Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  expand section
   
   
   
  collapse section
   
   
   
   
   
   
   
སློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
   
  expand section
   
   
   
   
  expand section


 
previousསློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པ།next

སློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པ།


DTG024_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དེ་ལྟར་དཀྱིལ་འཁོར་ལ་མཆོད་པ་བྱས་ཏེ་ཤིན་ཏུ་ལེགས་པར་བརྟགས་པའོ། །ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་དང་ལྡན་པ། ཐོས་པ་ལ་སོགས་པའི་ཕ་རོལ་ཏུ་སོང་བ། བཅོམ་ལྡན་འདས་བདེ་མཆོག་དང་རྡོ་རྗེ་རྣལ་འབྱོར་མ་མཉེས་པར་བྱེད་པས་མཎྜལ་སྔོན་དུ་སོང་བ་དང༌། །བུས་མོ་ས་ལ་


DTG024_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཙུགས་ཏེ་མེ་ཏོག་སྙིམ་པར་ཐོགས་པའི་སློབ་མ་རྣམས་ལ། འཇིག་རྟེན་འདི་ལ་བདེ་དོན་དང༌། །འཇིག་རྟེན་ཕ་རོལ་བདེ་དོན་ཏེ། །འོན་ཀྱང་སངས་རྒྱས་ཐོབ་དོན་ཏོ། །བློ་དང་ལྡན་པས་འཇུག་པར་བྱ། །ཞེས་པའི་དོན་བཤད་པ། སྐད་ཅིག་གིས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་བསྐྱེད་པ་དང༌། དེ་ཉིད་ཁ་ནས་བཅུག་སྟེ་ལྷ་མོའི་པདྨ་ལ་གནས་པ་ལ་བདག་ཉིད་ཀྱིས་དབང་བསྐུར་བས་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམ་ཞིང༌། དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པ་རྣམས་གསོལ་བ་འདེབས་སུ་གཞུག་པ་ནི། སྐྱེ་དང་རྒས་དང་འཆི་བ་དང༌། །ཆུ་སྲིན་ལ་སོགས་འཇིགས་པ་ཡི། །འཁོར་བའི་རྒྱ་མཚོ་ལས་འདོན་ཁྱོད། །ང་ལ་སྟོན་པ་མགོན་པོ་ཆེ། །བདེ་བ་ཆེན་པོ་བདག་འཚལ་བས། །བྱང་ཆུབ་ཆེན་པོའི་ལམ་བསྟན་པ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཕག་མོ་ཧེ་རུ་ཀ་ཉིད་དང༌། །གསང་བའི་གནས་སོགས་རྣམ་པར་དག །ལུས་ལ་གནས་པ་གསུང་བར་ཞུ། །ཞེས་བརྗོད་དེ། སློབ་མ་གཅིག་གཙོ་བོར་བྱས་པ་མདུན་དུ་བཞག་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །སྔགས་ཀྱི་སྤྱོད་པའི་ཆོ་ག་ཡིས། །ཁྱོད་ནི་ལམ་ཆེན་སྣོད་ཡིན་པས། །ཁྱོད་ལ་ཡང་དག་གསོལ་བ་འདེབས། །འདས་པའི་སངས་རྒྱས་གང་དག་དང༌། །དེ་ལྟར་ཡང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་སངས་རྒྱས་གང༌། །འགྲོ་ལ་ཕན་ཕྱིར་བཞུགས་པ་དང༌། །དེ་དག་ཀུན་གྱི་གསང་བ་ཡི། །ཆོ་ག་བཟང་པོ་འདི་རྣམས་ཀྱིས། །ཐབས་དང་ཤེས་རབ་གཉིས་མེད་པའི། །སངས་རྒྱས་ཐམས་ཅད་མཁྱེན་པ་ཐོབ། །ཤཱཀྱ་སེང་གེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་རྣམས་ཀྱང་གསང་སྔགས་ཀྱི། །སྦྱོར་བ་མཉམ་པ་མེད་པས་བཅོམ། །དེ་བཞིན་ཐམས་ཅད་མཁྱེན་ཐོབ་ཕྱིར། །བུ་ལ་གང་དང་གང་འདོད་པའི། །ཆོ་ག་མ་ལུས་སྦྱིན་པར་བྱ། །བྱང་ཆུབ་དངོས་གྲུབ་ཐོབ་པར་གྱིས། །ཞེས་པ་བརྗོད་དོ། །


DTG024_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ངེས་པར་གསུམ་ལ་སྐྱབས་སུ་མཆི། །འཁོར་ལོ་གསུམ་གྱི་རང་བཞིན་ཅན། །བྱེ་བྲག་མཁའ་འགྲོ་མ་རྣམས་དང༌། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །རྒྱལ་བའི་སྲས་རྣམས་མ་ལུས་དང༌། །ཐམས་ཅད་གུས་པའི་རང་བཞིན་གྱིས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །ཞེས་པ་ལན་གསུམ་བརྗོད་དོ། །དེ་ནས་ཐུན་མོང་གི་སྡོམ་པ་འཛིན་དུ་གཞུག་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་དང༌། བྱེ་བྲག་གི་སྡོམ་པ་འཛིན་དུ་གཞུག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་སེམས་ནི་བླ་མེད་པ། །མཆོག་ཏུ་བསྐྱེད་པར་བྱ་བ་ནི། །ཇི་ལྟར་ཇི་སྲིད་མགོན་རྣམས་ཀྱིས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །ཚུལ་ཁྲིམས་སྡོམ་པའི་རྣམ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོ་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དུས་འདི་ནས་ནི་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །སོ་སོའི་རང་བཞིན་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་གྱི། །ཉི་རེ་བཞིན་དུ་དུས་དྲུག་ཏུ། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ཡི། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་རྣམས་སོ་སོར་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །སོ་སོར་ཡོངས་སུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་གུས་པར་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཐམས་ཅད་ལྡན་པ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མ་བསྒྲལ་བ་རྣམས་སྒྲོལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་


DTG024_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངན་འདས་ལ་དགོད། །ཅེས་པ་ལན་གསུམ་བརྗོད་དོ། །དེ་ནས་གོ་ཆ་དྲུག་གི་སྔགས་ཀྱིས་བསྲུངས་ལ་གནས་གསུམ་བྱིན་གྱིས་བརླབ་སྟེ། ཡང་དེ་རྣམས་སུ་དྲིའི་ཆུ་དང་རྡོ་རྗེས་རེག་ནས་མེ་ཏོག་ལ་སོགས་པས་མགོ་བོ་ལ་སོགས་པ་མཆོད་དོ། །དེ་ནས་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ལས་བྱུང་བའི་ཤིང་སོར་བཅུ་གཉིས་པ་རྩེ་མོའི་ཆ་ལ་མེ་ཏོག་དང་བཅས་པ་སློབ་མ་ལ་སྦྱིན་ནོ། །དེ་ནས་མཎྜལ་གྲུབ་ཞིབ་ཕྱོགས་རེ་ལ་ཁྲུ་རེ་དང་ལྡན་པ་ལ། །བ་ལང་ལྕི་བ་ལ་སོགས་པ་བྱུགས་པ་དེར་བྱ་དང་མ་ཤར་དུ་ཁ་བལྟ་བར་སོ་ཤིང་དོར་བ་ནི། ཨོཾ་བཛྲ་ཧ་ས་ཧཾ་ཞེས་བརྗོད་དེ་རྩེ་མོ་བསྟན་ནས་སྟེང་དུ་ལྟོས་པ་མེད་པར་དོར་ལ། །འབྱུང་བར་འགྱུར་བའི་དངོས་གྲུབ་དེས་བརྟག་པའི་ཤར་ལ་སོགས་པས་ཞི་བ་ལ་སོགས་པ་དྲུག་དང༌། མཎྜལ་གྱི་ཕྱིར་རོལ་དུ་སོང་ན་དངོས་གྲུབ་མེད་དོ་ཞེས་བརྗོད་དོ། །དེ་ནས་བཾ་ལས་བྱུང་བའི་དྲི་ཆུ་ལ་ལན་བདུན་བཟླས་པ་དང༌། ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨ་སརྦ་པཱ་པ་ནི་ཙཱསྱ་ཤོ་དྷ་ཡ་སརྦ་བི་ཀ་ཝན་ཨ་པ་ན་ཡ་ཧཱུཾ་ཞེས་པ་ལན་གསུམ་དུ་བརྗོད་ཅིང་ཁྱོར་བར་བྱིན་ཏེ་འཐུང་དུ་གཞུག་གོ །དེ་ནས་ཧཱུཾ་ལས་བྱུང་བའི་ཀུ་ཤ་ལ་དེ་ཉིད་ལན་བདུད་བཟླས་ཏེ། སྟན་གྱི་དོན་དང༌། ཡང་དྷཱིཿ་ལས་བྱུང་བ་ལ་དེ་ཉིད་ལན་བདུན་བཟླས་ཏེ་སྔས་ཀྱི་དོན་དུའོ། །ཨོཾ་བཛྲ་ཏཱིཀྵྞ་ཞེས་པའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་སྐུད་པ་མདུད་པ་གསུམ་བྱས་པ་དཔུང་པ་གཡོན་པ་ལ་བཏགས་པ་ནི། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་པ་བརྗོད་ཅིང་བཅིངས་པས་སོ། །བཅོམ་ལྡན་འདས་མའི་སྔགས་ལན་བདུན་བཟླས་ཏེ་མེ་ཏོག་གིས་ཐོད་བྱའོ། །དེ་ནས་གཟངས་བསྟོད་པ་ནི། །བསྐལ་པ་བྱེ་བ་གྲངས་མེད་པར། །སྔོན་དུ་སྡིག་པ་གང་བགྱིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིང་ཏུ་དྲི་མེད་པར།། སྡུག་བསྔལ་རྣམས་ལ་གནས་པ་ཡིས། །ངན་སོང་སྐྱེ་བ་འཛོམས་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །དེ་ཕྱིར་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀྱིས། །ཐམས་ཅད་ཡོངས་སུ་གཟུང་བར་གྱིས། །བདག་


DTG024_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཆེན་པོར་བསྐྱེད་པ་དེས། །ཁྱེད་རྣམས་ཐེག་པ་ཆེན་པོ་ལ། །ལེགས་པར་བགྲོད་པར་འགྱུར་བ་ཡིན་། །དེ་ཕྱིར་འདི་ནི་ལམ་གྱི་མཆོག །ཐེག་པ་ཆེན་པོ་འབྱུང་བའི་གཞི། །གང་ཞིག་འདི་ལ་འགྲོ་འགྱུར་བ། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་པས་སོ། །དེ་ནས་ཆོ་གའི་སྔགས་ཀྱིས་བསྲུང་སྟེ། སྔགས་དེ་ཉིད་བཟླས་པའི་དོན་དུ་བྱིན་ལ། ནང་པར་སྔ་པར་རྨི་ལམ་ཟློས་ཤིག་ཅེས་བརྗོད་ལ་འདུ་འཛི་མེད་པའི་གནས་སུ་སེང་གེ་ལྟར་ཉལ་དུ་གཞུག་གོ །བདག་ཉིད་དཀྱིལ་འཁོར་གྱི་ཁང་བར་ཞུགས་ལ་བཅོམ་ལྡན་འདས་མའི་སྔགས་བཟླས་པར་བྱའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ།། །།


previousསློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པ།next