལྷག་མས་སྤྱོད་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །དེའི་ཕྱིར་དང་པོར་འདིར་རྣལ་འབྱོར་མ་ཡི་དམ་ལྷའི་བར་ཆད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དོན་ཆེན་པོ་ཚོགས་པར་བྱེད་པའི་ཕྱག་འཚལ་བ་གསུངས་པ་ནི། བདུད་ཅེས་པ་ལ་སོགས་པས་རྡོ་རྗེ་ནི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཀྱང་ཡིན་ལ་སྦྱོར་བ་ཡང་ཡིན་ནོ། །ཐབས་ཤེས་རབ་སྙོམས་པར་འཇུག་པ་ཡང་ཡིན་ནོ། །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །གང་ཞིག་དངོས་མེད་ཤེས་རབ་དང༌། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མའོ། །ཡང་ན་རྣལ་འབྱོར་བ་དེ་འདིས་སྙོམས་པར་འཇུག་པའི་ཕྱིར་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་འདི་ལ་རང་བཞིན་གྱིས་ཡོད་པས་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོའོ། །ཡང་ན་རྣལ་འབྱོར་བར་བྱ་བ་ནི་བརྟེན་པར་བྱ་བས་རྣལ་འབྱོར་ནི་པདྨའོ། །དེ་འདི་ལ་ཡོད་པས་རྣལ་འབྱོར་མའོ། །བྱེ་བྲག་གི་བརྟེན་པའི་རྣམ་པར་གཅོད་པའི་དོན་དུ་རྡོ་རྗེས་གོང་བཞིན་དུ་ཁྱད་པར་རོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བླ་ན་མེད་པར་སྦྱོར་བའི་ཕྱིར་དང༌། །ཚོགས་གཉིས་སྦྱོར་བའི་ཕྱིར་དང༌། །གཉིས་སུ་མེད་པའི་ཡེ་ཤེས་སྦྱོར་བའི་ཕྱིར་དཔལ་ཡང་དེ། རྡོ་རྗེ་རྣལ་འབྱོར་པ་ཡང་དེ་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ། །དེ་ཇི་ལྟ་བུ་


DTG023_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ཞེ་ན། སྟོང་ཉིད་ནི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཉིད་རྟོགས་པའི་བདག་ཉིད་ཅན་ཤེས་རབ་བོ། །སྙིང་རྗེ་ནི་དམིགས་པ་མེད་པའི་འགྲོ་བ་མ་ལུས་པའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོ་ཐབས་སོ། །དེ་ཡང་སྟོང་ཉིད་སྙིང་རྗེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་གང་གི་བདག་ཉིད་དེ་དེ་བཞིན་ནོ། །ཡང་ཇི་ལྟ་བུ་ཞེ་ན། །ཁམས་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་གང་གིས་བདག་ཉིད་དེ་དེ་བཞིན་ནོ། །སྐུ་གསུམ་དབྱེར་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། འབར་བ་ནི་གསལ་བ་བསྐལ་བའི་མེའི་འོད་ལྟར་གང་གི་འོད་དེ་དེ་བཞིན་ནོ། །མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་འོད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རྣལ་འབྱོར་མ་དེ་ལ་ཕྱག་འཚལ་ལོ་ཞེས་ཤེས་པར་བྱའོ། །ཡང་ན་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྡོ་རྗེ་རྣལ་འབྱོར་མའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་མི་ཟད་པ་བདེ་བ་མཆོག་གི་རང་བཞིན་ཡིན་པས་ལྷན་ཅིག་སྐྱེས་པའི་སྐུའི་རང་བཞིན་ནོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅེས་པ་ནི་ཡང་དོན་དེ་ནི་དོན་གཞན་རྟེན་པས་བཟླས་པར་བྱ་བའི་རིགས་པས་ཟབ་པ་དང༌། །རྒྱ་ཆེ་བའི་རང་བཞིན་གྱིས་སེམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ནོ། །སེམས་ཅན་གྱི་དོན་དུ་ཁམས་གསུམ་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱིས་རྟག་པར་བྱེད་པས་ཁམས་གསུམ་པའི་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །བག་ཆགས་དང་བཅས་པའི་སྒྲིབ་པ་ཉིད་དང་བྲལ་བས་ཁམས་གསུམ་ལ་སྐུའི་འོད་ཟེར་གྱིས་རབ་ཏུ་གསལ་བའི་ཕྱིར་བསྐལ་པའི་མེ་ལྟར་འབར་བའི་འོད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ལྟ་བུའི་སྐུ་བཞིའི་རང་བཞིན་ཡང་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་ཕག་མོ་བཤད་ཅེས་གསུངས་སོ། །ཡང་ན་ལྟེ་བའི་མཚོ་སྐྱེས་ནི་ཁ་གྱེན་དུ་གདེངས་པ་དང༌། །སྤྱི་བོའི་མཚོ་སྐྱེས་ནི་ཁ་ཐུར་དུ་བལྟས་པ་ཨེའི་རྣམ་པ་ཟུར་གསུམ་པ། ཤེས་རབ་ཀྱི་ངོ་བོར་ལྷག་པར་མོས་པར་བྱའོ། །སྙིང་གའི་མཚོ་སྐྱེས་ནི་ཁ་འོག་ཏུ་ལྟ་བ་དང༌། །མགྲིན་པའི་མཚོ་སྐྱེས་ནི་ཁ་གྱེན་དུ་གདེངས་པའི་བཾ་ཡིག་གི་རྣམ་པ་ཅན་ཟླུམ་པོ་ཐབས་ཀྱི་རང་བཞིན་ནོ།།


DTG023_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་དུ་ཁ་སྦྱོར་གྱི་རྒྱུད་ལས་ཀྱང༌། སྤྱི་བོ་ལྟེར་གནས་འཁོར་ལོ་ནི། །ཨེ་ཡི་རྣམ་ཅན་ཡང་དག་གནས། །སྙིང་དང་མགྲིན་པར་གནས་པ་ཡི། །བཾ་གྱི་རྣམ་པ་ལྟ་བུར་ཤེས། །ཞེས་གསུངས་པས་ལྟེ་བ་དང༌། སྙིང་གའི་པདྨ་དང༌། སྤྱི་བོ་དང་མགྲིན་པའི་པདྨ་གཉིས་གཉིས་ལ་གཏུམ་མོའི་འགྲོ་བ་དང་འོང་བས་བདེ་བ་ཆེན་པོ་རོ་གཅིག་པ་ཉིད་ཀྱིས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །དེ་ལྟ་བུའི་ཨེའི་ཡི་གེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །བཾ་གྱི་ཡི་གེ་ཡང་དེ་བཞིན་ནོ། །རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །དེའི་རང་བཞིན་རྣལ་འབྱོར་མ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མས་སོ། །ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན་ནི་དཔལ་གཉིས་སུ་མེད་པའི་རང་བཞིན་ཡང་ཡིན་ལ། དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་ཡང་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ། །ཇི་ལྟ་བུ་ཞེ་ན། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱི་དོན་ནི་སྔར་བཤད་པའོ། །ཡང་ཇི་ལྟ་བུ་ཞེ་ན། ཁམས་ནི་སྐུ་གསུམ་ལ་སྤྲོ་བ་དང་བསྡུ་བའི་བྱེ་བྲག་གིས་སོ། །ངོ་བོ་ཉིད་ནི་སྐྱེ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། གྱེན་དུ་འགྲོ་བས་སྙིང་ག་དང་མགྲིན་པ་དང༌། དཔྲལ་པའི་འཁོར་ལོ་རྣམས་བསྲེགས་ནས་ཧཾ་ཡིག་ཞུ་ནས་ཐུར་དུ་སོང་བས་འཁོར་ལོ་གསུམ་ཡང་སོས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་དགྱེས་པ་རྡོ་རྗེ་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་པ། །བསྲེགས་པས་རི་བོང་ཧཾ་འཛག་ལྟར། །ཞེས་པའོ། །ཡང་ཇི་ལྟ་བུ་ཞེ་ན། བསྐལ་བའི་མེ་ལྟར་འབར་བའི་འོད་ནི་ཇི་ལྟར་བསྐལ་བའི་མེས་ཁམས་བསྲེག་པར་འགྱུར་བས་མེ་འབར་བས་གསལ་བར་འགྱུར་བ་ལྟར། དེ་བཞིན་དུ་ལས་ཀྱི་གཏུམ་མོ་ལ་སོགས་པའི་སྦྱོར་བས་འབར་བར་འགྱུར་བའི་གཏུམ་མོ་ལྟེ་བ་ལས་གྱེན་དུ་འགྲོ་བས་ཆོས་དང་ལོངས་སྤྱོད་དང༌། བདེ་བ་ཆེན་པོའི་འཁོར་ལོ་རྣམས་བསྲེགས་ཤིང་རང་འོད་ཀྱིས་འབར་རོ། །འདི་ལ་དོན་འདི་ཡིན་ཏེ། བཅོམ་ལྡན་འདས་མ་ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན། དཔལ་རྡོ་རྗེ་རྣལ་འབྱོར་མ་གྱེན་ལ་འགྲོ་བས་འབར་བ་ངེས་པར་འབྱུང་བའི་ཕྲ་མོའི་འོད་ཟེར་དཔག་ཏུ་མེད་པའི་ཚོགས་ཀྱིས་བ་སྤུའི་བུ་གའི་མཚམས་རྣམས་ཁྱབ་ཅིང༌། དེ་དག་ལ་


DTG023_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྲོས་ནས་རྩ་དབུ་མའི་ལམ་དུ་གྱེན་ལ་འགྲོ་བས། །ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་བསྲེགས་པས་བདེ་བ་ཆེན་པོའི་འཁོར་ལོ་ཞུ་ནས་དེའི་ཁུ་བ་དང་རོ་གཅིག་པ་འོག་ཏུ་འཛག་པར་འགྱུར་བས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསོ་བར་བྱེད་པ། ཕུང་པོ་ལ་སོགས་པ་སྒྲོ་བཏགས་པ་ཟིལ་གྱིས་གནོན་ཅིང༌། ཐབས་དང་ཤེས་རབ་རོ་གཅིག་པ་བདེ་བ་ཆེན་པོ་རྗེས་སུ་མྱོང་བའི་ངོ་བོ་ཉིད་ལྟེ་བར་གནས་པ་བསྒོམ་པར་བྱའོ། །ཡང་ན་འཆད་པར་འགྱུར་བའི་སྒོམ་གྱི་གོ་བར་བྱེད་པའི་ཚིགས་སུ་བཅད་པ་ནི་དེ་ལ་དང་པོར་བསོད་ནམས་ཀྱི་ཆོགས་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་མཆོད་པའོ། །མཆོད་པ་སྔོན་དུ་འགྲོ་བས་བསོད་རྣམས་བསྡུས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་སྟོང་པ་ཉིད་བསྒོམ་པའོ། །དེ་བས་ན་སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ། །དེ་ནས་ཁམས་གསུམ་རྣམ་པར་དག་པའི་ཆོས་འབྱུང་ཟུར་གསུམ་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བརྟེན་པའི་ལྷ་བསྒོམ་པ་ནི་བསྐལ་པའི་མེ་ལྟར་འབར་བའི་འོད་ནི་དྲག་པོ་དང་བཅས་པའི་སྒེག་པ་ལ་སོགས་པའི་རོ་དང་ལྡན་པའི་ལུས་འབར་བའི་ཕྲེང་བའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་དོན་རྣམ་པ་བཞི་དང་ལྡན་པའི་ཚིགས་སུ་བཅད་པའོ། །ཕྱག་འཚལ་བའི་རྗེས་ལ་བློ་ཅན་གྱི་འཇུག་པའི་ཡན་ལག་གིས་བརྗོད་པར་བྱ་བ་ལ་སོགས་པ་བརྗོད་ནས་མན་ངག་དང་བཅས་པའི་སྒྲུབ་ཐབས་བསྟན་པ་ཉེ་བར་གསུངས་པ་ནི་བླ་མ་ཞེས་པ་ལ་སོགས་པའོ། །དེ་ལ་སྒྲུབ་ཐབས་ཞེས་པ་ནི་བརྗོད་པར་བྱ་བའི་ཉེ་བར་བསྟན་པའོ། །གཞུང་གི་ཚོགས་ནི་བརྗོད་པའོ། །བླ་མ་ཞེས་པ་ལ་སོགས་པ་ནི་ཁོང་དུ་ཆུད་པའི་དགོས་པའོ།། རྡོ་རྗེ་རྣལ་འབྱོར་མ་མངོན་དུ་བྱེད་པ་ནི་དགོས་པའི་དགོས་པའོ། །འགྲེལ་པ་ནི་བཤད་པར་བྱ་བ་དང་བཤད་པར་བྱེད་པའི་མཚན་ཅན་ནམ། ཐོས་པ་དང་ཐོས་པར་བྱེད་པའི་མཚན་ཉིད་ཤུགས་ལ་བཤད་པའོ། །བཤད་ཅེས་པ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་རྡོ་རྗེ་བརྗོད་པ་ནི་བཤད་པ་ཞེས་འབྲེལ་ཏོ། །སྒྲུབ་ཐབས་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་མཚན་ཉིད་ཀྱི་ལམ་མོ། །རང་ཉིད་ཀྱིས་ནི་རྫོགས་པ་ཡང་ཕྱིའི་དེ་ཉིད་ཀྱི་རབ་ཏུ་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་ཞེས་མ་འོངས་པ་བསྟན་པའོ། །སྒྲུབ་པའི་ཐབས་ཇི་ལྟ་བུ་ཞེ་ན། བླ་མ་རྡོ་རྗེ་སློབ་དཔོན་


DTG023_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཀྱི་བརྒྱུད་པའི་རིམ་པ་དེ་ལས་བྱུང་བའི་མན་ངག་གམ། དེའི་གྲུབ་མཐའ་དེ་ཁོ་ན་གང་གི་སྤྱོད་ཡུལ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་བླ་མ་དམ་པའི་བརྒྱུད་པ་ཉེ་བར་བསྟན་པའི་བརྡའི་དོན་གྱི་རང་བཞིན་གྱི་དོན་ཏོ། །ཡང་དེ་ཇི་ལྟ་བུ་ཞེ་ན། མཆོག་ནི་སྒྲུབ་ཐབས་ཐམས་ཅད་ཀྱི་སྙིང་པོ་དོན་གྱི་མཆོག་ཡིན་པའི་ཕྱིར་རོ། །གང་གི་སྒྲུབ་ཐབས་ཞེ་ན། རྡོ་རྗེ་རྣལ་འབྱོར་མའིའོ། །དེའི་དོན་བཤད་ཟིན་ཏོ། །འོན་ཏེ་བདེ་མཆོག་སྡོམ་བ་རྒྱ་མཚོ་ལ་སོགས་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་སྒྲུབ་ཐབས་འདི་རྒྱས་པར་བཤད་པ་མ་ཡིན་ནམ། དེས་ན་སྒྲུབ་ཐབས་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མདོར་བསྡུས་ཞེས་པ་ནི་སྙིང་པོའི་དོན་བསྡུས་པས་འདི་ནི་གདམས་ངག་དང་བཅས་པ་དང༌། ཉུང་བ་དང༌། སྙིང་པོའི་དོན་དང་ལྡན་པ་དང་བསྡུས་པའི་དོན་ཏོ། །ད་ནི་སྒྲུབ་པ་པོའི་མཚན་ཉིད་དང་སྒྲུབ་ཐབས་དང༌། རིམ་པ་ཇི་ལྟ་བར་ཉེ་བར་བརྗོད་པ་ནི་དང་པོར་ཞེས་པ་ལ་སོགས་པ་རེ་ཞིག་སྔགས་པས་གནས་དང་བདག་དང༌། རྣལ་འབྱོར་གྱི་བསྲུང་བའི་སྔགས་དང་ལྡན་པས་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོ་སྔགས་ཀྱི་ཁྲུས་ཀྱི་དག་པ་ནི་མ་ང་ནས་ཁྲུས་བྱའོ། །ཡང་ཇི་ལྟར་ཞེ་ན། བླ་མ་ནི་རྡོ་རྗེ་སློབ་དཔོན་ནོ། །སངས་རྒྱས་ནི་སྤང་བྱ་དང༌། བླང་བྱའི་དོན་ཐམས་ཅད་ཀྱི་དེ་ཉིད་རྟོགས་པའོ། །དེ་དག་ལ་ཐུན་མོང་མ་ཡིན་པའི་མོས་པ་དང་ལྡན་པའི་ཡིད་ཀྱིས་སོ། །སློབ་དཔོན་ལ་དད་པ་ཅན་གྱིས་དངོས་གྲུབ་ཐོབ་པར་འགྱུར་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བཛྲ་ཨ་རལླི་ལས། རྒྱུད་དང་རྒྱུད་ལས་བདག་གིས་བརྗོད། །དངོས་གྲུབ་རྣམས་ནི་མཆོག་ཞལ་མ། །བླ་མ་དགྱེས་ནས་ཐོབ་འགྱུར་ཕྱིར། །རྟག་ཏུ་བླ་མ་མཉེས་པར་བྱ། །ཞེས་པ་དང༌། གཞུང་གཞན་དག་ལས་ཀྱང༌། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་པ་ལ་སོགས་པའོ། །ཡང་ཇི་ལྟར་ཞེ་ན། བརྟན་པ་ནི་མི་ལྡོག་པ། གཟུང་བ་ནི་བླངས་པ། བྱང་ཆུབ་ནི་སྟོང་ཉིད་སྙིང་རྗེའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ལ་སེམས་ནི་ཡིད་ཡིན་ནོ། །བྱང་ཆུབ་ལ་སེམས་བསྐྱེད་པས་ནི་ལམ་བདེ་བས་རྟོགས་པར་འགྱུར་རོ། །ཡང་དེ་ཇི་ལྟ་བུ་ཞེ་ན། དབང་ལ་སོགས་པས་ནི་སྐུ་གསུངས་ཐུགས་ཀྱི་ཡེ་ཤེས་ཀྱི་དྲི་མ་བཀྲུས་


DTG023_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་རྫོགས་པའི་དབང་བསྐུར་ཐོབ་པའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་ལ་དབང་པའི་ཕྱིར་རོ། །འདིས་སྒྲུབ་པ་པོའི་མཚན་ཉིད་གསུངས་སོ། །གཞུང་གཞན་ལས་ཀྱང༌། དང་པོར་དད་པ་མཁས་པ་ཡིས། །རྣལ་འབྱོར་དབང་ཕྱུག་མ་ཉིད་ལ། །སྔགས་ལ་གྲུབ་པ་མཁས་གྱུར་པས། །འཇིག་རྟེན་ཕན་པ་སྤྲོས་པའི་དབང་གྱུར་ཅིང༌། །བླ་མ་མཆོག་ནི་ཞབས་ཀྱི་རྗེས་འབྲང་བ། །གཏི་མུག་བྱིང་དང་ལེ་ལོ་བྲལ། །དམ་ཚིག་གསུམ་དོན་སྒྲུབ་བྱེད་པ། །དག་ལྡན་ཡིད་ཀྱི་མཐའ་ཅན་གྱི། །ཆགས་ཞེས་རྟོག་པ་རྣམ་སྤང་པ། །འཁོར་བའི་བག་ཆགས་ཐབས་ཀྱིས་རབ་ཞི་བ། །བདེན་པ་གཉིས་ཀྱི་ཡོངས་སུ་སྤྱོད་གོམས་པའི། །ལས་སུ་རུང་བའི་ཡིད་ཅན་བློ་དང་ལྡན། །ཐོས་པ་ཅན་དང་སློབ་དཔོན་དཔག་མེད་པ། །རྟོག་བྲལ་མཁའ་འགྲོ་མ་ལ་རབ་ཏུ་འདུད། །མཆོད་པའི་ལས་ལ་གོམས་པ་ཡིས། །བླ་མ་རྒྱལ་བ་རྡོ་རྗེ་ལྷ་མོ་ལ་མོས་ཅན། །ཁྱད་པར་ཆོ་ག་མང་པོ་ཡི། །མན་ངག་ཆོ་ག་མ་ལུས་རིག་པ་ཅན། །བླ་མ་དམ་པ་བསྟེན་ལ་མཁས་གྱུར་མ། །རྗེས་གནང་ཐོབ་ཅིང་ཡན་ལག་དུལ་བའི་སྔགས་པ་ནི། ཞེས་སོ། །འདི་ལྟ་བུའི་སྔགས་པས་གང་དང་གང་བྱས་ནས་འཆད་པར་འགྱུར་པའི་ལས་བྱེད་ཅེ་ན། སྭ་བྷཱ་པ་ཞེས་པ་ནི་རང་བཞིན་གྱིས་འོད་གསལ་བ་དངོས་པོ་མེད་པའི་བདག་ཉིད་དེ་གང་རྣམས་ཀྱི་ངོ་བོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སརྦྦ་དྷརྨཱཿ་ནི་ཆོས་རྣམས་སོ། །དེ་དག་ཀྱང་གང་ཡིན་ཞེ་ན། དེ་ལ་འཇིག་རྟེན་གྱི་ཆོས་རྣམས་ནི་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་རྣམས་སོ། །ལམ་གྱི་ཆོས་རྣམས་ཉེ་བར་བསྟན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྦོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་རྣམས་སོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་བཅུ་དང༌། མི་འཇིགས་པ་རྣམས་སོ། །ཡང་ཇི་ལྟར་ཞེ་ན། དུར་ཁྲོད་ལ་སོགས་པ་ནི་རོས་བྱ་བ་བྱེད་པས་དུར་ཁྲོད་དེ། མགོ་མེད་པ་དང༌། གྱེན་དུ་བཅིངས་པ་དང༌། ཉལ་བ་དང༌། རྩེ་གཅིག་པ་ལ་བརྟགས་པ་རྣམས་ཀྱི་རིམ་པ་བཞིན་


DTG023_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་འགྲོ་བ་དང༌། གནས་པ་དང༌། ཉལ་བ་དང་བསྟེན་པར་དུར་ཁྲོད་ལ་སོགས་པས་རིའི་རྩེ་མོ་དང༌། བྲག་ཕུག་དང༌། ཤིང་གི་རྩ་བ་དང་ཆུའི་འགྲམ་དང༌། ཆུ་བོ་གཉིས་ཕྲད་ས་དང༌། དབང་ཕྱུག་ཆེན་པོའི་གནས་དང༌། ཁང་སྟོང་དང༌། སྐྱེད་མོས་ཚལ་དང༌། འཁྲུག་པ་ཆེན་པོ་བྱུང་བའི་སྡོད་ས་ལ་སོགས་པའོ། །དེ་ལ་དབེན་པའི་གནས་སུ་འཇམ་པའི་གདན་རོ་ལངས་ལ་སོགས་པ་ལ། རྣལ་འབྱོར་གྱིས་རོལ་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། སྒལ་ཚིགས་དྲང་པོ་དང༌། ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྣ་རྩེ་ལ་བལྟ་བ་དང༌། སྨྲ་བ་བཅད་པ་དང༌། སེམས་རྩེ་གཅིག་པའི་རོལ་པས་བསྡད་པའོ། །ཇི་ལྟར་ཞེ་ན། རབ་ཏུ་བསྔགས་པ་ཞེས་པ་ནི་གནས་པ་དང་ཉེ་བའི་གནས་པ་ལ་སོགས་པའི་ནང་ནས་གནས་རྣམ་པ་བཞི་སྟེ། ཛཱ་ལནྡྷ་ར་དང༌། ཨུ་ཌྱན་དང༌། པཱུརྞ་གི་རི་དང༌། ཀཱ་མ་རུ་པའོ། །དེ་ལ་ཨོ་ཌི་ཡ་ནའི་དང་པོའི་ཡི་གེ་ནི་ཟླ་བ་ཕྱེད་དང་ཐིག་ལེ་དང་བཅས་པས། ཨོཾ་གྱི་ཡི་གེ་ནི་རབ་ཏུ་བསྔགས་པའི་དོན་ཏོ། །ས་བོན་དེས་མཚོན་པས་གནས་ཨོ་ཌི་ཡ་ནའོ། །དེ་ལ་ཞལ་མངོན་པར་ཕྱོགས་པས་བདེ་བར་འགྱུར་བའི་དོན་ཏོ། །ཅིའི་ཕྱིར་ནུབ་ཕྱོགས་སུ་ཞལ་ལྟ་ཞེ་ན། ཨུ་རྒྱན་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་སྒྲུབ་ཐབས་འདི་བྱུང་བའི་ཕྱིར་དང༌། དེ་ལ་དེ་ཡོད་པ་དང༌། དེ་ལ་དད་པར་བྱེད་པ་རུང་བའི་ཕྱིར་རོ། །ཅིའི་ཕྱིར་འདུག་པར་བྱ་ཞེ་ན་རང་དང་གཞན་ཞེས་པ་ལ་སོགས་པ་ནི་རང་གི་ཕུན་སུམ་ཚོགས་པ་དེ་སྒྲིབ་པ་དང་བཅས་པའི་བག་ཆགས་གཉིས་སྤངས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །གཞན་གྱི་ཕུན་སུམ་ཚོགས་པ་ནི་རྩོལ་བ་མེད་པས་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བ་ལ་སོགས་པའི་ལས་སོ། །ཡང་ན་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས་སོ། །དེ་དག་མངོན་པར་མཆོད་པའི་ཆེད་དུའོ། །ཡང་གད་ཞེ་ན། དེའི་རྗེས་སུ་ཞེས་པ་སྨོས་པ་ནི་འདུག་པའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ཀུན་ནས་རྟོག་པ་སྤངས་པའི་ཕྱིར། རྒུན་འབྲུམ་དང༌། བུ་རམ་དང༌། འབྲས་འདག་ལས་བྱུང་བའི་མ་ད་ན་རྣམ་པ་གསུམ་སྟེ། བདུད་རྩི་རྣམ་པ་ལྔ་དང་བཅས། པདྨའི་སྣོད་ལ་བླུགས་ནས་མངོན་པར་


DTG023_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྔགས་པ་ནི་ཨོཾ་ཨཱཿ་ཧཱུཾ་གི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་བྱས་ནས་ཆུ་དེ་ཉིད་ནི་ལྷའི་ཆུས་ལག་པ་གཡོན་ནས་བརྩམས་ནས་ཡན་ལག་ནི་ལུས་ཐམས་ཅད། ཉིད་ལག་ནི་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། མགོ་བོ་རྣམས་སོ། །ཡན་ལག་དང་ཉིད་ལག་སྟེ། ཐམས་ཅད་ལ་སྔགས་ཀྱི་ཆུས་ཁྲུས་བྱའོ། །ལྷའི་རྫས་དེ་ཉིད་ཀྱིས་མཆོད་པའི་རྫས་ནི་མཆོད་པའི་ཆད་དུ་རྫས་ཏེ། མེ་ཏོག་དམར་པོ་ལ་སོགས་པ་ལ་བསང་གཏོར་བྱའོ། །དེའི་རྗེས་ལ་ཞེས་བྱ་བ་ནི་བསང་གཏོར་གྱི་རྗེས་ལ་ལག་པ་གཡོན་པའི་སོར་མོ་རྣམས་དང༌། ལག་པའི་མཐིལ་དུ་ཡང་གོ་བར་བྱའོ། །དེ་ལ་ལག་པ་གཡོན་པའི་དབུས་དང༌། མཐེའུ་ཆུང་དང༌། སྲིན་ལག་དང༌། གུང་མོ་དང༌། སྡིགས་མཛུབ་པ་དང༌། མཐེ་བོ་རྣམས་ལ་རིམ་པ་ཇི་ལྟ་བ་ཕག་མོ་དང༌། གཤིན་རྗེ་མ་དང༌། རྨོངས་བྱེད་མ་དང༌། སྐྱེས་བྱེད་མ་དང༌། སྡིགས་བྱེད་མ་དང༌། གཏུམ་མོའི་རང་བཞིན་གྱིས་དམར་མོ་དང༌། སྔོན་མོ་དང༌། དཀར་མོ་དང༌། སེར་མོ་དང༌། ལྗང་གུ་དང༌། དུ་བའི་མདོག་ཅན་ནོ། །ཨོཾ་བཾ་ཧཾ་ཡོཾ། ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་པའི་ཡི་གེ་འདི་རྣམས་ཀྱིས་སྦྱངས་ཏེ། རྣལ་འབྱོར་མ་དྲུག་གི་ཚིག་གདགས་པར་བྱས་ཏེ། རྣལ་འབྱོར་མ་དྲུག་གི་ཡི་གེ་འདི་དག་གི་སྔགས་དང་ལྷ་དབྱེར་མེད་པའི་ཕྱིར་སྔགས་འདི་རྣམས་ཁོ་ན་རྣལ་འབྱོར་མ་དྲུག་ཏུ་ལྷག་པར་མོས་ནས་ཡང་དག་པར་བྱ་ཞིང་མཆོད་པ་ལ་སོགས་པ་བྱའོ། །ཞེས་གདགས་པར་བྱའོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་སྔགས་ཀྱི་ཆུས་བཀྲུས་པ་ཁོ་ན་ལུས་ངག་ཡིད་གསུམ་ཡོངས་སུ་དག་པའོ། །འདི་ནི་འདི་ཁོ་ན་ཉིད་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསགས་པའོ། །འགའ་ཞིག་ནི་གཞུང་གི་རིམ་པ་སྤངས་ནས་འདི་སྐད་དུ། ལྷའི་ཆུ་བྱིན་གྱིས་བརླབས་པའི་རྗེས་སུ་གཡོན་པའི་སོར་མོ་རྣམས་ལ་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ཡི་གེ་རྣམས་བསྒོམས་ཤིང་ལྷའི་ཆུས་མཆོད་ནས་དེ་ཁོ་ནས་ལྟེ་བ་ལ་སོགས་པའི་ཡན་ལག་དང་ཉིད་ལག་རྣམས་ལ་བསང་གཏོར་བྱའོ། །དེ་ནས་ལྷའི་ཆུ་དེ་ཁོ་ནས་མེ་ཏོག་ལ་སོགས་པ་ལ་བསད་གཏོར་བྱ་ཞིང་ལྷའི་ཆུ་དེ་ཉིད་ཀྱིས་གཡོན་བའི་སྲིན་ལག་གིས་ཆོས་འབྱུང་བྲིས་ལ་དེའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐད་ཅིག་གི་རྣམ་པས་བསྒོམས་ཏེ། མེ་ཏོག་ལ་སོགས་


DTG023_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་མཆོད་ཅིང་ཕྱག་འཚལ་བ་ལ་སོགས་པ་ནས་བཏང་སྙོམས་ཀྱི་བར་དུ་བྱའོ། །འདི་ནི་སྐྱབས་སུ་འགྲོ་བ་ལ་སོགས་མི་དགོས་ཏེ། གང་ཟག་དབང་པོ་རབ་ཀྱི་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེས་ན་འདི་ཉིད་རང་ཁོ་ན་དགེ་བའི་ཚོགས་སོ། །ད་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྗེས་ལ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཆེད་དུ་སྟོང་པ་ཉིད་ཀྱི་དོན་དུ་བསྒོམ་པ་ནི་དག་པ་གསུམ་ཞེས་པ་ལ་སོགས་པའོ། །དེ་ལ་འདིར་སྟོང་པ་ཉིད་ཇི་ལྟར་བསྒོམ་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་བསྒོམ་པ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྐྱེ་བོའི་རྒྱུ་ལས་བྱུང་བའི་དྲི་མ་དག་པས་སོ་སོ་སྐྱེ་བོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་གཉིས་ཀྱིས་ལྷ་བསྒོམ་པར་བྱའོ། །འདིར་གང་གི་ཕྱིར་སྟོང་པ་ཉིད་བསྒོམ་པ་ནི་རིགས་པ་སྐབས་ཀྱིས་ཆོས་ཐམས་ཅད་ཀྱི་གཟུང་འཛིན་གྱིས་དབེན་པའི་སེམས་གཅིག་པུའི་ངོ་བོ་རྣམས་ལ་རང་བཞིན་མེད་པ་ནི་སྟོད་པ་ཉིད་དོ། །འདི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་ཐམས་ཅད་དང་ནང་གི་མིག་ལ་སོགས་པ་རྣམས་ཀྱིས་སྒྲོ་བཏགས་པའོ། །གང་གི་ཕྱིར་སེམས་ལས་གཞན་བེམས་པོ་རྣམས་ཐ་དད་མེད་དོ། །དེ་མེད་པས་འཛིན་པའང་མེད་དོ། །སེམས་གཅིག་པུ་ངོ་བོ་གཉིས་མི་འཐད་པའི་ཕྱིར་རོ། །འོན་ཏེ་སེམས་ཙམ་བདེན་པར་གྱུར་ན་དེ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་ལ་ཡང་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་དངོས་པོ་མེད་པ་སྟེ་དེའི་ཕྱིར་མ་སྐྱེས་པའོ། །དེ་ཉིད་ཀྱི་རང་བཞིན་གྱིས་སྒྲོ་བཏགས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བས་འོད་གསལ་བའོ། །གང་གི་ཕྱིར་དང་པོ་མ་སྐྱེས་པའི་ཕྱིར་རོ། །དང་པོ་སྐྱེས་ནས་ཕྱི་མར་གང་ལ་ཡང་རྣམ་པར་འཇིག་པ་དེ་མ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་གཞན་སྒྱུ་མ་ལ་སོགས་པ་བཞིན་དུ་དང་པོར་མ་སྐྱས་པ་ཉིད་ཀྱི་དོན་དམ་པའི་དངོས་པོའི་སྟོང་པ་ཉིད་དེ་བཞིན་དུ་སེམས་ཡན་ངོ༌། །རིགས་པས་མཚུངས་པའི་ཕྱིར་རོ། །འདི་ནི་ད་ལྟ་བར་བསྟན་ནས་འདས་པ་དང་མ་འོངས་པ་གཉིས་ལ་ཡང་སྤྱིར་སྟོང་པ་ཉིད་ལ་བསྟན་ནས་སྟོང་པ་ཉིད་ལ་སོགས་པའི་རིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ། །དེ་བས་ན་དག་པ་གསུམ་བརྗོད་པར་བྱའོ་ཞེས་པ་ནི། ཨོཾ་གསུམ་གྱིས་རང་བཞིན་དང༌། རྡོ་རྗེ་དང་རྣལ་


DTG023_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་དག་པའི་སྔགས་གསུམ་བརྗོད་པར་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང་དངོས་མེད་དང༌། གཟུང་འཛིན་སྒྲོ་བཏགས་དང་བྲལ་བས་དྲི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དང་བདག་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཕྱིར་རོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་པ་མ་ལུས་པ་སྒྲོ་བཏགས་པ་དང་བལ་བས་དག་པའོ། །རྣལ་འབྱོར་ནི་བྱང་ཆུབ་ཀྱི་སེམས་ཏེ། སྨོན་པ་དང་བྲལ་བས་དག་པའོ། །བདག་འཛིན་སྤང་དཀའ་བའི་ཕྱིར་ཏེ། བདག་རང་བཞིན་གྱིས་དག་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་རོ། །སྔགས་གསུམ་གྱིས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་བཤད་དོ། །རང་བཞིན་གྱིས་ཡོངས་སུ་དག་ཀྱང་འདི་དག་གིས་གློ་བུར་དུ་དྲི་མ་སྤངས་པའི་ཕྱིར་རོ། །དེའི་རྗེས་སུ་སྨོན་པ་སྔོན་དུ་འགྲོ་བས་སྙིང་རྗེ་ཆེན་པོས་སྟོང་པ་ཉིད་ལས་རབ་ཏུ་སད་ནས་ལྷའི་རྣམ་པས་བསྒོམ་སྐབས་སུ་བྱེད་གསུངས་པ་ནི། དེ་ལས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་ལུས་ཁམས་གསུམ་སྟེ། ལུས་ངག་ཡིད་རྣམ་པ་གསུམ་དེས་ཡོངས་སུ་དག་པར་གྱུར་པའི་གཞན་ཡས་ཁང་དཀྱིལ་འཁོར་གྱི་ཕོ་བྲང་ཀྱང་དེ་ཡིན་པས་ཁམས་གསུམ་གྱིས་རྣམ་པར་དག་པའི་གཞལ་ཡས་ཁང་ངོ༌། །ཁམས་གསུམ་ཀྱང་གཞལ་ཡས་ཁང་གིས་རྣམ་པར་དག་གོ །དེ་ནས་རང་གི་ལུས། ཁམས་གསུམ་འདི་དག་གཞལ་ཡས་ཁང་ལས་ཐ་དད་མ་ཡིན་སྲོག་ཅན་རྣམས་འདི་རྒྱལ་བ་ཡིན། །འཁོར་ལོའི་དབང་ཕྱུག་བདག་ཡིན་མི་མིན་ཡུལ་དང་དབང་པོ་ལ་སོགས་མིན། །གཟུགས་སོགས་ཆོས་ཉིད་བདག་ཉིད་ཀྱིས་མིན་དཀྱིལ་འཁོར་ལས་བྱུང་བ་འདི་རྣམས་ཡིན། །སྣ་ཚོགས་དཀྱིལ་འཁོར་ཀུན་ནས་ཤེས་ཤིང་མ་བཅོས་དཀྱིལ་འཁོར་བོར་ནས་བཏགས་པའི་དཀྱིལ་འཁོར་ཅི་སྟེ་བསྒོམ། །ཞེས་དུས་ཀྱི་འཁོར་ལོ་ལས་བཤད་དོ། །ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་ལྷག་པར་མོས་པ་སྟེ། སྐད་ཅིག་ཙམ་གྱིས་ས་བོན་དང་ཕྱག་འཚལ་ལ་མི་ལྟོས་པར་ལྟེ་བའི་དཀྱིལ་འཁོར་ལ་དཔལ་རྡོ་རྗེ་རྣལ་འབྱོར་མ། རྣལ་འབྱོར་བ་ཡིས་རྟག་ཏུ་བསྒོམ།


DTG023_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་འབྲེལ་ཏེ་དེ་ཇི་ལྟ་བུ་ཞེ་ན། ཕྱག་གཉིས་པ། གཡས་པས་གྲི་གུག །གཡོན་པས་ཐོད་པ་འཛིན་པ། དབུ་སྐྲ་གྲོལ་བ། ཐུར་དུ་འཕྱང་བ། གཅེར་བུ་པ། ཞལ་གཉིས་པ་སྤྱན་གསུམ་པ། ལང་ཚོ་ཞེས་པ་ནི་ལོ་བཅུ་གཉིས་ལོན་པ་ལྟ་བུ་ཡིད་དུ་འོང་བའོ། །ཕྱག་རྒྱ་ལྔ་ནི་འཁོར་ལོ་དང༌། སྙན་ཆ་དང༌། མགུལ་རྒྱན་དང༌། ལག་གདུབ་དང༌། སྐེ་རགས་རྣམས་ཀྱིས་བརྒྱན་པའོ། །སངས་རྒྱས་ལྔ་ཞེས་པ་ནི་ཐོད་པ་ལྔས་དབུ་ལ་བརྒྱན་པའོ། །སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ནི་བརླ་གཡོན་པའི་ཐད་ཀར་གཡས་པའི་ཞབས་ཀྱི་རྩེ་གཞག་པའོ། །ཟླ་བ་ནི་བརྔའི་སྐད་ཀྱིས་རོའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །མེ་ཞེས་པ་ནི་ཆོས་འབྱུང་གྲུ་གསུམ་སྟེ། སྟེང་དུ་རྒྱས་པ་འོག་ཏུ་ཕྲ་མོའོ། །དཀྱིལ་འཁོར་ཞེས་པ་ནི་ཟླ་བ་དང༌། །ཉི་མ་དང་མེའི་དཀྱིལ་དུ་གནས་པའོ། །ཛ་བ་སིནྡྷུ་ར་དང་མཚུངས་ཞེས་པ་ནི་ཨོ་ཌའི་མེ་ཏོག་དང༌། སིནྡྷུ་ར་ཉིད་དམར་པོ་དང་འབྲའོ། །ལྷ་མོ་ཞེས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་རྩེ་བར་འགྱུར་བས་ལྷ་མོའོ། །ཞལ་གཉིས་ཞེས་བྱ་བ་ནི་གཡས་ཕག་གདོང་ངོ༌། །གཡོན་པ་ཁྲོ་བོའི་རོ་དང་ལྡན་པས་ཁྲོ་མོའོ། །ཞལ་གཉིས་ཀྱི་རྣམ་པར་དག་པ་ནི་ཀུན་རྫོབ་ཅེས་པ་ལ་སོགས་པ་ནི་བདེན་པ་གཉིས་ཀྱི་རྣམ་པར་དག་པ་ཞལ་གཉིས་སོ། །གནས་སྐབས་ཀྱི་དག་པ་གཞན་བརྗོད་པར་བྱ་བ་ནི་རྡོ་རྗེ་ཕག་མོ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་དག་པའམ། རྣམ་པར་སྣང་མཛད་ཀྱིས་སོ། །དེ་བཞིན་ཉིད་ཀྱི་རྣམ་པར་དག་པས་རྡོ་རྗེ་ཕག་མོའོ། །བདེན་པ་གཉིས་ཀྱི་རྣམ་པར་དག་པས་ཞབས་གཉིས་དང་ཕྱག་གཉིས་སོ། །ཁམས་གསུམ་ལ་མི་དམིགས་པར་བསྟན་པའི་དོན་དུ་རྣམ་པར་དག་པས་རྡོ་རྗེའི་སྐྱིལ་ཀྲུང་ཕྱེད་པའོ། །ཐམས་ཅད་དུ་སྒྲོ་མ་བཏགས་པའི་སྙིང་རྗེ་ཆེན་པོ་ལ་ཆགས་པའི་རྣམ་པར་དག་པས་གདན་ལ་མཐེ་བོང་ཅུང་ཟད་རེག་པའོ། །མངོན་པར་ཤེས་པ་དྲུག་གི་རྣམ་པར་དག་པས་སྤྱན་དྲུག་གོ །ལོག་པར་ལྟ་བ་མངོན་པར་སྤོང་བས་ཁྲོ་མོའི་ཞལ་ལོ། །གཏི་མུག་རྣམ་པར་དག་པས་ཕག་ཞལ་ལོ། །དབང་གི་ལས་དང་སྙིང་རྗེའི་རྣམ་པར་དག་བས་དམར་བའོ། །གཉིས་སུ་མེད་པའི་དེ་ཉིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་སྤྲོ་བའི་རྣམ་པར་དག་པས་དབུ་སྐྲ་གྲོལ་བའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་


DTG023_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །རིགས་ལྔའི་རྣམ་པར་རྟོག་པ་དག་པས་ཐོད་པ་ལྔའོ། །དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔའོ། །རྡོ་རྗེ་སེམས་དཔའི་རྣམ་པར་དག་པས་ཐལ་བའོ། །ཨཱ་ལི་ཀཱ་ལིའི་རྣམ་པར་དག་པས་མི་མགོ་ལྔ་བཅུའི་དོ་ཤལ་ལོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་དག་པས་གྲི་གུག་གོ །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་དག་པས་ཁ་ཊྲཱཾ་གའོ། །བདེ་བ་ཆེན་པོའི་སྙིང་རྗེའི་རོ་རྣམ་པར་དག་པས་སམ་བདུད་བཞི་བཅོམ་པའི་རྣམ་པར་དག་པས་ཐོད་པ་ཁྲག་གིས་བཀང་བའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་འགྲོ་བ་མ་ལུས་པའི་དེ་བཞིན་ཉིད་དབྱེར་མེད་པར་བསྟན་པའི་ཕྱིར་འཁོར་བར་གནས་པའི་ཉེས་པས་མ་གོས་པའི་རྣམ་པར་དག་པས་ཆུ་སྐྱེས་ཀྱི་གདན་ནོ། །ཞི་པ་ལ་སོགས་པའི་ཕྲིན་ལས་ཐམས་ཅད་ཀྱི་རྣམ་པར་དག་པས་སྣ་ཚོགས་པདྨའོ། །སེམས་ཅན་མ་ལུས་པའི་རྒྱུད་ཀྱི་མ་རིག་པའི་མུན་པ་རྣམ་པར་འཇོམས་པར་བྱེད་པ་དང༌། མི་དགེ་བའི་འདམ་སྐེམས་པར་བྱེད་པ་དང༌། །བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་རྣམ་པར་སྨིན་པར་བྱེད་པའི་ཤེས་རབ་ཀྱི་རྣམ་པར་དག་པས་ཉི་མའི་དཀྱིལ་འཁོར་གྱི་གདན་ནོ། །དངོས་པོ་མེད་ཅིང་གཉིས་སུ་མེད་པའི་དེ་ཉིད་ལ་ཉེས་པ་བསལ་བའི་རྣམ་པར་དག་པས་རོའི་གདན་ནོ་ཞེས་རྟེན་དང་བརྟེན་པའི་རྣམ་པར་དག་པའོ། །ད་ནི་དམ་ཚིག་སེམས་དཔའི་ལྷ་མོ་རྫོགས་པའི་རྗེས་སུ་ཇི་ལྟར་བྱ་ཞེ་ན། བླ་མའི་མན་ངག་ཅེས་པ་ལ་སོགས་པ་གསུངས་པ་ནི། །བླ་མའི་མན་དག་ཁོ་ན་ལམ་མོ། །དེས་དངོས་གྲུབ་རྗེ་སུ་འབྲང་བའི་ཕྱིར་རོ། །རིམ་པ་ཞེས་པ་ནི་བསྒོམ་མོ། །རྒྱས་པ་ནི་མང་བའོ། །དེ་ཡང་འདི་ལྟ་སྟེ། ལྟེ་བའི་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འོད་ཟེར་དམར་པོ་རབ་ཏུ་འ་བར་བའི་བཾ་གྱི་ཡི་གེ་ལས་འཕྲོས་པའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་རྣལ་འབྱོར་མ་དགུག་ཅིང་དྲང་བའི་ཕྱག་རྒྱ་དང་ཧེཾ་བརྗོད་པས་དགུག་ཅིང་བདག་ཉིད་ལ་རབ་ཏུ་གཞུག་གོ །ལྟེ་བ་ལ་སོགས་པར་ཨོཾ་བཾ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཡི་གེ་སྐྱེད་ཅིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡེ་ཤེས་ཀྱི་ལྷ་མོ་དང་ལྷན་ཅིག་ཏུ་འོངས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ་རྣམས་ཀྱིས། །ཇི་ལྟར་བལྟམས་པ་


DTG023_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙམ་གྱིས་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ཕྱག་གཡོན་ན་གནས་པའི་ཐོད་པ་ཅུང་ཟད་སྨད་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་བདེ་བ་ཆེན་པོའི་རང་བཞིན་དུ་བདག་ཉིད་རྣམ་པར་བསྒོམས་ལ། ཆུ་ལྷག་མ་ལས་ཡོངས་སུ་རྫོགས་པའི་རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་འམ་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དོ། །འོད་ཟེར་གྱིས་བསྐུལ་པའི་སེམས་ཅན་རྣམས་ཀྱིས་ཕྱག་བྱ་བ་དང༌། །བསྟོད་པ་བྱ་བ་དང༌། གསོལ་བ་གདབ་པར་བདག་ཉིད་ལྷག་པར་མོས་ཏེ། །དེ་ནས་ཆོ་ག་ཇི་ལྟར་བྱས་པས་བདུད་རྩི་སྦྱངས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་ཏུ་གྱུར་བའི་ལྗགས་ཀྱི་འོད་ཟེར་འཇག་མའི་བུ་ག་ལྟ་བུ་ཅན་གྱིས་སམ། །ཡིད་ཀྱིས་བཀུག་ནས་ཆགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་དཔའ་བོ་དང་དཔའ་མོ་དབང་ཕྱུག་མའི་གཟུགས་སུ་བདག་ཉིད་ལྷག་པར་མོས་ཤིང་བདུད་རྩི་མྱང་བར་བྱའོ། །ངེས་བདེ་བ་ཅན་གྱི་སེམས་ཅན་ཏིང་ངེ་འཛིན་ལ་གནས་པར་འགྱུར་བར་རིག་པ་ཡིན་པའི་ཕྱིར་རོ། །གདན་ལ་སོགས་པ་ཡང་དཀྱིལ་འཁོར་གྱི་དེ་ཉིད་བདེན་པ་གཉིས་ཀྱིས་བརྟག་པར་བྱའོ། །དེའི་རྗེས་སུ་དངོས་གྲུབ་ཐམས་ཅད་མྱུར་དུ་རྫོགས་པར་བྱ་བའི་སེམས་བརྟན་པར་འདོད་པའི་རྣལ་འབྱོར་པའི་བསྒོམ་གསུངས་པ་ནི། །དེ་ཡི་པདྨའི་ནང་དུ་ནི། །ཞེས་པ་ལ་སོགས་པ་ནི་རྡོ་རྗེ་རྣལ་འབྱོར་མ་དེའི་པདྨའི་ནང་དུ་གནས་པའི་འཁོར་ལོ་ཟུར་གསུམ་པ་ཆོས་འབྱུང་བསྒོམ་པར་བྱའོ་ཞེས་ལྷག་པར་བཤད་པར་བྱའོ། །འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། དོན་ཀུན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའོ། །དེ་དག་གི་སྒྲུབ་བྱེད་ནི་ཡོངས་སུ་རྫོགས་པར་སྦྱིན་པར་བྱེད་པའི་ཕྱིར་རོ། །དོན་ཀུན་བསྒྲུབ་སྦྱིན་ནི་འདོད་པའི་དོན་ལ་མ་ལུས་པར་རྫོགས་པར་བྱེད་པའི་གནས་པ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། ཡོན་ཏན་གསུམ་བརྒྱན་མཚན་གནས་སུ། །ཞེས་པ་ནི་ལ་ལ་ནཱ་དང༌། །ར་ས་ནཱ་དང་ཨ་བ་དྷཱུ་ཏཱིའི་རྩ་རྣམས་ནི་སྙིང་སྟོབས་དང༌། རྡུལ་དང་མུན་པའི་རང་བཞིན་ནོ། །རང་བཞིན་དེ་དག་གིས་རྣམ་


DTG023_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བརྒྱན་པའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། །མཚན་གནས་སུ་ཤེས་པ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཆོས་ཐམས་ཅད་སྐྱེད་པའི་གནས་སུ་གྱུར་པའི་རྐྱེན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། །ཁ་དོག་དམར་པོ་ཞེས་པ་ནི་ཛ་བའི་མེ་ཏོག་ལས་ཀྱང་ཤིན་ཏུ་དམར་བའོ། །དེའི་ཕྱིར་འོད་ཆེན་ནི་འབར་ཞིང་ཤིན་ཏུ་གསལ་བའོ། །ཡང་འཁོར་ལོ་ནི་ཇི་ལྟ་བུ་ཞེ་ན། སྔགས་ཀྱིས་ཡི་གེ་ཡོངས་སུ་རྫོགས། །ཞེས་པ་ནི་མན་ངག་གིས་བཾ་དབུས་སུ་ཡོད་པ་ལ་གོ་བར་བྱའོ། །རྡོ་རྗེ་རྣལ་འབྱོར་མའི་རྩ་སྔགས་ཀྱིས་ཇི་ལྟར་ཡོངས་སུ་གང་བའི་དབུས་སུ་གྱེན་དུ་ལངས་པའི་སྔགས་ཀི་ཕྲེང་བས་ཡོངས་སུ་གང་བ་ཞེས་བྱ་པའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། བསྐོར་ཞེས་པ་ནི་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཤུགས་དྲག་པའི་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་འཁོར་ལོ་བསྒོམ་པར་བྱ་ཞེ་ན། སྲིན་པོ་ཞེས་བྱ་བ་ལ་སོགས་པ་ནི་སྲིན་པོ་གཏུམ་མོ། །དུས་ཀྱི་མེའི་རང་བཞིན་གྱི་ཕུང་པོ་ལྔ་པོ་མི་དམིགས་པའི་བདག་ཉིད་བཟའ་བར་རུང་བ་དང་མཚུངས་པའི་ཕྱིར་སྲིན་པོའོ། །དེའི་ཞལ་ནི་རྩོལ་རུང་ངོ༌། །དེའི་ལམ་ནི་གྱེན་དུ་དྲངས་ནས་སུ་ཞེས་སོ། །ཡང་ཇི་ལྟ་བུ་ཞེ་ན། རྣམ་འོད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་འོད་དབྱིག་གཉེན་ནི་གཏུམ་མོ་སྟེ་མེའི་ངོ་བོ་ཡིན་པའི་ཕྱིར་རོ། །གཏུམ་མོ་དེ་རབ་ཏུ་འབར་བས་སོ། །འདིར་བསྡུས་པའི་དོན་ནི་སེམས་བརྟན་པར་བྱེད་པའི་དོན་དུ་རྣལ་འབྱོར་པས་ལྟེ་བ་དང༌། །སྙིང་ག་དང༌། མགྲིན་པ་དང༌། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་མདུད་པའི་པུ་ག་རྣམས་ལ། །ཨོཾ་ཧཱུཾ་ཨཾ་ཧཾ་ཞེས་པའི་ཡི་གེ་རྣམས་རྣམ་པར་བལྟས་ལ། །གསང་བའི་འཁོར་ལོ་གནས་པའི་རླུང་དང་མས་བསྐྱོད་པའི་གཏུམ་མའི་ངོ་བོ་ཉིད་ཨཾ་གི་ཡི་གེ་འབར་བའི་འོད་ཟེར་གྱིས་འཛག་པར་གྱུར་པའི་ཧཾ་ལ་སོགས་པའི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་དབྱེར་མེད་པའི་ཨོཾ་གྱི་ཡི་གེ་ལྷན་ཅིག་ཏུ་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པར་རྣམ་པར་བསྒོམ་ཞིང་སྒོམ་པ་ཡོངས་སུ་སྨིན་པར་ལྷག་པར་མོས་ནས། ཨོཾ་དེ་ཁོ་ན་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་འབར་བ་གཅིག་ཏུ་གྱུར་པར་གནས་པར་བལྟའོ། །དེའི་མཐུས་བདུད་རྩིའི་གོང་དུ་འཛག་པར་འགྱུར་བས་ཁྱབ་བདག་ཕེབས་པར་འགྱུར་ཞིང་འོད་ཟེར་གྱིས་རེ་ཁཱ་དེ་ཡང་བསིལ་བར་འགྱུར་ཏེ། དེ་ནས་ཐིག་ལེ་ལ་སེམས་རྩེ་གཅིག་པས་བལྟ་བར་བྱའོ། །ཇི་སྲིད་


DTG023_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་རྟགས་རྣམས་ཀྱིས་ཀྱང་བརྟན་པ་རྙེད་པ་ཉེ་བར་མཚོན་པར་བྱའོ། །བརྟན་པ་རྙེད་ནས་འོད་ཟེར་གྱི་རི་མོ་དེའི་སྣང་བ་སྣ་ཚོགས་གསལ་བར་འགྱུར་བར་རྣམ་པར་བསམས་ལ། སྐྱུ་རུར་ལག་མཐིལ་དུ་བཞག་པ་བཞིན་དུ་ཐམས་ཅད་མཐོང་བར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་འགྱུར་རོ་ཞེས་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེའི་རྗེས་སུ་ཕྲ་བའི་རྣལ་འབྱོར་སྒོམ་པར་བྱེད་པའི་ཐབས་ཀྱི་མཆོག་གསུངས་པ་ནི་ཕག་གདོང་ཞེས་པ་ལ་སོགས་པ་ནི་ཕག་གདོང་ལས་མཐོ་གང་གིས་སྟེང་དུ་གཡུང་དྲུང་ཡོངས་སུ་འཁོར་བར་བལྟས་ནས་འཁོར་ལོ་བསྒོམ་པར་བྱའོ། །དེ་བཞིན་དུ་འཛག་པར་འགྱུར་པའི་ཧཾ་ལ་སོགས་པའི་ཡི་གེ་རྣམས་རོ་གཅིག་ཏུ་གྱུར་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་སྐད་ཅིག་མས་སྐྱེས་པའི་རྣལ་འབྱོར་མ་དང་བཅས་པ་རྡོ་རྗེའི་ནོར་བུའམ། པདྨའི་ཟེ་འབྲུའི་རྩེ་མོ་ལ་བཞག་ནས་དམིགས་པར་བྱའོ། །ཇི་སྐད་བཤད་པ་བརྟན་པར་གྱུར་ན་རྟགས་མཐོང་ལ། རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །ཁ་ཅིག་ནི་རྣམ་པར་རྟོག་པའི་ཉོན་མོངས་ཀྱིས་གནོད་པར་འགྱུར་བའི་སེམས་རྒྱུད་ཅན་གཡུང་དྲུད་བསྒོམ་པར་བྱའོ། །དེ་ནས་སེམས་ཏིང་ངེ་འཛིན་ལ་གནས་པའི་གསང་བའི་གནས་སུ་འཁོར་ལོ་འཁོར་བར་བལྟའི་ཞེས་ཟེར་རོ། །ཡང་འགའ་ཞིག་ནི་གཡུང་དྲུང་བསྐོར་བར་མཐོང་ནས་སྲིན་པོའི་ཞལ་ཅུང་ཟད་བསྡམས་པས་རྣམ་འོད་དབྱིག་གཉེན་འབར་བ་ནས་འཁོར་ལོ་སྒོམ་ཞེས་ཟེར་རོ། །འདི་ལྟ་སྟེ། གཡུང་དྲུང་ལ་སེམས་བརྟན་པར་གྱུར་ན་སྲོག་རྩོལ་གྱི་རླུང་བརྟན་པར་འགྱུར་རོ། །རྩོལ་རླུང་བརྟན་པར་གྱུར་ན་དེས་བསྐྱོད་པའི་གཏུམ་མོས་ཧཾ་ལ་སོགས་པའི་ཡི་གེ་ལས་ཐ་མི་དད་པའི་བདུད་རྩི་བབ་པས་གསང་བའི་འཁོར་ལོ་དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པ་སྒོམ་པར་བྱའོ། །དེ་སྐད་དུ་ཡང་སྒྲུབ་ཐབས་ཆེན་པོ་ལས། དེ་ཡི་རྗེས་ལ་མཁས་ཅན་ཁམས་སུ་ནི། སྒང་གསུམ་རི་བོ་ཡི་ནི་སུལ་ནང་དུ། །འཁོར་ལོ་དམར་པོ་རབ་ཏུ་འབར་བ་ནི། །མྱུར་བར་སྔར་བཤད་ལྟ་བུར་འཁོར་བར་བསྒོམ་།ལྷག་པའི་ཤུགས་ཀྱིས་བརྟན་པ་ལྟར་གནས་ཤིང༌། །རླུང་མེད་


DTG023_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་གཡོ་མར་མེ་ལྟར་གསལ་ཏེ། །བདེ་བ་ཆེན་པོའི་འཁོར་ལོར་བཞུགས་བྱས་ནས། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱས་ཏེ། །ཞེས་པ་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་པའི་བར་དུ་བཤད་པའོ། །འདི་ལྟ་བུ་རྣམ་པར་བསྒོམས་པའི་རྣལ་འབྱོར་བ་ལ་ཅི་གྲུབ་པར་འགྱུར་ཞེ་ན་ཕྱག་རྒྱ་ཞེས་པ་ལ་སོགས་པ་ནི་དགའ་བ་ལ་འགྲོ་བས་སམ་སྤྲོས་པ་ཐམས་ཅད་དང་བྲལ་བས་སྟོང་པ་ཉིད་ཡོངས་སུ་དག་པའི་ཕྱིར་རོ། །ཕྱག་རྒྱ་གཉིས་ནི་གཡུང་དྲུང་དང་འཁོར་ལོའོ། །དེ་ལ་མཐར་ཐུག་པའི་སྦྱོར་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཡང་ན་སྲིན་པོའི་ཞལ་ཅུང་ཟད་བསྡམས་པ་དང། རྣམ་འོད་དབྱིག་གཉེན་རབ་ཏུ་འབར་བས་ཕྱག་རྒྱ་གཉིས་སོ། །ཡང་ན་བདེ་བ་ཆེན་པོའི་འཁོར་ལོ་དང་སྤྲུལ་བའི་འཁོར་ལོ་གཉིས་ལ་བདེ་བ་ཆེན་པོའི་རོས་ཕྲད་པ་ནི་ཕྱག་རྒྱ་གཉིས་ཀྱིས་རབ་སྦྱོར་རོ། །དེས་ཁམས་གསུམ་སྐུ་གསུམ་དུ་འགྲུབ་པ་ནི་རྫོགས་པར་འགྱུར་རོ། །ཡང་གི་ཚིག་གིས་དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བསྐྱེད་རིམ་ཙམ་ལ་གནས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ཟེར་ན། སྐད་ཅིག་གིས་ཞེས་བྱ་བ་ལ་སོགས་པ་ནི་ས་བོན་དང་ཕྱག་མཚན་ལ་སོགས་པ་མེད་པས་སྐད་ཅིག་ནི་ཅིག་ཅར་རོ། །རྣམ་པ་ནི་ལྷའི་རྣམ་པའོ། །དེའི་རྣལ་འབྱོར་ནི་སྟོང་པ་ཉིད་དང༌། སྙིང་རྗེ་ཟུང་དུ་འཇུག་པའོ། །བདག་ཉིད་ནི་ངོ་བོ་གང་ལ་ཡོད་པ་དེ་སྐད་ཅིག་རྣམ་པའི་རྣལ་འབྱོར་པ་བདག་གོ །རྣལ་འབྱོར་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པས་འགྲུབ་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྣམ་གཞན་མིན་ཞེས་བྱ་བ་ནི་རྫོགས་རིམ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ། །རིམ་པ་གཉིས་ནི་ཡང་དག་རྟེན། །རྡོ་རྗེ་ཅན་གྱིས་ཆོས་བསྟན་ཏོ། །བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པར་གནས་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་པ་ནི་བསྒོམ་གྱི་ཆོ་གའོ། །སྔགས་བཏུ་བ་ནི་གོ་སླའོ།། །།དེ་ནས་གཏོར་མ་བཤད་པར་བྱ་བ་ནི། །གཅེར་བུ་ཞེས་པ་ལ་སོགས་པ་ནི། །གཅེར་བུ་སྐྲ་གྲོལ་བས་སྔར་བཤད་པའི་ནུབ་ལ་སོགས་པའི་ཕྱོགས་


DTG023_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་བལྟ་ཞིང་མན་དག་ཇི་ལྟ་བར་བྱིན་གྱིས་བརླབས་ནས་གཏོར་མ་བཏང་ཞེས་འགུགས་ནས་བཤད་པར་བྱའོ། །འདི་ནི་ཡཾ་ལས་བསྐྱེད་པའི་རླུང་གི་འཁོར་ལོའི་སྟེང་དུ་རཾ་ལས་བསྐྱེད་པའི་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཀཾ་ལས་བྱུང་བའི་མི་མགོ་གསུམ་ལ། ཨ་ལས་བྱུང་བའི་པདྨའི་སྣོད་ཀྱི་བདུད་རྩི་ལྔ་དང༌། སྒྲོན་མ་ལྔ་དང༌། །ཧ་ཧོ་ཧྲཱིཿའི་ཡི་གེ་རྣམས་ཀྱི་ཐ་མལ་པའི་མདོག་དང༌། དྲི་དང་ནུས་པ་སྤངས་ནས་རླུང་གིས་བསྐྱོད་པའི་མེ་འབར་བས་བདུད་རྩི་ལྔ་ལ་སོགས་པ་ཞུ་ནས་འོ་མ་དང་སིནྡྷུ་ར་འདྲེས་པ་བཞིན་དུ་བལྟས་ནས་བཾ་ལས་སྐྱེས་པ་ཁ་ཊྭཱཾ་ག་མགོ་ཐུར་དུ་བསྟན་པས་དཀྲུགས་ནས་ཞུ་ཞིང་དེའི་འོག་ཏུ། ཨོཾ་ཨཱཿ་ཧཱུཾ། བསྒོམས་པའི་འོད་ཟེར་གྱིས་རྒྱ་མཚོ་ལ་སོགས་པའི་བདུད་རྩི་ཡང་བཀུག་པར་བྱས་ལ། གྲུབ་པའི་དངུལ་ཆུ་ལྟར་བདུད་རྩི་ཡང་རབ་ཏུ་གྲུབ་ལ། ཡི་གེ་གསུམ་གྱིས་འདོད་པ་ཇི་ལྟ་བར་བྱིན་གྱིས་བརླབས་ནས། སྔགས་དང་ཕྱག་རྒྱས་བཀུག་པའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ཚོགས་མདུན་དུ་བཞག་ཅིང་ཡང་དག་པར་མཆོད་དེ། ཧཱུཾ་དཀར་པོ་ལས་རྡོ་རྗེའི་ལྗགས་ཀྱི་བུ་ག་དང་ལྡན་པའི་རྡོ་རྗེ་མཁའ་འགྲོ་མ་ལ། ཨོཾ་བཛྲ་ཌཱ་ཀི་ནཱི། ཨི་མཾ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ཞེས་པའི་སྔགས་འདིས་སོ། །མཁའ་འགྲོ་མ་ལ་སོགས་པ་ལ་ནི། ཨོཾ་བཛྲ་ཨ་རལླི་ཧོཿ་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཌཱེ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ཞེས་པ་འདིས་ལན་གཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྔ་བརྗོད་པར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ་དབུལ་བ་ནི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་ཡ་ཀྵ་རཱ་ཀྵ་ས། བྷཱུ་ཏེ། བྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད་ཀུ་ཥྨཱ་ཎྜ། ཨ་པ་སྨཱ་ར། ཌཱ་ཀི་ནཡ་ད་ཡ། ཨི་མཾ་བ་ལིཾ། གྲྀཧྞ་ཏུ། ས་མ་ཡཾ་རཀྵན་ཏུ། མ་མ་སརྦྦ་སིདྡྷི་མྨེ། པར་ཡྩཚན་ཏུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུ་ཉྫ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦྦ་ཀརྟ་ཡ་སཚུ་ཁ། བི་བྲྀ་དྷ་ཡེ། ས་ཧ་ཡི་ཀ་བྷ་བནྟུ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདི་ལན་བདུན་བརྗོད་པས་དབུལ་ལོ། །བདུད་རྩི་མྱངས་ནས་བདེ་བ་ཆེན་པོ་ཐོབ་པར་འགྱུར་བའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ལྷ་རྣམས་བསྒོམ་པར་བྱའོ། །དེས་ན་རང་གི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་


DTG023_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་མཆོད་ཅིང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ་འདོད་པའི་དངོས་གྲུབ་ལ་གསོལ་བ་བཏབ་ནས་ལྷག་ཆད་ལ་སོགས་པའི་ཉེས་པ་སྤངས་ནས་བཟོད་པར་གསོལ་ཏེ། སྲིན་ལག་དང་མཐེ་བོང་གིས་སེ་གོལ་གཏོགས་ཤིང་ཨོཾ་བཛྲ་མུཿ། ཞེས་བརྗོད་པས་སེ་གོལ་གཏོགས་ཤིང་དཀྱིལ་འཁོར་བདག་ཉིད་ཀྱི་ས་བོན་ལ་བསྟིམ་པར་བྱའོ། །བཅོམ་ལྡན་འདས་མའི་གཏོར་མའོ། །དམ་ཚིག་ཅེས་པ་ནི་འགལ་བར་མི་བྱ་བར་མི་བྱ་བའི་ཕྱིར་དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་ཁ་ན་མ་ཐོ་བའི་ལས་སྡོམ་པའོ། །ཡང་དམ་ཚིག་ནི་ཤེས་རབ་མ་བསྟེན་པ་ལས་བྱུང་བའི་དགའ་བ་བཅུ་དྲུག་གི་ཐིག་ལེའི་བདག་ཉིད་ཀྱི་རོ་གཅིག་ཏུ་གྱུར་ནས་རྡོ་རྗེ་ནོར་བུ་རབ་ཏུ་འཇུག་པ་ནི་ཚངས་པར་སྤྱོད་པའོ། །ཡང་དམ་ཚིག་ནི་དགའ་བ་བཅུ་དྲུག་གི་ཐིག་ལེ་དེ་ཉིད་འཛག་པར་མི་འགྱུར་བའི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །དེ་ཇི་ལྟར་ཞེ་ན། རྡོ་རྗེ་ནོར་བུ་ལས་གྱེན་དུ་གསང་བ་དང༌། །ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བའི་ཟེ་འབྲུས་འདྲེན་པ་ནི་གསང་བའི་དམ་ཚིག་གོ །བཟའ་བ་ནི་གོ་ཀུ་ད་ཧ་ན། སྒྲོན་མ་ལ་སོགས་པ་ཆོ་ག་ཇི་ལྟ་བུས་བདུད་རྩིར་བསྒྱུར་བའི་བཟའ་བའོ། །དམ་ཚིག་ཉམས་པ་ལ་གླད་གཟེར་དང་མཛེ་ནད་ལ་སོགས་པ་ནད་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དམ་ཚིག་གཉིས་བསྲུངས་པ་ཁོ་ནས་དངོས་གྲུབ་འགྲུབ་པར་འགྱུར་རོ།། །།

ཚེས་བཅུའི་མཆོད་པའི་རྟོག་པ།


DTG023_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་ཕག་མོ་ཕྱག་འཚལ་ནས། །ཚེས་བཅུའི་ཆོ་ག་རྒྱས་པ་རུ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །སྟོབས་ཆེན་རབ་ཏུ་བརྗོད་པར་བྱ། །ཉོན་མོངས་དྲ་བས་རྣམ་གཅོད་པའི། །མར་གྱི་ཚེས་བཅུ་ངེས་པ་སྟེ། །ཤཱ་ཀྱ་སེང་གེ་སྔར་བྱང་ཆུབ། །སྙིང་པོ་བྱང་ཆུབ་ཐོབ་པར་འགྱུར། །དང་པོའི་སངས་རྒྱས་མ་དང་གར། །མར་གྱི་ཚེས་བཅུར་སངས་རྒྱས་གྱུར། །མང་པོ་སྨྲས་པས་ཅི་ཞིག་བྱ། །དེ་ཀུན་དེ་བཞིན་གཤེགས་ལས་འབྱུང༌། །ལུ་ཨི་བི་རཱུ་ལ་སོགས་རྣམས། །གྲུབ་ཐོབ་གྲུབ་ཉིད་ཐོབ་པར་འགྱུར། །ཚེས་བཅུ་དེ་ཉིད་དེས་ན་དེ། །ཚེས་བཅུ་མཚུངས་མེད་བསོད་ནམས་ཅན། །དེ་ལ་བསམ་གཏན་བཟླས་བརྗོད་པ། །དེ་བཞིན་གྲོར་མ་སྤྱིན་སྲེག་གོ །མཐའ་མེད་འབྲས་བུ་བསྟན་པ་ནི། །སྲོད་ལ་ཁྱད་པར་འཕགས་པས་སུ། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །གཞོན་ནུའི་འཁོར་ལོ་གཅིག་པུའམ། །གྲུབ་ཐོབ་རིམ་པའི་ཆོ་ག་ཡིས།།


DTG023_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །རྣལ་འབྱོར་རོལ་པས་རབ་ཞུགས་པའི། །རིམ་གྱིས་ཐིམ་པའི་རླུང་སེམས་ཀྱིས། །སེམས་ཀྱི་སྤྲོས་པ་ཆེས་བཅུ་སྟེ། །རང་རིག་ཚེས་བཅུར་རབ་ཏུ་གྲགས། །བླ་མ་མན་ངག་གིས་གནས་པའི། །མི་ཤིགས་པ་ཡི་སྒྲ་ལས་བྱུང༌། །ལྷན་སྐྱེས་ཚེས་བཅུ་ཚིག་ཏུ་བཤད། །སྲོག་གི་རྣལ་འབྱོར་ཚེས་བཅུ་ཡིན། །དབུ་མའི་ལམ་དུ་རོལ་པ་ཡིས། །གཏུམ་མོ་གྱེན་དུ་འགྲོ་བ་སྟེ། །སྤྱི་བོར་འཁོར་ལོ་ཀུན་ནས་གནོད། །ལུས་ཀྱི་ཚེས་བཅུ་དྲན་པ་ཡིན། །དེ་ནས་ཚེས་བཅུར་ཏིལ་དང་ནི། །སྐྱུ་རུ་ར་དང་ཡུངས་འབྲུ་སྟེ། །བཀྲུས་ནས་སྒྲུབ་པོ་མཉམ་གཞག་ནས། །མཆོད་པའི་བྱེ་བྲག་འགྲུབ་པར་འགྱུར། །གསང་འདུས་ལ་སོགས་རིམ་པ་ཡིས། །རང་རང་ཡི་དམ་མཆོད་པར་བྱ། །ཁྱད་པར་དུ་ནི་སྲོད་ལ་སྟེ། །སྒྲུབ་པོས་དེ་ཉིད་བསྒོམ་པར་བྱ། །རང་གིས་རྟོགས་པར་བཤད་བའམ། །གྲུབ་ཐོབ་ལམ་གསུངས་གཏོར་མ་འབུལ། །སྤྱི་ཡི་རིམ་པ་རབ་ཏུ་བཤད། །ད་ནི་ཁྱད་པར་བརྗོད་པར་བྱ། །ཡར་གྱི་ཚེས་བཅུར་མཆོད་སྦྱིན་གཉིས། །མར་ངོར་སྦྱིན་སྲེག་མཆོད་པ་གཉིས། །སྟོན་ཟླ་ཐ་ཆུངས་ཚེས་བཅུ་ལ། །གྲུབ་ཐོབ་ལམ་པའི་དཔའ་བོ་རྣམས། །སྤོབས་པའི་རང་བཞིན་སེམས་ལྡན་ལ། །ཆང་གི་མཆོག་གིས་མཆོད་པར་བྱ། །ཀུནདའི་མེ་ཏོག་རབ་བརྒྱུས་པའི། །མེ་ཏོག་དམར་པོས་མཆོད་པར་བྱ། །ཡིད་ཀྱི་བཟླས་པར་རོལ་པ་ནི། །ས་འོག་ལ་ནི་དམིགས་གྱུར་པ། །མར་དོར་ཏིལ་ལ་དམར་པོ་ཡིས། །ནནྟི་ནི་ཡི་ཁུ་བས་སྤངས། །དང་པོའི་སྲོད་ལ་སྤྱིན་སྲེག་བྱ། །དབེན་པའི་གནས་སུ་བསྒོམ་གནས་སོ། །དགུན་ཟླ་ར་བར་སྣམ་བུའམ། །རས་བལ་འབྱུང་གོས་དབུལ་བར་བྱ། །མེ་ཏོག་སེར་པོ་རབ་བརྒྱུས་པའི། །མེ་ཏོག་དམར་པོའི་ཕྲེང་བས་མཆོད། །ཉིང་ལག་རོལ་བས་བཟླས་པ་དང༌། །ས་སྟེང་ས་འོག་རྗེས་འབྲངས་པའི། །ཟླ་བ་མར་ངོ་ཏིལ་ནག་གི །ལྷག་པར་གོང་བཞིན་སྦྱིན་སྲེག་བྱ། །གོང་བཞིན་འབྲིང་པོར་བ་དམར་དང༌། །ཀེཾ་ཀི་ར་ཏས་འདྲེས་མཆོད་པ། །གོང་བཞིན་དུ་ནི་སྤྱད་པར་བྱ། །གསང་སར་ཚིག་གིས་བཟླས་པ་དང༌། །མི་ཡི་འཇིག་རྟེན་གནས་རོལ་ནི། །ཟག་པ་ཀུན་ནས་རྣམ་འཇིག་པ། །དེ་བཞིན་ཡི་ལ་ཀར་སྦྱིན་སྲེག་ནི། །མཚན་ཕྱེད་དག་ལ་ཡང་དག་སྤྱོད། །དགུན་ཟླ་ཐ་ཆུངས་མར་


DTG023_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚེས་བཅུར། །ཞོ་ནི་དྲི་ཞིམ་དབུལ་བར་བྱ། །གསེར་གྱི་སྙེ་མ་མེ་ཏོག་འདྲེས། །མཆོད་པ་སྔར་བཞིན་སྤྱད་པར་བྱ། །ཡིད་ཀྱིས་བཟླས་པ་རོལ་པ་ནི། །སྨིན་མཚམས་གནས་ལ་གནས་གྱུར་པའི། །མར་ངོ་ཡི་ནི་ཚེས་བཅུ་ལ། །པྲི་ཡང་ཀུ་ནི་སྦྱིན་སྲེག་ནི། །དང་བོའི་ཐུན་ལ་དྲན་པ་ཡིན། །དཔྱིད་ཟླ་ར་བའི་མར་ངོ་ལ། །བུ་རམ་བཅའ་སྒ་དབུལ་བར་བྱ། །པ་ཊ་ལ་ཡི་མེ་ཏོག་འདྲེས། །མེ་ཏོག་དམར་པོས་མཆོད་པ་དང༌། །བཟླས་པས་འོག་མིན་རབ་གནས་པའི་རོལ་པ་དྲག་པོའི་རོ་དང་བཅས། །མར་ངོར་ཕུག་ས་བོན་གྱིས། །ཐོ་རས་ཐུན་ལ་སྦྱིན་སྲེག་བྱ། །དཔྱིད་ཟླ་འབྲིང་པོར་ཡང་ཚེས་བཅུར། །ཨ་ཤོ་ཀ་ནི་དམར་པོ་ཡིས། །དེ་བཞིན་རྣལ་འབྱོར་མཆོད་པར་བྱ། །ཚིག་གིས་བཟླས་དང་རོལ་བ་ནི། །རབ་ཏུ་མི་གནས་གནས་གྱུར་པ། །ཀ་ར་དང་བཅས་མ་ཧེའི་ཞོ། །དྲི་མ་མེད་པ་སྦྱིན་པར་བྱ། །མར་ངོར་མེ་ཏོག་སུ་མ་ཀའི། །སྤྲང་རྩི་མར་བཅས་སྦྱིན་སྲེག་བྱ། །དཔྱིད་ཟླ་ཐ་ཆུངས་ཡར་ངོ་ལ། །ཀ་ར་བཱི་ར་མ་ལུས་མཆོད། །ཡིད་ཀྱིས་བཟླས་དང་རོལ་པ་ནི། །རི་རབ་སྐྱོད་བྱེད་མཆོག་གྱུར་པ། །རྐེད་དཀྲིས་ཡོངས་སུ་གྱོན་ནས་སུ། །གཡོགས་པའི་གོས་ཕྲ་སྤྱིན་པར་བྱ། །མར་ངོ་མར་དང་འདྲེས་པ་ཡི། །གུ་གུལ་གྱི་ནི་སྦྱིན་སྲེག་བྱ། །དབྱར་ཟླ་ར་བའི་ཡང་ངོ་རུ། །མར་མེ་རླུང་སྨན་བཙོས་ཏིལ་མར། །མེ་ཏོག་དམར་པོས་རབ་བརྒྱུས་པའི། །སྙེ་མའི་མེ་ཏོག་རྣམས་ཀྱིས་མཆོད། །གསད་བའི་བཟླས་སང་རོལ་པ་ནི། །སྟོང་ཉིད་ལམ་ནི་མཐོང་བྱེད་མ། །མར་དེའོ་ཐུག་མར་དང་བཅས། །རྟག་པར་དེས་ནི་སྦྱིན་སྲེག་བྱ། །དབྱར་ཟླ་འབྲིང་པོ་ཡར་ངོ་ལ། །ཀ་ར་བཱི་རས་མཆོད་པར་བྱ། །ཚིག་གིས་བཟླས་དང་རོལ་པ་ནི། །ཉིད་ལག་ཀུན་དུ་བལྟ་བར་བྱ། །སྤྲང་རྩིས་བཀང་བའི་འཁར་སྡེར་དང༌། །ཡང་ན་རལ་གུ་དབུལ་བར་བྱའོ། །མར་ངོ་གྲུབ་པའི་རྗེས་བཅས་པའི། །འབྲས་ཡོས་ཀྱིས་ནི་སྦྱིན་སྲེག་བྱ། །དབྱར་ཟླ་ཡང་ངོར་ཛ་བ་དང༌། །བནྡྷུ་མ་དང་ཡནྡིས་མཆོད། །རྣལ་འབྱོར་བཟླས་དང་རོལ་པ་ནི། །སྣ་ཡི་རྩ་བར་རབ་གཟིགས་པ། །གདུགས་དང་གཙུག་ཏོར་དཀར་པོའམ། །ཕྲ་ཚིལ་བྱུགས་པའི་རས་སྦྱིན་བྱ། །མར་ངོ་ནས་ཀྱིས་སྦྱིན་སྲེག་བྱ། །ཏིལ་མར་མར་དཀར་འདྲེས་པས་སོ། །སྟོན་ཟླ་ར་བར་ཙམ་པ་ཀ །ནཱ་ག་གེ་སར་ཆུ་སྐྱེས་དང༌། །ཨུཏྤལ་


DTG023_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུ་མུ་ད་ཡིས་མཆོད། །རང་གིས་ཐོས་བཟླས་རོལ་པ་ནི། །ནམ་མཁའི་སྐར་མ་དམིགས་པར་བྱ། །ཙུ་ན་ཙུ་ག་ལྷམ་ཞོ་ཆུ། །རབ་ཏུ་གྲགས་པ་སྦྱིན་པར་བྱ། །མར་ངོར་དཱུར་བ་མར་བཅས་པའི། །སྦྱིན་སྲེག་ཚེས་ཀུན་ཕན་པར་གྲགས། །སྟོན་ཟླ་འབྲིང་པོའི་ཡར་ཚེས་བཅུར། །ཨིནྡི་བ་ར་དམར་པོས་མཆོད། །དྲི་ཞིམ་མདོག་བཟང་མེ་ཏོག་གིས། །ཡི་དམ་ལྷ་ནི་མཉེས་པར་བྱ། །གསང་སར་བཟླས་པ་ཚིག་བརྗོད་བྱུང༌། །རོ་མ་རྐྱང་མ་དང་བཅས་པའི། །ཕྱག་རྒྱ་རི་རབ་རྣམ་འཇིག་པ། །ཡོངས་སུ་གྲགས་པར་ཤེས་པར་བྱ། །རྣལ་འབྱོར་གོས་དང་རྣལ་འབྱོར་དབྱུག ། རྣལ་འབྱོར་བསྒོམས་ཐབས་ཁོ་ན་ཉིད། །སྔོན་དུ་བཤད་གཟུགས་བླ་མ་ཡིས། །ཡང་དག་ཏིང་འཛིན་གནས་པས་དབུལ། །མར་དོར་དྲི་ཞིམ་རྫས་རྣམས་ནི། །མར་བཅས་ཨ་ཀ་རུ་བསྲེག་བྱ། །ཏིལ་རྣམས་དང་ནི་གྲུབ་པའི་རྫས། །ཐམས་ཅད་དག་པ་ཐམས་ཅད་སྦྱོར། །པ་ལ་ཤ་དང་ཨརྐ་དང༌། །ཀ་སྨི་ར་དང་པ་ཏྲ་དང༌། །ཨུ་དུམྺཱ་ར་ཁ་དི་ར། །པ་ལཀྵ་དང་ཨ་ཤྭདྠ། །ཀ་པེད་དཱུར་པ་ཥ་ན་རྣམས། །སྟོན་ཟླ་ཐ་ཆུངས་ལ་སོགས་སུ། །ཡམ་ཤིང་འདི་རྣམས་རིམ་པས་བསྲེག །ཡང་ན་ཇི་ལྟར་རྙེད་པས་སུ། །གྲུབ་པའི་རྫས་དང་བཅས་པ་ཡི། །ཐམས་ཅད་ཀུན་ལ་བསྲེག་པར་བྱ། །དངོས་གྲུབ་ཡིད་དུ་འོང་འདོད་པས། །སྐྱེས་པའམ་ནི་བུད་མེད་ཀྱིས། །དཔའ་བོའི་ཕྱེ་མ་དང་བཅས་པའི། །འཁར་བའི་སྣོད་དུ་སྦྱིན་པར་བྱ། །རྣལ་འབྱོར་དངོས་གྲུབ་བསྒྲུབ་པ་དང༌། །བདུད་འདུལ་ཕྱིར་ནི་སོ་རྩིས་དབུལ། །བུ་འདོད་ཕྱིར་ནི་དགའ་བ་ཡིས། །ཆང་ནི་སྦྲང་རྩི་འདྲེས་པ་འབུལ། །གང་དང་གང་དུ་ཁྱད་པར་འདོད། །ཁྱད་པར་འཕགས་པ་གང་ཡིན་པ། །མི་ཟད་འབྲས་བུ་འདོད་པ་ཡི། །དེ་དེར་ཚེས་བཅུར་དབུལ་བར་བྱ། །དེར་ནི་གསང་བའི་སྦྱིན་པ་ནི། །སྦྱིན་པ་ཀུན་གྱི་མཆོག་གི་མཆོག །སེམས་ཀྱི་རྣམ་རྟོག་ལས་བྱུང་བ། །དགའ་མཛད་རྣམ་པ་ཇི་སྙེད་པ། །སྒྲུབ་པ་པོས་ནི་མྱོང་གྱུར་པ། །དེ་དག་དངོས་གྲུབ་ས་བོན་འགྱུར། །དེ་ཕྱིར་གསང་བའི་སྦྱིན་པ་ནི། །དོན་ཀུན་སྒྲུབ་བྱེད་ཁྱད་པར་འགྱུར། །ཟླ་མཚན་མྱོང་བ་དངོས་གྲུབ་ལ། །མ་རྒྱས་པ་ཡི་རྣལ་འབྱོར་ལ། །དར་མས་སྡིག་པ་ཟད་བྱེད་མ། །སངས་རྒྱས་ཆོས་རྣམས་འཕེལ་འགྱུར་མ། །


DTG023_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ལ་གང་དག་འདོད་འགྱུར་མ། །དེ་ལ་དེ་ལྟར་སྦྱིན་པར་བྱ། །གང་གིས་ཟླ་མཚན་བྱུང་བ་ཡི། །སྐྱེ་བ་གང་དུ་སྦྱིན་བྱས་པ། །འདས་པའི་སྐྱེ་བ་བཅུ་ཐམ་པ། །ཁྱབ་བདག་དེས་ནི་སངས་རྒྱས་འགྱུར། །སྐྱེ་བ་དགུ་ལ་ལཱུ་ཡི་པ། །བི་རཱུ་པ་ཡང་དགུ་ལས་བྱུང༌། །སྐྱེ་བ་ལྔ་ལ་ཤ་པ་རི། །སྐྱེ་བ་དྲུག་ལ་དཱ་རི་ཀའོ། །མང་པོས་ཅི་བྱ་ཐམས་ཅད་ནི། གྲུབ་ཐོབ་རྣམས་ནི་ཐོབ་པར་འགྱུར། །མར་ངོའི་ཚེས་བཅུར་ཟླ་མཚན་ཅན། །སྦྱིན་པར་རབ་ཏུ་ནུས་པ་ནི། །གྲུབ་ཐོབ་གྲུབ་མཐའི་ཕྲེང་བ་རུ། །གཏམ་ནི་རྒྱས་པར་བརྗོད་པ་ཡིན། །ཁྭ་དའི་སྐད་ནི་མི་གྲག་པར། །ཚེས་བཅུར་སྒྲོལ་མའི་ཡི་གེ་བཅུ། །བྱ་རོག་མ་ཡིན་ཕྱག་རྒྱར་གནས། །ཏིང་ངེ་འཛིན་གྱིས་སྔགས་བཟླས་པས། །འཆི་བའམ་བར་ཆད་ཉིད་གྱུར་ཀྱང༌། །རྒྱལ་བར་འགྱུར་བར་ཐེ་ཚོམ་མེད། །དེ་ཉིད་ཁོ་ནའི་དུས་ཚོད་དུ། །ཡི་གེ་གསུམ་པ་སྔགས་བརྗོད་ཅིང༌། །ཆུ་ནི་སྙིམ་པ་བརྒྱ་ཕུལ་ན། །ལོ་གཅིག་ནང་དུ་ནོར་རྙེད་གྱུར། །ཡིད་དུ་འོང་བར་འདོད་བྱེད་པའི། །མཁའ་འགྲོ་མ་ལ་ཕག་མོས་འདྲེན། །འདིར་ནི་མང་སྨྲ་ཅི་ཞིག་བྱ། །དེ་ཚེ་ཐམས་ཅད་འགྲུབ་པར་འགྱུར། །དངོས་གྲུབ་རྟོག་མའི་ཕག་མོ་ཡི། །ཆོ་གས་ནན་དཱི་ནི་དང་བཅས། །མཚན་མོར་ཏིལ་གྱི་སྦྱིན་སྲེག་གིས། །དངོས་གྲུབ་མཆོག་ནི་རྙེད་པར་འགྱུར། །གྲུབ་ཐོབ་གྲུབ་མའི་མཐའ་འགྲོ་མའི། །སྦྱིན་སྲེག་ཆོགས་དེ་ཚེ་རུ། །སྦྱིན་སྲེག་བྱེད་པ་སྐྱེ་བོ་དཀྲུགས། །ལ་སོགས་དངོས་གྲུབ་ཐོབ་པར་འགྱུར། །བསམ་གཏན་སྦྱིན་པ་བྱ་སྦྱིན་སྲེག །མཆོད་པས་འཁོར་ལོ་ཚིམ་པར་བྱེད། །གཞན་ལ་ཚེས་བཅུར་སྟོང་འགྱུར་བའི། །འབྲས་བུ་ཡང་དག་སྐྱེ་བར་འགྱུར། །གུར་ཀུམ་དང་ནི་སིནྡྷུ་ར། །ཀའུ་སུམ་པ་གོས་བཟངས་མདོག །ཟླ་མཚན་བྱུང་བའི་སྦྱིན་པ་དག །ཚེས་བཅུར་ཁྱད་པར་འཕགས་པར་འགྱུར། །བླ་གབ་མེད་པའི་ས་ཕྱོགས་སུ། །མཁས་པས་བྱ་རོག་གཏོར་མ་འབུལ། །ཕྱིར་སོང་ཉི་མའི་གུད་དག་ལ། །ཀུ་ཀུ་ར་ལ་གཏོར་མ་སྦྱིན། །ཉི་མ་ནུབ་པར་འབྱུང་ངོ་རྣམས། །དགའ་བའི་ཆེད་དུ་གཏོར་མ་དབུལ། །མཚན་མོར་གཏོར་མ་བྱིན་ནས་སུ། །སྦྱང་ཀུའི་ཚོགས་རྣམས་དགའ་བར་བྱ། །ཚེས་བཅུར་ཁྱད་པར་གཏོར་མ་འདིས། །དངོས་གྲུབ་ཆེན་པོ་འབྱུང་བར་འགྱུར། །སྟོང་ཕྲག་ཉི་ཤུ་རྩ་བཞི་ལས། །སྙིང་པོའི་


DTG023_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་ནི་བཀུག་ནས་སུ། །ཚེས་བཅུའི་རྟོག་པ་འདི་ཡིན་ཏེ། །སྙིང་རྗེ་ཅན་གྱི་མཁས་པས་བྱ། །མ་ཐུལ་བ་ཡི་སློབ་མ་རྣམས། །ནོར་བདག་ཡིན་ཀྱང་སྦྱིན་མི་བྱ། །གྲུབ་ཐོབ་བརྒྱུད་པར་གནས་པ་ཡིས། །དབང་པོ་དུལ་བ་རྣམས་ལ་སྦྱིན། །དེ་མ་ཡིན་ན་གྲུབ་ཐོབ་བརྒྱུད། །སྣོད་དང་བྱང་ཆུབ་ཉམས་པར་འགྱུར། །དངོས་གྲུབ་རྒྱ་མཚོ་ཁྱད་པར་དུ། །མཆོད་པ་སྦྱིན་སྲེག་ཆོ་ག་ནི། །གཞུང་དེ་བདག་གིས་རྒྱས་པར་བཤད། །དེ་ཕྱིར་མཁས་པས་ཉམས་སུ་ལོང༌། །སེམས་ཅན་ཕན་འདོད་བདག་གིས་ནི། །བྱས་པའི་བསོད་ནམས་གང་ཐོབ་དེས། །རྟག་ཏུ་ཉོན་མོངས་བྲལ་བ་ཡི། །སེམས་ཅན་ཚོགས་རྣམས་ཡིན་པར་གྱུར། །དཔལ་རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ། གྲུབ་ཐོབ་ཆེན་པོ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་དཔལ་མཁས་པ་ཆེན་པོ་དཱ་ན་ཤཱི་ལས་བོད་ཡུལ་གྱི་དབུས་དྲང་སྲོང་སྲིན་པོ་རིར་ལྷའི་སྐད་ལས་བོད་ཀྱི་སྐད་དུ་འཁྲུལ་བ་མེད་པ་རང་འགྱུར་དུ་མཛད་པ་རྫོགས་སོ།།


previousརྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ། དཱ་རི་ཀ་པ།next