Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  expand section
   
   
   
  expand section
  expand section
  expand section
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
   
  expand section
   
   
   
   
  collapse section
  expand section
  expand section
  expand section
  expand section


 
previousཚོན་གྱི་ཆོ་གའི་རིམ་པ།next

ཚོན་གྱི་ཆོ་གའི་རིམ་པ།


DTG024_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཏོར་མ་བྱིན་ལ་ཟླ་བ་ཆུ་ཤེལ་ལ་སོགས་པ་ལས་བྱུང་བའམ། ཁམས་རྣམས་ལས་བྱུང་བའམ། འབྲས་ལས་བྱུང་བ་ལ་སོགས་པའི་ས་ཚོན་ལྔ་ལ་དུར་ཁྲོད་ཀྱི་རུས་པ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། སྐད་ཅིག་གིས་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་དུ་དམིགས་ལ། ཡེ་ཤེས་པ་ནམ་མཁའ་ལ་དམིགས་པའི་སྙིང་ག་ན་ཡེ་ཤེས་ཀྱི་ཚོན་གནས་པ་ཐིག་སྐུད་ཀྱི་སྐབས་སུ་གསུངས་པ་ལྟར་བལྟ་བས་བཀུག་སྟེ་བཅུག་པ་དང༌། རོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ཀྱི་ཚོན། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཞེས་པ་ལ་སོགས་པ་མངོན་པར་བཟླས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ལྟར་འབར་བའི་ལྟ་སྟངས་ཀྱིས་སྦར་བར་བྱ་ཞིང་ཧྲཱིཿ་ཡིག་གིས་སོ་སོ་ལ་བྱིན་གྱིས་བརླབ་པར་བྱ་བ་དང༌། བདེན་པའི་བྱིན་གྱིས་སྦར་བར་བྱ་བ་དང༌། ལྷ་མོ་རྣམས་ཤིན་ཏུ་སྒྲུབ་པའི་སྟོབས་ཀྱིས་སྦར་བའོ། །ཧཱུཾ་ཞེས་བརྗོད་ཅིང་དབུས་ཀྱི་ཕུར་བ་བཏོན་ལ་བདག་ཉིད་ཀྱི་ལག་པའི་རྡོ་རྗེ་ལ་བཅུག་སྟེ་ཕུར་ཁུང་ཚོན་སྣ་ལྔ་ཡིས་དགང་བར་བྱས་པ་དང༌། །བཅོམ་ལྡན་འདས་མའི་སྔགས་ཀྱིས་མཚན་མན་ངག་པ་བཅོམ་སྟེ་ཆོས་ཀྱི་དབྱིངས་རྣམ་པར་དག་པར་བསྒོམས་ལ་དང་པོར་དཀྱིལ་འཁོར་གྱི་དབུས་སུ་གནས་པ་དང༌། བྱང་ཤར་མཚམས་ནས་རེ་ཁཱ་ལྔ་བྲི་བར་བྱའོ། །དེ་ཡང༌། སྦོམ་ན་ནད་དུ་འགྱུར་བའོ། །ཕྲ་ན་རྫས་རྣམས་ཉམས་པར་འགྱུར། །ཡོ་བ་ཡིས་ནི་རྩོད་པར་འགྱུར། །ཆད་ན་ངེས་པར་འཆི་བར་འགྱུར། །གཡས་སུ་བསྐོར་ནས་བྲིས་པ་ན། །ཚོན་གྱི་དངོས་གྲུབ་མི་འབྱུང་ངོ༌། །ཞེས་པའི་དོན་གོ་བར་བྱས་ལ་ལེགས་པར་བྲི་བར་བྱའོ། །དེ་ཡང་ཤར་དང་བྱང་དང་ནུབ་དང་ལྷ་རྣམས་ཀྱི་ཕྱོགས་ལ་ནག་བོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་རྣམས་སོ། །དབུས་ཀྱི་ས་གཞི་དཀར་པོ་ལ་པདྨ་ཕྱོགས་ཀྱི་ཁ་དོག་གིས་སོ། །རྡོ་རྗེ་ཕྲེང་བ་ནག་པོའོ། །ཐུགས་ཀྱི་འཁོར་ལོ་ཡང་ནག་པོའོ། །གསུང་གི་འཁོར་ལོ་དམར་པོའོ། །སྐུའི་འཁོར་ལོ་དཀར་པོའོ། །རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་སོ་སོ་དང་མཚུངས་སོ། །དབུས་ཀྱི་པདྨའི་ལྟེ་བའི་ཉི་མ་དང་ཕྱོགས་བཞིའི་འདབ་མ་རྣམས་ལ་གྲི་གུག་གོ །མཚམས་


DTG024_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་འདབ་མ་རྣམས་ལ་བདུད་རྩིས་གང་བའི་ཐོད་པའོ། །ཐུགས་ལ་སོགས་པའི་འཁོར་ལོ་བཞི་རྣམས་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་ཡང་གྲི་གུག་རྣམས་སོ། །སྒོ་ཁྱུད་རྣམས་ལ་ཟླ་བ་ཕྱེད་པ་རྡོ་རྗེ་རིན་པོ་ཆེས་མཚན་པའོ། །རྟ་བབས་ཀྱི་ཀ་བ་དང་ཀྲ་མ་ཤཱི་ཪྵ་གསེར་མདོག་གོ །རྟ་བབས་རྩེག་གི་ཀ་བ་གླང་པོ་ཆེའི་སྟེང་དུ་སེང་གེས་མནན་པའོ། །འདོད་ཡོན་ལ་སོགས་པ་ཇི་ལྟར་མཛེས་པའོ། །ཕྱིའི་པདྨའི་འདབ་མ་རྣམས་ཁ་དོག་ལྔའོ། །རྡོ་རྗེའི་ཕྲེང་བ་ནག་པོའོ། །མེ་རིའི་ཕྲེང་བ་ཁ་དོག་ལྔའོ། །དེའི་ཕྱི་རོལ་ཏུ་ཕྱོགས་མཚམས་བརྒྱད་དུ་སྒྲུབ་ཐབས་ལས་གསུངས་པ་ལྟར་དུར་ཁྲོད་བརྒྱད་བྲི་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྔགས་ལན་བདུན་བཟླས་པའི་བདུད་རྩི་ལྔའི་དྲི་ཞིམ་པའི་ཆུ་དང་བཅས་པས་དཀྱིལ་འཁོར་གྱི་ཕྱི་རོལ་རྣམས་ལ་བྱུགས་ཏེ། ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་ཞེས་པས་ཡེ་ཤེས་ཀྱི་ཚོན་གཤེགས་ལ་རྡུལ་ཚོན་གྱི་སྣོད་འགོལ་བའི་གནས་སུ་གཞག་གོ་འདི་ནི་ཚོན་གྱི་ཆོ་གའི་རིམ་པའོ།། །།


previousཚོན་གྱི་ཆོ་གའི་རིམ་པ།next