Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  expand section
   
   
   
  collapse section
   
   
   
   
   
   
   
   
ཐིག་གདབ་པའི་ཆོ་གའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
   
  expand section
   
   
   
   
  expand section


 
previousཐིག་གདབ་པའི་ཆོ་གའི་རིམ་པ།next

ཐིག་གདབ་པའི་ཆོ་གའི་རིམ་པ།


DTG024_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ལ་བཅོམ་ལྡན་འདས་མའི་རྣལ་འབྱོར་མ་དང་ལྡན་པས་ལྷག་པར་གནས་པར་བྱ་བའི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཡེ་ཤེས་ཀྱི་ཐིག་གི་དོན་དུ་ལྷ་རྣམས་ནམ་མཁའ་ལ་བཏེག་ལ་ཤར་ཕྱོགས་སུ་ཁ་ཕྱོགས་པས་མཚན་མ་རྙེད་པ་དང༌། མེ་ཏོག་གིས་བརླན་པའི་ཤི་བའི་སྐུད་པའམ། དཔའ་བོ་ལ་ཉོས་པ་གཞོན་ནུ་མས་བཀལ་བ་ཇི་ལྟ་བ་བཞིན་བཙོས་པ་ཐོད་པ་ལྔའི་ནང་དུ་བཞག་ལ། ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་ཡིས་སྤགས་པ་དང༌། ལག་པ་གཡོན་ཕའི་མཐིལ་ནས་སོར་མོའི་རྩེ་མོའི་བར་དུ་བཀྲམ་ལ། མདུན་གྱི་ནམ་མཁའ་ལ་སྐད་ཅིག་གིས་མཁའ་འགྲོ་མ་ལ་སོགས་པ་མོས་པ་བྱས་ནས། དེ་རྣམས་ཀྱི་སྙིང་གནས་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རང་བཞིན་གནས་པ་ལ། །ཨོཾ་ཨཱཿ་བཛྲ་ཌཱ་ཀི་ནཱི་བཛྲ་སཱུ་ཏྲེ་མེ་པྲ་ཡཙཚ་མ་ཧཱ་མཎྜལ་སཱུ་ཏྲ་ན་ཡ་ཧཱུཾ་ཞེས་པས་མཁའ་འགྲོ་མ་ལ་གསོལ་བ་གདབ་པའོ། །དེ་ལྟར་མིང་བརྗེས་པས་བླ་མ་ལ་སོགས་པ་ལ་ཡང་གསོལ་བ་གདབ་པོ། །དེ་ནས་མིག་གཉིས་ལ་ཛྲཿ་ཡིག་ལས་བྱུང་བའི་ཟླ་བ་དང་ཉི་མ་སེར་པོའི་བདག་ཉིད་བསམས་ལ། ཨོཾ་དྲྀཥྚི་ཨཾ་ཀུ་ཤ་ཛཿ་ཞེས་པ་བརྗོད་པ་དེ་རབ་ཏུ་གཡོ་བའི་མིག་གི་རྫི་མ་ལ་འོད་ཟེར་ལྕགས་ཀྱུའི་རྣམ་པ་སྤྲོས་པས་མཁའ་འགྲོ་མ་ལ་སོགས་པ་བསྐུལ་ནས་སྤྱན་དྲངས་ཏེ། ལག་པ་ལ་གནས་པའི་རང་རང་གི་ཁ་དོག་དང་ལྡན་པའི་སྐུད་པ་ལ་བསྟིམ་མོ། །དེ་ནས་སློབ་མ་ཁཎྜ་རོ་ཧའི་ཆ་བྱད་བྱས་པ་དང་བཅས་པས། དང་པོ་སྐུད་པ་ལྔ་ལྔ་ལོགས་སུ་བསྒྲིམས་ཏེ་དེ་ནས་དེ་ལྟར་ལྔ་པོ་རྣམས་


DTG024_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་ཏུ་བྱའོ། །དེ་ལྟར་ལྔ་གཅིག་ཏུ་བྱས་པའི་སྐུད་པ་ལ་ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ་སྥ་ར་སྥ་རཱ་ནུ་པྲ་ཝིཥཊཿ་སརྦ་དྷརྨཱཿ་ཨ་ཏྱན་ཏཱ་ནུ་པ་ཝིཥྚཿ་སརྦ་དྷརྨཱཿ་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ཉིས་འགྱུར་གྱིས་རིང་བ་ལ། །སློབ་དཔོན་གྱིས་མཐེ་བོའི་ནས་ཚད་དུ་བསྒྲིམ་པར་བྱའོ། །དེ་ཉིད་པདྨའི་སྣོད་དུ་བཞག་ལ་མེ་ཏོག་དང་བདུད་རྩི་ལྔ་ལ་སོགས་པས་སྔགས་ཏེ་མེ་ཏོག་ལ་སོགས་པས་མཆོད་ནས། ཕྲེང་བ་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པས་ལྷག་པར་གནས་པར་བྱས་ནས། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་སྔགས་ཀྱིས་བུམ་པའི་ཆུས་དཀྱིལ་འཁོར་གྱི་ས་གཞི་ལ་མངོན་པར་གཏོར་བ་དང༌། དྲི་ཡིས་ཀྱང་ཉེ་བར་བྱུག་པར་བྱ་སླ། །དྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལ་མངོན་པར་དམིགས་ཏེ། ཡོན་ཆབ་སྔོན་དུ་སོང་པའི་སྒོ་ནས་ཡང་དག་པར་མཆོད་ལ། རང་དང་སློབ་མའི་མིག་གཉིས་སུ་ཛཿ་ལས་བྱུང་བའི་ཟླ་བ་དང་ཉི་མའི་འོད་ཟེར་དང་ལྡན་པ་བསྒོམས་ཏེ། རྡོ་རྗེ་ཕྱེད་པའི་འདུག་སྟངས་ཀྱིས་སྐུད་པ་ལག་པ་གཡོན་པས་ལྟེ་བར་བཟུང་བ་དང༌། ཛཛཿ་ཛཛཿ་ཛཛཿ་ཞེས་བརྗོད་ཅིང་བསྒྱུར་རོ། །བྱང་ཕྱོགས་ཀྱི་སྒྲུབ་པ་པས་ཀྱང་དེ་ལྟར་བཟུང་ལ་དེ་ལྟར་བརྗོད་ཅིང་སྐུད་པ་བླངས་ཏེ་ནུབ་ཕྱོགས་སུ་བསྡད་ནས་ཤར་ཕྱོགས་དང༌། ལྷོ་ཕྱོགས་སུ་བསྡད་ནས་བྱང་ཕྱོགས་སུ་ལྟེ་བར་མཚུངས་པར་ནམ་མཁའི་ཐིག་གདབ་པ་ནི་བྱང་དང་ཤར་དུ་བསྡད་པ་ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་མཐེ་བོར་དང་གུང་མོས་སེ་གོལ་གཏོགས་བཞིན་པས་སོ། །དེ་ཡང་ཐིག་འདེབས་པའི་དུས་ཐམས་ཅད་དུ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ་སྭཿ་ཨཱ་ཞེས་བརྗོད་ཅིང་བཏབ་པས་དེའི་སྒྲ་ཡིས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ནམ་མཁའི་ཁམས་གང་ནས་སྐུད་པ་ལ་ཐིམ་པར་བསམ་མོ། །ཐིག་འདེབས་པའི་དུས་ཐམས་ཅད་དུ་སློབ་དཔོན་དང་བྱང་ཕྱོགས་ཀྱི་སྒྲུབ་པ་པོས་གཡོན་སྐོར་གྱིས་ཕྱོགས་ཀུན་དུ་འགྲོ་བར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པའི་རང་བཞིན་དུ་བསམ་པར་བྱའོ། །ནམ་མཁའི་ཟིག་དང་མཚུངས་པར་ཕབ་སྟེ་ཚངས་ཐིག་གཉིས་པོ་ཡང་དག་པར་བྱའོ། །རླུང་དུ་བསྡད་ནས་ཤར་དུ་ཁ་ཕྱོགས་པས་བྱང་ཕྱོགས་ཀྱི་རྩ་བའི་ཐིག་གོ །དེ་ཉིད་དུ་བསྡད་ནས་


DTG024_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནུབ་ཕྱོགས་དང་མེ་མཚམས་སུ་བསྡད་ནས་བྱང་ཕྱོགས་སུ་ཁ་ཕྱོགས་པས་ཤར་ཕྱོགས་དང༌། དེ་ཉིད་དུ་བསྡད་ནས་ནུབ་ཏུ་ཁ་ཕྱོགས་པས་ལྷོ་ཕྱོགས་ཀྱི་རྩ་བའི་ཐིག་གོ །བདེན་བྲལ་དུ་བསྡད་ནས་དབང་ལྡན་གྱི་མཚམས་ཀྱི་ཐིག་གོ །མེ་མཚམས་སུ་བསྡད་ནས་རླུང་མཚམས་ཀྱི་ཐིག་གོ ། དེ་ཉིད་ལས་བཟློག་པ་རྣམས་སུ་སློབ་མ་བསྡད་པས་ཐིག་གདབ་པར་བྱའོ། །དེ་ཡང་ཇི་ལྟར་གདབ་ན། ཕྲ་ན་ནད་བྱེད་ཆད་ན་བརླག །བཀྲ་མི་ཤིས་ན་དངོས་གྲུབ་མེད། །གཡས་སུ་བསྐོར་ན་སློབ་མ་བརླག །དེ་ནས་མཉམ་གཞག་ཐིག་གདབ་བྱ། །ཞེས་པའི་དོན་དང་ལྡན་པས་སོ། །ཚངས་པའི་དོན་ཐིག་གི་ཕྱི་རོལ་གྱི་གཡས་དང་གཡོན་དུ་ཆ་གཉིས་དང་གཅིག་དང་གཉིས་གཅིག་དང་གཅིག་སྤངས་པ་ངེས་པར་སྒོ་ཁྱུད་ཀྱི་ནང་དང་ཕྱི་རོལ་དང་ལོགས་ཀྱི་ནང་ཕྱི་དང་ཀ་བའི་བར་དང་ཀ་བ་རྣམས་ཀྱི་ཐིག་གོ །དེ་ནས་དབུས་སུ་སྐུད་པ་བཏགས་ལ་རྩ་བའི་ཐིག་ནས་ཚངས་པའི་ཐིག་གི་བར་དུ་ནང་ནས་ནང་དུ་རེ་རེ་ཞིང་སྒོའི་ཚད་ཀྱི་བཞི་བསྐོར་རོ། །ཅིའི་ཕྱིར་ན། རྩ་བའི་ཐིག་ནས་བརྩམས་ནས་ནི། །ཟླུམ་པོ་བཞི་ཡི་ཐིག་ཉིད་ཀྱིས། །བསྐོར་ཏེ་འཁོར་ལོ་གསུམ་བྱ་བ། །སྒོ་ཡི་ཚད་ཀྱིས་ཤེས་པར་བྱ། །ལྷག་མ་པདྨའི་འདབ་མ་བརྒྱད། །ཚད་ལས་ཅུང་ཟད་ལྷག་ཆད་མིན། །རྡོ་རྗེ་པདྨ་ལ་སོགས་ཕྲེང༌། །ཐུགས་འཁོར་ལ་སོགས་མུ་ཁྱུད་དོ། །ཞེས་པས་སོ། །དེའི་ཕྱིར་དང་པོ་ནས་གསུམ་གྱི་ནང་དང་ནང་རྣམས་སུ་ཆ་ཕྱེད་པ་རྣམས་སྤངས་ཏེ་ཐིག་ཟླུམ་པོས་བསྐོར་བར་བྱའོ། །དེ་ནས་རྡོ་རྗེ་ཕྲེང་བའི་དོན་དུ་ཆ་གཅིག་བསྐོར་བར་བྱའོ། །དེ་ནས་ལྟེ་བའི་དོན་དུ་ཆ་ཕྱེད་དང་བཅས་པའི་གཅིག་བསྐོར་བར་བྱའོ། །རྩིབས་སོ་སོའི་ཞིང་རྣམས་ལ་ཆ་དྲུག་དྲུག་གོ །དེ་རྣམས་ཀྱི་བར་རྣམས་ལ་ཡང་རྡོ་རྗེ་ལ་སོགས་པས་བསྐོར་བར་གང་དག་འདོད་དོ། །རྩ་བའི་ཐིག་གི་རྒྱབ་ནས་ཆ་གཅིག་དང་གཉིས་དང་གཅིག་པ་གཅིག་དང་དྲུག་རྣམས་ཀྱིས་བསྐོར་བ་ལ་རྩིག་པའི་ཕྱིའི་ཐིག་དང་འདོད་ཡོན་དང་རིན་ཆེན་ཕ་གུ་དང་དྲ་བ་དྲ་ཕྱེད་དང་བ་ཀུ་ལཱི་དང་ཀྲ་མ་ཤཱིཪྵ་དང༌། རྟ་བབས་དང་ཆོས་ཀྱི་འཁོར་ལོ་དང་རྡོ་རྗེའི་རྩེ་མོ་དང་པདྨ་དང་རྡོ་རྗེའི་རབ་དང་མེ་རི་དང་དུར་ཁྲོད་རྣམས་ཀྱི་ཐིག་གདབ་བོ། །རྟ་བབས་ཀྱི་ཀ་བའི་སྟེང་གི་ཆུ་སྲིན་གྱི་ཁ་ནས་དར་དབྱངས་ལ་སོགས་པ་ཇི་ལྟར་མཛེས་པར་བྱའོ། །རྟ་བབས་སྒོའི་སུམ་འགྱུར་


DTG024_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། །དེ་ཉིད་སྣམ་བུ་བཅུ་གཅིག་པ། །ཞེས་གསུངས་པས་དེ་ཡང་གསེར་དང་བ་ཀུ་ལཱི་དང་རིན་ཆེན་སྣམ་བུ་དང་རྟ་རྨིག་དང་མུན་པའི་སྣམ་བུ་དང༌། ཟླུམ་པོ་དང་མུན་པའི་སྣམ་བུ་དང༌། པ་ཀུ་ལཱི་དང་རིན་ཆེན་སྣམ་བུ་དང༌། རྟ་རྨིག་ཧར་མིའི་སྣམ་བུ་རྣམས་ལས་མུན་པའི་སྣམ་བུ་གཉིས་ལས་ཆ་ཕྱེད་དང་བཅས་པའི་རེ་རེའོ། །གཞན་སྣམ་བུ་དགུ་ལ་ཆ་རེ་རེའོ། །དེ་ཡང་ཚངས་པའི་ཐིག་ལས་གཡས་དང་གཡོན་དུ་ཕྱེད་དང་བཅས་པའི་ཆ་ལྔ་ལྔ་སྤངས་ཏེ་ཕྱེད་དང་བཅས་པའི་ཆ་གཉིས་གཉིས་ནི་སྣམ་བུ་དང་པོའོ། །དེ་ལྟར་སྟེང་དང་སྟེང་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་ཆ་དྲུག་དྲུག་སྤངས་ཏེ། ཕྱེད་དང་བཅས་པའི་ཆ་གསུམ་གསུམ་དང་ལྡན་པ་དང༌། ཆ་བཞི་བཞི་སྤངས་ཏེ་ཆ་ལྔ་ལྔ་དང་ལྡན་པ་དང༌། ཕྱེད་དང་བཅས་པའི་ཆ་གསུམ་སྤངས་ཏེ་ཕྱེད་དང་བཅས་པའི་ཆ་བཞི་བཞི་དང་ལྡན་པ་དང༌། ཆ་གསུམ་གསུམ་སྤངས་ཏེ་ཆ་ལྔ་དང་ལྡན་པ་དང༌། བདུན་པ་ནས་སྣམ་བུ་བཞི་ལ་བདུན་བདུན་དང་ལྡན་པ་དང༌། བཅུ་གཅིག་པ་ཆ་ལྔ་ལྔ་དང་ལྡན་པ་སྟེ། སྣམ་བུ་ཐམས་ཅད་ཀྱི་ཕྱི་དང་ནང་རྣམས་ཕྱིར་བྱུང་བ་དང་ནང་དུ་སོང་བའི་དབྱེ་བས་ཐིག་རེ་རེའོ། །རྟ་བབས་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་ཆ་གཉིས་སོ། །དེའི་འགྲམ་དག་ཏུ་ཆ་གཉིས་ལ་རི་དགས་དག་འཁོར་ལོ་ལ་བལྟ་བཞིན་པའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་སྒོ་བཅུ་གཉིས་འགྱུར་རོ། །རྡོ་རྗེའི་རའི་རྩེ་ལ་ཆ་བཅུ་དྲུག་པའོ། །རའི་རྩེ་རྣམས་ཀྲ་མ་ཤཱི་ཪྵའི་སྟེང་ནས་སྦོམས་ལ་ཆ་གསུམ་པ་བགགས་ཀྱིས་ཕྲ་བ་སྟེ། ཆོས་ཀྱི་འཁོར་ལོའི་ཕྱི་རོལ་གྱི་ཆ་གཉིས་ཀྱི་ས་ལ་དབུས་ཀྱི་རལ་ཕྱོགས་པའོ། །གང་དག་པདྨའི་གེ་སར་ལ་ཆ་གཉིས་འདོད་པ་ཡོད་དེ། རྡོ་རྗེའི་ར་དང་གེ་སར་གྱིས་གཞི་སྟེ་ཟུར་རྣམས་ལ་གདུགས་དང་དང་དཔྱངས་དང་བཅས་པ་ཆ་བཞི་ལའོ། །དེ་ནས་གཡོན་དང་གཡས་ཀྱི་མིག་དག་ལ་ཧྲཱིཿ་ཡིག་དག་ཟླ་བ་དང་ཉི་མར་བསྐྱེད་ལ་ཕྱོགས་བཞི་རུ་བལྟ་ཞིང་བཅོམ་ལྡན་འདས་མའི་ང་རྒྱལ་བསྐྱེད་དེ། ཐར་པའི་སྒོ་རྣམ་པར་འགེགས་པའི་རང་བཞིན་གྱི་སྒྲིབ་པ་འཕྱག་པར་བསམས་ལ། ཧཱི་ཧཱིཿ་ཞེས་བརྗོད་ཅིང་སྒོ་རྣམས་ཀྱི་རེ་ཁཱ་དབྱི་བར་བྱའོ། །རེ་ཁཱ་གཞན་ཡང་རང་གིས་བརྟགས་ལ་དབྱི་བར་བྱའོ། །འདི་ནི་ཐིག་གདབ་པའི་ཆོ་གའི་རིམ་པའོ།། །།


previousཐིག་གདབ་པའི་ཆོ་གའི་རིམ་པ།next