Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  expand section
   
   
   
  expand section
  expand section
  expand section
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
   
  expand section
   
   
   
   
  collapse section
  expand section
  expand section
  expand section
  expand section


 
previousཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པ།next

ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པ།


DTG024_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་མ་དེ་ལྟར་དབང་བསྐུར་བ་ཐོབ་པ་དང༌། དེ་རིང་བདག་ཅག་འབྲས་བུར་བཅས། །དེ་རིང་བདག་ནི་སྲོག་དང་ལྡན། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །དེ་རིང་སངས་རྒྱས་གནས་སུ་འགྱུར། །ཞེས་བརྗོད་ནས་རྟ་དང་གླང་པོ་རིན་པོ་ཆེ་དང་གསེར་དང་དངུལ་དང་གོས་དང་རྒྱན་དང་བ་ལང་དང་གཡོག་པོ་དང་གཡོག་མོ་དང་ཆུང་མ་དང་བུ་ལ་སོགས་པ་ཇི་ལྟར་འབྱོར་པ་བླ་མ་ལ་དབུལ་བར་བྱའོ། །དེ་ནས་ཉིན་མོའི་དུས་སུ་གཞོན་ནུ་མ་དང་དགེ་སློང་དང་དགེ་སློང་མ་རྣམས་ལ་སྟོན་མོ་དང་ཆོས་སྟོན་དྲངས་ལ་ཇི་ལྟར་ནུས་པའི་ལྔའམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གམ་ཉི་ཤུ་རྩ་གཅིག་གམ་ཉི་ཤུ་རྩ་དགུའམ་སུམ་ཅུ་སོ་དྲུག་གི་དཔའ་བོའམ་དཔའ་མོ་རྣམས་མཚན་མོའི་དུས་སུ་གཞན་གྱིས་མཚོར་བར་འདུ་འཛིན་མེད་པའི་གནས་སུ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་ཇི་ལྟར་སྙེད་པའི་གདན་ལས་གོས་དང་བྲལ་བ་སྐྲ་གྲོལ་བ་གྲི་གུག་དང་ཐོད་པ་འཛིན་པ་ཕྱག་རྒྱ་ལྔས་བརྒྱན་པ་དང༌། ཁ་ཊྭཱཾ་ག་དང་ཌ་མ་རུ་འཛིན་པའི་དམ་ཚིག་དང་ལྡན་པ་དང་དམ་ཚིག་དང་ལྡན་མ་རྣམས་སོ། །སློབ་དཔོན་གྱི་གཡོན་དུ་རྡོ་རྗེའི་རིག་མ་བཞག་གོ །དེ་ལྟར་རྙེད་པའི་སྡེར་


DTG024_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་དགྲམ་པར་བྱའོ། །དེ་ནས་སློབ་དཔོན་གྱི་ཆང་ལ་སོགས་པ་ལ་སྒྲུབ་ཐབས་སུ་བཤད་པའི་ཆོ་ག་ལྟར་སྦྱངས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ལྷའི་ཚོགས་རྣམས་ཡང་དག་པར་མཆོད་པ་དང༌། དག་པར་བྱས་པའི་ཆང་གིས་ལག་པ་གཡོན་པའི་མིང་མེད་ཀྱིས་མཎྜལ་གྱི་དབུས་སུ་ཟླུམ་པོ་ཕྱི་རོལ་དུ་ཆོས་འབྱུང་བྲིས་ལ། དེའི་དབུས་སུ་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ལྷའི་ཚོགས་བཞུགས་པ་མཉེས་པར་བྱའོ། །ཕྱིའི་རྣལ་འབྱོར་མ་རྣམས་ལ་ཡང་དེ་ལྟར་ལྷ་མོའི་ཚོགས་བཅུག་ལ་བདག་ཉིད་དཀྱིལ་འཁོར་གྱི་གཙོ་མོར་བསྒོམ་པ་དང༌། དམ་ཚིག་གི་རྫས་རྣམས་སྔ་མ་ལྟར་དག་པར་བྱས་པའམ། ཨོཾ་སརྦ་བཛྲ་ཊཱ་ཀི་ནཱི་སརྦ་བྷཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲེ་ཎི་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་སྐད་ཅིག་གིས་བདུད་རྩིར་བྱས་ལ་དྲངས་པ་ནི་ཡོན་བདག་གིས་མཎྜལ་བྱས་ནས་ཕྱག་བྱས་ལ་ཅི་བདེ་བར་གསོལ་བར་ཞུ་ཞེས་བརྗོད་དོ། །དེ་ནས་ལས་ཀྱི་རྡོ་རྗེས་མྱོས་བྱེད་ཀྱི་སྣོད་ལག་པ་གཡས་པར་གཞག་ལ་གཡོན་པ་སྟེང་དུ་ཕྱོགས་པས། ལྟོས་ཤིག་རང་གི་སེམས་ཉིད་ལ། །འདི་ལ་ཐེ་ཚོམ་མ་བྱེད་ཅིག །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་བཟའ་བར་གྱིས། །ཞེས་བརྗོད་དེ་དྲང་བར་བྱའོ། །རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱང་པདྨའི་ལག་ཀོར་བྱས་ལ། བདེ་གཤེགས་ཆོས་རྣམས་འགྱུར་བ་མེད། །དྲི་མ་མེད་ཅིང་གཟུང་དུ་མེད། །འདི་ལ་འཛིན་པར་བྱེད་པ་མེད། །འཁྲུལ་པ་མེད་པར་སྐྱབས་སུ་མཆི། །ཞེས་བརྗོད་ལ་དེ་ལྟར་བླང་བར་བྱའོ། །དེ་ཉིད་ཀྱི་ཕུད་སློབ་དཔོན་ལ་ཕུལ་ལ་དེ་ནས་རང་གིས་བཏུང་བར་བྱའོ། །དེ་ནས་བཏུང་བ་དང་བལྡག་པ་དང་བཟའ་བ་ལ་སོགས་པ་སྣོད་བྱེ་བྲག་ཏུ་དྲང་བ་ནི་སློབ་དཔོན་ལ་མྱོས་བྱེད་ཀྱི་སྣོད་ལ་སོགས་པ་ཉིས་འགྱུར་དུ་དྲང་བར་བྱེད་དོ། །དེ་ལྟར་མྱོས་བྱེད་ལ་སོགས་པས་སེམས་བཏེག་ནས་སློབ་དཔོན་ལ་གནང་བཞུས་ལ་མཉེན་ལ་ཕྲ་བ་རྡོ་རྗེའི་གླུ་བླང་བར་བྱ་བ་ནི་དེ་དང་དེའི་ཕྱག་རྒྱ་བྱ་ཞིང་གར་དང་བཅས་པས་སོ། །འགྲོ་བ་དང་འོང་བའི་དུས་སུ་ཡང་གནང་བ་ཞུ་བར་བྱའོ། །དེ་ནས་མྱོས་བྱེད་ལ་སོགས་པས་མཉེས་པར་བྱས་ལ། སེམས་


DTG024_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིན་ཏུ་བཏེགས་པར་གྱུར་ན་མིག་ཟུར་གྱིས་ལྟ་བ་དང་འོ་དང་འཁྱུད་པ་དང་ནུ་མ་ལ་རེག་པ་ལ་སོགས་པའི་ཀ་ར་ཎ་དཔག་ཏུ་མེད་པ་བྱ་བ་ནི་རྣམ་རྟོག་དང་ངོ་ཚལ་སོགས་པ་སྤངས་ལ་བྱའོ། །དེའི་དུས་སུ་ཡན་ལག་མ་ཚང་ཞིང་གཟུགས་ངན་པར་གྱུར་ཀྱང་སྤང་བར་མི་བྱའོ། །དེ་ནས་ལྷག་མ་གྲལ་མཇུག་ནས་བསྡུས་ལ་མདུན་དུ་བཞག་སྟེ་དེ་རུ་ཡང་མྱོས་བྱེད་ལ་སོགས་བླུགས་ལ། མྱོས་བྱེད་ཀྱིས་ཁ་བཀང་སྟེ་འབར་བའི་ཕྱག་རྒྱ་བཅིངས་པ་ནས་ཧཱུཾ་ཞེས་བརྗོད་ཅིང་དེ་རུ་བླུགས་སོ། །དེ་ནས་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪི་ཥྚ་བ་ལིཾ་ཨུཙྪི་ཥྚི་བྷ་ཀྵ་ཀ་སྭཱ་ཧཱ་ཞེས་པས་བྱིན་གྱིས་བརླབས་ཏེ་ལྷག་མའི་གཏོར་མ་མར་མེ་དང་བཅས་པ་ཕྱི་རོལ་དུ་ཁྱེར་ལ་གཏད་པར་བྱའོ། །དེ་ནས་ཡོན་གྱི་བདག་པོས་ཇི་ལྟར་འབྱོར་པའི་ཡོན་ཕུལ་ལ་མཎྜལ་བྱས་ཏེ་ཕྱག་བཙལ་ནས། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཅིག་ཅེས་བརྗོད་དོ། །འདི་ནི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ།། །།


previousཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པ།next